Jump to content

འབུ་གྲོག་མ།

ཡོང་ཁུངས་Wikipedia

གྲོག་མའམ་འབུ་གྲོག་མ་ནི་དབྱར་དུས་སྐབས་ཁྱིམ་གྱིི་གྱང་ངོས་དང་རྩྭ་ཐང་། རྩི་འབུར། ཉི་མ་དྲོད་ས་སོགས་སུ་གྲོག་མ་ཁྲི་སྟོང་མང་པོ་གཅིག་མཇུག་གཉིས་ངང་གང་སར་རྒྱུགས་པ་མང་པོ་མཐོང་གི་ཡོད། ང་ཚོ་ཆུང་དུས་སྐབས་གྲོག་མ་མང་པོ་བང་སྒྲིག་ནས་འགྲོ་བའི་མཚམས་བཅད་རྗེས་གྲོག་མ་ཚོས་ཇི་ལྟར་འགྲོ་མཚམས་མཐུད་ཀྱི་ཡོད་པ་དང་། ཀ་ར་དང་རྩམ་པ། མངར་ཟས་ཐང་དུ་གཏོར་ཏེ་གྲོག་མས་ཅི་ཞིག་བྱེད་ཀྱིས་ཡོད་མེད་སེམས་ནང་ནས་གསལ་བོ་ཡིན། དེ་ན་ཁྱེད་ཀྱིས་གྲོག་མ་རྒྱལ་མོ་དང་གྲོག་མའི་སྐོར་ཤེས་འདོད་ཡོད་དམ།

ད་ལྟའི་བར་ཚན་རིག་པས་འཛམ་གླིང་ནང་ཁྱོན་གྲོག་མ་རིགས་༡༢༠༠༠ལྷག་ཙམ་ཡོད་པར་བཤད། སའི་གོ་ལའི་དཀྱུས་ཐིག་ས་ཆ་དྲོད་ཆེས་སར་གྲོག་མ་མང་ཤོས་འཚོ་གནས་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁའི་ས་ཧ་ར་བྱེ་ཐང་(Sahara Desert)དུ་ཡོད་པའི་གྲོག་མ་དམར་པོ་ལྟ་བུ་ཡིན་ན་གནམ་གཤིས་དྲོད་ཚད་ཀོར་ཐིག་ཡན་གྱི་༧༠ ལྷག་ནང་འཚོ་གནས་ཐུབ་པས་འབུ་སྲིན་ནང་གི་ལུས་དྲོད་ཚ་ཤོས་དེ་གྲོག་མ་ཆགས་ཡོད།  

གྲོག་མ་ནི་འབུ་སྲིན་གཞན་ལྟར་རྐང་པ་དྲུག་དང་རྐང་པ་རེ་ལ་ཚིགས་གསུམ་རེ་དང་། རྐང་པའི་ཟུར་དག་སོག་ལེ་ལྟར་རྣོན་ཞིང་མཁྲེགས་ལ་རྒྱུགས་ཚད་མགྱོགས་པོ་ཡོད། གྲོག་མས་རང་ཉིད་གཟུགས་པོའི་ལྗིད་ཚད་ལྡབ་ཉི་ཤུ་ཡར་འཇོག་ཐུབ།གྲོག་མ་ཤིང་ལོ་གཅོད་མཁན་རིགས་མཚོན་ན་རང་ཉིད་ཀྱི་ལྗིད་ཚད་ལས་ལྡབ་ལྔ་བཅུ་ཡར་འཇོག་ཐུབ་ཀྱི་ཡོད།

མིའི་ཀླད་པ་ལ་སྦུབས་ཕྲན་(cell)ས་ཡ་༡༠༠༠༠ ཙམ་ཡོད་ཀྱང་གྲོག་མའི་ཀླད་པའི་ནང་སྦུབས་ཕྲན་༢༥༠ ༠༠༠ཙམ་མེད། ཆ་སྙོམས་ཚེ་ཚད་ཉིན་༤༥་ནས་༦༠་ཙམ་ཡིན་པའི་ཞིབ་འཇུག་བྱས་འདུག  གྲོག་མའི་རྭ་ཅོ་གཉིས་ནི་རྣོན་ཞིང་མཁྲེགས་པ་དང་། དེ་ཡིས་གཙོ་བོོ་ཟས་རིགས་ཀྱི་དྲི་མ་སྣོམ་པ་དང་ཟས་རིགས་འདེགས་འཇོག་ རང་སྲུང་གི་མཚོན་ཆ་བཅས་བྱེད་ཀྱི་ཡོད། གྲོག་མ་ཕན་ཚུན་བར་དྲི་མ་དང་སྒྲ། རྣམ་འགྱུར། ཚོར་བ་བཅས་བརྒྱུད་ནས་ཕན་ཚུན་ལ་བརྡ་ལན་སྤྲོད་པ་དང་། གྲོག་མས་ཟས་རིགས་མཁྲེགས་པོ་ཟ་མི་ཐུབ་ཀྱང་ཟས་བཅུད་འཇིབ་ཀྱི་ཡོད།

སྲོག་ཆགས་ཚན་རིག་པས་གྲོག་མ་ལ་མིག་ཡོད་ཀྱང་གསལ་བོ་རིག་གྱི་མེད། མིག་གཅིག་ལ་མིག་ཕྲ་མོ་གང་མང་འདུས་ཡོད་པས་འདུས་རྫས་མིག་ཅེས་བཏགས་ཡོད། གྲོག་མ་ལ་ཕོ་བ་གཉིས་དང། གཅིག་ནི་རང་ཉིད་ཀྱི་འཚོ་བཅུད་ལེན་ས་ཡིན་ཞིང་གཞན་ནི་ཟས་མཛོད་དེ་གྲོག་མ་གཞན་དག་མཉམ་དུ་ཐུན་མོང་གིས་སྤྱོད་ཀྱི་ཡོད། སྐྱེ་དངོས་ཚན་རིག་པས་གྲོག་མ་ལ་མིའི་ནང་བཞིན་གློ་བ་དང་རྣ་བ།སྙིང་མེད་ཀྱང་གྲོག་མའི་གཟུགས་པོ་སྟེང་གི་བུ་ག་ཕྲ་མོ་དག་ལས་དབུགས་གཏོང་ལེན་བྱེད་པ་དང་། རྐང་པའི་ཚོར་ཤེས་ཀྱིས་ས་འདར་འདར་གྱི་ཚོར་ཤེས་ལ་བརྟེན་ནས་སྒྲ་ཅི་ཡིན་གོ་ཐུབ། མིའི་སྙིང་རྩ་དང་གཤེར་ཁུ་གཉིས་ལ་གྲོག་མའི་སྙིང་དང་ཁྲག་གིས་བྱེད་ལས་གཅིག་མཚུངས་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད།

གྲོག་ཚང་གཅིག་ལ་གྲོག་མ་ཁྲི༤༠་ནས་ས་ཡ་༣༠༠་ལྷག་ཙམ་ཡོད་ལ། གྲོང་ཚང་གཅིག་ནང་དུ་གཤོག་པ་ཅན་གྱི་གྲོག་མ་གང་མང་ཡོད་སྲིད་ལ་མ་མཐར་ཡང་གཤོག་པ་ཅན་གཅིག་ཡོད་དགོས་ལ་དེར་གྲོག་མ་རྒྱལ་མོ་ཟེར། རྒྱལ་མོ་ཁ་ཤས་ནི་ལོ་མང་འཚོ་ཐུབ་ལ་ཐེངས་གཅིག་ལ་སྒོང་བ་ས་ཡ་ལྷག་གཏོང་བ་ཡོད།  སྒོང་བ་གཏོང་མ་ཐུབ་པའི་གྲོག་མ་རྣམས་ཀྱིས་ཟ་མ་བཙའ་བ་དང་སྒོང་བ་དུས་རིམ་ལྟར་གཅེས་སྐྱོང་བྱེད་པ།  གྲོག་ཚང་སྲུང་བ། གྲྭ་ཚང་ནང་གི་ཙོག་པ་རིགས་ཕྱིར་དབོར་འདྲེན་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།  གྲོག་ཚང་རེ་རེ་ལ་གྲོག་ཚང་སོ་སོའི་དྲི་མ་ཡོད་པས་གྲོག་མ་གཞན་ཞིག་གྲོག་ཚང་འཛུལ་བ་ཡོང་བ་དྲི་མས་ཐུབ། གྲོག་མས་མཚན་མོར་སྒོ་ང་གྲོག་ཚང་གི་ས་ཆ་གཏན་ཤོས་དང་ཚ་ཤོས་ལ་གནས་སྤོར་བྱེད་ཀྱི་ཡོད། གལ་སྲིད་རྒྱལ་མོ་ཤི་སོང་ན་གྲོག་མ་གཞན་མགྱོགས་པོ་ཤི་འགྲོ་བ་དང་། ༢༠༠༤ ལོར་ཨོ་སི་ཀྲོའོ་ལི་ཡའི་གྲོང་ཁྱེར་མེལ་ལི་བྷོབ་ཀྱི་ས་འོག་ཏུ་སྤྱི་ལེ་༡༠༠མ་ཟིན་ཙམ་གྱི་གྲོག་ཚང་རིང་ཤོས་གཅིག་རྙེད་ཡོད་འདུག

གྲོག་མ་ལ་རིགས་སྟོང་ཕྲག་ཡོད་པའི་ནང་ནས་གྲོག་མ་ནག་པོ་དང་ཤིང་སྡོང་གྲོག་མ་གཉིས་ལ་མཚོན་ན་རྭ་ཅོ་རྣོན་པོ་མེད་ཀྱང་རྭ་ཅོ་ནང་ནས་སྐྱུར་རྫས་གཏོར་ནས་འབུ་སྲིན་གཞན་ལས་རང་སྲུང་བྱེད་ཐུབ། དེ་མིན་གྲོག་མ་དམར་པོ་(གྲོག་མ་ཇག་པ་)དུས་རྒྱུན་གྲོག་ཚང་གཞན་ལ་བཙན་འཛུལ་བྱས་ཏེ་སྒོང་ང་རྐུ་འཁྱེར་བྱེད་ཀྱི་ཡོད། གྲོག་མ་དམག་མི་ཡིན་ན་གྲོག་ཚང་གཏན་པོ་མི་བྱེད་པར་སྒོ་ང་དང་ཚང་འབུ་(འབུ་སྲིན་སོགས་སྒོ་ང་ཐོན་པའི་རྗེས་ཀྱི་གནས་སྐབས་)་སོགས་གནས་གཞན་ལ་ཡང་ཡང་སྤོར་ཀྱི་ཡོད།

རྒྱ་ནག་དང་སྦི་ར་ཛིལ། ཀོབ་ལོམ་པེ་ཡ་བཅས་གཙོས་རྒྱལ་ཁབ་འགའི་ནང་གི་ཡུལ་ལུང་ཁག་ཅིག་གིས་གྲོག་མ་སྣུམ་ནང་བརྔོས་ནས་ཟ་ཡི་ཡོད་ལ། སྔོན་མ་སྦི་ར་ཛིལ་ནང་ཡིན་ན་སྤྲང་བོས་ཟ་མ་མེད་པར་གྲོག་མ་ཟ་ཡི་ཡོད་ཀྱང་། དེང་སང་གྲོག་མའི་ཟ་མ་ཡག་ཤོས་ལ་རྩིས་ཡོད། ཀོབ་ལུམ་པེ་ཡ་ནང་དུ་གྲོག་མ་དང་ཚང་འབུ། སྒོ་ང་སོགས་ཟ་བ་མ་ཟད་གྲོག་མ་རྒྱལ་མོ་ཟས་ན་ཕོ་ཡི་འདོད་སྲེད་འཕེལ་བར་ཕན་པའི་བཤད་སྲོལ་ཞིག་ཡོད་འདུག

གྲོག་མས་བཙོག་པ་ཟ་ཞིང་འབུ་སྲིན་གཙང་མ་བཟོ་མཁན་ཞིག་ཡིན་ཡང་།  ཁྱིམ་དུ་གྲོག་ཚང་ཡོད་ན་མ་འཕྲོད་པའི་ནད་རིགས་དང་དབུགས་འཚང་གི་ན་ཚ་ཡོང་ཡོད།  དེ་མིན་ནམ་རྒྱུན་གྲོག་མ་ཡོད་སར་ཟ་མ་སོགས་ཁ་སྣོད་ཡག་པོ་རྒྱག་གལ་ཆེ། གྲོག་མ་མེད་པ་བཟོ་བའི་ཐབས་ཤེས་གཞན་ལས་འཚོལ་ཞིབ་བྱས་ཏེ་ཤེས་བར་གྱིས།

File:འབུ་གྲོག་མ།.jpg
འབུ་གྲོག་མ།

འབུ་གྲོག་མ་ནི་སྲིན་འབུ་ཀྱི་རིགས་གཅིག་རེད།

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

གྲོག་མ་ཞིབ་འཇུག།

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]