འབའ་རོམ་དགོན་གྱི་གདན་རབས།

ཡོང་ཁུངས་Wikipedia

འབའ་རོམ་དགོན་གྱི་གདན་རབས་རིམ་བྱོན་གྱི་ ལོ་རྒྱུས་མདོར་བསྡུས་ངོ་མཚར་གསེར་གྱི་ ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

                                                            ཁམས་འཛུམ་གྲོལ།

ན་མོ་གུ་རུ་དྷཱརྨེ་ཤྭ་ར་ཡེ། མཁྱེན་རབ་ཡེ་ཤེས་རྒྱས་པའི་འོད་འབུམ་གྱིས།། མ་རིག་སྲིད་པའི་མུན་པ་མཐར་བྱེད་པའི།། ལྷ་མཆོག་འཇམ་དཔལ་སྨྲ་བའི་ཉི་མ་གང་།། བདག་ཡིད་དད་གསུམ་མཁའ་རུ་རྩེན་གྱུར་ཅིག།

བགྲང་ཡས་ཤེས་བྱ་ཀུན་གསལ་ཡངས་པོར་མཁྱེན་རབ་ཉི་མའི་ དཀྱིལ་འཁོར་རྒྱས།། མཛད་པའི་ཕྲིན་ལས་འོད་སྟོང་གསར་པ་གདུལ་བྱའི་པད་ཚལ་ དཔྱིད་དུ་སྤྲོས།། དྲི་མེད་རྒྱལ་བསྟན་གླིང་བཞིའི་ཁྱོན་རྣམས་རིས་མེད་ཀུན་ནས་ གསལ་མཛད་པའི།། འགྲོ་མགོན་བཀའ་བརྒྱུད་རིན་པོ་ཆེ་ལ་སྒོ་གསུམ་གུས་པས་ རབ་ཏུ་འདུད།།

ཟླ་བྲལ་ཟླ་འོད་གཞོན་ནུའི་ཐུགས་ཀྱི་སྲས།། མཆོག་གྱུར་མཆོག་དངོས་ཚེ་གཅིག་གྲུབ་པའི་མགོན།། ཆོས་རྗེ་ཆོས་ཀྱི་དབང་ཕྱུག་འབའ་རོམ་པ།། སྐྱེ་དང་སྐྱེ་བར་སྐྱབས་ཀྱི་མཆོག་ཏུ་བསྙེན།།

གང་གི་གསུང་སྲས་འགྲན་བྲལ་ཏི་ཤྲཱི་རས།། རིགས་ཀྱི་དབོན་པོ་ཤེས་རབ་དབང་ཕྱུག་དང་།། ཆེ་བའི་བུ་བཞི་སྲས་བཞི་བརྒྱུད་འཛིན་བཞི།། ཐུགས་སྲས་བཅུ་གསུམ་བརྒྱུད་པར་བཅས་ལ་འདུད།། ཁྱད་པར་རིགས་དབོན་རྒྱལ་བ་གྲགས་པ་དང་།། བྱང་རྒྱལ་གཞོན་ཤེས་དྷརྨེ་ཤྭ་རའི་མཚན།། སེངྒེ་དཔལ་སོགས་སྒྲུབ་བརྒྱུད་འབའ་རོམ་པའི།། གདན་རབས་རིམ་བྱོན་བཅས་པས་དེང་འདིར་སྐྱོངས།།

འདི་ན་དམ་པའི་མཛད་བཟང་ནི།། ཆུ་གཏེར་ཆེ་ལས་ཟེག་མ་ཙམ།། བརྗོད་འདོད་སྤྲོ་བ་བསྐྱེད་པའི་རྒྱུ།། སྐལ་བཟང་དད་པའི་བསོས་སུ་སྤེལ།།

གྲགས་འདོད་ཀུན་སློང་ངན་པས་མ་བཅིངས་ལྷག་པའི་བསམ་ པ་དཀར་པོས་རྒྱན།། ཟེར་བགྲོས་བཙན་གྱིས་ལྷུ་སྒྲིག་མ་བྱས་ཁུངས་ལྡན་ཡིག་ཚང་ ཁག་ལས་བཏུས།། ཕྱོགས་ལྷུང་སྐྱོན་གྱི་དྲི་མས་མ་སྒྲིབ་དྲང་པོའི་ལོ་ཚིགས་གཞི་རུ་ བཟུང་།། རབ་བཏགས་ཚིག་གི་རྒྱན་གྱིས་མ་སྤྲས་བསོང་པོར་བརྗོད་པའི་ ངལ་བ་བྱས།།

ཞེས་མཆོད་བརྗོད་དང་ངེས་པར་བསྟན་པའི་དངོས་པོ་ཅུང་ཞིག་འདུ་བྱས་ཏེ། ཇི་སྐད་དུ། འགྲོ་མགོན་ཏི་ཤྲཱི་རས་པས། བླུན་པོ་རྣམས་ནི་ངེས་ཤེས་སྐྱེ་བ་དང་།། མཁས་པ་རྣམས་ལ་ཤེས་རབ་སྐྱེ་བའི་ཕྱིར།།

དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པ་ཡིན།།

ཞེས་གསུངས་པ་ལྟར་དོན་གཉེར་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པ་ཅན་ལོ་རྒྱུས་ཀྱི་རྗེས་སུ་འབྲང་བ་གཉིས་ལས། འདིར་དད་ པ་ཅན་ལོ་རྒྱུས་ཀྱི་རྗེས་སུ་འབྲང་བའི་ཕྱིར་འབའ་རོམ་དགོན་གྱི་གདན་ རབས་དང་གདུང་བརྒྱུད་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས་ཤིག་སྤྲོ་བར་བྱ་བ་ལ་གསུམ། ༡༽འབའ་རོམ་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་དང་དར་མ་དབང་ཕྱུག་གི་ལོ་རྒྱུས་མདོར་བསྡུས་བརྗོད་པས་གཞི་བཟུང་བ། ༢༽ རྩ་བའི་གདན་ས་བཏབ་ཅིང་གདན་རབས་རིམ་བྱོན་གྱིས་ བསྐྱངས་ཚུལ་གྱིས་གཞུང་བསྲང་བ། ༣༽ ད་ལྟའི་གནས་བབས་དང་བྱུང་བ་ཁག་གཅིག་གིས་ཟུར་རྒྱན་ ཏེ་མཇུག་བསྡུ་བ་བཅས་རྩ་བའི་ས་བཅད་རྣམ་པ་གསུམ་གྱིས་་ བརྗོད་པར་བྱའོ།། ༡ ༽ རྩ་བའི་ས་བཅད་དང་པོ་འབའ་རོམ་བཀའ་བརྒྱུད་ཀྱི་ཤིང་རྟའི་ ལམ་སྲོལ་དང་དར་མ་དབང་ཕྱུག་གི་རྣམ་ཐར་མདོར་བསྡུས་ བརྗོད་པས་གཞི་བཟུང་བ། ༡ འབའ་རོམ་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ། དེ་ཡང་བསིལ་ལྡན་གངས་རིའི་ལྗོངས་ཆེན་པོ་འདིར་སྐལ་བཟང་རྣམ་འདྲེན་བཞི་པ་སྟོན་པ་ཐུབ་པའི་དབང་པོའི་བསྟན་པའི་བྱེ་བྲག་ ཇི་སྙེད་གཅིག་བྱུང་བ་ཀུན་ལས་ཁྱད་དུ་འཕགས་པ། བཀའ་རྒྱུད་ རིན་པོ་ཆེ་ཞེས་རིགས་གསུམ་གདུལ་བྱ་མཐའ་དག་རབ་ཚེ་གཅིག་ ལུས་གཅིག འབྲིང་བར་དོ་མཁའ་སྤྱོད། ཐ་ན་སྐྱེ་བ་བདུན་ནས་ མངོན་པར་མཚང་རྒྱ་བའི་གསེང་ལམ་རྨད་དུ་བྱུང་བ་འདི་ཉིད་ འཛིན་སྐྱོང་སྤེལ་བའི་བྱེད་པོར་འགྲན་ཟླ་མ་མཆིས་པའི་དྭགས་སྒོམ་ ཟླ་འོད་གཞོན་ནུ་ནི། ཇི་སྐད་དུ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་ བ་ཅན་གྱི་ལྗོངས། མ་ཧཱ་ལོ་ཧི་ཏའི་འགྲམ། རི་བྲག་ཚང་ཚིང་ཅན་ན། དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས་འཁོར་རབ་ཏུ་བྱུང་བ་ལྔ་བརྒྱ་ལས་མི་ཉུང་བ། ཐམས་ཅད་ཏིང་ངེ་འཛིན་ལྡན་པ་འབའ་ ཞིག་འབྱུང་བར་འགྱུར་རོ།། ཞེས་དང་། འཇིག་རྟེན་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་ བར་འགྱུར་རོ་ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་གིས་བསྔགས་ པའི་རྩོད་བྲལ་སྐྱེས་བུ་ཆེན་པོ་དྭགས་སྒོམ་ཟླ་འོད་གཞོན་ནུའམ་མཉམ་མེད་དྭགས་པོ་རིན་པོ་ཆེས་སྒྲུབ་བརྒྱུད་ཀྱི་རྒྱལ་བསྟན་སྲིད་ དང་ཞི་བའི་ཁྱོན་ཀུན་ཁྱབ་བརྡལ་དུ་མཛད་པ་ལ་དྭགས་པོ་བཀའ་ བརྒྱུད་ཅེས་གྲགས་ཤིང་། དེའི་འཁོར་དུ་བཀའ་རྒྱུད་ཆེ་བཞི་ ཆུང་བརྒྱད་སོགས་སློབ་ཚོགས་རྒྱུ་སྐར་གྱི་གྲངས་ལ་འཕྱ་བའི་དབུས་ སུ་ཉམས་རྟོགས་ཀྱི་ཡོན་ཏན་ཀུན་ལས་མངོན་པར་མཐོ་བའི། བཀའ་ རྒྱུད་གྲུབ་པའི་གཙུག་རྒྱན་དཔལ་ལྡན་འབའ་རོམ་པ་ཆེན་པོ་དར་་་་ མ་དབང་ཕྱུག་གིས་འབའ་རོམ་དཀའ་རྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་་་ གསར་དུ་ཕྱེས་ཏེ། མཛད་ཕྲིན་རྨད་དུ་བྱུང་བས་སྒྲུབ་རྒྱུད་ཀྱི་ བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ་འབའ་རོམ་བཀའ་རྒྱུད་་ ཅེས་སྙན་པའི་གྲགས་པ་སྲིད་པ་གསུམ་ན་བརྡལ་བའོ།། ༢ དར་མ་དབང་ཕྱུག་གི་རྣམ་ཐར་མདོར་བསྡུས། འབའ་རོམ་དར་མ་དབང་ཕྱུག་གི་སྐུ་འཁྲུངས་པའི་ཡུལ་ནི་འཕན་ ཡུལ་ལུང་པ་བྱ་བ། རིགས་བྲན་ཀ་བ། ཡབ་གནས་བརྟན་སྟོན་པ་ འབྱུང་གནས་བློ་གྲོས་དང་། ཡུམ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་རབ་ བྱུང་གཉིས་པའི་མེ་ལུག་སྤྱི་ལོ་༡༡༢༧ལོར་སྐུ་འཁྲུངས། སྲས་གསུམ་

               སད་མི་མི་བདུན་གྱི་ནང་ཚན་བྲན་ཀ་ཨིནྟྲ་རཀྴ་ཏའི་བརྒྱུད་པ་ཡིན།

ཡོད་པའི་ཆེ་བ་འབུམ་སྐྱབས་བྱ་བ་ཡིན། དགུང་ལོ་བརྒྱད་ཀྱི་ཐོག་ མཁན་པོ་སྐ་བ་པ་དང་། སློབ་དཔོན་དབང་གཞོན་གཉིས་ལས་རབ་ ཏུ་བྱུང་། མཚན་དར་མ་དབང་ཕྱུག་ཏུ་བཏགས། དགེ་བའི་གཤེས་ གཉེན་བྱ་ཡུལ་བ་དང་། གྲུབ་ལུང་བ། སྐ་བ་པ་སོགས་བཀའ་གདམ་ པའི་དགེ་བའི་གཤེས་གཉེན་མང་དུ་བསྟེན་ནས་མདོ་རྒྱུད་ཀྱི་ཆོས་་ ཚུལ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། དེ་ནས་ རྗེ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་གྱི་སྙན་པས་ཐུགས་ཡིད་འཕྲོག་ ཏེ་སྤྲུལ་པས་བསྐུལ་བའི་རྐྱེན་གྱིས་སྒམ་པོར་བྱོན། དྭགས་པོ་རིན་པོ་ཆེ་མཇལ། རྗེས་སུ་བཟུང་ཞིང་ཐུགས་ལ་བཏགས། བླ་མ་རིན་པོ་ཆེའི་ཞབས་ཟིན་ཚོགས་པ་བརྒྱ་ཕྲག་བདུན་བརྒྱའི་ནང་ ནས་ཉམས་རྟོགས་མཐོ་བར་འདུག་ཅེས་བསྔགས་པ་མཛད། ཞབས་ ཏོག་མཉེས་པ་གསུམ་གྱིས་བསྒྲུབས་ཤིང་། སྐུ་སྲོག་གི་ཉེན་པའི་ རྐྱེན་བཞི་བསལ། དེ་ནས་ཉིན་ཞིག་བླ་མ་རིན་པོ་ཆེའི་ཞལ་ནས། ངས་ཁྱོད་ལ་གདམས་པ་འདོད་ཆོས་ཁྲིད་ལ་སོགས་པ་ཐམས་ཅད་ གནང་ཚར་བ་ཡིན། ད་ཁྱོད་བྱང་འབའ་རོམ་ཟེར་བ་ཏི་སེའི་གངས་ རྒྱུད་མར་པའི་སྒྲུབ་གནས་སུ་སོང་ལ་སྒྲུབ་པ་གྱིས་གསུངས། ཁྱོད་ དང་ངེད་གཉིས་འགྲོགས་ཡུན་རིང་། ལུས་སྲོག་ལྟོས་མེད་ཀྱི་ཞབས་ ཏོག་མང་པོ་སྒྲུབ་གསུངས། གསེར་སྲང་གང་དང་། ཕྱག་དཔེ་རྣམས་ གནང་ནས། དང་པོ་གསེར་འདིས་འཚོ་བའི་སྒྲུབ་རྒྱགས་གྱིས། དེ་ནས་ འཚོ་བ་མི་ཡིས་སྟེར་ཡོང་གསུངས། ཁོང་གིས་བླ་མ་རིན་པོ་ཆེ་སྐུ་ བཞུགས་རིང་གང་ལའང་མི་འགྲོ་ཞུས་ནས་སྤྱན་ཆབ་གསིལ། གསེར་ ཡར་ཕུལ་བས། དྭགས་པོ་རིན་པོ་ཆེའི་ཞལ་ནས། རྒྱ་ལ་ཆགས་ཀྱང་ ཤིན་ཏུ་ཕྲ། །གང་ལ་ཆགས་པ་དེས་བཅིང་བས། །རྩ་བྲལ་ནམ་མཁའི་ འདུད་པ་ཁྲོལ། །རྨི་ལམ་རི་ཁྲོད་རོ་སྙོམས་གྱིས་གསུངས་ནས་གསེར་ ཁོ་བོས་ཁྱོད་ལ་བྱིན་པས་ངས་བློས་བཏང་ནས་ཡོད། ཁྱོད་ཀྱིས་ང་ ལ་ལན་གཅིག་ཚུར་ཕུལ་བས། དེའི་རྟེན་འབྲེལ་གྱིས་ཁྱོད་ལ་གསེར་ ལ་སོགས་པའི་འབུལ་བ་མང་པོ་འོང་གསུངས། ད་ཁྱོད་ངོ་མི་ལྡོག་ ཟླ་གཅིག་བར་དུ་སྡོད་གསུངས་པས། དར་མ་དབང་ཕྱུག་གིས་ཕྱག་ འཚལ་མཎ་ཌལ་ཕུལ་ནས་རིན་པོ་ཆེ་སྐྱེ་འཆི་ལ་རང་དབང་ཐོབ་པས་ བསྐལ་པར་མྱ་ངན་མི་འདའ་བར་བཞུགས་པར་གསོལ་བ་འདེབས་ སོ་ཞེས་ཞུས་པས། བླ་མ་རིན་པོ་ཆེས། འགྲོ་དོན་ད་ལྟ་བས་གཞན་ ལྷག་པས་ཅིས་ཀྱང་མི་སྡོད་གསུངས། དེ་ནས་ཞག་སུམ་ཅུ་སོ་གསུམ་ སོང་བའི་རབ་བྱུང་གཉིས་པའི་ཆུ་བྱ་སྤྱི་ལོ་༡༡༥༣ལོར་དགུང་ལོ་༧༥ བཞེས་ནས་དགོངས་པ་དབྱིངས་སུ་ཐིམ། གདུང་འབུམ་མ་ཚར་བར་ སྒམ་པོར་བཞུགས། དེ་ནས་བླ་མ་རིན་པོ་ཆེའི་ལུང་བསྟན་པའི་ བྱང་འབའ་རོམ་བྱ་བ་ཏི་སེའི་གངས་རྒྱུད་མར་པའི་སྒྲུབ་གནས་འབའ་ རོམ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་རྫ་རིན་ཆེན་སྤུངས་པར་ གཤེགས་ནས་སུས་ཀྱང་མ་མཐོང་བར་དྲང་སྲོང་ཆེན་པོ་ལྟར་གཅིག་ པུར་སྒྲུབ་པ་ནན་ཏན་དུ་མཛད། མི་མ་ཡིན་མང་པོས་ཆོས་ཞུས་ ཚེ་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་གསུངས་། ཡུལ་ དེས་ལྷ་འདྲེ་འཁྲུགས་པ་གཟིགས་ནས་སྙིང་རྗེ་ཆེན་པོས་འཁྲུགས་པ་བཟླུམས། བྲག་དམར་རྫོང་ནས་དྭགས་པོ་རིན་པོ་ཆེའི་དགྱེས་ ཞལ་གཟིགས།རབ་གནས་མཛད་ཚེ་ཤཱཀྱ་ཐུབ་པ་མངོན་སུམ་མཇལ། མོས་པའི་སྐལ་པ་དང་འཚམས་པར་བླ་མ་རིན་པོ་ཆེ་ཉིད་རྡོ་རྗེ་ འཆང་དང་། བདེ་མཆོག ཕག་མོར་སྣང་བ་ཀུན་གྱིས་མཇལ། གཞན་གྱི་སེམས་རྒྱུད་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་ཅིང་། ལུང་བསྟན་རྣམས་བརྗོད་ཀྱིས་མི་ལོངས། གཞན་ཡང་ནམ་མཁར་ འཕུར་བ་དང་། རི་བྲག་ལ་ཐོགས་མེད་འགྲོ་བ། ཆུ་ལ་མི་བྱིང་བ་ སོགས་རྫུ་འཕྲུལ་མཐའ་ཡས་སོ།། རྫ་རིན་ཆེན་སྤུངས་པར་ལོ་བཞི་དང་། མདོ་ཡི་བྲག་དམར་རྫོང་ལ་ ལོ་གསུམ། ཕན་ཚུན་གཉིས་ཆར་ལོ་བདུན་སྒྲུབ་པ་མཛད། སྤྱི་ལོ་ ༡༡༧༠རབ་མེ་ལྕགས་འབྲུག་ལོ་སྟེ་འབའ་རོམ་དར་མ་དབང་ཕྱུག་དགུང་ལོ་༣༤སྟེང་ནག་ཆུ་ཁུལ་དུ་འབའ་རོམ་དགོན་བཏབ། འབའ་རོམ་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེས་ཤིང་། གྲྭ་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་པ་དང་། སྒྲུབ་བརྒྱུད་ ཀྱི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འབའ་རོམ་ བཀའ་བརྒྱུད་ཅེས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། དེ་ནས་རྩི་ཀླུང་མཁར་བས་གདན་དྲངས་ནས་ཁམས་སུ་ཕེབས། ཁམས་ སྟོད་ཀོ་མཛོའི་བྲག་ཏུ་ལོ་མང་བཞུགས། བླ་མ་རིན་པོ་ཆེ་འབའ་ རོམ་པ་དགུང་ལོ༥༠བཞེས་པའི་དུས་བྱང་རྩི་བར་དུ། དཔོན་སྟག་ ཆུང་གསེར་མཁར་ན་བཞུགས་པའི་དུས་སུ་ཁོང་གི་སློབ་མ་ཏི་ཤྲཱི་རས་པས་ཐོག་མར་མཇལ། སྤྱི་ལོ་༡༡༨༧མེ་ལུག་ལོར་འབའ་རོམ་ པ་དགུང་ལོ་༦༡སྟེང་ཁམས་ནས་ཡར་འབའ་རོམ་དུ་བྱོན། ཏི་ཤྲཱི་ རས་པ་དགུང་ལོ་༢༤སྟེང་འབའ་རོམ་པ་ཐེངས་གཉིས་པ་མཇལ། བླ་མ་རིན་པོ་ཆེས་འབའ་རོམ་དགོན་དུ་ལོ་༡༣ལ་ཚོགས་པ་བསྐྱངས་ ཤིང་བཞུགས། འགྲོ་བ་ཀུན་གྱི་སྐྱབས་གྱུར་བླ་མ་རིན་པོ་ཆེ་དེ་ཉིད་ ལ་སྐྱེ་རྒ་ན་འཆི་ལ་སོགས་མི་མངའ་ཡང་། གདུལ་བྱ་རྟག་འཛིན་ ཅན་འགའ་ལ་གཟིགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱི་མཛད་པ་དང་སྒོ་བསྟུན་ནས་རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ་༡༡༩༨ལོའི་ས་ག་ཟླ་བའི་ཡར་ངོས་ཚེས་༢ཀྱི་ནུབ་མོའི་ནམ་གུང་ཡོལ་ ཙམ་ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། དེ་ནས་སྐུ་གདུང་ ཡི་དམ་དུ་མའི་དཀྱིལ་འཁོར་དུ་ཞུགས་སུ་ཕུལ་བའི་ཚེ། ནམ་མཁའ་ ལ་གདུང་དུད་རྣམས་འཇའ་འོད་ཁ་དོག་ལྔ་ལས་གྲུབ་པའི་དབྱིབས་ ལྗོན་ཤིང་། པད་མ། རྒྱལ་མཚན་སོགས་ཀྱིས་མཚན་པ་ལྟ་བུའི་ཡོངས་ སུ་ཁེངས་པར་གྱུར་པ་སོགས་ངོ་མཚར་གྱི་ལྟས་མང་པོ་བྱུང་། དད་ རྟེན་དུ་རིང་བསྲེལ་ཁ་དོག་ལྔ་ལྡན། བཀྲ་ཤིས་རྟགས་བརྒྱད། རྗེ་ བཙུན་མའི་སྐུ་རྣམས་བྱོན་པ་ཡིན་ནོ།། ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་དེ་ཉིད་ལ་སློབ་མའི་ རྣམ་གྲངས་བྱོན་ཚུལ་ནི། ཆེ་བའི་བུ་བཞི། ཉེ་བའི་སྲས་བཞི། བརྒྱུད་འཛིན་གྱི་སློབ་མ་ལྔ་དང་ བཅུ་གསུམ་ཡོད། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཏི་ཤྲཱི་ཤེས་ རབ་སེང་གེ་ཡིན་ཏེ། ཤར་རྒྱ་ནག་གི་དབུ་བླར་བྱོན་ཅིང་། བྱང་སྐུ་ འབུམ་གྱི་གདན་ས་ཆགས་ཕབས། འབའ་རོམ་བཀའ་བརྒྱུད་ཀྱི་ བརྒྱུད་པའི་གྲོལ་ཕུག་ཏུ་གྱུར། དབོན་རྒྱལ་བ་གྲགས་པས་འབའ་ རོམ་དགོན་གྱི་གདན་ས་བསྐྱངས། ཅུང་ཤེས་རབ་དབང་ཕྱུག་ཀོ་ མཛོའི་གདན་སར་བཞུགས་པ་སོགས་མཛད་ཕྲིན་གྱིས་བསྟན་པ་ཕྱོགས་ ཅུར་རྒྱས་པར་མཛད་དོ།། རྒྱལ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བའི།། བཤད་སྒྲུབ་ཉི་ཟླའི་སྣང་བས་གདུལ་བྱའི་མུན།། བསལ་བྱེད་རྒྱལ་སྲས་དཔའ་བོའི་མཛད་ཕྲིན་ནི།། ཕལ་པའི་རྣམ་ཐར་སྟོང་གིས་བསྒྲུན་དུ་མེད།།

        ཅེས་བར་སྐབས་ཀྱི་ཚིགས་བཅད་དོ།།

༢ ༽ རྩ་བའི་ས་བཅད་གཉིས་པ་གདན་ས་བཏབ་ཚུལ་དང་གདན་ རབས་རིམ་བྱོན་གྱིས་བསྐྱངས་ཚུལ་གྱི་གཞུང་བསྲང་བ། ༡ རྩ་བའི་གདན་ས་བཏབ་ཚུལ། དང་པོ་གང་དུ་ཆགས་པའི་གནས་ནི་རྒྱ་གར་འཕགས་པའི་ཡུལ་ གྱི་བྱང་ཕྱོགས། འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་གངས་ རིའི་དུང་ཕྲེང་ཚར་དུ་དངར་བའི་ཁ་བའི་ལྗོངས་ཆེན་པོའི་བྱེ་བྲག་ བོད་རང་སྐྱོང་ལྗོངས་ཁོངས། བྱང་ནག་ཆུ་རྫོང་གི་གསང་བཞུང་སྟེ། དེ་ཡང་རི་ཆེན་ཏི་སེའི་གངས་རྒྱུད། ཆུ་ཆེན་གངྒཱའི་མགོ་བོ། སྡེ་ཆེན་ པ་ཚབ་ཀྱི་ཡུལ། རི་ཆེན་རྫ་མོ་ཡུང་བ། རྫོང་ཆེན་བྲག་དམར་བསམ་ཡས། ཐང་ཆེན་ཕྱུག་མོའི་གོང་བ། རི་ཆེན་བཞི་ཡི་རྒྱུད་ལམ། བྱང་ཆེན་ རི་ཁྲོད་རྣམ་དག་མཚོ་ཆེན་ཕྱུག་མོའི་ལྟག་པ། ལོ་ཆེན་སྒྲ་སྒྱུར་མར་ པས། སྟོན་ཆེན་བཤད་གྲྭ་འཛུགས་ས། སྒོམ་ཆེན་སེང་ཁྱུའི་སྒྲུབ་གནས། མཐུ་ཆེན་ནུས་པ་ལྟ་ས། རྩམ་ཆེན་ལྷ་སྒོའི་གངས་དཀར། འཛམ་བུ་ གླིང་གི་རིའི་རྒྱལ་པོ་ཡིན་པས། ཁྱད་པར་དུ་མཐོ་ལ་བརྗིད་ཆེ་བ། བྱ་རྒོད་ཀྱི་རྒྱལ་མཚན་ཕྱར་བ། དགུང་གི་ཀ་བ་འདྲ་བའི་དབྱིབ་ ལེགས་པ། རྩེ་ལ་ལྷོ་སྤྲིན་འཁྲིགས་པ། མགུལ་བར་གཡུ་ཡི་ན་བུན་ འཐིབས་པ། ཡིད་འཇུག་པ། གནོད་སྦྱིན་གངས་བ་བཟང་པོའི་ཕོ་ བྲང་གནས་བཅས་པའི་རི་ལྷུན་ཆགས་པའི་དྲུང་། རྩམ་ཆེན་ལྷ་ སྒོའི་ཉེ་ཞོལ། བླ་མ་དྭགས་པོ་རིན་པོ་ཆེའི་ལུང་བསྟན་པའི་གནས་ ཁྱད་པར་ཅན། ཉམས་དགའ་བའི་ཡུལ་དེར་སྒྲུབ་བརྒྱུད་བསྟན་ པའི་མངའ་བདག་དཔལ་ལྡན་འབའ་རོམ་པ་ཆེན་པོ་དར་མ་དབང་ ཕྱུག་གིས་དགུང་ལོ་༣༤བཞེས་པ་རབ་བྱུང་གསུམ་པའི་ལྕགས་འབྲུག་ སྤྱི་ལོ༡༡༦༠ལ་འབའ་རོམ་དགོན་ཐོག་མར་ཕྱག་བཏབ། གྲྭ་ཚོགས་ བསམ་གྱིས་མི་ཁྱབ་པ་འདུས། འབའ་རོམ་བཀའ་བརྒྱུད་ཀྱི་ཤིང་ རྟའི་ལམ་སྲོལ་ཕྱེས་ཤིང་། སྒྲུབ་བརྒྱུད་ཀྱི་རྒྱལ་བསྟན་འཛིན་སྐྱོང་ སྤེལ་གསུམ་མཛད་པ་དང་། དེ་ནས་བཟུང་འབའ་རོམ་བཀའ་བརྒྱུད་ ཀྱི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པར་གྱུར་ཏོ།། དོན་མེད་ལོང་གཏམ་ཅ་ཅོ་སྨྲ་བ་འབུམ།། ཆུ་ཡི་གཉེར་རིས་གྲངས་ལ་འགྲན་ན་ཡང་།། དོན་ལྡན་དམ་པའི་མཛད་པ་བརྗོད་པའི་གཏམ།། གླེང་འདི་སྨྲ་བ་ཕལ་གྱི་དོ་ཟླ་མིན།། ཞེས་ངལ་གསོའི་ཚིགས་བཅད་དོ།། ༢ གདན་རབས་རིམ་བྱོན་གྱིས་བསྐྱངས་ཚུལ། གདན་རབས་ཁྲི་འཛིན་གཉིས་པ་ནམ་མཁའ་རྒྱལ་མཚན། རྩ་བའི་གདན་ས་འབའ་རོམ་དགོན་གྱི་དབོན་རྒྱུད་ཁྲི་འཛིན་གྱིས་ཇི་ལྟར་བསྐྱངས་ཚུལ་ནི། གོང་གི་ཆོས་རྗེ་དར་མ་དབང་ཕྱུག་གཤེགས་རྗེས་ གདན་རབས་ཁྲི་འཛིན་གཉིས་པ་ཅུང་བྲན་ཀ་ཇོ་བཙུན་ནམ་མཁའ་ རྒྱལ་མཚན་(ཆེ་བའི་བུ་བཞིའི་ནང་ཚན)ཡིན། ས་ལུག་ལོ་སྟེ་སྤྱི་ལོ་༡༡༩༩ལོར་ གདན་སར་བྱོན། བླ་མའི་གདུང་རྟེན་ཆེན་མོ་དང་། ལྡེར་སྐུ་གསུང་ བྱོན་མ། མཆོད་ཁང་རྙིང་པ་རྣམས་བཞེངས་པ་སོགས་བསྟན་དགོན་ ཡར་རྒྱས་ལ་མཛད་རྗེས་ཆེ། གདན་ས་ལོ་བཅུ་ལ་བསྐྱངས། རབ་བྱུང་ བཞི་པའི་ས་འབྲུག་སྤྱི་ལོ་༡༢༠༨ལོར་གཤེགས་སོ།། གདན་རབས་ཁྲི་འཛིན་གསུམ་པ་རྒྱལ་བ་གྲགས་པ། གདན་རབས་ཁྲི་འཛིན་གསུམ་པ་དབོན་རྒྱལ་བ་གྲགས་པ་ཡིན་ཏེ། བྲན་ ཀ་ཇོ་བཙུན་ནམ་མཁའ་རྒྱལ་མཚན་གྱི་གཅེན་པོ་ཉི་ཁྲི་ལ་སྲས་བཞི་ཡོད་ པའི་ཆེ་བ། ཨ་ར་དང་། དེ་འོག་བླ་མ་རྒྱལ་བ་གྲགས་པ། རབ་བྱུང་ གསུམ་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༡༨༡ལོར་སྐུ་འཁྲུངས། རྗེ་ཉིད་དང་། འབྲི་གུང་ཆོས་རྗེ་ལ་གཏུགས་ནས་ཡོན་ཏན་དཔག་ ཏུ་མེད་པ་མངའ་ཞིང་། དགུང་གྲངས་ཉི་ཤུ་རྩ་བརྒྱད་ས་ཕོ་འབྲུག་ གི་ལོ་སྟེ་སྤྱི་ལོ་༡༢༠༨ལོར་གདན་སའི་ཁྲིར་ཕེབས། ཁོང་གི་སྐུ་རིང་ ལ་འབའ་རོམ་པ་ཆེན་པོའི་སློབ་ཆེན་ཏི་ཤྲཱི་རས་པས་དངུལ་གྱི་བཀྲ་ ཤིས་སྒོ་མང་དང་། ཤེལ་གྱི་སྐུ་འབག་གསེར་གྱི་སྐུ་འབག་གདུང་རྟེན། སྐུ་འབུམ་ལ་གསེར་གསོལ་བ། ལྷ་ཁང་ལ་གསེར་འཕྲུ་བཙུགས་པ། རྒྱ་གར་གསེར་ཡུམ། གསེར་གྱི་རྒྱུད་འབུམ། གསེར་གྱི་ཤེས་རབ་ ཕྱོགས་བྲང། བཻཌཱུརྱ་ལས་བྱས་པའི་མདོ་འཕགས་པ་བརྒྱད་སྟོང་པ། གསེར་གྱི་བཀའ་འདུས་སོགས་དང་། གོས་ཆེན་ཟ་འོག སྣ་ཚོགས་ ཀྱི་བླ་བྲེ་བཅུ་གཉིས། རྔུལ་ཏིང་ཆེན་པོ། མཆོད་ཆ་མང་པོ། མར་མེ་ རྒྱུན་བཙུགས་སོགས་ཕུལ་བ་དང་། དེ་དག་གི་མདུན་དུ་དངུལ་གྱི་ མཎ་ཌལ་རིན་པོ་ཆེ་སྣ་བདུན་གྱིས་རྒྱན་པ་དང་། དབོན་རིན་པོ་ ཆེ་ལ་འབུལ་བ་ཆེན་པོ་དང་། དགེ་འདུན་ལ་གྲོ་ཚུལ་དང་། ཞོ་ཚུལ་ ཡང་བཙུགས་པ་དང་། ཏི་ཤྲཱི་རས་པའི་འབུལ་ཆེན་བཅུ་གསུམ་ བྱུང་ཟེར་བ་ཡང་དེ་ཡི་དུས་སུ་བྱུང་བར་གྲགས། དེ་དུས་གྲྭ་པ་ལྔ་ བརྒྱ་ཙམ་ཡོད་པ་དང་། གསེར་འབུམ་ཆེན་མོ་བཞེངས་ཕྱིར་རྔོད་ ཨ་ལ་བྱ་བ་ནས་ཤིང་མཛོ་ལ་བཀལ་ནས་ལན་གཉིས་དྲངས་ཏེ་ལན་ རྗེས་མར་ཡོས་བུ་ལོ་ཟླ་༣པའི་ཚེས་༢༥ལ་གཡུ་ལུང་དུ་སླེབས་པ་དང་། ཏི་ཤྲཱི་རས་པ་རྒྱ་ནག་ནས་ཡར་བྱོན་པ་དང་མཇལ། འབའ་རོམ་ དགོན་དུ་གདན་དྲངས། འབའ་རོམ་མདའ་ན་སླེབས་ཙ་ན། རྩམ་ ཆེན་ལྷ་སྒོ་ནས་འོད་དང་འཇའ་ཚོན་མང་པོ་བྱུང་། བསུ་བ་སེར་ སྦྲེང་མཛད། གདན་སའི་ཁྲི་འཛིན་དབོན་རིན་པོ་ཆེ་ལ་འབུལ་བ་ དང་། དགེ་འདུན་རྣམས་ལ་བཀའ་ཆོས་དང་ཕྱག་འགྱེད་ཕུལ། དེ་ནས་འབྲི་སྟག་གཉིས་ཀྱི་འཁྲུགས་པ་བཟླུམས་ནས་ཚལ་དང་ཡེར་ པར་བྱོན། གདན་ས་སོ་སོའི་དབོན་དང་། དགེ་འདུན་རྣམས་ལ་ འབུལ་བ་ཕྱག་འགྱེད་དང་། ཆོས་འབྲེལ་རིམ་པར་གནང་ནས་སླར་ འབའ་རོམ་དུ་བྱོན། དེར་རྟེན་མཆོད་ཁང་རྣམས་ལ་རབ་གནས་ བརྟེན་བཞུགས་རྒྱས་པ་དང་། དགེ་འདུན་ཚོགས་ལ་ཞལ་ཏ་ཞིབ་ རྒྱས་མཛད་ནས་སྐྱེལ་མ་དང་བཅས་སླར་ཁམས་སུ་ཕེབས་སོ།། དབོན་རྒྱལ་བ་གྲགས་པས་གསེར་འབུམ་ཆེན་མོ་བཞེངས། གདན་ ས་ལོ་སུམ་ཅུ་ལ་བསྐྱངས། མཐར་དགུང་གྲངས་༥༨བཞེས་པ་རབ་ བྱུང་བཞི་པའི་ས་ཁྱི་སྟེ་སྤྱི་ལོ་༡༢༣༨ལོའི་ཟླ་༤པའི་ཚེས་༥་ལ་ གཤེགས་སོ།། གདན་རབས་ཁྲི་འཛིན་བཞི་པ་དབང་ཕྱུག་རྒྱལ་མཚན། གདན་རབས་ཁྲི་འཛིན་བཞི་པ་དབང་ཕྱུག་རྒྱལ་མཚན་ནི། ཉི་ཁྲི་ སྲས་བཞི་པ་ཤེས་རབ་དབང་ཕྱུག་གིས་རྩི་ཀླུང་ཀོ་མཛོ་དགོན་གྱི་ གདན་ས་བསྐྱངས། ཉི་ཁྲིའི་སྲས་གསུམ་པ་ཨ་དར་གྱིས་བཙུན་མོ་ གཉིས་ཁབ་ཏུ་བཞེས་པ་ལ་སྲས་དྲུག་ཡོད་པ་ལས། བཙུན་མོ་ཆེ་ བའི་སྲས་གསུམ་གྱི་ཐ་ཆུང་དབང་ཕྱུག་རྒྱལ་མཚན་རབ་བྱུང་བཅུ་ གསུམ་པའི་མེ་སྦྲུལ་སྤྱི་ལོ་༡༡༩༧ལོར་སྐུ་འཁྲུངས། དགུང་གྲངས་ ཞེ་གསུམ་བཞེས་པ་ས་ཕག་སྤྱི་ལོ་༡༢༣༩ལོར་འབའ་རོམ་གྱི་གདན་ སར་ཕེབས། དེ་དུས་བེ་རི་དང་ཧོར་བྱུང་ནས་དབུས་པ་ཐམས་ཅད་ མ་བདེ། བྱང་ན་ལོ་བདུན་ལ་མི་སྡེ་མེད། དཔོན་སློབ་བཅོ་ལྔ་བཞུགས་ པ་དག་ལ་གསོལ་རྒྱུ་མེད་ནས་རྗེ་འབའ་རོམ་པའི་སྐུ་འདྲའི་མདུན་ དུ་ལྡེ་མིག་ཕུལ་ནས་བཤུམས་པས་མངོན་སུམ་དུ་མ་འགྲོ་གསུངས་ པའི་གསུང་བྱོན། དེ་ནས་ཧོར་ཁྲིམས་འཇགས། ལོ་བཅོ་ལྔ་ལ་གདན་ ས་མཛད། དགུང་གྲངས་ལྔ་བཅུ་ང་བརྒྱད་བཞེས་པ་ཤིང་ཕོ་སྟག་ གི་ལོ་སྤྱི་ལོ་༡༢༥༤ལ་མཁའ་སྤྱོད་དུ་གཤེགས་སོ།། གདན་རབས་ཁྲི་འཛིན་ལྔ་པ་དབང་ཕྱུག་རྒྱལ་པོ། གདན་རབས་ཁྲི་འཛིན་ལྔ་པ་དབང་ཕྱུག་རྒྱལ་པོ་ནི། རབ་བྱུང་ གསུམ་པའི་ས་བྱ་སྤྱི་ལོ་༡༡༨༩ལོར་ཨ་དར་གྱི་བཙུན་མོ་ཆེ་བར་འཁྲུངས། མི་ཉག་དབང་སྡེར་བྱོན་ནས་དེའི་མཁན་པོ་མཛད། དགུང་གྲངས་ དྲུག་ཅུ་རྩ་དྲུག་བཞེས་པ་ཤིང་སྟག་སྤྱི་ལོ་༡༢༥༤ལོར་གདན་སར་བྱོན། སྐུ་འབུམ་གྱི་རྒྱ་ཕིབ་བྲག་གི་མཁར་ལེན་སོགས་མཛད། གདན་སར་ ལོ་བཅོ་ལྔ་ལ་ཚོགས་པ་བསྐྱངས་ནས་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ། དགུང་གྲངས་བདུན་ཅུ་དོན་དྲུག་བཞེས་པ་ཤིང་ཕོ་བྱི་བའི་ ལོ་སྤྱི་ལོ་༡༢༦༤ལོའི་གྲེ་ཕུར་ཟླ་བའི་ཚེས་༨ལ་གཤེགས་སོ།། གདན་རབས་ཁྲི་འཛིན་དྲུག་པ་དབང་ཕྱུག་རིན་ཆེན། གདན་རབས་ཁྲི་འཛིན་དྲུག་པ་དབང་ཕྱུག་རིན་ཆེན་ནི། ཨ་དར་ གྱི་བཙུན་མོ་ཆེ་བའི་སྲས་འབྲིང་བ་ལུ་གུ་དར་ལ་སྲས་གཉིས་ཡོད་ པའི་ཆུང་བ་ཡིན་ལ། ཤིང་གླང་ལོ་སྟེ་སྤྱི་ལོ་༡༢༦༥ལོར་གདན་ སར་ཕེབས། ལོ་དྲུག་ལ་གདན་ས་བསྐྱངས། གདན་རབས་ཁྲི་འཛིན་ བདུན་པ་གཞོན་ནུ་ཤེས་རབ། གདན་རབས་ཁྲི་འཛིན་བདུན་པ་ མཁས་པ་ཆེན་པོའམ་གཞོན་ནུ་ཤེས་རབ་ནི། ཨ་དར་གྱི་བཙུན་མོ་ ཆེ་བའི་སྲས་འབྲིང་བ་ལུ་གུ་དར་དང་། ཡུམ་ལོ་མོ་གསར་མོ་གཉིས་ ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༢༤༣ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་དབང་ཕྱུག་རྒྱལ་པོའི་མདུན་ ནས་རབ་ཏུ་བྱུང་། མཚན་གཞོན་ནུ་ཤེས་རབ་བྱ་བར་བཏགས། དེ་ཉིད་ལས་འདུལ་བ་ལ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། འབྲི་གུང་ཅུང་རིན་པོ་ཆེ་ལས་སེམས་བསྐྱེད་ཆོ་ག་སོགས་གསན། དེ་ ནས་དགུང་ལོ་ཉི་ཤུ་བཞེས་པ་སྤྱི་ལོ་༡༢༦༢ཆུ་ཁྱི་ལོར་གྲོ་སར་བྱོན་ ནས་མཁན་པོ་རྣལ་འབྱོར་བྱང་ཆུབ་སེང་གེའི་དྲུང་དུ་བསྙེན་པར་ རྫོགས། སྡོམས་པ་གསུམ་གྱི་བླང་དོར་ལ་མཁས་པར་མཛད། བླ་མ་འཕགས་པ་ལས་ཀྱཻ་རྡོར་སོགས་གསང་སྔགས་ཀྱི་ཆོས་མང་དུ་ གསན་ཞིང་། གཞན་ཡང་ཐོས་བསམ་ལ་ནན་ཏན་བརྩོན་པར་མཛད་ པས་རིག་པའི་གནས་ལྔ་ལ་མཁས་པའི་པཎ་ཊི་ཏ་ཆེན་པོར་གྱུར། དགོང་ ལོ་ཉེར་བརྒྱད་བཞེས་པ་ལྕགས་རྟ་ལོ་སྟེ་སྤྱི་ལོ་༡༢༧༠ལ་འབའ་རོམ་ དགོན་གྱི་གདན་སའི་ཁྲིར་ཕེབས། ཚོགས་ཆོས་ལ་སོགས་པའི་བསྟན་ བཅོས་མང་དུ་བརྩམས། ཁམས་སུ་ཕེབས་ནས་སྐུ་འབུམ་རྩར་ལོ་ གསུམ་བཞུགས། སེམས་ཅན་མང་པོ་སྨིན་གྲོལ་ལ་བཀོད། ཡར་ཕྱག་ ཕེབས་ནས་བྲག་གི་མཁར་ལེན་སོགས་མཁར་ལེན་མང་དུ་མཛད་ཅིང་། ཆུ་སྐོར་བཙུགས། ཇོ་བོ་རིན་པོ་ཆེའི་སྐུ་ཚད་རང་བྱོན་མར་ གྲགས་པ་དེ་བཞེངས་པའི་ནང་རྫོངས་ལ་སངས་རྒྱས་འཕེལ་གདུང་ ནཱ་རོའི་ཕྱག་ཕྲེང་པད་མ་དཀར་པོའི་ཕྲེང་བ་སོགས་རྟེན་ངོ་མཚར་ ཅན་མང་དུ་བཞུགས། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་དང་། གདན་ས་རིན་པོ་ཆེའི་ཆ་རྐྱེན་ནམ་མཁའ་མཛོད་ལ་མངའ་བརྙེས་ པ་ལྟ་བུ་མཛད་པ་ཡིན། མངོན་པར་མཁྱེན་པ་ལ་ཡང་། འབའ་ རོམ་དགོན་བཏབ་ནས་ལོ་བརྒྱ་དང་སུམ་ཅུ་སོ་བདུན། སྟག་ལུང་ བཏབ་ནས་ལོ་བརྒྱ་དང་བཅུ། འབྲི་གུང་བཏབ་ནས་ལོ་བརྒྱ་དང་ བཅུ་གསུམ་འགྲོ་བ་ན། འབྲི་གུང་ཆོས་རྗེ་འདས་འགྲོ་བ་དང་། མི་མང་པོ་ཞིག་དམྱལ་བར་འགྲོ་བ་མཁྱེན། དེ་ལྟར་ལུང་བསྟན། དེ་ནས་ལོ་གཉིས་སོང་བ་དང་། ལྕགས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༢༩༠ ལོ་ལ་འབྲི་གུང་མཐིལ་བསྲེགས། དབུས་གཙང་ཐམས་ཅད་མ་བདེ། དེའི་དུས་སུ་འབའ་རོམ་དུ་གྱོང་རྒུད་གང་ཡང་མ་བྱུང་། སླར་རྒྱལ་ པོའི་བློན་པོ་འཇོལ་ཆེན་སོགས་མི་ཆེན་མང་པོ་ཡོན་བདག་ཏུ་གྱུར། འབུལ་བ་ཆེན་པོ་བྱུང་། གདན་སར་ལོ་བཞི་བཅུ་རྩ་གཅིག་བཞུག་ རིང་ལ་ཆོས་འཆད་རྩོད་རྩོམ་གསུམ་གྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ཡིན། དེ་ནས་དགུང་ ལོ་དྲུག་ཅུ་རྩ་དགུ་ལྕགས་ཕག་ལོ་སྟེ་སྤྱི་ལོ་༡༣༡༡གི་ལོའི་ཟླ་བ་༡པའི་ ཚེས་བཅུ་བདུན་ལ་ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་ གཤེགས་སོ།། གདན་རབས་ཁྲི་འཛིན་བརྒྱད་པ་ཆོས་ཀྱི་དབང་ཕྱུག གདན་རབས་ཁྲི་འཛིན་བརྒྱད་པ་ཆོས་ཀྱི་དབང་ཕྱུག་ནི། དབང་ཕྱུག་ རིན་ཆེན་གྱི་སྲས་གསུམ་ཡོད་པའི་ཆུང་བ་ཡིན་ཏེ། མེ་ཕག་སྤྱི་ལོ་༡༢༨༧ ལ་སྐུ་འཁྲུངས། ས་སྐྱར་བྱོན་ནས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་རྩ་ལྔ་ བཞེས་པའི་ལྕགས་ཕག་སྤྱི་ལོ་༡༣༡༡ལོར་གདན་སར་བཞུགས། གདན་ སའི་ཁྲི་འཛིན་བདུན་པ་བླ་མ་གཞོན་ནུ་ཤེས་རབ་འདས་པའི་རྗེས་ སུ་ཁོང་གི་གསུང་བཞིན་གདུང་རུས་ཇོ་ཤཱཀ་གི་རྒྱབ་ཏུ་ཕུག་པ་མཛད་ པའི་ནང་དུ་བཞུགས་སུ་གསོལ། གདུང་ཆ་ཤས་ལ་སྐུ་གསུང་ཐུགས་ ཀྱི་རྟེན་མང་དུ་བཞེངས། གདན་ས་ལོ་དྲུག་ལ་བསྐྱངས་ནས་ དགུང་ལོ་སུམ་ཅུ་བཞེས་པ་མེ་འབྲུག་སྤྱི་ལོ་༡༣༡༦ལོའི་སྨིན་དྲུག་ཟླ་བའི་ཚེས་༨ལ་སྐུ་གཤེགས་སོ།། གདན་རབས་ཁྲི་འཛིན་དགུ་པ་སེང་གེ་དཔལ། གདན་རབས་ཁྲི་འཛིན་དགུ་པ་སེངྒེ་དཔལ་ནི་དབོན་པོ་དབང་ཕྱུག་ རྒྱལ་མཚན་ལ་སྲས་གཉིས་ཡོད་པའི་ཆེ་བ་ཡིན་ཏེ། རབ་བྱུང་ལྔ་ པའི་ས་སྤྲེལ་སྤྱི་ལོ་༡༣༠༨ལ་སྐུ་འཁྲུངས། བླ་མ་ཀུན་དགའ་ལེགས་ འབྱུང་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་བཞེས་པའི་དུས་མེ་སྦྲུལ་ ལོ་ལ་གདན་སའི་ཁྲིར་ཕེབས། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་ བཞེངས། གདན་ས་ལོ་སུམ་ཅུ་སོ་ལྔ་ལ་བསྐྱངས། གདན་རབས་ཁྲི་འཛིན་བཅུ་པ་རིན་ཆེན་རྒྱལ་མཚན། གདན་རབས་ཁྲི་འཛིན་བཅུ་པ་རིན་ཆེན་རྒྱལ་མཚན་ཡིན་ཏེ། གོང་གི་གདན་རབས་དགུ་པའི་ཁྲི་འཛིན་སེངྒེ་དཔལ་གྱིས་གདན་ས་་ལོ་སུམ་ཅུ་མཛད་པའི་རྗེས་ཀྱི་རབ་བྱུང་དྲུག་པའི་མེ་ཕག་སྤྱི་ལོ་་ ༡༣༤༧ལོར་འབའ་རོམ་དགོན་གྱི་གདན་སའི་ཁྲིར་བཞུགས། ལོ་ལྔ་ལ་གདན་ས་བསྐྱངས། གདན་རབས་ཁྲི་འཛིན་བཅུ་གཅིག་ པ་ནམ་མཁའ་རྒྱལ་མཚན། གདན་རབས་ཁྲི་འཛིན་བཅུ་གཅིག་ པ་ནམ་མཁའ་རྒྱལ་མཚན་ནི་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར་གདན་སར་་ཕེབས། ལོ་ཉེར་བདུན་ལ་གདན་ས་བསྐྱངས། ᨏ འདིའི་མན་གྱི་གདན་རབ་ཁྲི་འཛིན་རྣམས་ཀྱི་ལོ་རྒྱུས་དཔྱད་ གཞི་མ་མཐོང་བས། འདིར་ས་བཅད་མ་སྟོང་ཙམ་རགས་རིམ་ སྨོས་ན། དེ་རྗེས་དབོན་བརྒྱུད་གཉིས་སུ་གྱེས་པའི་གཅིག་ནི། ཚུལ་ ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཀུན་དགའ་དཔལ། གཅིག་ནི། ཆོས་ཀྱི་བློ་གྲོས། ཚུལ་ཁྲིམས་རྒྱ་མཚོ། ཤཱཀྱ་དཔལ་ཏེ་ཀ་དྲུག་དང་། ཀ་བཞི་རུ་གྲགས་པ་རྣམས་བྱུང་ཞིང་། དེ་དག་གིས་འབའ་རོམ་པ་ དངོས་ཀྱི་གདན་ས་ཡར་མར་གཉིས་བསྐྱངས་པར་མཛད་དོ།།

རབ་བཏགས་ཚིག་གི་དྲི་མས་མ་བསླད་པའི།།

འདས་སོང་ལོ་རྒྱུས་གསལ་བའི་ཨ་དརྴར།།

རང་བཞིན་རྒྱན་གྱིས་འཛུམ་པའི་མེ་ཏོག་འདི།།

གཟུར་གནས་དཔྱོད་ལྡན་རྣམས་ལ་སྐྱེས་སུ་འབུལ།།

               བར་སྐབས་ཀྱི་ཚིགས་བཅད་དོ།།

༣༽ རྩ་བའི་ས་བཅད་གསུམ་པ་ད་ལྟའི་གནས་བབས་དང་བྱུང་བ་ ཁག་གཅིག་གིས་ཟུར་རྒྱན་ཏེ་མཇུག་བསྡུ་བ།  ཕྱིས་གདན་ས་ཐོག་འོག་ལ་ཉམས་རྒུད་རིམ་པར་བྱུང་བ་དང་། གདན་ས་འཐོར་ཞིག་བྱུང་ནས་ལོ་མང་པོ་འདས་རྗེས། རིག་གསར་ གྱི་སྔོན་ཙམ་ལ་ཨོ་རྒྱན་གཞན་ཕན་མཐའ་ཡས་ཞེས་པའི་གྲུབ་ཐོབ་ཞིག་གིས་རྫ་རིན་ཆེན་སྤུང་པའི་ཡར་རྒྱབ་ཏུ་འབུམ་པ་དུང་དཀར་ རི་ཁྲོད་ཞེས་པ་ཞིག་ཕྱག་བཏབ་ཤིང་། དགེ་བསྙེན་གྱི་གྲྭ་བ་བཅུ་ཕྲག་ ཁ་ཤས་འདུས་ཤིང་འཛིན་སྐྱོང་མཛད། དེའི་ཡང་སྲིད་མི་ཕམ་རྒྱ་ མཚོའི་འབུམ་པ་དུང་དཀར་རི་ཁྲོད་ཀྱི་གདན་ས་བསྐྱངས། རིག་གསར་གྱི་བཀའ་སྡུག་གི་ལོ་ཟླ་ནག་པོ་ཕར་འདས་རྗེས་སྐྱོ་བྲག་ གསལ་བྱེད་རིན་པོ་ཆེའི་གོང་གི་འབུམ་པ་དུང་དཀར་རི་ཁྲོད་ཕྱིར་ འབའ་རོམ་གྱི་གདན་སར་སྤོས་ནས། འབའ་རོམ་དགོན་གྱི་རྩ་བའི་

ཕྱིས་གདན་ས་ཉམས་གསོ་དང་། དར་རྒྱས་བྱུང་བ་ནས་ད་ལྟའི་བར་གྱི་བྱུང་བ་མདོར་ བསྡུས་ཞིག་འདིར་བརྗོད་འོས་སུ་ཆེ་ཡང་། རྣམ་པར་གཡེང་བ་དུ་མའི་རྐྱེན་གྱིས་རྒྱུས་ལོན་དང་། འཚོལ་སྡུད་བྱེད་མ་ཐུབ་པས། འདིར་ས་བཅད་མ་སྟོང་ཙམ་ལས་འགོད་རྒྱུ་མ་བྱུང་བས་ཕྱིས་འབྱུང་ རྣམས་ཀྱིས་ཁ་སྐོང་བར་རིགས། གདན་ས་སླར་གསོ་སྐྱར་བཞེངས་ཀྱི་གཙོ་འགན་བཞེས་ཏེ་གདན་ས་ ཉམས་གསོ་མཛད་པས། ད་ལྟ་སྔར་ལྟར་ཉམས་པ་སོར་ཆུད་བྱུང་ ཡོད་པར་མ་ཟད། བསྟན་པ་སྤྱི་དང་ཁྱད་པར་འབའ་རོམ་བཀའ་ བརྒྱུད་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་་་ སྤེལ་གསུམ་མཛད་པ་སྟེ། དགོན་འདིར་ཡོད་པ་དང་། ཕྱོགས་ གཞན་ནས་ཐོས་བསམ་ལ་བརྩོན་བཞིན་པའི་གྲྭ་པ་རབ་ཏུ་བྱུང་་་ བ་བརྒྱ་ལྷག་དང་། ཐོས་བསམ་རྒྱ་མཚོར་བརྩོན་པའི་བཤད་གྲྭ རིམ་གཉིས་ཟབ་མོར་གཞོལ་བའི་སྒྲུབ་གྲྭ་སོགས་འཁོར་ལོ་གཉིས་ཀྱི་རྒྱལ་བསྟན་འཛིན་བཞིན་པ་ལགས་ཤིང་། གཞན་ཡང་དུས་མཆོད་ཆེ་ཆུང་སོགས་ལྔ་བདོའི་བསྐལ་ངན་ཞི་བའི་གཉེན་པོ་དང་། བསྟན་དང་འགྲོ་བའི་གསོས་ཆེན་པོར་གྲུབ་པ་ ཉིད་དོ།། ད་ལྟ་འབའ་རོམ་དགོན་གྱི་གདན་ས་འཛིན་སྐྱོང་སྤེལ་གསུམ་ཐད་གཙོ་འགན་བཞེས་པའི་གོང་གི་སྤྲུལ་སྐུ་གཞན་ཕན་མཐའ་ཡས་ཀྱི་སྐྱེ་སྲིད་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ཞུ་བ་ཁོང་ཡིན་ལ། ཁོང་གིས་ད་ ལྟ་འབའ་རོམ་དགོན་གྱི་གདན་ས་འཛིན་སྐྱོང་སྤེལ་གསུམ་གནང་ བཞིན་ཞབས་པད་བརྟན་བཞིན་པ་ལགས་སོ།། གཞན་ཡང་འདིར་ཆེད་དུ་བརྗོད་དགོས་རྒྱུ་ཞིག་ལ་བསམ་གཏན་ གངས་བ་བཟང་པོའི་རྔམ་བརྗིད། བྲག་དམར་རྫོང་གི་ངོ་མཚར་ རྡོ་སྐྱིལ། རྫ་རིན་ཆེན་སྤུངས་པའི་འཚམས་ཕུག གཞན་ཡང་གདན་ སའི་མཐིལ་ནས་བརྙེད་པའི་གནའ་རྫས་སོགས་ལོ་རྒྱུས་རྒྱུན་རིང་རང་བཞིན་ཅན་ཡིན་པར་མ་ཟད། ད་ལྟ་རྒྱལ་ཕྱི་ནང་གི་རྟེན་མཇལ་ ཡུལ་སྐོར་སྤྲོ་འཆམས་གྱི་གནས་སུ་ཆགས་བཞིན་ཡོད་པ་སོགས་འཕོ་ འགྱུར་གྱི་གནས་ཚུལ་དང་། དེ་དང་འགྲོགས་པའི་ཉེན་ཁ་གཞན་ ཞིག་ཡོད་པ་ནི། ཉེ་ཆར་འབའ་རོམ་ཁོག་ནི་ཡུལ་སྐོར་ལྗོངས་རྒྱུའི་ གནས་སུ་ཆགས་བཞིན་ཡོད་པའི་སྐབས་དང་བསྟུན་ནས་གཅོལ་ ཆུང་འགའ་ཞིག་གིས་འབའ་རོམ་ཞེས་པའི་མིང་འདི་དོར་ནས་ སྒྲོལ་མ་གྲོགས་རོང་དུ་བཏགས་ཤིང་ལོ་རྒྱུས་རིང་མོ་དང་འབྲེལ་ བའི་མིང་འདི་བཙན་གྱིས་སྒྱུར་བར་བཤད་ལ། རྒྱུ་མཚན་ནི་ཁོ་ ཚོའི་བཤད་པ་ལྟར་ན་འབའ་རོམ་ཞེས་པའི་མིང་འདི་གྲགས་མི་ཆེ་བས། དེ་ལས་སྒྲོལ་མ་གྲོགས་རོང་དུ་བཏགས་ན་མིང་གྲགས་ ཆེ་བར་བཤད། དེ་ནི་ཧ་ཅང་སྔོན་འདས་ཀྱི་ལོ་རྒྱུས་དང་དེང་གི་གནས་སྟངས་ལ་མཐོང་ཐོས་ཀྱི་བློ་གྲོས་དོགས་ཤིང་། གང་བྱུང་དུ་བཤད་པའི་སྐད་ ཆ་ཞིག་སྟེ། འབའ་རོམ་ནི་གནའ་ནས་ད་བར་ཧ་ཅང་གྲགས་ཆེ་ཞིང་ གནས་དང་གང་ཟག་འབྲེལ་བའི་མིང་དོན་མཚུངས་པ་ཞིག་ཡིན་པར་མ་ཟད། ཆེ་ས་ནས་གྲུབ་མཐའ་ཆེན་པོ་ཞིག་གི་མིང་ཡང་རེད་དེ་བཀའ་རྒྱུད་ཆེ་བཞི་ནང་ཚན་འབའ་རོམ་བཀའ་རྒྱུད་ཞེས་བོད་གངས་ཅན་གྱི་ཡུལ་དུ་གྲགས་པའི་དབྱར་རྔ་ཕྱོགས་བཅུར་སྒྲོགས་པ་གང་། མ་ མཐོང་མ་ཐོས་བཞིན་དུ་འོལ་ཚོད་ཀྱིས་མིང་སྒྱུར་བར་བྱེད་པ་ནི་འོས་འཚམས་ཞིག་ཡིན་མིན་དཔྱད་ན་ཤེས། གཞན་ཡང་གངས་ལྗོངས་ གྲུབ་མཐའ་ཆེ་ཁག་ལས་གཙང་ས་སྐྱའང་གྲུབ་མཐའ་དང་། གང་ ཟག གདན་ས་བཅས་ལ་ཐོག་པའི་མིང་ཞིག་སྟེ་དེ་དག་ད་ལྟ་ གྲགས་མི་ཆེ་བས་ཅིག་གིས་སྒྱུར་དགོས་ཞེས་བཤད་ན་སུས་རྣར་འགྲོའམ། དེ་བཞིན་འབྲི་གུང་སོགས་དབུས་གཙང་གི་གདན་ས་ ཆེ་ཁག་ཡང་དེ་དང་འདྲ། གཞན་ཡང་འབའ་རོམ་ཞེས་པ་མིང་འདི་གཞན་གང་དུའང་གྲགས་་པ་མེད་པར་འདོད་པ་ནི་གོ་ཁ་ཕན་གྱི་གནས་ཚུལ་མ་མཐོང་མ་་གོ་བ་ཙམ་དུ་ཟད་དེ། གང་ལགས་ཞེ་ན་འབའ་རོམ་ཞེས་པའི་ཐ་ སྙད་འདི་བོད་ཀྱི་ཆོས་འབྱུང་དང་། དེབ་ཐེར་ཁག་ལས་ཡོངས་ སུ་གྲགས་ལ། དཔེར་ན། ཆོས་འབྱུང་མཁས་པའི་དགའ་སྟོན་དང། ལྷོ་རོང་ཆོས་འབྱུང་། དེབ་སྔོན། གཞན་ཡང་། འབའ་རོམ་ཆོས་ འབྱུང་། འབའ་རོམ་གསེར་ཕྲེང་སོགས་སུ་གསལ་ལ་འབའ་རོམ་ ཞེས་པའི་མིང་འདི་གྲུབ་མཐའ་དང་། གནས། གང་ཟག་བཅས་ ལ་ཐོག་པའི་ལོ་རྒྱུས་རྒྱུན་རིང་རང་བཞིན་ཅན་ཞིག་ཡིན་པ་མཐོང་ ཐུབ་པར་མ་ཟད། རང་དགར་སྒྱུར་དུ་རུང་བ་ཞིག་ཡིན་མིན་དཔྱོད་ ལྡན་སུས་ཀྱང་གསལ་པོར་རྟོག་ཐུབ། གནས་ཚུལ་འདི་དག་མ་ མཐོང་མ་ཐོས་པར་འོལ་ཚོད་ཀྱིས་བྱིས་པའི་མིང་སྒྱུར་བ་བཞིན་དུ་་་གང་བྱུང་དུ་སྒྱུར་བཅོས་བྱེད་པ་ནི་མཚང་ཆེའོ། ། འཇུག་ཏུ་ང་ཚོའི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས་སོགས་ རྒྱུན་འཛིན་བྱེད་དགོས་རིགས་མ་ཉམས་མ་ཆགས་པར་འཛིན་སྐྱོང་ བྱེད་རྒྱུ་གལ་ཆེ་ལ། གང་བྱུང་དུ་སྒྱུར་བཅོས་དང་། འདོར་ལེན་ བྱེད་དུ་རུང་བ་ཞིག་ཡིན་མིན་འཚོལ་རྟོག་བྱེད་དགོས་པར་མ་ཟད། ཧ་ཅང་མཐོང་ཆེན་དང་ཞིབ་འཇུག་བྱེད་དགོས། འདི་དག་ང་ཚོའི་མ་འོངས་རྒྱུད་འཛིན་དུ་གྱུར་པ་དག་གི་ཕྲག་་ལ་བབ་པའི་འོས་འགན་ཡིན་པ་ཤེས་དགོས་ཤིང་། རྙིང་ཞེན་ཨུ་ཚུགས་ དང་། གསར་ཞེན་གཡམ་རྒྱུག་བྱེད་པའི་ཅོལ་ཆུང་གི་ཟློས་གར་་་ མི་འཁྲབས་པར་མ་འོངས་རང་ཅག་གི་བདེ་སྡུག་ལ་དམིགས་ནས་་བདེན་འཚོལ་གྱིས་འཛིན་སྐྱོང་དང་རྒྱུད་འཛིན་དར་སྤེལ་གཏོང་བའི་གོམ་ཁ་མི་དལ་བའི་སྐུལ་འདེད་བྱེད་པ་ཡིན་ནོ། །

སྨྲས་པ། གངས་རིའི་དུང་ཕྲེང་འཛུམ་པའི་ཡུལ་ལྗོངས་འདིར།། ཤཱཀ་ཐུབ་བསྟན་པའི་སྙིང་པོ་བཀའ་བརྒྱུད་ཀྱི།། ཤིང་རྟའི་མཆོག་གཅིག་དཔལ་ལྡན་འབའ་རོམ་པའི།། རིང་ལུགས་འཛིན་མའི་ཁྱོན་ཀུན་ཁྱབ་འདི་རྨད།།

དམ་པའི་མཛད་བཟང་ཆུ་གཏེར་ཆེ།། ཅོལ་ཆུང་བྱིས་པས་འདི་ཙམ་ཞེས།། བློ་ཡིས་གཞལ་བྱའི་ཡུལ་མིན་ཀྱང་།། བརྗོད་འདི་དཔྱོད་ལྡན་བཞད་གད་རྒྱུ།།

འོན་ཀྱང་ལྷག་བསམ་གངས་རིའི་རྗེས་འགྲོ་མས།། འབའ་རོམ་དགོན་གྱི་གདན་རབས་རིམ་བྱོན་གྱི།། བྱུང་བ་མདོར་བསྡུས་ཁུངས་ལྡན་ཡིག་ཚང་ལས།། བཏུས་ཏེ་མདོར་བསྡུས་ཙམ་ཞིག་བདག་གིས་བརྗོད།།

དགེ་དེས་དྲི་མེད་རྒྱལ་བསྟན་ལྷ་ལམ་གཞིར།། བསྟན་འཛིན་ནམ་མཁའི་ནོར་མཆོག་རྟག་འཆར་ཞིང་།། དམ་ཆོས་བདུད་རྩི་ཟེག་མའི་འོད་དཀར་གྱིས།། བཤད་སྒྲུབ་འདུས་པའི་པད་མོ་འཛུམ་གྱུར་ཅིག། ཅེས་འབའ་རོམ་དགོན་གྱི་གདན་རབས་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས་འདི་ནི་སྔོན་གྱི་ ཡིག་རྙིང་ཁག་ལས་ཉེ་བར་བཏུས་ཏེ། དད་ཅན་ལོ་རྒྱུས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ལ་ཕན་ པའི་ཕྱིར་དང་། ༧ཆོས་རྗེ་འབའ་རོམ་དར་མ་དབང་ཕྱུག་དགོངས་པ་ཞི་དབྱིངས་སུ་སྙོམས་ པར་ཞུགས་ནས་ལོ་འཁོར་བརྒྱད་བརྒྱ་བཅུ་ལོན་པའི་རྗེས་དྲན་དུ། ས་ཕོ་བྱི་བའི་ལོ་ས་ག་ཟླ་ བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་ཏེ་ལྷག་པ་ལྷག་འཚམས་འཆི་མེད་འགྲུབ་པའི་་་་་ སྦྱོར་བ་ལ་ཐ་ཤལ་ཙནྡྲའི་མིང་ཅན་གྱིས་སྦྱར་བ་སུ་ཛ་ཡནྟུ།། །།