འཕྱོངས་རྒྱས་ཟླ་བ་སྒྲོལ་མ་
ངོ་སྤྲོད་མདོར་བསྡུས་
[རྩོམ་སྒྲིག]བོད་ཀྱི་དམངས་ཁྲོད་དུ་དར་བའི་བུད་མི་སྣ་གྲགས་ཅན་ཞིག་ཡིན།
ལོ་རྒྱུས་
[རྩོམ་སྒྲིག]འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་འཕྱོངས་རྒྱས་ཞོལ་གྱི་དཔལ་འབྱོར་ཁང་གསར་ཞེས་པའི་ཁྱིམ་དུ་སྐྱེས། ཁོང་གི་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་ཧ་ཅང་དམའ་བོ་ཡིན་ནའང་ཟླ་བ་སྒྲོལ་མ་ནི་རབ་ཏུ་མཛེས་ལ་སྤྱང་གྲུང་དོད་པ། ཕ་མར་གུས་ཤིང་དམངས་གླུ་ལའང་དགའ་བ་དང་མཁས་པ་ཞིག་ཡིན་པས་ཁྱིམ་ཚང་ནང་དགའ་དགའ་སྤྲོ་སྤྲོའི་རྣམ་པས་ཁེངས་ཡོད་ལ། ད་དུང་ཟླ་བ་སྒྲོལ་མ་ནར་སོན་རྗེས་འཕྱོངས་རྒྱས་ཞོལ་གྱི་འབྱོར་ལྡན་པ་ཞིག་གིས་ཁོང་ཆང་ཁང་ནང་ཆང་མ་བྱེད་པར་གླས་པས་ཆང་ཁང་དེའི་ནང་མི་ཧ་ཅང་མང་པོ་འདུས་ནས་འབྱོར་བདག་དེར་ཚོང་ཧ་ཅང་ཡག་པོ་བྱུང་བ་དང་དུས་མཚུངས་ཟླ་བ་སྒྲོལ་མའི་སྙན་གྲགས་ཀྱང་དེ་བས་ཆེ་རུ་སོང་། ཟླ་བ་སྒྲོལ་མ་ཆང་ཁང་དེའི་ནང་ཆང་མ་བྱེད་པའི་རིང་ལ་དམངས་གཞས་ཀྱང་ཧ་ཅང་མང་པོ་ཞིག་ཤེས་པ་དང་། ངོ་ཤེས་པའི་ཕོ་གཞོན་ཡང་མང་པོ་བྱུང་བས་ཕོ་གཞོན་དེ་ཚོས་ཆང་དེ་ནས་ལམ་ཆང་ཉོས་ཏེ་འགྲུལ་ལ་ཞུགས་པ་དང་ལམ་བར་དུ་ཆང་འཐུང་དུས་ཆང་གཞས་གསར་རྩོམ་བྱས་པ་སྟེ། འཕྱོངས་རྒྱས་འཕྱོངས་རྒྱས་མ་ཟེར། ཟླ་བ་སྒྲོལ་མ་དྲན་བྱུང་། འཕྱོངས་རྒྱས་ཟླ་བ་སྒྲོལ་མའི། སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་། ཞེས་དང་། ད་དུང་། ཟླ་བ་སྒྲོལ་མས་བསྐུར་བའི། སྦས་ཐང་(ཆང་སྣོད་)ནང་གི་མཆོད་ཆང་། མཆོད་ཆང་འཐུང་ཐེངས་རེ་རེར། ཟླ་བ་དངོས་སུ་དྲན་བྱུང་། གོང་གསལ་གཞས་ཚིག་དུམ་བུ་དེ་གཉིས་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་ལ། གཞས་ཚིག་དུམ་བུ་དེ་གཉིས་ཀྱི་ཐོག་ནས་ཟླ་བ་སྒྲོལ་མ་ནི་མཚར་སྡུག་བལྟ་ན་སྡུག་པའི་མཛེས་མ་ཞིག་ཡིན་པ་མཚོན་པ་དང་དུས་མཚུངས་ཁོང་ཉིད་ཆང་མ་ཞིག་ཡིན་པའང་ཟུར་བསྟན་ལེབ་མཐོང་གིས་ཤེས་ཐུབ། གཞན་ཡང་སྐབས་དེར་འཕྱོངས་རྒྱས་ཞོལ་གྱི་བུ་མོ་རྣམས་ལོ་ལྟར་ལྷ་སའི་ཀླུ་ཁང་འདམ་རར་འདམ་རྩ་བརྔ་བར་ཉིན་གཅིག་འགྲོ་དགོས་པའི་ལས་ཁྲལ་རྒྱུགས་དགོས་ཤིང་། འདམ་རྩ་ཉིན་གཅིག་བརྔ་རྒྱུའི་ཆེད་དུ་ལམ་བར་ཕར་ཚུར་བསྡོམས་ཉིན་དྲུག་གོམ་པ་སྤོས་ཏེ་དཀའ་སྡུག་ཚད་མེད་སྤྱོད་དགོས་ཀྱི་ཡོད་པར་བརྟེན་ཟླ་བ་སྒྲོལ་མས་ཐེངས་ཤིག་འདམ་རྩྭ་བརྔ་དུས་སྐྱོ་གླུ་ཞིག་བཏང་བ་སྟེ། ང་ཚོ་འཕྱོངས་རྒྱས་ཞོལ་གྱི་མི་སེར་ཡིན། ཉི་མ་དུ་ཁུང་ནང་ནས་བསྲོ་མཁན་ཡིན། རྩམ་པ་སྦང་རྩམ་ནག་པོ་ཟ་མཁན་ཡིན། ཕྱུ་པ་མ་མེད་སྟོང་ཕྲག་གོན་མཁན་ཡིན། ལས་ཁྲལ་འདམ་རྩྭ་ཉིན་གཅིག་བརྔ་མཁན་ཡིན། ཉི་མ་དྲུག་གི་འགྲུལ་བཞུད་བྱེད་མཁན་ཡིན། ཆུ་མོ་ཡར་ཀླུང་གཙང་པོ་གཅོད་མཁན་ཡིན། ལ་མོ་རྒོད་དཀར་ལ་མོ་རྒྱག་མཁན་ཡིན། ཟླ་བ་སྒྲོལ་མས་མིག་ཆུའི་ཡོན་ཆབ་འབུལ། ལས་ཁྲལ་ཆག་ཡང་ཡོང་བའི་སྨོན་ལམ་འདེབས། ཞེས་པའི་གཞས་ཚིག་གོ་བདེ་ལ་ཤིན་ཏུ་སྐྱོ་བས་མི་ཚང་མས་ཤེས་པ་དང་། རིམ་པར་བརྒྱུད་རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་མཁྱེན་པས་ཁོང་གིས་སྙིང་རྗེ་གནང་ནས་འདམ་རྩྭ་བརྔ་བའི་ལས་ཁྲལ་དེ་མེད་པ་བཟོ་གནང་མཛད་པ་རེད་ཅེས་དམངས་ཁྲོད་དུ་ཤོད་སྲོལ་ཡོད་ལ། དོན་དངོས་ཐོག་ནས་བལྟས་ནའང་རྒྱལ་མཆོག་ལྔ་པའི་འཁྲུངས་ཡུལ་འཕྱོངས་རྒྱས་ནས་ཡིན་པས་ཁོང་གིས་ལས་ཁྲལ་མེད་པ་བཟོ་གནང་སྲིད་པ་ཞིག་རེད། ད་དུང་ཤོད་སྲོལ་གཞན་ཞིག་ལ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པའི་ཉེ་འགྲམ་གྱི་མཆོད་རྟེན་དེའི་ནང་གི་གཟུངས་ཀྱི་གྲས་སུ་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་པང་གདན་ཡོད་པ་རེད་ཅེས་ཟླ་བ་སྒྲོལ་མ་ནི་དམངས་ཁྲོད་ལས་བྱུང་བའི་རང་བྱུང་ལྷ་མོའང་མཛེས་ལྡན་ལྷ་མོ་དཔེར་ན། ཡུན་ནན་གྱི་་་ཨ་སི་མ་་་ལྟ་བུར་རྩིས་ནས་དད་པ་བྱེད་མཁན་ཡང་ཡོད། མདོར་ན་ཟླ་བ་སྒྲོལ་མ་ནི་ལྷད་མེད་པའི་བོད་རིགས་བུ་མོའི་བརྩེ་དུང་དང་། མཛེས་སྡུག་གི་ལང་ཚོ། བབ་ཆགས་ཀྱི་འཚོ་བ། ལྷུན་གྲུབ་ཀྱི་བློ་རིག ཆགས་སྡང་གི་བློ་སྟོབས་སོགས་མཚོན་བྱེད་ཀྱི་རྟགས་མ་གསོན་པོ་ཞིག་ཡིན། ད་དུང་མི་ཚོས་ཟླ་བ་སྒྲོལ་མའི་ཕ་ཡུལ་འཕྱོངས་རྒྱས་ཀྱི་མི་ནི་མི་སྤུས་ཤིན་ཏུ་དག་པོའམ་སྐྱེ་འབྲས་མཚར་པོ་ཡོད་པར་བརྩི་གི་ཡོད་པས་དམངས་གཞས་ནང་དུའང། ལྷ་ས་མི་ཚོགས་མཐུག་ཀྱང་། འཕྱོངས་རྒྱས་མི་སྤུས་དག་པ། ང་ལ་དགོས་པའི་ཆུང་འདྲིས། འཕྱོངས་རྒྱས་གཞུང་ལ་ཡོད་རེད། ཅེས་གཏོང་དང་གཏོང་བཞིན་ཡོད་དོ། །