འཕུར་རྟའི་སྐར་ཚོམ་

ཡོང་ཁུངས་Wikipedia

འཕུར་རྟའི་སྐར་ཚོམ་ Pegasus

ངོ་སྤྲོད།[རྩོམ་སྒྲིག]

འཕུར་རྟའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་ལྷ་མོའི་སྐར་ཚོམ་གྱི་ལྷོ་ནུབ་དང་བུམ་པའི་སྐར་ཚོམ་གྱི་བྱང་ཕྱོགས་ན་གནས་ཡོད། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ1121ཡོད་ལ། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་བདུན་པ་ཡིན།


ངག་རྒྱུན་དང་པོ།[རྩོམ་སྒྲིག]

ཀེ་རི་སེའི་ལྷ་སྒྲུང་ཁྲོད། ཕོ་ཨེར་ཞིའུ་སིས་མེ་ཏུའུ་ཧྲ་བསད་རྗེས། མེ་ཏུའུ་ཧྲའི་སྐེ་མཇིང་ལས་འཕྱུར་བའི་ཁྲག་གི་ནང་འཕུར་རྟ་ཅིག་མཆོང་ནས་ཡོང་། གཤོག་པ་ཐོག་ཡོད་པའི་ལྷ་རྟ་དེ་མྱུར་བར་ནམ་མཁར་འཕུར་བ་དང་། རྗེས་སུ་དེ་ཧོ་ལི་ཁུང་རི་བོའི་སྟེང་བབས་ནས། ཕན་ཆེ་བའི་ཆུ་མིག་གསར་སྐྲུན་བྱས། ཆུ་མིག་འདི་རྗེས་སུ་སྙན་ངག་པ་རྣམས་ཀྱི་རིག་པ་ཐོལ་སྐྱེས་འབྱུང་སའི་གནས་འགངས་ཆེན་ཞིག་ཏུ་གྱུར། ཡ་ཏེན་ན་ཡིས་རྟ་ཕོ་འདི་བཏུལ་ནས་པོ་ལེ་ལུའོ་ཧྥེང་ལ་གནང་བ་དང་། ཁོ་རྟ་ཕོ་དེ་ལ་ཞོན་ནས་ཡུལ་སྐོར་དུ་འགྲོ་རུ་བཅུག ཡུལ་སྐོར་ཐེངས་གཅིག་གི་ཁྲོད་འཕུར་རྟ་ཡིས་པོ་ལེ་ལུའོ་ཧྥེང་རྟ་ཐོག་ནས་གཡུགས་པས་པོ་ལེ་ལུའོ་ཧྥེང་ཐང་ལ་ལྷུངས་ནས་ཤི། དེ་རྗེས་འཕུར་རྟ་གཅིག་པུ་ཡུལ་སྐོར་དུ་སོང་བ་དང་། མཐའ་མར་ལྷ་ཡུལ་དུ་ཐོན་ནས་འཕུར་རྟའི་སྐར་ཚོམ་དུ་འགྱུར།

ངག་རྒྱུན་གཉིས་པ།[རྩོམ་སྒྲིག]

གནའ་བོའི་ཀེ་རི་སེའི་ལྷ་སྒྲུང་གཞིར་བཟུང་ན། ཀྲོའུ་སིའི་བུ་ཕོ་ཨེར་ཞིའུ་སིས་མེ་ཏུའུ་ཧྲ་ཡི་དབུ་བཅད་པ་ན། མེ་ཏུའུ་ཧྲའི་ལུས་ཕུང་ལས་མཛེས་སྡུག་ལྡན་པ་དང་གཤོག་པ་ཐོག་ཡོད་པའི་འཕུར་རྟ་པོ་ཅ་སུའོ་སི་མཆོང་ཡོང་། སྐབས་དེར་ཕོ་ཨེར་ཞིའུ་སིས་མེ་ཏུའུ་ཧྲ་ཡི་དབུ་ཁུག་མའི་ནང་རྫོང་ནས་མྱུར་བར་འཕུར་རྟའི་ཐོག་ཞོན་ནས་ཉེན་ཆེའི་ས་དེ་དང་ཁ་བྲལ། རྗེས་སུ་འཕུར་རྟ་འདི་ནམ་མཁར་དྲངས་ནས་འཕུར་རྟའི་སྐར་ཚོམ་དུ་བསྒྱུར།

ངག་རྒྱུན་གསུམ་པ།[རྩོམ་སྒྲིག]

ཀེ་རི་སེའི་ལྷ་སྒྲུང་ཁྲོད། ཨན་ཏུའོ་མེ་ཏ་ནི་ཨེ་ཙི་ཨོ་ཕི་ཡའི་རྒྱལ་པོ་ཁོ་ཧྥུ་སི་དང་རྒྱལ་མོ་ཁ་ཞི་ཨའོ་ཕེ་ཡ་གཉིས་ཀྱི་སྲས་མོ་ཡིན། རྒྱལ་མོ་ཁ་ཞི་ཨའོ་ཕེ་ཡ་ནི་རང་གི་མཛེས་སྡུག་ཧ་ཅང་ངོམ་པར་དགའ་བ་ཞིག་ཡིན་སྟབས། མོའི་སྤྱོད་ཚུལ་འདིས་མཚོ་ལྷ་པོ་སའེ་ཏུང་གི་ཆུང་མ་ཨན་ཧྥེ་ཐེ་ལི་ཐུའེ་ལ་ཕོག་ཐུག་བཟོས་པ་ཡིན་པས། ཨན་ཧྥེ་ཐེ་ལི་ཐུའེ་ཡིས་པོ་སའེ་ཏུང་ལ་མོར་དགྲ་ཤ་ལེན་དགོས་ཟེར། པོ་སའེ་ཏུང་གིས་ན་ཀྲའི་སྐར་ཚོམ་ཨེ་ཙི་ཨོ་ཕི་ཡ་ལ་རྡོག་བརྫིས་བྱེད་དུ་མངགས། ཨེ་ཙི་ཨོ་ཕི་ཡའི་རྒྱལ་པོ་ཁོ་ཧྥུ་སི་ཧ་ཅང་སྐྲག་སྣང་སྐྱེས་པ་དང་། ཁོས་ལྷ་ལ་འཇིགས་པ་འདི་ལས་སྐྱོབ་ཐབས་ཀྱི་སྐྱབས་འཇུག་བྱས། ལྷའི་བཀའ་ལུང་ལྟར་ན་གལ་ཏེ་འཇིགས་པ་འདི་ལས་སྐྱོབ་དགོས་ན་ཨན་ཏུའོ་མེ་ཏ་འབུལ་དགོས་ཟེར། ཨན་ཏུའོ་མེ་ཏའི་ཡབ་ཡུམ་གཉིས་ཀྱིས་མོ་རང་ལྕགས་ཐག་གིས་ན་ཀྲའི་སྐར་ཚོམ་གྱི་མཚོན་བྱེད་མཚོ་འདྲེ་བརྒྱུད་སའི་ལམ་གྱི་ཕ་བོང་ཆེན་པོ་ཞིག་གི་སྟེང་བཀྱིག་ནས་བཞག སྟབས་ལེགས་པ་ཞིག་ལ་དཔའ་བོ་ཕོ་ཨེར་ཞིའུ་སིས་སྐྲ་ལོ་སྦྲུལ་ཅན་གྱི་བདུད་མོ་མེ་ཏུའུ་ཧྲ་བསད་ནས་ཕྱིར་ལོག་པའི་ལམ་བར་དུ་ཡ་ང་བའི་ཚུལ་དེ་བལྟས་པ་ཙམ་གྱིས་མཐོང་ནས། ཆིབས་རྟ་བཅིབས་ནས་ཨན་ཏུའུ་མེ་ཏ་ཡོད་སའི་སར་ཡོང་ནས་མྱུར་བ་མྱུར་དུ་སྐྲ་ལོ་སྦྲུལ་ཅན་གྱི་བདུད་མོ་མེ་ཏུའུ་ཧྲ་ཡི་དབུ་བླངས་ནས་ན་ཀྲའི་སྐར་ཚོམ་རྡོ་རུ་འགྱུར་དུ་བཅུག་པ་དང་། ཕོ་ཨེར་ཞིའུ་སིས་མཚོ་འདྲེ་བསད་ནས་ཨན་ཏུའོ་མེ་ཏ་བསྐྱབས། གནས་ཚུལ་འདིས་ལྷ་ཡུལ་སེམས་འགུལ་ཐེབས་སུ་བཅུག་ནས། ལྷ་ཡུལ་གྱིས་དོན་དེར་ཞུགས་པའི་སྐྱེས་དངོས་ཡོད་ཚད་ནམ་མཁར་དྲངས་ནས་སྐར་ཚོམ་དུ་བསྒྱུར། རྒྱལ་པོ་ཁོ་ཧྥུ་སི་དྲང་སྲོང་རྒྱལ་པོའི་སྐར་ཚོམ་དུ་འགྱུར་བ་དང་རྒྱལ་མོ་ཁ་ཞི་ཨའོ་ཕེ་ཡ་དྲང་སྲོང་བཙུན་མོའི་སྐར་ཚོམ་དུ་འགྱུར། ཨན་ཏུའུ་མེ་ཏ་ལྷ་མོའི་སྐར་ཚོམ་དུ་འགྱུར་བ་དང་དཔའ་བོ་ཕོ་ཨེར་ཞིའུ་སི་དྲང་སྲོང་དཔའ་བོའི་སྐར་ཚོམ་དུ་འགྱུར། ཕོ་ཨེར་ཞིའུ་སི་ཡི་ཆིབས་རྟ་འཕུར་རྟའི་སྐར་ཚོམ་དུ་འགྱུར་བ་དང་མཚོ་འདྲེ་ན་ཀྲ་དེ་ན་ཀྲའི་སྐར་ཚོམ་དུ་འགྱུར་བ་ཡིན།