Jump to content

འདུས་སྲོང་མང་པོ་རྗེ།

ཡོང་ཁུངས་Wikipedia

འདུས་སྲོང་མང་པོ་རྗེ། བཙན་པོ་མང་སྲོང་མང་བཙན་གྱི་སྲས་ཡིན་ཅིང་། ཏུན་ཧོང་གི་གཏེར་ཡིག་སོགས་བོད་ཀྱི་ལོ་རྒྱུས་མང་པོར་བཙན་པོ་མང་སྲོང་མང་བཙན་སྐུ་གཤེགས་པའི་ལོ་དེར་འཁྲུངས་པར་བཤད། འཁྲུངས་ལོ་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་འདུག ། ཏུན་ཧོང་གི་གཏེར་ཡིག་ནང་། བྱི་བའི( ༦༧༦ )ལོ་ལ་ཁྲི་མང་སྲོང་དགུང་དུ་གཤེགས་ནས། བཙན་པོ་ཁྲི་འདུས་སྲོང་སྐུ་བལྟམས་པར་བཤད། <<ཐང་རྒྱལ་རབས་ཀྱི་ཡིག་ཚང་རྙིང་མ>>ལས། བཙན་པོ་མང་སྲོང་གཤེགས་པའི་ལོ་དེར་འདུས་སྲོང་མང་པོ་རྗེ་ཁྲི་ལ་འཁོད་པ་དང་། དེ་དུས་འདུས་སྲོང་དགུང་ལོ་བརྒྱད་ལ་ཕེབས་ཡོད་པར་བཤད་པ་སོགས་མི་མཐུན་པ་ཡོད་པ་དེ་སྐོར་གྱི་དཔྱད་གཞི་རྣམས་འདིར་མ་བྲིས་ཤིང་། བོད་ཡིག་གི་ལོ་རྒྱུས་མང་པོར་བཙན་པོ་སྐུ་ན་གཞོན་དུས་ནས་དཔའ་མཛངས་ལྡན་ཞིང་སྟོབས་རྩལ་ཆེ་བ་ཞིག་ཡོད་ཅེས་གསལ་བ་ལྟར། <<ཏུན་ཧོང་གི་གཏེར་ཡིག>>ལས་ཀྱང། བཙན་པོ་ཁྲི་འདུས་སྲོང་། སྐུ་ཆུང་ནས་གཞོན་གྱིས་ཀྱང་། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག སྟག་གི་རྣ་བ་ལ་བཟུང་བ་སོགས་པ། ཐུགས་སྒམ་པའི་སྟེང་དུ་སྐུ་རྩལ་ཆེན་པོས་བསྣན་ཏེ། མི་དང་མི་འདྲ་བར་འཕགས་པས་ཉི་འོག་རྒྱལ་པོ་ཐམས་ཅད་དང་། འབངས་མགོ་ནག་ཕྱོགས་ཀྱིས་མཚན་བླ་དྭགས་འཕྲུལ་གྱི་རྒྱལ་པོ་ཞེས་བཏགས་སྟེ། བཀའ་མཆིད་ཀྱི་དཔེར་བརྗོད་དོ་ཞེས་གསལ་པོར་འཁོད་ཡོད་པས་དཔའ་མཛངས་ཅན་ཞིག་ཡིན། དགུང་ལོ་ཆུང་དུས་ཆབ་སྲིད་ཀྱི་ལས་དོན་རྣམས་བློན་པོ་མགར་སྟོང་བཙན་གྱི་བུ་མགར་ཁྲི་འབྲིང་གིས་བསྐྱངས་ཤིང་། མགར་གྱི་བུ་གཞན་དག་རྣམས་དམག་དཔོན་དུ་བསྐོས་ཡོད་སྟབས་ལོ་ཉི་ཤུ་ཙམ་གྱི་རིང་བོད་ཀྱི་ཞི་དྲག་དབང་ཆ་ཡོངས་རྫོགས་བློན་པོ་མགར་གྱི་མི་རྒྱུད་རྣམས་ཀྱི་ལག་ཏུ་བཟུང་སྟེ། བཙན་པོ་ནི་མིང་ཙམ་ལས་དོན་དངོས་ཀྱི་དབང་ཆ་བློན་པོའི་ལག་ཏུ་ཤོར་བ་ཞིག་བྱུང་། ཐང་རྒྱལ་རབས་ཀྱི་གོང་མ་འུ་ཙེ་ཐེན་གྱི་ཧྲིན་ལི་ཁྲི་ལོ་གཉིས་པ་ས་ཕག( ༦༩༩ )ལོར་བཙན་པོས་རི་དྭགས་བརྔོན་པར་ཁ་གཡར་ཏེ་དམག་དཔུང་བསྡུས་ནས་མགར་ཁྲི་འབྲིང་འ་ཞའི་ཡུལ་དུ་དམག་དཔོན་ལ་བསྡད་སྐབས་བཙན་པོས་དམག་ས་ནས་བོད་དུ་ཕྱིར་ལོག་བྱེད་དགོས་པའི་བཀའ་རྒྱ་ཞིག་བཏང་། ཁྲི་འབྲིང་གིས་ཀྱང་བློ་དོགས་བྱུང་སྟེ་བཙན་པོའི་མདུན་དུ་ལོག་མ་འོངས་པར་བརྟེན་གློ་བུར་དུ་ཁྲི་འབྲིང་ལ་དམག་དྲངས་ཐོག་ཁོའི་ཕྱོགས་གཏོགས་མི་ཉིས་སྟོང་ཙམ་བསད་རྗེས་ཁྲི་འབྲིང་རང་སྲོག་བཅད། མགར་གྱི་བུ་བཙན་བྲོད་རང་གཡོག་སྟོང་ཕྲག་གཅིག་ལྷག་ཙམ་ཁྲིད་ནས་ཐང་གི་གོང་མ་འུ་ཙེ་ཐེན་ལ་མགོ་བཏགས་ཞུས་ཏེ་གོ་གནས་ཀྱང་བྱུང་། གོང་མ་འུ་ཙེ་ཐེན་གྱི་ཁྲང་ཨན་ཁྲི་ལོ་གསུམ་པ་ཆུ་ཡོས( ༧༠༣ )ལོར་བཙན་པོའི་མངའ་འོག་ཏུ་ཡོད་པའི་འཇང་པ་རྣམས་ཀྱིས་ངོ་ལོག་བྱས་པར། བཙན་པོ་རང་ཉིད་ངོ་མས་དམག་སྣེ་ཁྲིད་ནས་འཇང་ལ་དམག་དྲངས་ཏེ་སླར་ཡང་མངའ་འོག་ཏུ་བསྡུས་ཤིང་དམག་ཐོག་ཏུ་འདས། རྒྱལ་པོ་འདིའི་དུས་སུ་བློན་པོ་རྩལ་ཆེན་མི་བདུན་བྱུང་བ་དང་། རྒྱལ་པོ་བསྙུང་བའི་རྐྱེན་གྱིས་དེ་ལ་ཕན་པའི་ཇ་འཚོལ་དུ་བཏང་ནས་བོད་དུ་ཇ་ཐོག་མར་བྱུང་བ། ཇ་དེ་བཞེས་པའི་སྣོད་བཟང་པོ་དཀར་ཡོལ་བཟོ་བའི་ལག་རྩལ་མཁས་ཅན་དགོས་ཞེས་ཐང་རྒྱལ་རབས་ལ་རེ་འདུན་ཞུས་པ་ལྟར་བོད་དུ་ཇ་བཟོའི་ལག་རྩལ་མཁས་ཅན་བཏང་ནས་དཀར་ཡོལ་བོད་དཀར་བཟོས་པ་སོགས་ཞིབ་པར<<རྒྱ་བོད་ཡིག་ཚང>>ལྕགས་དཔར་མའི་ཤོག་གྲངས ༡༢༣ ནས ༡༢༦ བར་དང་། <<ཇ་ཡི་བཤད་པ>>དང། <<དཀར་ཡོལ་བརྟག་པའི་བསྟན་བཅོས>>བཅས་གོང་གསལ<<རྒྱ་བོད་ཡིག་ཚང>>གི་ཤོག་གྲངས ༡༧༡ ནས ༡༧༤ བར་འཁོད་པ་དེར་གཟིགས། བཙན་པོ་འདིའི་བང་སོ་ནི་ཡབ་མང་སྲོང་མང་བཙན་གྱི་བང་སོའི་གཡོན་ངོས་སུ་ཡོད་པ་དང་། མཐའ་ལ་ལྕགས་རི་ཡང་ཡོད་ཅེས་གསལ་ཞིང་། བང་སོ་འདི་འབངས་གྱེན་ལོག་གི་སྐབས་བྲེང་འཁྱོས་འཁུས་བྲུས་ཟིན་པས་དེང་སང་བང་སོའི་ཤུལ་ཙམ་ལས་མེད། ལྡེའུ་ཇོ་སྲས་ཀྱིས་མཛད་པའི<<ཆོས་འབྱུང>>ལས། བཙན་པོ་འདིའི་གཅུང་པོ་གསུམ་ཡོད་པ་ཐང་མཚམས་སུ་ཕབ་པར་བཤད།

མི་ཚེ།

[རྩོམ་སྒྲིག]

སྒྲུང་།

[རྩོམ་སྒྲིག]

ཆོས་ལུགས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]
སྔོན་མ།
མང་སྲོང་མང་བཙན།
བོད་ཀྱི་བཙན།
༦༧༦-༧༠༤
རྗེས་ལ།
ཁྲི་ལྡེ་གཙུག་བརྟན།