འདུ་ཤེས།
འདུ་ཤེས་ནི་ཕུང་པོ་ལྔའི་ནང་གསེས་གསུམ་པ་སྟེ། ཡུལ་གྱི་ཁྱད་པར་འཛིན་པའི་ཤེས་པ་ཞིག་ཡིན། འདུ་ཤེས་ནི་དཀར་དམར་སོགས་ཀྱི་ཁ་དོག་དང་། གྲུ་བཞི་ཟླུམ་པོ་སོགས་ཀྱི་དབྱིབས། རིང་ཐུང་སོགས་ཀྱི་ཚད་ལ་སོགས་པའི་མཚན་མ་འཛིན་པའི་སེམས་བྱུང་ཞིག་ཡིན་ནོ། །
འདུ་ཤེས་ཀྱི་དབྱེ་བ།
[རྩོམ་སྒྲིག]སྣང་བའི་འདུ་ཤེས།
སྣང་བའི་འདུ་ཤེས་ནི་གཉིད་རྒོད་པ་དང་བྱིང་བ་སེལ་བའི་ཐབས་ཤིག་སྟེ། "ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་ཏེ་རྒྱུ་བ་མི་གསལ་བས་སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ།"[༡] ཞེས་གསུངས་པ་ལྟར་རོ། །
འཆི་བའི་འདུ་ཤེས།
འཆི་བའི་འདུ་ཤེས་ནི་ཉལ་བའི་སྐབས་སུ་སྒོམ་པའི་ཉམས་ལེན་ཞིག་སྟེ། "དྲན་པ་དང་ཤེས་བཞིན་དང་ལྡན་པའི་སྒོ་ནས་སྣང་བའི་འདུ་ཤེས་དང་འཆི་བའི་འདུ་ཤེས་དང་སད་མྱུར་དུ་ལྡང་བའི་སེམས་སམ་འདུ་ཤེས་ལ་ཉལ་བའི་ཐོག་མ་ཉིད་དུ་ངེས་པར་སེམས་སྦྱར་བའམ་འདུན་པ་གཏད་དེ་ཉལ་བར་བྱའོ། །"[༢]ཞེས་གསུངས་པ་ལྟར་རོ། །
བདེ་བའི་འདུ་ཤེས།
བདེ་བའི་འདུ་ཤེས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་སྟེ། "སེར་སྣ་ཅན་རྣམས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཐམས་ཅད་ལ་བདེ་བའི་འདུ་ཤེས་གོམས་པས།"[༣] ཞེས་གསུངས། ཡབ་སྲས་མཇལ་བའི་མདོ་ལས། "ཏིང་ངེ་འཛིན་དེ་གང་གིས་ཐོབ་པས་བྱང་ཆུབ་སེམས་དཔའ་དམིགས་པའི་དངོས་པོ་ཐམས་ཅད་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ།" ཞེས་པ་ལྟར་གསུངས་སོ། །
མི་རྟག་པའི་འདུ་ཤེས།
མི་རྟག་པའི་འདུ་ཤེས་ནི་རྒོད་པ་སེལ་བའི་ཐབས་ཤིག་སྟེ། "ཅི་སྟེ་གང་གི་ཚེ་སྔོན་དགོད་པ་དང་རྩེས་པ་རྗེས་སུ་དྲན་པར་གྱུར་པས་བར་སྐབས་བར་སྐབས་སུ་སེམས་འཕྱར་བའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་ལ།"[༤] ཞེས་གསུངས་སོ། །
འདུ་ཤེས་མེད་པའི་སྙོམས་འཇུག འདུ་ཤེས་མེད་པའི་སྙོམས་འཇུག་ནི་མཐར་གྱིས་གནས་པའི་སྙོམས་འཇུག་དགུའི་བརྒྱད་པ་སྟེ། "འདུ་ཤེས་མེད་པ་པ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་ལ། ཚེ་སྔ་མར་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པ་དག་དེར་སྐྱེས་མ་ཐག་དང་འཆི་ཚེ་མ་གཏོགས་ཚོགས་དྲུག་འཁོར་བཅས་འགགས་པས་བསྐལ་ཆེན་དུ་མར་གནས་ཀྱང་ཆོས་སྒྲུབ་ཏུ་མི་ཁོམ་ལ།"[༥] ཞེས་གསུངས་སོ། །"འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པ་བཞིན་ནོ།"[༦]ཞེས་གསུངས་པ་ལྟར། འདུ་ཤེས་མེད་པའི་སྙོམས་འཇུག་ནི་ཏིང་ངེ་འཛིན་གྱི་རྣམ་པ་ཞིག་སྟེ། དེའི་སྐབས་སུ་ཚོགས་དྲུག་འཁོར་བཅས་འགགས་ནས་འདུ་ཤེས་ཀྱི་འཇུག་པ་ཞི་བར་གནས་པ་ཞིག་ཡིན། "འདུ་ཤེས་མེད་པ་པ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་ལ།"[༧]ཞེས་གསུངས་པ་ལྟར། འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་འབྲས་བུ་ནི་འདུ་ཤེས་མེད་པ་པའི་ལྷར་སྐྱེ་བ་ཡིན་ནོ། །
བསྡུས་དོན།
[རྩོམ་སྒྲིག]འདུ་ཤེས་ནི་ཕུང་པོ་ལྔའི་ནང་གསེས་ཤིག་སྟེ། ཡུལ་གྱི་མཚན་མ་འཛིན་པའི་སེམས་བྱུང་ཞིག་ཡིན། འདུ་ཤེས་ལ་སྣང་བའི་འདུ་ཤེས། འཆི་བའི་འདུ་ཤེས། བདེ་བའི་འདུ་ཤེས། མི་རྟག་པའི་འདུ་ཤེས་སོགས་ཀྱི་དབྱེ་བ་ཡོད། འདུ་ཤེས་མེད་པའི་སྙོམས་འཇུག་ནི་མཐར་གྱིས་གནས་པའི་སྙོམས་འཇུག་དགུའི་ནང་གསེས་ཤིག་ཡིན་ནོ། །འདུ་ཤེས་རྣམས་ནི་ཉོན་མོངས་སེལ་བ་དང་། བསམ་གཏན་སྒོམ་པ། ཉལ་བའི་ཉམས་ལེན་སོགས་ལ་གལ་ཆེན་པོ་ཡིན་པར་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༢༨༧
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༢༩༠
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་༩༢
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༢༨༧
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༣༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༨༣
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་༣༢