འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྨད་

ཡོང་ཁུངས་Wikipedia

གསུམ་པ་མཆོད་བསྟེན་ཚད་མེད་ཀྱི་ལེའུ་འདི་ལ། སངས་རྒྱས་མཆོད་པ་དང་། དགེ་བའི་བཤེས་གཉེན་བསྟེན་པ། ཚད་མེད་བཞི་བསྒོམ་པ་དེ་དག་གི་མཇུག་བསྡུ་བ་བཞི་ལས། དང་པོ་ལ་མཆོད་པའི་རང་བཞིན་བསྟན་པ་རབ་དང་སེམས་དང་ལྡན་སོགས་ཚིགས་བཅད་བདུན་གྱིས་བསྟན་ཏེ། ཀུན་སློང་རབ་ཏུ་དྭང་བའི་སེམས་དང་ལྡན་པ་ཡིས། དགོས་པ་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། ཞིང་སངས་རྒྱས་རྣམས་ལ་མཆོད་པའི་རྫས་ཆོས་གོས་དང་ལྷུང་བཟེད་དང་གདུགས་དང་རྒྱལ་མཚན་མེ་ཏོག་ལ་སོགས་པས་ཞེས་བཀུར་སྟི་དང་ཆོས་ཉན་པ་སོགས་ཀྱང་བསྡུ་སྟེ། མདོར་ན་མཆོད་པའི་དངོས་པོ་སྣ་ཚོགས་ཀྱིས་སོ། ། ཚུལ་ཇི་ལྟར་ན་སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་འཇིག་རྟེན་དུ་བྱོན་པའི་དུས་ཡིན་ན་སངས་རྒྱས་ཉིད་མངོན་སུམ་དུ་བྱས་ཏེ་མཆོད་པ་དང་། སངས་རྒྱས་འཇིག་རྟེན་དུ་མི་བཞུགས་པའི་དུས་ན་དེ་བཞིན་གཤེགས་པ་རྣམས་ལ་ཡིད་ཀྱིས་དམིགས་ཏེ་སྐུ་གཟུགས་རི་མོ་མཆོག་རྟེན་ལ་སོགས་པ་མདུན་དུ་བྱས་ཏེ་མཆོད་པ་བྱེད་པ་ནི་མངོན་སུམ་མིན་པར་མཆོད་པ་རྣམ་པ་གཉིས་སོ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་ཕྲད་ནས་མཆོད་པ་བྱེད་ཅིང་མཉེས་པར་བྱེད་པའི་སྒོ་ནས་བདག་དང་སེམས་ཅན་རྣམས་ལ་དོན་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་དང་ནི་ལྡན་པ་ཡི། ཞིང་སངས་རྒྱས་དང་མཆོད་པ་པོ་བདག་དང་། མཆོད་པའི་རྫས་གསུམ་པོ་དེ་དང་དེའི་མཚན་མར་དམིགས་པར་མི་བྱེད་པ་དེ་ནི་སངས་རྒྱས་མཆོད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་མངོན་སུམ་བྱས་ནས་མཆོད་པ་ཚད་མེད་པས་དུས་རྟག་ཏུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་པའི་ཕྱིར་མཆོད་པར་གྱུར་ཅིག་ཅེས་སྨོན་པ་དང་། དོན་དམ་པར་མཆོད་པའི་འཁོར་གསུམ་མི་དམིགས་པའི་ངང་ནས་མཆོད་ན་མཆོད་པ་ཉིད་ཚུལ་བཞིན་ཡོངས་སུ་རྫོགས་པ་ཞེས་བྱའོ། ། མཆོད་པའི་དབྱེ་བ་ལ་སེམས་ཅན་དག་ནི་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་ནི་སངས་རྒྱས་མཆོད་པའི་རྣམ་གྲངས་གཅིག་སྟེ་སེམས་ཅན་ལ་ཕན་བཏགས་པ་ནི་དེ་བཞིན་གཤེགས་པ་དགྱེས་པའི་མཆོད་པ་མཆོག་ཡིན་ནོ། ། དེ་ཡང་སེམས་ཅན་རྣམས་ཀྱི་རྒྱུད་ལ་སངས་རྒྱས་མཆོད་པའི་བསམ་པ་བསྐྱེད་ཅིང་མཆོད་པའི་ལས་བྱེད་དུ་འཇུག་པ་སོགས་གཙོ་བོར་གྱུར་པས་ཆོས་བཤད་དེ་སྨིན་པར་བྱེད་ཅིང་དེ་ཉིད་དེ་བཞིན་གཤེགས་པ་དགྱེས་པའི་མཆོད་པར་དམིགས་ཏེ་ཕུལ་བའོ།། ཡང་རྫས་ཀྱི་སྒོ་ནས་མཆོད་པ་ཆོས་གོས་དང་མེ་ཏོག་སོགས་ཀྱི་དངོས་པོའི་རྫས་སྣ་ཚོགས་ཀྱིས་མཆོད་པ་དང་། རྫས་ལ་མི་ལྟོས་པར་སེམས་ཀྱི་སྒོ་ནས་མཆོད་པ་ཡང་གཞན་དེ་རྣམ་གྲངས་གཉིས་སོ། །སེམས་ཀྱི་མཆོད་པ་དེ་ལ་དབྱེ་ན་མོས་པ་ནས་དེ་བཞིན་ཉིད་ཀྱི་བར་དགུ་སྟེ། དང་པོ་མོས་པ་ནི་སེམས་ཀྱིས་སངས་རྒྱས་ལ་དམིགས་ནས་དང་བ་བསྐྱེད་དེ་བདག་པོས་མ་བཟུང་བ་དང་བཟུང་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་ཐམས་ཅད་ཕུལ་བར་མོས་པ་སེམས་ཀྱི་སྒོ་ནས་མཆོད་པ་ཡིན་མོད་ཀྱང་། སྐབས་འདིར། མོས་པ་དང་། བསམ་པ་དང་། དབང་འབྱོར་པ་གསུམ་དུ་གསུངས་པའི། དང་པོ་དེ་བཞིན་གཤེགས་པ་མཆོད་པའི་ཆོས་སྟོན་པའི་ཐེག་པ་ཆེན་པོའི་མདོ་ཡི་དོན་ལ་མོས་པ་དེ་ཡང་སེམས་ཀྱི་མཆོད་པ་ཡིན་ལ། བསམ་པ་ནི། རོ་མྱང་བ་དང་། རྗེས་སུ་ཡི་རངས་བ་དང་། མངོན་པར་དགའ་བ་དང་། ཆོག་མི་ཤེས་པ་དང་། རྒྱ་ཆེ་བ་དང་། དགའ་བ་དང་། ཕན་འདོགས་པ་དང་། ཉོན་མོངས་པ་མེད་པ་དང་། དགེ་བའི་བསམ་པ་དགུ་སྟེ། འདི་དག་ཀྱང་སེམས་ཀྱི་མཆོད་པའོ། ། དེ་ཡང་རང་གི་སྔོན་མཆོད་པ་བྱས་པ་དྲན་པ་དང་ད་ལྟར་གྱི་མཆོད་པ་ལེགས་སྙམ་དུ་རོ་མྱང་བྱ་དང་། གཞན་གྱི་མཆོད་པ་ལ་རྗེས་སུ་ཡི་རང་བ་དང་། རང་གཞན་གཉིས་ཀས་མ་འོངས་པར་མཆོད་པ་བྱེད་པ་ལ་མངོན་པར་དགའ་བ་དང་། མཆོད་པའི་དངོས་པོ་དང་། མཆོད་ཡུལ་དང་དུས་ཉི་ཙེ་བ་མིན་པ་ཚད་མེད་པས་ཆོག་མི་ཤེས་པ་དང་། མཆོད་པ་རྒྱུན་མི་འཆད་པར་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བྱེད་འདོད་པ་དུས་ཆད་པ་མེད་པ་རྒྱ་ཆེ་བའི་བསམ་པ་དང་མཆོད་པས་སྨིན་པར་བྱ་བའི་ཞིང་སེམས་ཅན་ཐམས་ཅད་ལ་བྱམས་ཤིང་དགའ་བ་དང་། མཆོད་པ་དེས་སེམས་ཅན་ཐམས་བཅད་ལ་ཕན་བཏགས་པར་འདོད་པ་དང་ཆགས་པ་ང་རྒྱལ་སོགས་མེད་ཅིང་ཟག་བཅས་ཀྱི་འབྲས་བུ་མི་འདོད་པས་ཉོན་མོངས་པ་མེད་པ། མཆོད་པ་དེས་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བསྔོ་བ་དགེ་བའི་བསམ་པའོ། ། གསུམ་པ་དབང་འབྱོར་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སོགས་ལ་བསྟེན་ནས་དེ་བཞིན་གཤེགས་པ་རྣམས་མཆོད་པ་སྟེ་འདི་ཡང་སེམས་ཀྱི་སྒོ་ནས་མཆོད་པའོ།། སྨོན་པ་ནི་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚེ་རབས་གར་སྐྱེས་ཀྱང་རང་དང་གཞན་ལ་ཕན་པ་བསྒྲུབ་པ་དང་། དེ་བཞིན་གཤེགས་པ་རྣམས་མཆོད་པ་ཚད་མེད་པས་མཆོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་འདི་ཡང་སེམས་ཀྱི་སྒོ་ནས་མཆོད་པའོ། །འདི་ལ་བརྟེན་པ་ཞེས་ཀྱང་ཟེར་རོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་བརྩེ་བར་བྱས་པ་དེས་ཀྱང་དེ་བཞིན་གཤེགས་པ་མཆོད་པར་འགྱུར་བ་དང་། བདག་དང་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་ཚ་གྲང་བཀྲེས་སྐོམ་ངལ་དུབ་སོགས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཡང་ངེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་པ་དག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྤྱོད་པའི་སྒོ་ནི་སངས་རྒྱས་མཆོད་པ་ཡིན་པ་དང་ནི། ཚུལ་བཞིན་ཡིན་ལ་བྱེད་པའི་གཞི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་ལ་ཡིད་གཏོད་དེ་དངོས་པོ་རྣམས་རྣམ་པར་དཔྱོད་པ་ཡང་སངས་རྒྱས་མཆོད་པ་ཡིན་པ་དང་། ས་དང་པོ་ཐོབ་ནས་དངོས་པོའི་ཆོས་ཉིད་ཁོང་དུ་ཆུད་པ་བདག་མེད་གཉིས་མངོན་སུམ་རྟོགས་པའི་ཡང་དག་པའི་ལྟ་བ་སྐྱེས་པ་ཡང་སངས་རྒྱས་མཆོད་པ་ཡིན་པ་དང་། ཉན་ཐོས་རྣམས་ཉོན་སྒྲིབ་ལས་རྣམ་པར་གྲོལ་བ་དེ་ཡང་ཉན་ཐོས་རྣམས་ཀྱིས་སངས་རྒྱས་ལ་མཆོད་པ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་དང་ཕར་ཕྱིན་རྣམས་རིམ་གྱིས་གྲུབ་པས་སངས་རྒྱས་ལ་མཆོད་པ་བྱས་པའི་མཐར་སྒྲིབ་གཉིས་སྤངས་པའི་དེ་བཞིན་ཉིད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡང་སངས་རྒྱས་ལ་མཆོད་པ་སྟེ་དེ་ལྟར་སེམས་ཀྱི་མཆོད་པའི་རྣམ་གྲངས་གཞན་དགུའོ། །ཡང་མཆོད་པའི་དོན་གྱི་རྣམ་པར་དབྱེ་བ་རྣམ་པ་བརྒྱད་ནི་རྒྱུ་མཚན་ནི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཐུག་པ་སངས་རྒྱས་ནི་མཆོད་པའི་ཞིང་གི་དམ་པར་དམིགས་པའི་རབ་ཏུ་དང་བའི་དད་པ་དང་། མཆོད་པའི་རྣམ་སྨིན་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་བ་དང་། རྟེན་ནམ་གཞི་ནི་མཆོད་པའི་ཡུལ་སངས་རྒྱས་རྣམས་དང་། མཆོད་པའི་དངོས་པོ་རྫས་དང་སེམས་ཀྱི་མཆོད་པ་སྣ་ཚོགས་པའོ། །རྒྱུ་ནི་སངས་རྒྱས་འབྱུང་བ་དང་ཕྲད་ནས་མཆོད་པ་བྱེད་པར་སྨོན་ལམ་བཏབ་པ་དང་། ཡེ་ཤེས་ནི་མཆོད་པའི་འཁོར་གསུམ་མི་དམིགས་པ་དང་ནི། གང་གི་ཆེད་དུ་བྱ་བ་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོད་པ་བྱེད་པ་ཡིན་པས་ཞིང་ནི་སེམས་ཅན་དག་དང་། གནས་ཀྱི་མཆོད་པའི་རྫས་ཀྱི་དངོས་པོ་ལ་གནས་ནས་མཆོད་པ། སེམས་ལ་གནས་ནས་མཆོད་པ་སྟེ་དེ་གཉིས་ཀ་གནས་སུ་བཤད། འོ་ན་དངོས་པོ་དང་གནས་གཉིས་ལ་ཁྱད་ཅི་ཡོད་སྙམ་ན་སེམས་ལ་གནས་པའི་མོས་པ་ལ་སོགས་པ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ཀྱང་ཤུགས་ཀྱིས་བསྟན་པས་ཁྱད་པར་ཡོད་དམ་སྙམ། དེ་ལྟར་རྣམ་གྲངས་བརྒྱད་པོ་འདིས་གོང་གི་ཚིགས་བཅད་བཞི་པོའི་དོན་བསྡུས་ནས་རྣམ་པ་བརྒྱད་པོ་དང་རབ་ཏུ་བསྟན་པ་ཡིན་ནོ། །གཞན་ཡང་མཆོད་པའི་དབྱེ་བ་ལ། སྔོན་མཆོད་པ་བྱས་པ་རྒྱུ་དང་ད་ལྟར་མཆོད་པ་བྱེད་པ་འབྲས་བུ་དང་། ད་ལྟ་མཆོད་པ་རྒྱུ། མ་འོང་པར་མཆོད་པ་བྱེད་པ་འབྲས་བུ་སྟེ། རྒྱུ་མཐུན་པའི་དབང་གིས་དེ་ལྟར་རྒྱུ་འབྲས་སུ་གྱུར་པ་དུས་གསུམ་གྱི་མཆོད་པ་ཉིད་དུ་རྣམ་པར་བཞག་པ་དང་ནི་བདག་ཉིད་ཀྱི་ལུས་དང་ཡན་ལག་འབུལ་བ་དང་། ཆོས་ཉན་པ་དང་སེམས་པ་སོགས་བདག་ཉིད་ཀྱི་མཆོད་པའམ་ནང་གི་མཆོད་པ་དང་། གཞན་དག་ལ་མཆོད་པ་བྱེད་དུ་གཅུག་པ་དང་། རང་གི་རྫས་ཆོས་གོས་སོགས་མཆོད་པ་ནི་གཞན་གྱི་མཆོད་པའམ་ཕྱིའི་མཆོད་པ་དག་དང་། རྙེད་པ་ཆོས་གོས་དང་བསོད་སྙོམས་མལ་ཆ་སོགས་ཀྱིས་མཆོད་པ་དང་། ཕྱག་བྱ་བ་དང་ཐལ་མོ་སྦྱར་བ་དང་། བསུ་ཞིང་ལྡང་བ་དང་བསྟོད་པ་བྱེད་པ་སོགས་བཀུར་སྟིའི་མཆོད་པ་དེ་གཉིས་ནི་མཆོད་པ་ཆུང་ངུའམ་རགས་པ་ཉིད་དང་ནི། དམ་པའི་ཆོས་ཉན་བསམ་བསྒོམ་པའི་ཚུལ་གྱིས་སྒྲུབ་པའི་སྒོ་ནས་མཆོད་པ་ནི་མཆོད་པ་ཆེན་པོའམ་ཕྲ་བ་ཞེས་བྱ་སྟེ་དེ་ལྟར་རྣམ་པ་གཉིས་སོ། ། སྒྲུབ་པ་དེ་ལའང་ཐེག་པ་ཆུང་ངུ་སྒྲུབ་པ་ནི་མཆོད་པ་ཆུང་བའམ་དམན་པ་དང་། ཐེག་ཆེན་སྒྲུབ་པ་ནི་མཆོད་པ་ཆེན་པོའམ་གྱ་ནོམས་པ་དེ་གཉིས་སོ། །ཚིག་རྐང་འདི་ཚིག་རྐང་སྔ་མའི་དོན་དང་སྦྱར་བ་ལས་སྒེར་དུ་བཤད་པ་མེད་པའང་སྣང་། མཆོད་པའི་འཁོར་གསུམ་མི་དམིགས་པའི་ཡེ་ཤེས་ཀྱིས་མ་ཟིན་པའི་མཆོད་པ་ང་རྒྱལ་དང་བཅས་པ་དང་། མི་རྟོག་ཡེ་ཤེས་ཀྱིས་ཟིན་པ་ང་རྒྱལ་མེད་པའི་མཆོད་པའོ། །དེ་གཉིས་ལ་མཆོད་པ་ཐ་མ་དང་མཆོག་གི་ཐ་སྙད་ཀྱང་བྱེད་དོ། །སྦྱོར་དང་ཞེས་སྦྱོར་བས་མཆོད་པ་ལའང་རྣམ་པ་གཉིས་ཏེ། དུས་གཞན་གྱི་ས་ཞིག་ན་མཆོད་པར་སྦྱོར་བ་ནི་ཐག་རིང་བའི་མཆོད་པ་དང་། དུས་དེ་ཉིད་ཀྱི་ཚེའམ་དྲན་པ་ན་མཆོད་པར་སྦྱོར་བ་ནི། ཉེ་བའི་མཆོད་པའོ། །དེ་བཞིན་དུ་འགྲོ་བས་མཆོད་པའང་རྣམ་པ་གཉིས་ཏེ། འགྲོ་བ་ཆད་ནས་མཆོད་པ་ཚེ་རབས་གཉིས་སམ་མང་པོས་བར་དུ་མཆོད་པ་ཆད་ནས་ཕྱིས་མཆོད་པ་དང་། དེ་མ་ཐག་ཏུ་མཆོད་པ་ནི་གང་དུ་སྐྱེས་ཀྱང་དེ་མ་ཐག་ནས་མཆོད་པ་སྟེ་ཉེ་རིང་གཉིས་དང་། སྨོན་པའི་སྒོ་ནས་ཚེ་འདི་ལ་མཆོད་པར་སྨོན་པ་དང་། ཚེ་རབས་ཀུན་དུ་མཆོད་པར་སྨོན་པའི་སྒོ་ནས་ཀྱང་ཉེ་རིང་གཉིས་པོ་དེར་འདོད་དོ། ། མཆོད་པ་མཆོག་ཏུ་གྱུར་པའི་ཁྱད་པར་ནི། དམིགས་པ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། བསམ་པ་རོ་མྱང་བ་དང་། རྗེས་སུ་ཡི་རངས་ནས། དགེ་བའི་བར་དགུ་ལ་གནས་པ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པས་མཆོད་པ་ལ་དབང་འབྱོར་པ་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཐབས་ཡོངས་སུ་བཟུང་བ་དང་། ས་བརྒྱད་པ་ནས་མི་རྟོག་ཡེ་ཤེས་རྩོལ་མེད་ལྷུན་གྱིས་གྲུབ་པས་དེའི་ཚེ་བྱང་སེམས་གཅིག་གིས་མཆོད་པ་བྱས་པ་དེར་ས་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་དོན་གཅིག་ཏུ་འདྲེས་པའི་ཚུལ་གྱིས་མཆོད་པ་དེ་བྱས་པ་ཡིན་པས། བྱང་ཆུབ་སེམས་དཔའ་དེ་དག་ཀུན་དང་དོན་གཅིག་ལ་འཇུག་པས་འཇིག་རྟེན་ཉན་རང་དང་བཅས་པའི་མཆོད་པ་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་དགེ་བའི་བཤེས་གཉེན་བསྟེན་པ་ལ། བཤེས་གཉེན་བསྟེན་པའི་ཚུལ། དེ་ཡི་དབྱེ་བ། མཆོག་གི་ཁྱད་པར་བསྟན་པ་གསུམ་ལས་དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་བཤེས་གཉེན་བསྟེན་པ་ལ། རྟེན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་། གཞིའམ་དངོས་པོ་ཅི་ལྟ་བུས་བརྟེན་པ་དང་ནི། བརྟེན་པའི་རྒྱུ་མཚན་དང་ནི། གང་གི་ཆེད་དུ་ཡོངས་སུ་བསྔོ་བ་དང་། དགེ་བའི་བཤེས་གཉེན་མཉེས་པ་སྒྲུབ་པའི་རྒྱུ་དང་། དེ་ལས་ཡེ་ཤེས་ལ་མཁས་པ་དང་། ཞིང་སྣོད་བཅུད་དག་པར་བྱ་བ་དག་དང་། ཅི་ལ་གནས་ནས་བརྟེན་པའི་གནས་ཀྱི་སྒོ་ནས་རབ་ཏུ་བསྟན་པ་བརྒྱད་དོ། །དང་པོ་རྟེན་དགེ་བའི་གཤེས་གཉེན་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་པས་དབང་པོ་དུལ་བ། ལྷག་པ་ཏིང་འཛིན་གྱི་བསླབ་པས་ཉོན་མོངས་དང་རྣམ་གཡེང་ཞི་ཞིང་། ལྷག་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་དང་རྣམ་རྟོག་ཉེ་བར་ཞི་བ་གང་ཞིག བསྟེན་པ་པོ་རང་ལས་ཚུལ་ཁྲིམས་དང་མང་ཐོས་སོགས་ཀྱི་ཡོན་ཏན་ལྷག་པ་བསྟེན་ན་དགེ་བའི་སྐྱེད་འདོན་གྱི་རང་དང་མཉམ་པ་དང་། དམན་པ་བརྟེན་ཀྱང་དགོས་པ་ཆུང་ངོ་། །བཤེས་གཉེན་དེ་ཡང་གཞན་ལ་ཆོས་སྟོན་པ་སོགས་ཀྱི་བརྩོན་པ་དང་བཅས་པ་དང་དམ་པའི་ཆོས་མང་དུ་ཐོས་པས་ལུང་གིས་ཕྱུག་པ། རྟོགས་པའི་ཆོས་བདེན་བཞི་དང་རྟེན་འབྲེལ་སྟོང་པ་ཉིད་སོགས་ཀྱིས་དེ་ཁོ་ན་ཉིད་རབ་ཏུ་གཏན་ལ་ཕེབ་ནས་རྟོགས་པ་དང་། མིང་ཚིག་ཡི་གེ་འབྲེལ་ཞིང་གསལ་པོར་གྱུར་པའི་སྒོ་ནས་ཆོས་སྨྲ་བ་ལ་མཁས་པ་དང་ལྡན་པ། གདུལ་བྱ་སློབ་མ་རྣམས་ལ་ཐུགས་བརྩེ་བའི་བདག་ཉིད་དུ་གྱུར་པ། ཆོས་སྟོན་པ་ལ་མི་མོས་པ་དང་། ལེགས་པར་མི་སྟོན་པ་དང་། ཅུང་ཟད་སྟོན་པ་ལས་རྒྱུན་དུ་ནན་ཏན་གྱིས་མི་སྟོན་པ་ལྟ་བུའི་སྐྱོ་ངལ་སྤངས་པ་དེ་ལྟ་བུ་ལ་བརྟེན་པར་བྱའོ།། གཉིས་པ་དགེ་བའི་བཤེས་གཉེན་རྙེད་ནས་བསྟེན་པའི་གཞི་ཅི་ལྟ་བུས་བསྟན་པར་བྱ་ན་ཕྱག་འཚལ་བ་དང་བསུ་བསྐྱལ་དང་སྟན་ལས་ལྡང་བ་དང་། འཛུམ་པའི་བཞིན་གྱིས་དགའ་བའི་མིག་གིས་བལྟ་བ་སོགས་ལུས་ཀྱི་བཀུར་སྟི་དང་། བསྟོད་པ་བྱེད་པ་དང་། ཅི་གསུངས་དང་མཐུན་པར་སྨྲ་བ་དང་། བྱམས་ཤིང་གུས་པའི་ཚིག་བརྗོད་པ་སོགས་ངག་གིས་བཀུར་སྟི་དང་། སེམས་ཀྱི་ཀུན་ནས་དང་ཞིང་དད་པ་བྱེད་པ་སྟེ། སྒོ་གསུམ་གྱི་བཀུར་སྟིའི་སྒོ་ནས་ལེགས་པར་བསྟེན་པའོ། །རྙེད་པ་ནི་ཆོས་གོས་དང་མལ་ཆ་ལ་སོགས་པ་རྫས་གང་མཁོ་བ་ཕུལ་ཏེ་བསྟེན་པ་དག་དང་། རིམ་གྲོ་བྱེད་པ་ནི། ལུས་བཀྲུ་བ་དང་མཉེ་བ་སོགས་གཡོག་བྱེད་པ་དང་ཇི་ལྟར་འོས་པའི་ལས་སུ་བྱ་བ་ཐམས་ཅད་སྒྲུབ་པའི་སྒོ་ནས་བསྟེན་པ་ནི་ཕྱིའི་དངོས་པོས་བསྟེན་ཚུལ་ལོ། །དགེ་བའི་བཤེས་གཉེན་དེས་ཆོས་བསྟན་པ་བཞིན་མཉན་པ་དང་བསམ་པ་བསྒོམ་པའི་ཚུལ་གྱིས་ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ་སྟེ་སྒྲུབ་པའི་སྒོ་ནས་བསྟེན་པ་འདི་ནང་གི་དངོས་པོས་བསྟེན་པ་ཞེས་བྱའོ། ། དེ་ལྟར་ཕྱི་དང་ནང་གི་དངོས་པོས་བཤེས་གཉེན་བསྟེན་པར་བྱ་བ་དེ་བརྟེན་གཞི་ཞེས་བྱ་བ་ཡིན་ནོ། །གསུམ་པ་རྒྱུ་མཚན་ནམ་མཚན་མ་ནི་རྒྱུ་མཚན་ཤེས་པ་སྟེ། དགེ་བའི་བཤེས་ལ་དད་པས་བསྟེན་པ་དེ་བཞིན་དུ་བློ་ལྡན་སློབ་མ་དེས་མཉན་པར་བྱ་བའི་ཆོས་ལ་ནི། བརྙེས་པ་དང་ཆོས་རྐུ་བའི་བསམ་པ་དང་ཀླན་ཀ་བཙལ་བ་ལྟ་བུའི་བསམ་པ་ངན་པ་སྤངས་ཏེ། ཆོས་དེ་ཉིད་ཀུན་ནས་ཤེས་པར་འདོད་པའི་བསམ་པ་བཞག་པ་དང་། དུས་དུས་སུ་དགེ་བའི་བཤེས་གཉེན་ཀྱི་དྲུང་དུ་འགྲོ་ཞིང་ཆོས་ཉན་པར་བྱ་བ་ནི་བཤེས་གཉེན་དེས་བསམ་གཏན་བྱེད་པ་དང་། ཟས་ཟ་བ་སོགས་སྐབས་སུ་མ་བབ་པའི་ཚེ་ན་འགྲོ་བར་མི་བྱ་ལ་སྐབས་སུ་བབ་པའི་དུས་དུས་སུ་འགྲོ་ཞིང་ཆོས་ཉན་པར་བྱའོ། །དེའི་ཚེ་ལུས་སེམས་དུལ་པའི་སྤྱོད་ལམ་གྱིས་གུས་ཤིང་འདུད་པས་བཤེས་གཉེན་གྱི་དྲུང་དུ་འགྲོ་བའམ་བགྲོད་པར་བྱའི། མ་གུས་པ་དང་ང་རྒྱལ་གྱི་སྤྱོད་ལམ་གྱིས་ནམ་ཡང་མ་ཡིན་ནོ། །བཞི་པ་ཡོངས་བསྔོ་ནི། དགེ་བའི་བཤེས་གཉེན་བསྟེན་པ་དེ་དོན་གང་གི་ཕྱིར་བསྔོ་བའམ། གང་གི་ཆེད་དུ་བསམས་ནས་འཇུག་པ་ཡིན་ཞེ་ན། དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་པ་དེ་ནི། མཁས་པའམ་གྲགས་པར་གྱུར་པའི་གང་ཟག་འདི་ལ་བསྟེན་ན་རང་ཡང་མཁས་པ་དང་གྲགས་པར་གྱུར་ནས་གཞན་གྱིས་བསྙེན་བཀུར་དང་རྙེད་པ་འབྱུང་ངོ་སྙམ་དུ་བསམ་པས་ཡོངས་སུ་བཅད་པའམ་དེའི་དོན་དུ་བསྔོ་བ་ལ་འདོད་པ་མེད་པར། བསླབ་པ་གསུམ་གྱི་ཆོས་དགེ་བའི་བཤེས་གཉེན་གྱིས་ཇི་སྐད་བསྟན་པ་ལྟར་སྙིང་ཐག་པ་ནས་བསྒྲུབ་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་དེ། བདག་གིས་འདི་བརྟེན་ནས་ཆོས་ཉན་སེམས་བསྒོམ་པས་འཕགས་པའི་ལམ་བསྒྲུབ་ཅིང་ཆོས་ཉིད་ཀྱི་དོན་རྟོགས་པར་གྱུར་ཅིག་ཅེས་བློའི་འཕེན་པ་དེས་དོན་དེའི་ཆེད་དུ་ཡོངས་སུ་བསྔོ་བར་བྱེད་དོ། །ལྔ་པ་རྒྱུ་ནི་དགེ་བའི་བཤེས་གཉེན་གྱི་ཐུགས་མགུ་པ་ནི་ཆོས་སྟོན་པར་བྱེད་ཅིང་བསྟེན་པ་དོན་ཡོད་པའི་རྒྱུ་ཡིན་པས། བློའི་ངང་ཚུལ་བརྟན་པ་སློབ་མ་བཟང་པོ། དགེ་བའི་བཤེས་གཉེན་གྱིས་ཇི་སྐད་བསྟན་པ་བཞིན་དུ་ཉམས་སུ་ལེན་ཞིང་སྒྲུབ་པ་དེས། དགེ་བའི་བཤེས་གཉེན་དེ་ཡི་སེམས་ནི་ཡང་དག་པར་མགུ་བར་བྱེད་དོ། །དྲུག་པ་ཡེ་ཤེས་ནི་དགེ་བའིབཤེས་གཉེན་ལས་ཆོས་ཐོས་པས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་ལ་མཁས་པ་ཉིད་དུ་གྱུར་ནས་རང་གི་བློས་ཐེག་པ་གསུམ་གྱི་རྟོགས་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཡེ་ཤེས་རྙེད་པའོ། ། དེ་ལྟར་ཐེག་པ་གསུམ་ལ་མཁས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་རྣམས་ཉན་རང་གི་ཐེག་པ་མི་སྒྲུབ་ཀྱི། རང་གི་ཐེག་པ་ནི་ཐེག་པ་ཆེན་པོ་སྟེ། རང་གཞན་གཉིས་ཀྱི་དོན་སྒྲུབ་ཅིང་འབྲས་བུ་བྱང་ཆུབ་ཆེན་པོ་འཐོབ་པ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་འབད་པར་བྱེད་དོ། །བདུན་པ་ཞིང་དག་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་ཉན་པ་སོགས་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། ཕྱི་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་རིན་པོ་ཆེའི་ས་གཞི་དང་དཔག་བསམ་གྱི་ཤིང་དང་བདུད་རྩིའི་ཆུ་ཀླུང་ལ་སོགས་བའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པའི། ཞིང་རྣམ་པར་དག་པ་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། བཤེས་གཉེན་བསྟེན་ཏེ་ཆོས་ཉན་པ་ཡིན་ནོ། །བརྒྱད་པ་གནས་ནི་ཡིན་ལ་བྱེད་པ་གང་ལ་གནས་པ་སྟེ། འདི་ལྟར་ཕ་མའམ་ཕུ་ནུ་སོགས་ཀྱི་སྤྱི་ནོར་དེ་སོ་སོར་བགོས་པའི་ཚེ་སོ་སོ་རང་གི་སྐལ་བ་ང་ལ་འདི་མཁོ་ཞེས་ཆེད་དུ་ལེན་པ་ལྟར། བྱང་ཆུབ་སེམས་དཔའ་དེ་དམ་པའི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཤེས་གཉེན་རབ་ཏུ་བསྟེན་པར་བྱ་ཡི། ཟང་ཟིང་གི་བགོ་སྐལ་ལ་ལོངས་སྤྱོད་པའི་ཕྱིར་མིན་ཏེ། བྱང་ཆུབ་སེམས་དཔས་ཟང་ཟིང་གིས་བསྡུས་པ་ན་ཡང་ཁ་ཅིག་ཆོས་གཙོ་བོར་མི་བྱེད་ཀྱི་ཟང་ཟིང་ངོར་ཆོས་ཉན་པ་དེ་ལྟ་བུ་མ་ཡིན་པ་ནི་གནས་ཀྱི་སྒོ་ནས་སོ། །གཉིས་པ་བསྟེན་པ་དེའི་དབྱེ་བ་ནི། བློ་དང་ལྡན་པ་དེས་བཤེས་གཉེན་བསྟེན་པ་ལ་ནི་རྒྱུ་དང་འབྲས་བུ་དག་གི་དབྱེ་བ་ནི། ཚེ་རབས་སྔ་མ་དགེ་བའི་བཤེས་གཉེན་བསྟེན་པ་ནི་རྒྱུ་ཡིན་ལ། ད་ལྟར་བསྟེན་པ་འབྲས་བུ་དང་། ད་ལྟར་བསྟེན་པ་རྒྱུ་མ་འོངས་པའི་ཚེ་རབས་རྣམས་སུ་བསྟེན་པ་འབྲས་བུ་སྟེ། དེ་ལྟར་འདས་པ་དང་ད་ལྟ་དང་མ་འོངས་བར་བཤེས་གཉེན་བསྟེན་པ་གསུམ་དང་། དགེ་བའི་བཤེས་གཉེན་བསྟེན་ནས་དེའི་གདམས་ངག་དང་རྗེས་སུ་བསྟན་པ་བཞིན་བསྒྲུབས་པས་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ཐོབ་ནས་དེའི་རྗེས་སུ་འགྲོ་བའམ། དེ་རྟོགས་པ་དང་རྗེས་སུ་མཐུན་པར་དགེ་པའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྟེན་པ་ནི་ནང་གི་བརྟེན་པའོ། །དགེ་བའི་བཤེས་གཉེན་རྙེད་པ་སོགས་ཀྱིས་བསྟེན་པ་ནི་ཕྱི་ཡི་བསྟེན་པ་དང་། དགེ་བའི་བཤེས་གཉེན་ལས་ཆོས་ཐོས་པའི་སྒྲ་ལ་མཉན་པ་ཙམ་གྱིས་སྒོ་ནས་བསྟེན་པ་ནི་རགས་པའམ་རྩིང་བ་སྟེ། གཞན་གྱི་སྒྲ་ཙམ་ལ་སེམས་ཕྱི་རོལ་དུ་རྒྱུ་བའི་ཕྱིར་རོ། །བསམ་པ་དང་བསྒོམ་བྱུང་གི་སེམས་ཀྱི་རྣལ་འབྱོར་དང་བཅས་པ་ནི་ཕྲ་བའམ་ཞིབ་པ་སྟེ། དོན་ལ་ནང་དུ་སེམས་པའི་ཕྱིར་རོ། །ཡང་འདི་ལ་བདག་གིས་བཀུར་སྟི་སོགས་ཀྱིས་བསྟེན་ཏོ་དངོས་ཞེན་དང་བཅས་པ་ནི་ང་རྒྱལ་དང་བཅས་པ་དམན་པའོ། །བདག་དང་གཤེས་གཉེན་བརྟེན་པའི་བྱ་བ་གསུམ་གྱི་མཚན་མར་མི་འཛིན་པ་ནི་ང་རྒྱལ་མེད་པའི་ཡིད་དང་ལྡན་པས་བཤེས་གཉེན་བསྟེན་པ་ཞེས་བྱ་སྟེ་མཆོག་གོ །བློ་ལྡན་དེས་བཤེས་གཉེན་བསྟེན་པ་ལ་འགྲོ་བའི་སྒོ་ནས་ཐག་ཉེ་རིང་གཉིས་ལ་སྦྱོར་བའི་སྒོ་ནས་དེ་གཉིས་དང་། སྨོན་པའི་སྒོ་ནས་དེ་གཉིས་ཏེ་བཤེས་གཉེན་བསྟེན་པའི་དབྱེ་བ་དྲུག་ཡོད་དོ། །དེ་གང་ཞེ་ན། ཚེ་འདིའི་འགྲོ་བས་བསྟེན་པ་ནི་ཐག་ཉེ་བའོ། །ཚེ་རབས་དུ་མས་འགྲོ་བས་བར་ཆོད་ནས་གཟོད་བསྟེན་པ་རིང་བའོ། །སྦྱོར་བས་ནི་ཚེ་འདི་ལའང་དུས་གཞན་གྱིས་ཞིག་ན་བསྟེན་པའམ་ཚེ་རབས་གཞན་དུའང་དེ་མ་ཐག་པར་བསྟེན་པ་མིན་པར་ཚེ་རབས་དུ་མས་བར་ཆོད་ནས་བསྟེན་པར་སྦྱོར་བ་ཐག་རིང་ལ་ཚེ་འདི་ལ་ད་ལྟ་ཉིད་དུ་བསྟེན་པར་སྦྱོར་བ་དང་ཚེ་རབས་ཕྱི་མ་ཉིད་དུ་བསྟེན་པར་སྦྱོར་བ་ནི་ཐག་ཉེ་བའོ། ། སྨོན་པ་ཡང་དེ་བཞིན་དུ། ཚེ་འདི་ཉིད་ལ་བསྟེན་པར་སྨོན་ལམ་འདེབས་ཤིང་བསྟན་པ་ཐག་ཉེ་ལ། ཚེ་རབས་ཕྱི་མར་བསྟེན་པར་སྨོན་པ་ནི་ཐག་རིང་བའོ། །འདི་གསུམ་རྟེན་དང་སྦྱོར་བ་ལག་ལེན་དང་བསམ་པས་སྨོན་པ་ཤུགས་དྲག་ཞན་གྱི་དབྱེ་བ་ཙམ་མོ། །གསུམ་པ་བསྟེན་པ་མཆོག་ནི། རང་གི་སེམས་ཀྱིས་བཤེས་གཉེན་མཆོག་བསྟེན་པ་ལ་ནི། ཐེག་པ་ཆེན་པོའི་ཆོས་ལ་མོས་པའི་སྒོ་ནས་བསྟེན་པ་དང་། བསམ་པ་དགུ་གོང་དུ་བཤད་པ་བཞིན་བསྟེན་པ་ལ་སྦྱར་ཏེ་ཤེས་པར་བྱ་བ་དང་། དབང་འབྱོར་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སྒོ་ནས་བསྟེན་པ་སྟེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་ཚད་མེད་པ་ཕུལ་སྟེ་བསྟེན་པ་དང་། གསུངས་ཀྱིས་ཚིག་དང་དོན་མི་བརྗེད་པར་འཛིན་པ་སོགས་ཀྱི་སྒོ་ནས་སོ། །རྣམ་པར་མི་རྟོག་པའི་ཐབས་ཡོངས་སུ་བཟུང་བ་དང་། ས་བརྒྱད་པ་ཡན་ཆད་བྱང་ཆུབ་སེམས་དཔའ་དེ་ཀུན་མཛད་པ་གཅིག་ཏུ་འདྲེས་ནས་ཀུན་དང་དོན་གཅིག་ཉིད་ལ་འཇུག་པ་སྟེ་རྣམ་གྲངས་ལྔ་པོ་འདིའི་གང་ཡང་རུང་བ་དང་ལྡན་པ་ན་ཡང་བསྟེན་པ་གཞན་ལས་མཆོག་ཏུ་གྱུར་པའོ། །གསུམ་པ་ཚད་མེད་བཞི་ལ། ཚད་མེད་བཞི་བཤད་པ་དང་། སྙིང་རྗེ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་ངོ་བོ་དང་། དམིགས་པ་དང་། དབྱེ་བ་དང་། འབྲས་བུ་དང་། མི་མཐུན་ཕྱོགས་དང་། ཡོན་ཏན་བསྟན་པ་སྟེ་རྣམ་གྲངས་དྲུག་གི་བསྟན་པ་ལས། དང་པོ་བྱང་ཆུབ་སེམས་དཔའི་ཚད་མེད་པ་བཞི་ནི་མཚན་ཉིད་བཞི་དང་ལྡན་པ་སྟེ་བྱང་ཆུབ་སེམས་དཔའ་བརྟན་པའི་རྒྱུད་གྱི་ཚངས་པ་ཡི་གནས་པ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ནི་རིམ་པ་ལྟར་བྱམས་སོགས་རང་གི་མི་མཐུན་ཕྱོགས་གནོད་སེམས་དང་། རྣམ་པར་འཚེ་བ་དང་། མི་དགའ་བ་མང་བ་དང་། ཆགས་སྡང་གིས་སེམས་མི་སྙོམས་པ་བཞི་སྤངས་པ་དང་། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་། དམིགས་པ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་གསུམ་ལ་འཇུག་པ་དང་། བྱེད་ལས་སེམས་ཅན་རྣམས་ཡོངས་སུ་མི་གཏོང་ཞིང་ཡོངས་སུ་སྨིན་པར་བྱེད་པ་སྟེ་མཚན་ཉིད་བཞི་དང་ལྡན་ནོ། ། དེ་ཡང་བྱམས་པའི་སེམས་ཀྱིས་གནོད་སེམས་སྤངས་ནས་བདེ་བ་དང་ཕྲད་འདོད་དང་པོ། བྱམས་པ་སྒོམ་པ་པོ་དང་། ཡུལ་སེམས་ཅན། བསྒོམ་བྱ་བྱམས་པ་ལྟ་བུ་དེ་དག་གི་འཁོར་གསུམ་མི་དམིགས་པ་གཉིས་པ། དམིགས་པ་གསུམ་ལ་འཇུག་པ་ཁྱད་པར་གསུམ་པ་སྟེ། སོ་སྐྱེ་དང་མུ་སྟེགས་རྣམས་ཀྱིས་བྱམས་པ་ནི་བདག་དང་སེམས་ཅན་ཡོད་པར་དམིགས་པའི་སེམས་ཅན་ལ་དམིགས་པ་དང་། ཉན་རང་གི་བྱམས་པ་ནི། བདག་དང་སེམས་ཅན་ཞེས་བྱ་བ་གང་ཡང་མེད་ཀྱང་ཕུང་པོ་ལྔ་དུ་མ་དང་མི་རྟག་པ་དང་སྡུག་བསྔལ་བའི་རང་བཞིན་ཅན་གྱི་དུ་མའི་ཆོས་ཙམ་ལ་དམིགས་ནས་བྱམས་པར་འབྱུང་བའོ། ། བྱང་སེམས་ས་ལ་ཞུགས་པ་དང་སངས་རྒྱས་ཀྱི་བྱམས་པ་ནི་དོན་དམ་པར་སེམས་ཅན་དང་ཆོས་སུ་ཡང་མི་དམིགས་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཡང་རང་སྣང་འཁྲུལ་བའི་སྡུག་བསྔལ་སྒྱུ་མ་ལྟ་བུ་མྱོང་པའི་སེམས་ཅན་རྣམས་ངོ་བོ་སྟོང་པར་རྟོགས་ནས་དམིགས་པ་མེད་བཞིན་སེམས་ཅན་ལ་ཕན་འདོགས་དཔག་ཏུ་མེད་པ་མཛད་པའོ། །དེ་ལ་སེམས་ཅན་ཙམ་ལ་དམིགས་པའི་ཚད་མེད་བཞི་ནི། སོ་སྐྱེ་དང་མུ་སྟེགས་ཉན་རང་བྱང་སེམས་སངས་རྒྱས་ལྔའི་ཐུན་མོང་ངོ་། །ཆོས་ལ་དམིགས་པའི་བྱམས་སོགས་ནི། ཉན་རང་བྱང་སེམས་སངས་རྒྱས་བཞིའི་ཐུན་མོང་ངོ་། །མི་དམིགས་པའི་བྱམས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཞེས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་དོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། ཐོག་མར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་སེམས་ཅན་ལ་དམིགས་པ་སྟེ། བདག་མེད་གཉིས་མངོན་སུམ་མ་རྟོགས་པའི་ཕྱིར་དང་། ས་དང་པོ་ནས་བདུན་པའི་བར་གྱི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་དམིགས་པའི་བྱམས་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་མངོན་སུམ་དམིགས་པའི་ཕྱིར་དང་། ས་བརྒྱད་པ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིས་བྱམས་པ་དམིགས་པ་མེད་པ་སྟེ། མི་རྟོག་བཞིན་དུ་འབད་རྩོལ་མེད་པར་བྱམས་པ་འབྱུང་བའི་ཕྱིར་དེ་ལྟར་གསུངས་སོ། ། གཉིས་པ་བྱམས་སོགས་བཞིའི་དམིགས་པ་ནི། བརྟན་པ་བྱང་སེམས་རྣམས་ཀྱི་བྱམས་སོགས་བཞི་པོ་དེ་དག་གི་དམིགས་པ་ནི་བདེ་བ་འདོད་པའི་སེམས་ཅན་ལ་དམིགས་ཏེ། བྱམས་པ་ནི་སེམས་ཅན་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་དང་། སྙིང་རྗེ་ནི་སྡུག་བསྔལ་གྱིས་ཉམ་ཐག་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དགའ་བ་ནི་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ཏེ་དེ་དག་བདེ་བ་དང་མི་འབྲལ་བའི་རྣམ་པ་ཅན་དང་། བཏང་སྙོམས་ནི་ཚོར་བ་བདེ་བ་དང་འཕྲད་པ་དང་། མཛའ་བ་སོགས་དང་ཕྲད་ནས་འདོད་ཆགས་སྐྱེ་བ་དང་། ཚོར་བ་སྡུག་བསྔལ་དང་དགྲ་སོགས་གང་འཕྲད་ནས་ཞེ་སྡང་ལྡང་བར་གྱུར་པའི་ཉོན་མོངས་པ་ཅན་གྱི་སེམས་ཅན་ལ་དམིགས་ཏེ་དེ་དག་ལ་ཆགས་སྡང་སྐྱེ་བར་མ་གྱུར་ཅིག་ཅེས་ཆགས་སྡང་མེད་པར་བཏང་སྙོམས་སུ་འགྱུར་བར་འདོད་པའི་རྣམ་པ་ཅན་ནོ། ། དེ་རྣམས་ཀྱིས་སེམས་ཅན་གྱི་རིས་གང་དང་གང་ལ་དམིགས་པ་བསྟན་ཏོ། །ཆོས་ལ་དམིགས་པའི་བྱམས་པས་ནི། ཚད་མེད་པ་བཞི་པོ་དེ་དག་སྟོན་པའི་བསྟན་བཅོས་ཡང་དག་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་དམིགས་ནས་དམིགས་ཡུལ་དེ་དག་འདུ་བྱེད་པའི་ཆོས་ཙམ་གྱི་མཚན་ཉིད་དུ་དམིགས་སོ། །དམིགས་བྱེད་ཀྱི་བྱམས་པས་ནི། དམིགས་ཡུལ་སེམས་ཅན་བཞི་དང་ཐེག་ཆེན་ཆོས་དེ་ཡི་དེ་བཞིན་ཉིད་གཟུང་འཛིན་གཉིས་ཀྱིས་སྟོང་པ་ལ་དམིགས་ནས་རབ་ཏུ་འཇུག་གོ །དམིགས་པ་མེད་པའི་བྱམས་སོགས་དེ་ལ་དོན་གྱི་དབྱེ་བ་བཞི་སྟེ་སེམས་ཅན་དང་ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་མི་དམིགས་པའི་བྱམས་པ་ཞེས་བྱ་སྟེ། དེས་བདག་དང་ཆོས་སུ་དམིགས་པའམ་ཕྱི་དང་ནང་དུ་དམིགས་པ་མེད་པའི་ཕྱིར་དང་། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དུས་ན་རྣམ་རྟོག་དང་འབད་རྩོལ་ཉེ་བར་ཞི་བ་ཐོབ་པས་ཚད་མེད་བཞི་ཡི་ས་བོན་བརྟས་པ་མཐར་ཕྱིན་ནས་འབད་རྩོལ་དང་རྟོག་དཔྱོད་མེད་པར་ལྷུན་གྱིས་གྲུབ་པས་ཤིན་ཏུ་རྣམ་པར་དག་པ་ཉིད་དུ་གྱུར་པའི་ཕྱིར་མི་དམིགས་པའི་བྱམས་པ་སོགས་སུ་བཞག་པ་དང་། བྱམས་པའི་ལུས་གྱི་ལས་དང་ངག་གི་ལས་གཉིས་ནི་བྱམས་པའི་རྒྱུ་མཐུན་ལས་བྱུང་བ་ཡིན་ཡང་གཟུགས་ཀྱི་ཕུང་པོར་གཏོགས་ཕྱིར་དེ་དག་ལ་རྟོག་པ་མེད་པས་མི་དམིགས་པའི་བྱམས་པར་བཞག་པ་དང་། འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་པ་རྣམས་ཟད་པའི་ཕྱིར་འཕགས་པ་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པ་ཞེས་བྱ་སྟེ། ཉོན་མོངས་པ་རྣམས་ལ་སེམས་ཀྱི་དམིགས་པ་ཞེས་བྱ་བ་ནི། ཡུལ་ལ་ལྷག་པར་དམིགས་ནས་དམ་དུ་འཛིན་པའི་ཕྱིར་མདོ་ལས་ཀྱང་། སེམས་ཀྱི་མདུད་པ་སྤངས་པའི་ཕྱིར་དམིགས་པ་ཆད་དོ་ཞེས་གསུངས་པ་ལྟར་དེ་ལྟ་བུའི་དམིགས་པ་མེད་པའི་ཕྱིར་ཡང་བྱམས་སོགས་དམིགས་པ་མེད་པའོ། ། དེ་ལྟར་རྒྱུ་མཚན་བཞི་པོ་དེའི་སྒོ་ནས་བྱམས་པ་དམིགས་པ་མེད་པ་ཡིན་ནོ། །གསུམ་པ་དབྱེ་བ་ནི། བྱམས་སོགས་བཞི་པོ་དེ་དག་ལ་ཕྱིས་ཉམས་པའམ་འབྲི་བར་འགྱུར་བའི་ཆ་ཅན་ནི་གཡོ་བ་ཞེས་བྱ་བ་དང་། གནས་པ་དང་ཁྱད་པར་དུ་འགྱུར་བའི་ཆ་ཅན་ནི་མི་གཡོ་བ་སྟེ་ཉམས་པར་མི་འགྱུར་བ་དང་། ཚད་མེད་བཞིའི་ཏིང་འཛིན་ཐོབ་ཀྱང་ཏིང་འཛིན་དེ་ལ་ཆགས་པས་རོ་མྱང་ཤིང་དེས་ཆོག་པར་འཛིན་པས་གོང་མའི་ཡོན་ཏན་མི་ཚོལ་བ་ནི་ཉོན་མོངས་པ་དང་བཅས་པ་དང་། རོ་མྱང་བ་དང་ཆོག་འཛིན་བྱེད་པ་མིན་པ་ནི་ཉོན་མོངས་པ་མེད་པའི་ཚད་མེད་ཞེས་བྱ་སྟེ་དེ་ལྟར་དབྱེ་བ་བཞི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་མེད་པ་བཞི་བོ་ནི་མི་གཡོ་བ་དང་། རོ་མྱང་བ་དང་ཆོག་འཛིན་གྱི་ཆགས་པ་དང་བྲལ་བར་རབ་ཏུ་གནས་ཀྱི་གཡོ་བ་དང་ཉོན་མོངས་ཅན་གཉིས་ནི་མ་ཡིན་ནོ། །གཞན་ཡང་ཚད་མེད་པ་དེའི་དབྱེ་བ་ལ། མཉམ་པར་བཞག་པའི་ངོ་བོ་ཉིད་མིན་པ་འདོད་པའི་ཁམས་ཀྱི་སེམས་ལ་བརྟེན་པའི་ཚད་མེད་བཞི་ནི་ཆུང་ངུའོ། །གཟུགས་དང་གཟུགས་མེད་པའི་ཁམས་ནི་མཉམ་པར་བཞག་པ་ཞེས་བྱ་ལ། དེ་ཡང་བསམ་གཏན་དང་པོ་ལ་གནས་རིས་གསུམ་སྟེ། ཚངས་རིས་དང་། ཚངས་ལྷ་ཉེ་བའམ་ཚངས་པ་འདུན་ན་འདོན་དང་། ཚངས་ཆེན་གསུམ་ཡོད་ལ། བསམ་གཏན་གཉིས་པར་འོད་ཆུང་སོགས་གསུམ། བསམ་གཏན་གསུམ་པར་དགེ་ཆུང་སོགས་གསུམ། བསམ་གཏན་བཞི་པར་སྤྲིན་མེད་འོད་སོགས་གསུམ་དང་། མི་ཆེ་བ་སོགས་གནས་གཙང་ལྔ་སྟེ་བརྒྱད་ཡོད་པ་ལས། ཚངས་རིས་ཀྱི་ཚད་མེད་བཞི་ནི་ཆུང་ངུ་། ཚངས་ལྷ་ཉེ་ལྡན་གྱི་དེ་བཞི་འབྲིང་དང་། ཚངས་ཆེན་གྱི་ཚད་མེད་བཞི་ནི་ཆེན་པོ་ཡིན་ལ། དེ་ལྟར་མཉམ་པར་བཞག་པའི་ས་ལ་ཚད་མེད་ཆུང་འབྲིང་ཆེ་གསུམ་དུ་བཞག་པ་ལས་ཆུང་ངུ་དང་འབྲིང་གཉིས་ཀ་ཆུང་ངུར་བསྡུ་ཞིང་། ཆེན་པོ་དང་དེ་གཉིས་སུ་ཕྱེའོ། ། ཡང་དམན་པའི་ས་པ་ཞེས་པ་ས་འོག་མ་འོག་མ་དམན་པ་དང་། གོང་མའི་རྒྱུད་ཀྱི་ཚད་མེད་ལྷག་པ་སྟེ། མོས་སྤྱོད་ཀྱི་ས་པའི་ཚད་མེད་བཞི་བསྒོམ་པ་དམན་ཞིང་ཆུང་ལ། ས་དང་པོ་པའི་ལྷག་ཅིང་ཆེ་བ་དང་། ས་དང་པོ་པའི་དེ་དག་དམན་ལ་ས་གཉིས་པའི་དེ་བཞི་ལྷག་པའི་ཚུལ་གྱིས་ས་དང་ས་ལ་ལྟོས་ནས་ཆེ་ཆུང་དུ་བཞག་པའོ། ། བསམ་པ་དམན་དང་ཞེས་པ་གཞན་དོན་མི་བྱེད་པས་ཉན་རང་གི་ཚད་མེད་བཞི་ནི་ཆུང་ངུ་དང་། ས་དང་པོ་ནས་བདུན་པའི་བར་དུ་རྣམ་པར་རྟོག་པའི་འབད་རྩོལ་དང་བཅས་པའི་ང་རྒྱལ་དང་བཅས་པ་ཡིན་པས་ཆུང་བ་སྟེ། དེ་ལྟར་མཉམ་བཞག་མིན་པ་དང་། མཉམ་བཞག་གི་ཡང་ཆུང་དང་འབྲིང་གཉིས་དང་། དམན་པའི་ས་འོག་མ་འོག་མ་དང་། བསམ་པ་དམན་པ་པའི་དང་། ང་རྒྱལ་དང་བཅས་པ་གང་ཡིན་པ་དེ་དམན་པས་ཆུང་ལ། དེ་ལས་གཞན་མཉམ་བཞག་གི་སྐབས་ཀྱི་ཆེན་པོ་དང་། དམན་པའི་ས་མིན་པ་གོང་མ་གོང་མ་དང་། བསམ་པ་དམན་པ་མིན་པ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་དང་། ས་བརྒྱད་པ་སོགས་དག་པའི་ས་གསུམ་ན་རྣམ་རྟོག་གི་འབད་རྩོལ་མི་མངའ་བས་ང་རྒྱལ་མེད་པ་དེ་དག་གི་ཚད་མེད་བཞི་ཉིད་ལྷག་པའམ་ཆེན་པོར་ཤེས་པར་བྱའོ། །བཞི་པ་འབྲས་བུ་ནི། སྤྱིར་ཚད་མེད་བཞི་བསྒོམས་པའི་འབྲས་བུ་གཟུགས་ཁམས་སུ་སྐྱེ་བ་ཡིན་ན་ཡང་། བྱམས་སོགས་ཚངས་པའི་གནས་པས་རྟག་ཏུ་གནས་པའི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཤིན་ཏུ་ལས་སུ་རུང་ཞིང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པས་རྟག་ཏུ་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་གང་ཡིན་པར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུའོ། ། བྱང་ཆུབ་སེམས་དཔའ་རྣམས་ཚད་མེད་བཞི་བསྒོམ་པ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་དབང་བྱེད་པའམ་བདག་པོའི་འབྲས་བུའོ། །ཚད་མེད་བཞི་དང་ལྡན་པའི་བྱང་སེམས་རྣམས་སེམས་ཅན་བསྟན་པ་འདི་ལ་མ་ཞུགས་པ་རྣམས་བསྟན་པ་ལ་གཞུག་པ་དང་། ཞུགས་པ་དག་ཀྱང་གོང་ནས་གོང་དུ་རིམ་པར་རྣམ་པར་སྨིན་པར་བྱེད་པ་ནི་བརྩོན་འགྲུས་ཀྱི་སྒོ་ནས་སྐྱེས་བུའི་རྩལ་གྱི་འབྲས་བུའམ་སྐྱེས་བུའི་བྱེད་པའི་འབྲས་བུའོ། །ཚེ་འདིར་གོམས་པས་ཕྱི་མའི་སྐྱེ་བ་ཀུན་དུ་ཚངས་གནས་དང་མི་འབྲལ་བ་ཉིད་དུ་འགྱུར་བ་རྒྱུ་མཐུན་གྱི་འབྲས་བུའོ། །ཚངས་གནས་བཞི་པོ་དེ་ཡི་མི་མཐུན་ཕྱོགས་གནོད་སེམས་སོགས་བཞི་དང་བྲལ་བ་ནི་བྲལ་བའི་འབྲས་བུའོ། །ཚངས་གནས་གོམས་པ་ཚད་དུ་གྱུར་པའི་རྟགས་ནི། གནོད་སེམས་སོགས་ཀྱི་གཉེན་པོ་བྱམས་སོགས་ཆེད་དུ་མ་བསྒོམ་པར་རང་གར་གནས་པའམ་བག་ཟོན་བྱས་པ་མེད་པར་གྱུར་ཀྱང་། གནོད་སེམས་སོགས་སྐྱེད་པར་བྱེད་པ་དེ་ཡི་རྐྱེན་མི་བཟད་པ་མངོན་དུ་གྱུར་པས་ཀྱང་བྱམས་སོགས་ཉམས་པར་མི་འགྱུར་བ་ནི་ཚངས་གནས་གོམས་ཤིང་མི་མཐུན་ཕྱོགས་བྲལ་བར་གྱུར་པའི་རྟགས་དང་མཚན་མ་ཡིན་ནོ། །འདི་འབྲས་བུའི་ཞར་ལ་བསྟན་པ་ལྟར་བྱས་ན་དེའི་ས་བཅད་ཀྱི་ཁོངས་དང་། ལོགས་སུ་ཕྱེ་ན་ཚད་མེད་གོམས་པའི་རྟགས་ལྔ་པར་བྱས་ཏེ་ས་བཅད་བདུན་དུ་བྱའོ། །ལྔ་པ་མི་མཐུན་ཕྱོགས་བཤད་པ་ནི། བྱང་ཆུབ་སེམས་དཔའ་ཚད་མེད་བཞི་དང་མི་ལྡན་པའི་ཉེས་པ་ནི། སེམས་ཅན་བདེ་བ་དང་མ་འཕྲད་ན་སྙམ་པས་སྡུག་བསྔལ་ལ་སྦྱོར་ཕྱིར་བསད་པ་དང་བརྡེག་པ་སོགས་གནོད་པ་བྱ་བར་སེམས་པ་ནི་བྱམས་པའི་མི་མཐུན་ཕྱོགས་དང་། ལུས་ཀྱིས་བརྡུང་བརྡེག་སོགས་རྣམ་པར་འཚེ་བར་བྱེད་པ་ནི་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེའི་མི་མཐུན་ཕྱོགས་དང་། སེམས་ཅན་བདེ་བ་དང་ལྡན་པར་མཐོང་བ་ལ་ཕྲག་དོག་གི་སེམས་ཀྱིས་དེ་ལ་མི་མོས་མི་དགའ་བ་ནི་དགའ་བའི་མི་མཐུན་ཕྱོགས་དང་། ཚོར་བ་སྡུག་བསྔལ་བ་དང་དགྲ་ལ་སོགས་པའི་སེམས་ཅན་མཐོང་ན་གནོད་སེམས་སྐྱེ་བ་དང་། ཚོར་བ་བདེ་བ་དང་མཛའ་བ་ལ་སོགས་པ་མཐོང་ན་འདོད་པའི་འདོད་ཆགས་སྐྱེ་བ་དང་ལྡན་པ་ནི་བཏང་སྙོམས་ཀྱི་མི་མཐུན་ཕྱོགས་སོ། ། དེ་ལྟར་ཚད་མེད་པ་བཞིའི་མི་མཐུན་ཕྱོགས་དང་ལྡན་ན། ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་སྣ་ཚོགས་པའི་ཉེས་དམིགས་རྣམ་པ་མང་པོ་ལ་རེག་པར་འགྱུར་རོ།། ཇི་ལྟར་ཉེས་དམིགས་མང་པོ་འབྱུང་ཞེ་ན་གནོད་སེམས་རྣམ་འཚེ་སོགས་ཉོན་མོངས་ཀྱིས་ནི་སྲོག་བཅོད་པ་སོགས་སྡིག་པ་བྱས་པས་བདག་ཉིད་ཚེ་འདི་ལ་བསད་པ་བཅིངས་པ་སོགས་དང་། ཚེ་རབས་གཞན་དུ་དམྱལ་བ་སོགས་སུ་སྐྱེ་བས་སྡུག་བསྔལ་གྱིས་འཇོམས་པར་བྱེད་དོ། །ཉོན་མོངས་དེ་དག་གིས་གཞན་གྱི་སྲོག་དང་ལོངས་སྤྱོད་ཆུང་མ་སོགས་ལ་གནོད་པའི་སྒོ་ནས་སེམས་ཅན་འཇོམས་ཤིང་དེ་ལྟར་ཞུགས་པ་དེ་ཚུལ་ཁྲིམས་ཡང་དག་པར་བླངས་བ་ལས་ཉམས་པར་འགྱུར་བས་ཚུལ་ཁྲིམས་ཀྱང་འཇོམས་སོ། ། དེ་ལྟར་ཚུལ་ཁྲིམས་ཉམས་པ་དང་བཅས་པ་དེ་འདི་སྙམ་དུ་བདག་ནི་འཕགས་པ་རྣམས་ཀྱིས་བསྟོད་པའི་ལམ་མཐོ་རིས་སུ་སྐྱེ་བ་ནི་བོར་ཏེ། སོ་སོའི་སྐྱེ་བོ་སྡིག་ཅན་གྱིས་བསྟེན་པའི་ལམ་ངན་སོང་གི་ལམ་དུ་ཞུགས་པས་བདག་ནི་བརླག་པ་ཡིན་ནོ་ཞེས་སེམས་ལ་གདུང་བ་དང་བཅས་པའམ་འགྱོད་པ་དང་བཅས་ཤིང་སེམས་ཉམས་ཤིང་ཞུམས་པ་དང་བཅས་པར་འགྱུར་བ་དང་། ཚུལ་ཁྲིམས་ཉམས་པ་དེ་ལ་སྔོན་སྦྱིན་བདག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་གང་ཟག་འདི་ནི་སྡིག་པ་བྱེད་པ་ཡིན་པས་སྦྱིན་པའི་གནས་མ་ཡིན་ནོ་སྙམ་དུ་ཅི་ཡང་འབུལ་བར་མི་བྱེད་ཅིང་། དེ་བཞིན་གཞན་དག་གིས་ཀྱང་བརྙས་ཤིང་མཆོད་པའི་གནས་སུ་མི་བཞག་པས་ཆོས་གོས་དང་བཟའ་བཏུང་ཡོ་བྱད་ཀྱི་རྙེད་པས་དམན་ཞིང་། སྔར་ཚུལ་ཁྲིམས་དང་ལྡན་པའི་དུས་ན་ལྷ་ལ་སོགས་པས་སྲུང་བར་བྱེད་པ་ཡང་དེ་ལ་སྨོད་ཅིང་ཕྱིན་ཆད་སྲུང་བར་མི་བྱེད་པ་དང་། དེ་བཞིན་དུ་སྟོན་པས་ཀྱང་དགེ་སློང་འདི་ནི་དགེ་སློང་དུ་མི་རུང་བ་དགེ་སྦྱོང་གི་ཆོས་ལས་ཉམས་པ། བོང་བུ་ལྟར་སྤྱོད་པ། ཤི་བའི་རོ་དང་འདྲ་བ་ཞེས་འདུལ་བ་སོགས་ལས་རྣམ་པ་དུ་མར་སྨད་པ་མཛད་པ་དེ་ཡང་དེ་ལ་ཐོབ་པ་དང་། ཚུལ་ཁྲིམས་ཉམས་པ་དེ་ཆོས་ཉིད་ཀྱིས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱིས། འདི་དང་ལྷན་གཅིག་གནས་སུ་མི་རུང་ཞེས་ཚིག་གིས་སྨ་འབེབ་ཅིང་རྩོད་པར་བྱེད་དེ། ཆད་པས་གཅོད་པ་དང་། སྐྲོད་པ་ལ་སོགས་པའི་ལས་བྱེད་པ་དང་བཅས་པའི་ཕྱིར་རོ། ། གང་ཟག་ཆེ་གེ་མོ་ཞིག་གིས་ཚུལ་ཁྲིམས་ཉམས་ཤིང་སྡིག་པའི་ལས་འདི་དང་འདི་ལྟ་བུ་བྱས་ཞེས་ཕྱོགས་དང་ཕྱོགས་སུ་མི་སྙན་པ་བསྒྲག་པར་འགྱུར་བ་དང་། གང་ཟག་ཚུལ་ཁྲིམས་ཞིག་པ་དེ་ནི་ཚེ་འདིར་སྡུག་བསྔལ་མང་པོ་ཐོབ་པ་དེ་ཙམ་དུ་མ་ཟད་སྐྱེ་བ་གཞན་དུ་དམྱལ་བ་ལ་སོགས་པ་མི་ཁོམས་པའི་གནས་རྣམས་སུ་སྐྱེ་བ་དང་། སྔར་རང་རྒྱུད་ལ་ཐོབ་ཟིན་པའི་ཐོས་པ་དང་ཚུལ་ཁྲིམས་དང་ཚད་མེད་བཞི་སོགས་ལས་ཀྱང་ཉམས་པར་འགྱུར་བ་དང་། སླར་ཡོན་ཏན་གྱི་ཆོས་མ་ཐོབ་པ་ཡང་ཐོབ་མི་ནུས་པས་མ་ཐོབ་པ་ལས་ཀྱང་ཉམས་པས་ཡིད་ལ་འགྱོད་པ་དང་གདུང་བ་མི་བཟོད་པའི་སྡུག་བསྔལ་ཆེན་པོ་འཐོབ་པར་འགྱུར་ཏེ། འདི་དག་ནི་གཉེན་པོ་བྱམས་སོགས་དང་མི་ལྡན་པའི་དབང་གིས་མི་མཐུན་ཕྱོགས་ཉོན་མོངས་རྣམས་འཕེལ་བ་ཉིད་ཀྱི་ཉེས་དམིགས་སོ། །དྲུག་པ་ཡོན་ཏན་ནི། ཇི་སྐད་བཤད་མ་ཐག་པའི་ཉེས་པ་འདི་ཀུན་བྱམས་པ་སོགས་ཚད་མེད་བཞི་ལ་ཚུལ་བཞིན་ལེགས་པར་གནས་པ་རྣམས་ལ་ནམ་ཡང་མི་འབྱུང་སྟེ། ཚད་མེད་བཞི་དང་ལྡན་པ་དེ་ནི་ཤེས་རབ་ཀྱི་སྟོབས་ཀྱིས། ཆགས་སོགས་ཉོན་མོངས་པས་མི་གོས་པའི་ཕྱིར་ཉོན་མོངས་ཅན་མིན་ཡང་། སྙིང་རྗེས་སེམས་ཅན་གཞན་གྱི་དོན་དུ་འཁོར་བ་ཡོངས་སུ་མི་གཏོང་སྟེ་འཁོར་བ་སྐྱེ་བ་བཟུང་ནས་སེམས་ཅན་སྨིན་པར་བྱེད་པ་ཡིན་ཏེ། ཇི་ལྟར་རྒྱལ་བའི་སྲས་རྣམས་སེམས་ཅན་ཐམས་ཅད་ལ། བྱམས་པ་ལ་སོགས་པ་ཚད་མེད་བཞིའི་སེམས་པ་ཡིས་ཕན་བདེ་བྱེད་པ་འདི་ལྟ་བུ་འབྱུང་བ་ནི་སེམས་ཅན་ཕལ་པ་ཐམས་ཅད་ལ་ཡང་མེད་ལ་ཕ་མ་གཉིས་ཀྱིས། ཡོན་ཏན་དང་ལྡན་པ་ཡི། བུ་གཅིག་པུ་སྡུག་ཅིང་ཕོངས་པ་ལ་ཡང་བྱང་ཆུབ་སེམས་དཔའི་བྱམས་པ་དེ་ལྟ་བུ་བསྐྱེད་ནུས་པ་མ་ཡིན་ནོ། །གཉིས་པ་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་རྣམ་གྲངས་དགུ་ལས་དང་པོ་སྙིང་རྗེའི་དམིགས་ཡུལ་ནི་རྣམ་པ་བཅུ་སྟེ། འདོད་ཁམས་པ་འདོད་པའི་ཡོན་ཏན་ལྔ་ལ་འདོད་ཆགས་རབ་ཏུ་འབར་བ་རྣམས་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་རྣམས་ཚིམ་པ་མེད་པར་འདོད་ཆགས་ཀྱི་མེ་རབ་ཏུ་འབར་བས་རང་དབང་མེད་པར་བྱས་སོ་ཞེས་སྙིང་རྗེ་རབ་ཏུ་སྐྱེའོ། ། དེ་བཞིན་དུ་དགེ་བ་བྱེད་པ་ལ་ཞུགས་ཀྱང་དེ་ཡི་དགྲ་བདུད་ཀྱིས་བར་ཆད་བྱས་པ་ཡི་དབང་དུ་སོང་ནས་དགེ་བ་བྱེད་པ་བཏང་བ་རྣམས་ལ་ཡང་སྙིང་རྗེ་བ་སྐྱེའོ། །ངན་སོང་གསུམ་དུ་སྐྱེས་ནས་ཚོར་བ་མི་བཟོད་པ་མྱོང་བ་དང་། མཐོ་རིས་ན་ཡང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱིས་ནོན་པར་གྱུར་པའི་སེམས་ཅན་རྣམས་ལ་དམིགས་ནས་སྙིང་རྗེ་རབ་ཏུ་སྐྱེའོ། །སྡུག་བསྔལ་གྱི་རྒྱུ་ལུས་ངག་ཡིད་ཀྱི་ཉེས་པར་སྤྱོད་པ་སྲོག་གཅོད་པ་སོགས་ལ་ཞུགས་ནས་དེའི་འབྲས་བུ་དམྱལ་སོགས་ཀྱི་སྡུག་བསྔལ་འབྱུང་བ་མི་ཤེས་པའི་མུན་པས་བསྒྲིབས་པ་ཤན་པ་དང་རྔོན་པ་དང་རྐུན་པོ་སོགས་སེམས་ཅན་སྡུག་པ་བྱེད་པ་རྣམས་ལ་སྙིང་རྗེ་བ་དང་། གང་དག་ཐར་བའི་ཕྱོགས་ལ་ཡིད་གཏན་ནས་མི་འཇུག་པ་རིགས་ཆད་པའི་གང་ཟག་རྣམས། སྐྱེ་བ་མཐའ་མེད་པར་འཁོར་བར་འཁྱམས་པས་བགྲོད་དཀའི་ལམ་ལ་ཀུན་དུ་ཞུགས་པ་ཡིན་པས་དེ་རྣམས་ལ་སྙིང་རྗེ་སྐྱེའོ། །བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་ཅན་བདག་དང་བདག་གིར་ལྟ་བ་སོགས་ལྟ་བ་ངན་པ་སྣ་ཚོགས་ཀྱི་འཆིང་བ་ཆེ་དང་ཡང་དག་ལྡན་པ་རྣམས་ལ་སྙིང་རྗེ་སྐྱེའོ། །བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་ཙམ་ལ་ཐར་པ་དང་བདེ་བར་འདུ་ཤེས་པས་རོ་མྱང་ཞིང་ཆགས་པ་ནི་དཔེར་ན་ཟས་ཆེན་པོ་ཡིད་འོང་དུག་དང་འདྲེས་པ་ལ་ཞེན་ནས་ཟ་བ་དང་འདྲ་བར་གནས་སྐབས་དེར་བདེ་ཡང་མཐར་ཉམས་པའི་ཆོས་ཅན་ཡིན་པས་འཁོར་བ་ལས་མ་འདས་པས་དེ་འདྲའི་སེམས་ཅན་རྣམས་ལ་དམིགས་ནས་སྙིང་རྗེ་སྐྱེའོ། །མུ་སྟེགས་པ་དག་ཐར་བའི་ཆེད་དུ་མེ་ལྔས་གདུང་བ་དང་བྲག་ཁ་ནས་ལྕེབ་པ་སོགས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱིན་ཅི་ལོག་པར་ལམ་དུ་མཐོང་ནས་ཐར་བ་འཚོལ་བ་ནི། ཡང་དག་པའི་ལམ་ནི་རབ་ཏུ་སྟོར་བ་གྱུར་པ་ཡིན་པས་དེ་རྣམས་ལ་དམིགས་ནས་སྙིང་རྗེ་རབ་ཏུ་སྐྱེའོ། ། ཉན་ཐོས་དང་བྱང་སེམས་ཀྱི་རིགས་མ་ངེས་པ་དག་ཉན་རང་གི་ལམ་དུ་ཞུགས་པ་ནི་ཐར་པའི་ལམ་ལ་ཞུགས་ཀྱང་རང་གཞན་དོན་གཉིས་སྒྲུབ་པའི་ཐེག་པ་ཆེན་པོའི་ལམ་ལས་གོལ་བ་དམན་ལམ་ལ་རབ་ཏུ་ཞུགས་པ་རྣམས་ལ་སྙིང་རྗེ་སྐྱེའོ། །ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཀྱང་མཐུན་རྐྱེན་ཚོགས་མ་རྫོགས་པ་དང་། འགལ་རྐྱེན་གྱིས་ཟིན་པས་ལམ་ཚུལ་བཞིན་སྒྲུབ་མི་ནུས་པར་སྟོབས་ཆུང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེའོ། ། དེ་ལྟར་དམིགས་ཡུལ་བཅུ་ལ་བརྟེན་ནས་སྐྱེས་པའི་སྙིང་རྗེ་དེ་ཡང་དབྱེ་བ་རྣམ་པ་བཅུར་འགྱུར་རོ། །གཉིས་པ་སྙིང་རྗེས་སེམས་ཅན་རྣམས་ལ་དམིགས་པའི་འབྲས་བུ་ཅི་ཞིག་འཐོབ་ན། སྙིང་རྗེ་དང་ལྡན་པ་རྣམས་ནི་སེམས་ཅན་རྣམས་ལ་བརྡེག་བཙོག་སོགས་ཀྱི་འཚེ་བ་རྣམ་པར་སྤང་པ་ནི་བྲལ་བའི་འབྲས་བུའོ། །བྱང་ཆུབ་མཆོག་གི་ས་བོན་དུ་གྱུར་པའི་ཚོགས་གཉིས་གསོག་པ་ནི་བདག་པོའི་འབྲས་བུ་དང་། སེམས་ཅན་གཞན་ལ་སྡུག་བསྔལ་དང་བྲལ་བའི་བདེ་བ་བསྐྱེད་པ་དང་། དེའི་ཆེད་དུ་རང་གིས་ཚ་གྲང་ངལ་དུབ་སོགས་གདུང་བ་སྣ་ཚོགས་དང་དུ་ལེན་པར་བྱེད་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྙིང་རྗེ་དང་ལྡན་པ་རྣམས་གང་དང་གང་དུ་སྐྱེ་བར་འདོད་པ་དེར་སྐྱེ་བར་འགྱུར་བ་ཇི་ལྟར་འདོད་པའི་རྒྱུ་བྱེད་པ་རྣམ་སྨིན་གྱི་འབྲས་བུའོ། །ཚེ་རབས་སྔ་མ་རྣམས་སུ་སྙིང་རྗེ་གོམས་པས་ཚེ་རབས་ཕྱི་མ་རྣམས་སུ་ཡང་སྙིང་རྗེ་གོང་དུ་འཕེལ་ཞིང་རྒྱུན་ཆགས་སུ་འབྱུང་བ་ནི་སྙིང་རྗེའི་རང་བཞིན་ནམ་ངོ་བོ་ཉིད་སྦྱིན་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། ། དེ་ལྟ་བུའི་སྙིང་རྗེའི་ཆོས་ལྔ་པོ་དེ་ལ་རྟེན་པ་ཡི་རྒྱལ་བའི་སྲས་རྣམས་བླ་ན་མེད་པའི་བྱང་ཆུབ་ནི་ཐག་མི་རིང་སྟེ་མྱུར་དུ་ཐོབ་པར་འགྱུར་རོ། །གསུམ་པ་ཤེས་རབ་དང་ལྡན་པའི་སྙིང་རྗེའི་བྱེད་ལས་ནི། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བློ་གྲོས་མཆོག་ཤེས་རབ་ཀྱི་སྟོབས་ཀྱིས་ཁམས་གསུམ་འཁོར་བར་གཏོགས་པ་ཡི་ཕྱི་དང་ནང་གི་ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་གསུམ་དང་ནང་གསེས་སུ་ཕྱེ་བའི་རྣམ་གྲངས་ཤིན་ཏུ་མང་པོའི་སྡུག་བསྔལ་བའི་བདག་ཉིད་ཀུན་ཤེས་པ་དང་ཆོས་དེ་དག་སྟོང་པ་དང་བདག་མེད་པར་རྣམ་པར་ཤེས་ནས་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་བར་མི་འགྱུར་ཞིང་སྙིང་རྗེས་གཞན་དོན་བྱེད་ལ། ཤེས་རབ་ཀྱིས་འཁོར་བ་རང་བཞིན་མེད་པར་ཤེས་པའི་ཕྱིར་འཁོར་བའི་ཉེས་པ་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་བ་དང་། འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་པས་རབ་ཏུ་གནོད་པར་ཡང་མི་འགྱུར་རོ། །འཇིག་རྟེན་མཐའ་དག་གི་སྡུག་བསྔལ་གསུམ་ལ་བདག་རང་ཉིད་ཀྱི་སྡུག་བསྔལ་དང་འདྲ་བར་ལྟ་བ་ཡི། གཞན་ལ་བརྩེ་བ་དང་ལྡན་པའི་ཚུལ་དེ་དང་ནི། སྡུག་བསྔལ་དེ་སྤོང་བའི་ཐབས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཡིན་པར་མཁྱེན་ནས་དེའི་གཉེན་པོ་ལམ་དང་འགོག་པ་དང་བཅས་པ་དག་ཀྱང་ཇི་ལྟ་བཞིན་དུ་རིག་ཅིང་ཁོང་དུ་ཆུད་པའི་ཕྱིར། གཞན་གྱི་སྡུག་བསྔལ་ལ་བཏང་སྙོམས་སུ་མི་བྱེད་པར་སྙིང་རྗེ་ཞིང་ཉམ་ང་བར་བྱེད་ཀྱང་། དེ་བསལ་བའི་ཐབས་ཤེས་པས་སྡུག་བསྔལ་དེས་སེམས་སྐྱོ་བར་ཡང་མི་འགྱུར་རོ། །བཞི་པ་སྙིང་རྗེའི་དབྱེ་བ་ནི་སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའི་བརྩེ་བ་འདི་ལ་རང་བཞིན་ཏེ་རིགས་ཀྱི་དབང་གིས་སྙིང་རྗེའི་རང་བཞིན་ཅན་དུ་གྱུར་པ་དང་ནི། སྙིང་རྗེའི་ཡོན་ཏན་དང་སྙིང་རྗེ་མེད་པའི་སྐྱོན་དང་། སེམས་ཅན་རྣམས་རང་དབང་མེད་པར་སྡུག་བསྔལ་གསུམ་ལ་འཕྱན་པའི་ཚུལ་དང་དེ་རྣམས་རང་གི་གཉེན་དང་བཤེས་སུ་གྱུར་པ་གྲངས་མེད་པ་དང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལ་ཐམས་ཅད་འདྲ་ཡང་། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་སོགས་སྙིང་རྗེའི་བློ་སྦྱང་བའི་ཚུལ་རྣམས་སོ་སོར་བརྟགས་པ་བྱས་པ་དང་སྙིང་རྗེ་དེ་སྔོན་གོམས་པར་བྱས་པ་དང་ལྡན་པ་དང་། མི་མཐུན་ཕྱོགས་གནོད་སེམས་རྣམ་འཚེ་སོགས་ཉམས་པར་གྱུར་པའི་སྙིང་རྗེ་རྣམ་དག་ཐོབ་པ་བཞིའོ། །ཕྱི་མ་འདི་ནི་གང་ལ་ཡང་ཆགས་པ་དང་ཞེ་སྡང་མི་སྐྱེ་བའི་འདོད་ཆགས་དང་བྲལ་བའི་སྙིང་རྗེ་ཐོབ་པའོ། ། དེ་ལྟར་རང་བཞིན་དང་། སོ་སོར་བརྟགས་པ་དང་། བསྒོམ་པ་དང་། འདོད་ཆགས་དང་བྲལ་བ་ཐོབ་པ་བཞིའོ། ལྔ་པ་སྙིང་རྗེ་ཆེན་པོའི་ཁྱད་པར་བཤད་པ་ལ་དངོས་དང་། དེའི་ཆེ་བ་དཔེས་བསྟན་པ་གཉིས། དང་པོ་མཉམ་པའི་སྙིང་རྗེ་མེད་ན་སྙིང་རྗེ་ཆེན་པོ་མ་ཡིན་ཞིང་། སོ་སྐྱེ་དང་ཉན་ཐོས་རང་སངས་རྒྱས་ཀྱི་སྙིང་རྗེ་ལྟ་བུ་འགྱུར་ཏེ་ཇི་ལྟར་ན། སེམས་ཅན་སྡུག་བསྔལ་གྱི་སྡུག་བསྔལ་མངོན་དུ་གྱུར་པའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་ཡང་། བདེ་ཚོར་དང་ལྡན་པ་དང་བཏང་སྙོམས་ཀྱི་ཚོར་བ་དང་ལྡན་པ་ལ་སྙིང་རྗེ་མི་སྐྱེ་བ་ནི་མི་མཉམ་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་ཅི་མྱོང་ཡང་སྡུག་བསྔལ་གསུམ་ལས་མ་འདས་པར་གཟིགས་ནས། ཇི་ལྟར་མནར་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བ་ལྟར། སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་རྣམས་ལ་ཡང་དེ་དང་འདྲ་བར་མཉམ་པར་སྙིང་རྗེ་སྐྱེ་བས་ན་མཉམ་པ་ཉིད་ཀྱི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་དང་། བར་འགའ་སྙིང་རྗེ་འབྱུང་རེས་འགའ་མི་འབྱུང་བ་ལྟ་བུ་སོ་སྐྱེའི་སྙིང་རྗེ་དང་། ཉན་རང་རྣམས་ལ་ཡང་སེམས་ཅན་ལ་སྙིང་རྗེ་བ་ཙམ་ཡོད་ཀྱང་ཕུང་པོ་ལྷག་མེད་ཀྱི་དུས་ན་ཟད་ཅིང་རྒྱུན་ཆད་པས་རྟག་པ་མིན་པས་སྙིང་རྗེ་ཆེན་པོ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་སློབ་པ་ལམ་གྱི་གནས་སྐབས་ཀུན་ཏུ་རྒྱུན་ཆགས་པར་འབྱུང་བ་དང་། ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་ཀྱང་ནམ་ཡང་མི་ཟད་པས་རྟག་པའི་སྙིང་རྗེ་ཡིན་པའི་ཕྱིར་སྙིང་རྗེ་ཆེན་པོའོ། ། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་པའི་བསམ་པས་མིན་པའི་སྙིང་རྗེ་ནི། འཇིག་རྟེན་པས་རང་དོན་དང་འདྲེས་ནས་མཛའ་བཤེས་སོགས་བདག་གིར་འཛིན་པ་ལ་སྙིང་རྗེ་བ་དང་། རང་ལ་ཕན་འདོགས་པ་ལ་སྙིང་རྗེ་བ་ཙམ་དང་། ཉན་རང་རྣམས་ལ་བདག་གཞན་མཉམ་པ་ཉིད་རྟོགས་པས་གཞན་དོན་ཁུར་དུ་འཁྱེར་བའི་བསམ་པ་མེད་པས་དེ་དག་གི་སྙིང་རྗེ་ལ་སྙིང་རྗེ་ཆེན་པོ་ཞེས་མི་བྱ་ལ། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་ནས་བདག་གཞན་མཉམ་པ་ཉིད་ཀྱི་ཆོས་ཉིད་མངོན་སུམ་རྟོགས་པས་བསམ་པའི་སྒོ་ནས་རང་དོན་དང་གཞན་དོན་ཁྱད་མེད་པ་གཞན་དོན་ཁུར་དུ་འཁྱེར་བའི་ལྷག་པའི་བསམ་པ་དང་ལྡན་པའི་སྙིང་རྗེ་ནི་སྙིང་རྗེ་ཆེན་པོའོ། །གང་ལ་སེམས་ཅན་སྡུག་བསྔལ་བར་མཐོང་ནས་སྙིང་བརྩེ་བ་ཙམ་ཡོད་ཀྱང་། སྡུག་བསྔལ་ལས་བསྐྱབ་པའི་བྱ་བ་དངོས་སུ་སྒྲུབ་པའི་སྒོ་དང་བྲལ་བ་ནི་སྙིང་རྗེ་ཆེན་པོ་མ་ཡིན་ཏེ། ཉན་རང་རྣམས་ལ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ལ་སྙིང་རྗེ་བ་ཙམ་ཡོད་ཀྱང་། སྡུག་བསྔལ་བསྐྱབ་པ་ཉིད་སྒྲུབ་པར་མི་བྱེད་པ་བཞིན་ནོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་པའི་མཐའི་བར་དུ་སེམས་ཅན་ལ་ཕན་བདེ་སྒྲུབ་པར་མཛད་པའི་ཕྱིར་དེ་དག་ནི་སྙིང་རྗེ་ཆེན་པོ་ཅན་ཡིན་ནོ། །སེམས་ཅན་རྣམས་མཛའ་བ་ལ་སྙིང་རྗེ་ཡོད་ཀྱང་རྣམ་པ་ཀུན་དུ་མ་ཡིན་པར་བར་འགའ་ཞེ་སྡང་འབྱུང་བ་དང་། དགྲ་ལ་ཞེ་སྡང་ཡོད་པས་ཉོན་མོངས་དང་མ་བྲལ་བ་དང་། ཉན་རང་འཕགས་པ་རྣམས་ལ་ཞེ་སྡང་དངོས་སུ་མེད་ཀྱང་དེའི་བག་ཆགས་ཕྲ་མོ་མ་སྤངས་བས་དེ་དག་གི་སྙིང་རྗེ་ཆེན་པོ་ཞེས་མི་བྱ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སྙིང་རྗེའི་མི་མཐུན་ཕྱོགས་ཞེ་སྡང་དང་འཚེ་བའི་བག་ལ་ཉལ་ལ་འདོད་ཆགས་དང་བྲལ་བས་སྙིང་རྗེ་ཆེན་པོ་ཡིན་པ་དང་། སྙིང་རྗེ་ཡོད་ཀྱང་སྙིང་རྗེའི་འཁོར་གསུམ་གྱི་མཚན་མར་མི་དམིགས་པས་མིན་པ་དེ་ནི་སྙིང་རྗེ་ཆེན་པོ་མིན་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དེ་ནི་སྙིང་རྗེ་ཆེན་པོའོ། །འདི་ནི་ས་བརྒྱད་པ་ཡན་ཆད་རྣམ་པར་མི་རྟོག་པ་ཡོངས་སུ་སྨིན་པའི་གནས་སྐབས་ལ་བཞེད་པ་ཡོད་ཀྱང་། བྱང་སེམས་འཕགས་པ་སྤྱི་ལ་སྦྱར་ཀྱང་མི་འགྲིགས་པ་མེད་དོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་བཤད་པ་དེ་ལྟ་བུ་མཐར་ཕྱིན་པ་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ས་ན་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ཞེས་བྱ་སྟེ། སྙིང་རྗེ་དང་ཐུགས་རྗེ་ནི་སྐད་དོད་གཅིག་ལ་ཞེས་སྦྱར་མ་སྦྱར་ཙམ་ལས་དོན་འདྲ་ཡང་ཆེན་པོའི་ཁྱད་པར་དུ་བྱས་པ་ནི་སྐབས་འདིར་བཤད་མ་ཐག་པ་ལྟར་གོ་དགོས་སོ། ། དེ་ལྟར་མཉམ་པ་མིན་པ་དང་། རྟག་པ་མིན་པ་སོགས་རྣམ་པ་དྲུག་བཤད་པ་གང་དེ་བརྩེ་བ་སྙིང་རྗེ་ཆེན་པོ་མིན་ཏེ། དེ་ལས་བཟློག་པ་དྲུག་པོའི་ཁྱད་ཆོས་དང་ལྡན་པ་ནི་སྙིང་རྗེ་ཆེན་པོའོ། །བཤད་མ་ཐག་པ་དེ་བཞིན་དུ་བརྩེ་བ་ཆེན་པོ་མེད་པ་གང་དེ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཅན་ཞེས་བྱ་བ་མིན་ནོ། །གཉིས་པ་སྙིང་རྗེ་ཆེན་པོའི་ཆེ་བ་དཔེས་བསྟན་པ་སྙིང་རྗེ་དང་ནི་བཟོད་དང་སོགས་ཚིགས་བཅད་ལྔ་སྟེ། དཔེ་ལྗོན་ཤིང་བཟང་པོ་ལ་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དྲུག་ཡོད་པ་བཞིན་དུ། དཔེ་ཅན་སྙིང་རྗེ་ཆེན་པོ་ལ་ཡང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་ནི། དེ་ལས་གཞན་དོན་དུ་དཀའ་བ་སྣ་ཚོགས་སྤྱད་པ་ལ་བཟོད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཐབས་སྣ་ཚོགས་མངོན་དུ་བྱེད་པ་ལ་སེམས་པ་དང་། སྐྱེ་བ་ཚེ་རབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པའི་ལུས་དང་ལོངས་སྤྱོད་འཁོར་དང་གནས་ཕུན་སུམ་ཚོགས་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང་། སྨོན་ལམ་གྱི་ཤུགས་ཀྱིས་ཚེ་རབས་གར་སྐྱེས་ཀྱང་བདག་དང་གཞན་ལ་ཕན་པར་བྱེད་པའི་སྐྱེ་བ་མང་པོ་ལེན་པ་དང་། དེའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ལ། དང་པོ་སྙིང་རྗེ་ཆེན་པོ་ནི་ཕྱི་མ་ལྔ་པོའི་རྩ་བ་ལྟ་བུ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ལྟ་བུར་སྔོན་དུ་འགྲོ་བ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་དབུགས་ཕྱིར་འ བུད་པ་དང་རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའོ་ཞེས་དང་། འཕགས་པ་ག་ཡའི་རིའི་མདོ་ལས་བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོའོ། །སེམས་ཅན་ནི་དམིགས་པའོ་ཞེས་གསུངས་པ་བཞིན་ནོ། །ཐ་མ་སེམས་ཅན་སྨིན་པར་བྱེད་པ་ནི་ཤིང་ལས་འབྲས་བུ་མཆོག་ཡོངས་སུ་སྨིན་པ་དང་ལྡན་པ་འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན་ནོ། །ཞེས་གསུངས་པས། རྩ་བ་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་གྱི་དོན་དུ་སྡུག་བསྔལ་སྣ་ཚོགས་བཟོད་པའི་སྡོང་བོ་འབྱུང་ལ། བཟོད་པའི་སྡོང་པོ་ལ་བརྟེན་ནས་སེམས་ཅན་སྡུག་བསྔལ་ལས་བསྒྲལ་བའི་ཐབས་ལ་སེམས་པ་ཡལ་ག་ལྟ་བུ་འབྱུང་ངོ་། །ཐབས་སེམས་པའི་ཡལ་ག་ལས་སྐྱེ་བ་གཅིག་ཙམ་གྱིས་སེམས་ཅན་མཐའ་ཡས་པའི་དོན་བྱེད་མི་ནུས་པས་སྐྱེ་བ་ཐམས་ཅད་དུ་རིམ་གྱིས་སེམས་ཅན་ཚད་མེད་པའི་སྐྱེ་བ་འཛིན་པར་སྨོན་ལམ་འདེབས་པ་ལོ་མ་ལྟ་བུ་འབྱུང་ངོ་། སྨོན་ལམ་གྱི་ལོ་མ་ལས་སེམས་ཅན་གྱི་དོན་དུ་ཇི་ལྟར་འདོད་པར་སྐྱེ་བའི་མེ་ཏོག་ལྟ་བུ་འབྱུང་ངོ་། །སྐྱེ་བའི་མེ་ཏོག་ལས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་འབྱུང་སྟེ། དེ་ལྟར་ལྗོན་ཤིང་བཟང་པོ་དང་འདྲ་བར་བསྔགས་པ་ཡིན་ནོ། ། དེ་ཉིད་རྒྱས་པར་བཤད་པ་ལ་དང་པོ་རྩ་བ་མེད་ན་གཞན་རྣམས་ལྡོག་པའི་ཚུལ་གྱིས་བསྟན་པ་ནི། ཇི་ལྟར་ཤིང་གི་རྩ་བ་མེད་ན་སྡོང་པོ་ནས་འབྲས་བུའི་བར་དུ་མི་འབྱུང་བ་བཞིན་དུ་རྩ་བ་ལྟ་བུའི་སྙིང་རྗེ་ཆེན་པོ་མེད་པར་གྱུར་ན། སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་པ་དང་དུ་ལེན་པ་ལ་བློས་བཟོད་པ་ཉིད་དུ་མི་འགྱུར་ཏེ། འཇིག་རྟེན་པ་དག་ཀྱང་ཉེ་དུ་སོགས་གང་ལ་བརྩེ་བ་ཡོད་པ་དེའི་ཆེད་དུ་དཀའ་ཡང་འབད་ཀྱི་གཞན་གྱི་དོན་དུ་མི་འབད་པ་དང་། ཉན་རང་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་ལ་དཀའ་སྤྱད་མི་བྱེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱོད་པ་ནམ་ཡང་མི་འདོར་བ་ཡིན་ནོ། །བློ་ལྡན་དེས་གཞན་གྱི་ཆེན་དུ་རང་སྡུག་བསྔལ་བ་མི་བཟོད་པ་ན། སེམས་ཅན་གྱི་དོན་ལ་ཐབས་འདི་དང་འདི་ལྟ་བུ་བྱའོ་ཞེས་སེམས་པ་ཉིད་དུ་མི་འགྱུར་ཏེ། ཐབས་ཡོད་ཀྱང་རང་གིས་སྒྲུབ་པར་མི་ནུས་པས་དེ་ལ་བསམ་པ་ཡང་མི་བྱེད་དོ། ། སེམས་ཅན་གྱི་དོན་དུ་བྱ་བ་སེམས་པ་དང་ནི་བྲལ་བའི་བློ་ཅན་དེས་སེམས་ཅན་རྣམས་ལ་ཕན་འདོགས་པའི་སྐྱེ་བ་སྡིག་པ་དང་མ་འདྲེས་པའི་དཀར་པོ། རང་དོན་ཡིད་བྱེད་ཀྱིས་མ་སྤག་པའི་རྣམ་པར་དག་པ་དག་ཏུ། སྨོན་ལམ་འདེབས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་དེ་ནི་སེམས་ཅན་གྱི་དོན་བྱ་བར་འདོད་པས་དེ་ལྟར་འཁོར་བར་སྐྱེ་བ་འཛིན་པ་ཡིན་གྱི། འཇིག་རྟེན་པ་དག་མཐོ་རིས་ཀྱི་བདེ་བ་ཐོབ་འདོད་ཀྱི་བསམ་པས་དགེ་བ་བྱེད་པ་ལྟ་བུ་མ་ཡིན་ལ། ཉན་རང་རྣམས་འཁོར་བར་སྐྱེ་བ་སྤངས་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །སྨོན་ལམ་གྱི་དབང་གིས་སྲིད་པ་འདི་ན་སེམས་ཅན་རྣམས་ལ་ཕན་འདོགས་པའི་སྐྱེ་བ་བཟང་པོ་མ་ཐོབ་ན། ཚུལ་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་མི་འགྱུར་ཏེ། ཡང་ན་འཇིག་རྟེན་པ་རྣམས་ལས་ཀྱི་རྣམ་པར་སྨིན་པས་སྐྱེ་བ་ཐོབ་པ་ལྟ་བུ་སེམས་ཅན་སྨིན་པར་བྱེད་མི་ནུས་པ་དང་། ཡང་ན་ཉན་རང་ལྟར་སྐྱེ་བ་རྒྱུན་ཆད་པས་སེམས་ཅན་གྱི་དོན་མི་བྱེད་པ་བཞིན་ནོ། །དེ་ལྟར་རྩ་བ་སྙིང་རྗེ་ཆེན་པོ་མེད་ན། སྡོང་པོ་ལྟ་བུའི་བཟོད་པ་ནས། འབྲས་བུ་ལྟ་བུ་སེམས་ཅན་སྨིན་པར་བྱེད་པའི་བར་ལྔ་པོ་དེ་འབྱུང་མི་སྲིད་དོ། །རྩ་བ་ཡོད་ན་གཞན་རྣམས་ཀྱང་རྗེས་སུ་འགྲོ་བའི་ཚུལ་གྱིས་བཤད་པ་ནི། ཇི་ལྟར་ལྗོན་ཤིང་གི་རྩ་བ་ཆུས་བརླན་ན་རྩ་བ་བརྟན་པ་དང་རྒྱས་པར་གྱུར་ནས། དེ་ལས་སྡོང་པོ་ནས་འབྲས་བུའི་བར་རྒྱ་ཆེན་རྒྱས་པར་འགྱུར་བ་ལྟར། རྩ་བ་སྙིང་རྗེའི་ཆུ་བའམ་ཆུས་འཆུ་བ་སྟེ་ཆུས་བརླན་པ་ལ་བློ་བརྟན་འགྲེལ་དུ་གསུངས་ཏེ་འཆུ་བ་ནི་བྱམས་པའོ། །འགྲེལ་པ་ལ་ལས་འཆུ་བ་ཞེས་པ་ཤིང་གི་རྩ་བའི་སྐྲད་ཕྲ་མོ་དག་གིས་སའི་ཆུ་འཐུང་བས་ཤིང་རྒྱས་པས་རྐང་པས་འཐུངས་པ་ཞེས་གྲགས་པ་ལྟར་རྩ་བའི་ཡང་རྩ་བ་ལྟ་བུར་བཤད་པའང་སྣང་ཡང་། དེ་ལྟ་བུ་ཡང་ཡིན་མོད་ཀྱི་དེ་ནི་རྩ་བ་ཉིད་ཀྱི་ཁོངས་སུ་གཏོགས་པ་རྩ་བ་སྙིང་རྗེ་རང་ལ་བཤད་པ་ནི་སྐབས་འདིའི་དོན་ཡིན་ལ། བྱམས་པ་དང་སྙིང་རྗེ་ནི་ཆོས་ཉིད་ཀྱིས་གཅིག་ཡོད་ན་གཅིག་ཤུགས་ཀྱིས་ཚང་བ་ཡིན་པས། སྙིང་རྗེ་ཉིད་རྩ་བ་མ་ཡིན་པར་ད་དུང་རྩ་བ་གཞན་བྱམས་པ་ལ་ངོས་འཛིན་པ་ལྟར་མ་བྱས་པར། རྩ་བ་དེ་ཉིད་འཕེལ་བའི་གྲོགས་སུ་བྱམས་པ་ནི་ཆུས་འཆུ་བའམ་ཆུས་བརླན་པ་ལྟ་བུར་འགྲེལ་པས་བཤད་པ་ལྟར་གོ་བ་བླངས་ན་ལེགས་འདྲ་སྟེ། སྙིང་རྗེའི་ཆུ་ནི་བྱམས་པ་སྟེ། ཞེས་རྩ་བར་ཡོད་པ་དང་འགྲེལ་པས་ཀྱང་དེ་བཞིན་དུ་བཤད་པས། འཆུ་བ་ཞེས་པ་རྩ་བ་སྐྲད་རྣམས་ཀྱིས་ཆུ་འཐུང་བའམ་འཆུ་བའམ་རྩ་བ་ལ་ཆུས་འགྱེད་པའམ་བླུགས་པ་ལ་ཆུས་འཆུ་བའམ་བརླན་པའི་དོན་གྱིས་བྱེད་ཚིག་ཞུགས་པ་ཉིད་ཡིན་པ་འདྲའོ། ། དེའི་ཕྱིར་ན་སྙིང་རྗེའི་རྩ་བ་འཕེལ་བར་བྱེད་པའི་ཕྱིར་ཆུས་འཆུ་བ་ལྟ་བུ་ནི་བྱམས་པ་སྟེ། བྱམས་པའི་སེམས་ཆུ་དང་འདྲ་བས་སྙིང་རྗེའི་རྩ་བ་བརླན་པར་བྱས་ན་སྙིང་རྗེ་འཕེལ་བར་འགྱུར་ཏེ། སེམས་ཅན་སྡུག་བསྔལ་བ་རྣམས་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡོད་པ་དེ་ལས་ཡུལ་དེ་དག་བདེ་བ་ལྡན་འདོད་ཀྱི་བྱམས་པས་དེའི་ཕན་བདེ་སྒྲུབ་པར་བྱེད་འདོད་པས་སེམས་ཅན་རྣམས་ཤིན་ཏུ་གཅེས་པའི་བུ་སྡུག་གུ་བཞིན་དུ་མཐོང་བར་འགྱུར་ཞིང་། ཇི་ལྟ་བུ་ན་བུ་ལ་ཕ་མ་སྡུག་བསྔལ་ཞིང་དེ་ནད་དང་བྲལ་བ འི་བདེ་བ་ཐོབ་པའི་ཐབས་ལ་བརྩོན་པའི་དཀའ་ཚེགས་ཀྱི་སྡུག་བསྔལ་གྱི་འདུ་ཤེས་མི་སྐྱེད་པར། སྨན་སོགས་ཐབས་འདི་ནི་འདི་ལ་ཕན་པར་བྱེད་པ་ཡིན་ནོ་སྙམ་དུ་དེ་ལ་བརྩོན་པ་ལ་དགའ་བའི་འདུ་ཤེས་སྐྱེ་བ་ལྟར། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་པ་ཅན་དེ་ནི་གཞན་དོན་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་ཡང་། གཞན་ལ་ཕན་འདོད་ཀྱི་བྱམས་པས་འདིའི་ཆེད་དུ་འགྱུར་བས་འདི་ནི་སྡུག་བསྔལ་མ་ཡིན་གྱི་དང་དུ་བླང་བར་བྱ་བའི་མཆོག་ཡིན་ནོ་སྙམ་དུ་བདེ་བ་ཡི་འདུ་ཤེས་རྙེད་པ་ཡིས། དེས་ཅི་ལ་ཡང་མི་བཟོད་པ་མེད་པའི་བཟོད་པའི་སྡོང་པོ་ཡངས་ཤིང་རྒྱས་པར་འགྱུར་རོ། ། དེ་ལྟར་བཟོད་པའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་རྒྱས་པའི་རྒྱུ་ལས། གཞན་དོན་བྱ་བའི་ཐབས་ཀྱི་སྒོ་བདག་མེད་གཉིས་དང་མངོན་ཤེས་དང་གཟུགས་སོགས་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་དང་ཐབས་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་གཞན་དོན་སེམས་དཔའི་ཡལ་ག་རྒྱ་ཆེན་པོ་རྣམ་པ་དུ་མ་འཕེལ་བ་དང་། རྒྱུ་དེ་ལས་སེམས་ཅན་གྱི་དོན་དུ་ཕན་བདེ་རྒྱུན་མི་འཆད་པར་བྱེད་པའི་སྨོན་ལམ་ཆེན་པོའི་རྒྱུན་ནི་མ་བཅད་པར་ཚེ་རབས་གྲངས་མེད་པར་བཏབ་པས། སྨོན་པའི་ལོ་མ་སྔ་མ་སྔ་མ་རྒྱ་ཆུང་ངུ་རྙིང་པ་རྣམས་འདོར་བ་དང་སྔ་མ་ལས་རྒྱ་ཇེ་ཆེར་འཕེལ་བའི་སྨོན་ལམ་གྱི་ལོ་མ་གསར་པ་རྣམས་གོང་ནས་གོང་དུ་ལེན་པ་སྟེ་སྐྱེ་བ་དང་གཞན་སྨིན་པར་བྱེད་པའི་མེ་འབྲས་འགྲུབ་པའི་རྐྱེན་རྣམ་པ་དེ་གཉིས་ཀྱི་སྨོན་ལམ་གྲུབ་པ་དེ་ཡི་ཕྱིར་སྐྱེ་བའི་མེ་ཏོག་མངོན་དུ་འགྲུབ་པ་དང་། སྐྱེ་བ་བླང་བའི་རྟེན་དེ་རྣམས་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པའི་འབྲས་བུ་སྟེ་མེ་འབྲས་དེ་གཉིས་དོན་ཡོད་པའམ་འབྱུང་བར་ཤེས་པ་བྱ་སྟེ། ལྗོན་ཤིང་ལ་ཡང་རང་གི་ཉེར་ལེན་གྱི་རྒྱུ་དང་། ས་ཆུ་སོགས་ལྷན་ཅིག་བྱེད་རྐྱེན་གཉིས་ཀྱིས་མེ་ཏོག་དང་འབྲས་བུ་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའི་སྐྱེ་བ་དང་གཞན་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རང་གི་སྨོན་ལམ་གྱི་དབང་གིས་དང་། ཡུལ་སེམས་ཅན་གཉིས་ཀའི་དབང་གིས་འགྲུབ་བོ། །དྲུག་པ་སྙིང་རྗེའི་ཡོན་ཏན་བསྔགས་པ་ལ་རྣམ་གྲངས་གསུམ་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ཡོན་ཏན་ཆེན་པོ་འབྱུང་བ་ནི། སྙིང་རྗེ་ཆེན་པོ་ནི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཚད་དཔག་ཏུ་མེད་པའི་འབྱུང་གནས་ཀྱི་རང་བཞིན་ཡིན་པས། སེམས་ཅན་རྣམས་ལ་སྙིང་རྗེ་བར་བློ་དང་ལྡན་པ་སུ་ཞིག་མི་བྱེད་དེ་བྱེད་རིགས་སོ་སེམས་ཅན་རྣམས་ལ་སྙིང་རྗེ་བྱས་ན་དེ་དག་གི་དོན་དུ་རང་ཡང་སྡུག་བསྔལ་བས་བཟོད་དཀའོ་སྙམ་ན་དེ་ལྟར་མ་ཡིན་ཏེ། འདི་ལྟར་སེམས་ཅན་འདི་དག་གི་དོན་ལ་ནི་སྡུག་བསྔལ་ཡང་། ཞེས་སོ། །འདི་ལྟར་བྱང་སེམས་འདི་དག་སེམས་ཅན་གྱི་དོན་ལ་སྙིང་རྗེའི་དབང་གིས་སྡུག་བསྔལ་ཡང་དེ་ནི་སྡུག་བསྔལ་གཞན་ལྟ་བུ་མ་ཡིན་ཏེ། བརྩེ་བའི་དབང་གིས་བསྐྱེད་པའམ་སྡུག་བསྔལ་དེ་ལས་སྡུག་བསྔལ་ཐམས་ཅད་རིམ་གྱིས་འཛད་ཅིང་། ཉན་རང་དང་བཅས་པའི་འཇིག་རྟེན་ཀུན་ལས་འཕགས་པའི་བདེ་བ་གཞལ་དུ་མེད་པ་འབྱུང་བའི་ཕྱིར་རོ། །གཉིས་པ་མ་ཆགས་པའི་ཡོན་ཏན་ནི་སྙིང་རྗེ་བསྐྱེད་ན་སེམས་ཅན་ལ་ཆགས་ནས་ཡོངས་སུ་འཛིན་པའི་འཆིང་བར་མི་འགྱུར་རོ་སྙམ་ན་མ་ཡིན་ཏེ། སྙིང་རྗེ་རྒྱུད་ཡོངས་སུ་ཟིན་པའི་བརྩེར་ལྡན་བྱང་སེམས་རྣམས་ནི་ཉན་རང་ལྟར་སྡུག་བསྔལ་ཉེ་བར་ཞི་བའི་མྱང་འདས་ལའང་ཡིད་ནི་མི་ཆགས་ཤིང་མི་གནས་ན་འཇིག་རྟེན་པ་ལྟར་འཇིག་རྟེན་ཟག་བཅས་ཀྱི་བདེ་བ་དང་རང་གི་ལུས་དང་སྲོག་ལ་ཆགས་པར་འགྱུར་བ་སྨོས་ཅི་དགོས་ཏེ་དེའི་ཕྱིར་འཁོར་འདས་ཀྱི་ཆོས་གང་ལའང་མ་ཆགས་པ་ཡིན་ནོ། །གསུམ་པ་ཁྱད་པར་འཕགས་པའི་ཡོན་ཏན་ནི། འཇིག་རྟེན་ན་མས་བུ་ལ་བྱམས་པ་ལ་སོགས་པ་དེ་ལྟ་བུའི་བྱམས་པ་གང་དེ་ནི་ཁ་ན་མ་ཐོ་བ་མེད་པ་དང་། འཇིག་རྟེན་ལས་འདས་པ་ཡོད་པ་མ་ཡིན་ཏེ། བུ་སོགས་ལ་ཆགས་ནས་དེའི་དོན་དུ་སྡིག་པ་བྱེད་པ་དང་། དེ་དང་མི་མཐུན་པ་རྣམས་ལ་ཞེ་སྡང་བ་སོགས་ཉོན་མོངས་པ་དང་འདྲེས་པའི་ཕྱིར་ཁ་ན་མ་ཐོ་བ་གཏན་མེད་པ་མ་ཡིན་ལ། ཆོས་དང་གང་ཟག་གི་བདག་ཏུ་འཛིན་པའི་རྨོངས་པ་དང་བཅས་པའི་ཕྱིར་འཇིག་རྟེན་ལས་འདས་པ་མེད་དོ།། བློ་ལྡན་བྱང་སེམས་རྣམས་ཀྱི་སེམས་ཅན་ལ་བརྩེ་བའི་དབང་གིས་བྱུང་བའི་བྱམས་པ་ནི་ཁ་ན་མ་ཐོ་བ་མེད་ཅིང་འཇིག་རྟེན་ལས་འདས་པ་ཡིན་ནོ། ། ཇི་ལྟར་ཁ་ན་མ་ཐོ་བ་མེད་པ་ཡིན་ཞེ་ན། འབྲས་བུ་སྡུག་བསྔལ་གསུམ་གྱི་རྦ་ཀློང་དྲག་ཏུ་རྡོལ་བའམ་བསྐྱོད་པའི་འཁོར་བའི་ཆུ་བོ་ཆེ་ལ་འཕྱན་པ་དང་། དེའི་རྒྱུ་འཕགས་པའི་བདེན་པ་བཞི་མི་ཤེས་པའི་མུན་པ་ཆེ་ལ་བརྟེན་པར་གྱུར་པ་ཡི། འཇིག་རྟེན་པ་རྣམས་ཐར་པར་འདྲེན་པའི་ཐབས་ཆེན་པོ་བཤམས་པར་བྱེད་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་བྱམས་པ་གང་ཡིན་པ་དེ་དག་ཇི་ལྟར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར་ཏེ། ཁ་ན་མ་ཐོ་བ་མེད་པའི་མཆོག་ཏུ་ཡིད་ཆེས་པ་ཉིད་དོ། ། ཇི་ལྟར་འཇིག་རྟེན་ལས་འདས་པ་ཡིན་ཞེ་ན། འཇིག་རྟེན་འདི་ན་དབང་པོ་རྣོན་པོ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བྱང་ཆུབ་པ་ཉིད་དུ་རང་སངས་རྒྱས་པའམ་རང་གིས་རྟོགས་པའི། རང་རྒྱལ་དགྲ་བཅོམ་པ་ལ་ཡང་བྱམས་པ་དེ་ལྟ་བུ་མེད་ན་དེ་ལས་གཞན་ཉན་ཐོས་དང་འཇིག་རྟེན་པ་ལ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་བརྩེ་བ་དང་བྱམས་པ་དེ་ཇི་ལྟར་ན་འཇིག་རྟེན་ལས་འདས་པ་མ་ཡིན་པར་འགྱུར་ཏེ་འཇིག་རྟེན་འདས་པ་ཉན་རང་ལས་ཀྱང་འདས་ན་འཇིག་རྟེན་ལས་འདས་པ་ཡིན་པ་སྨོས་མ་དགོས་སོ། །གཉིས་པ་གང་དུ་གཞན་དོན་དུ་སྡུག་བསྔལ་ཡང་བདེ་བ་འབྱུང་ཞེས་གསུངས་པའི་རྒྱས་བཤད་ནི། བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་དེར་རང་ལ་སྡུག་བསྔལ་མེད་ཀྱང་ཞེས་སམ་ཡང་ན་འགྲེལ་བ་ལྟར། གཞན་གྱི་སྡུག་བསྔལ་མེད་པར་བྱ་བ འི་སླད་དུ། བརྩེ་བས་གཞན་གྱིས་དོན་དུ་རང་གི་སེམས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་དེ་ཙམ་སྐྲག་པའི་གནས་མ་ཡིན་པར་བསྟན་པ་ནི། བློ་ཆུང་བ་རྣམས་སེམས་ཅན་གྱི་སྡུག་བསྔལ་ལ་ཞིབ་ཏུ་བསམས་ན་ཤིན་ཏུ་དྲག་ཅིང་བཟོད་དཀའ་ལ་སེམས་ཅན་ཚད་མེད་པ་བཞིན་སྡུག་བསྔལ་ཀྱང་ཚད་མེད་པ་ཡོད་པས་དེ་སུ་ཞིག་གིས་བསལ་ནུས་སྙམ་པ་དང་། མགོ་དང་ཡན་ལག་གཏོང་བ་དང་སེམས་ཅན་བྱས་པ་ལོག་པར་གཟོ་བ་རྣམས་ཀྱིས་ལོག་སྒྲུབ་ཀྱང་བཟོད་དཀའ་བ་དང་། འཁོར་བར་སྐྱེ་བ་བཟུང་ན་སྐྱེ་རྒ་ན་འཆི་དང་གནས་སྐབས་དེར་ཡང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དང་། སེམས་ཅན་སྡུག་བསྔལ་ཅན་མང་པས་དེའི་སྡུག་བསྔལ་རང་གི་ཁུར་དུ་བླངས་ན་རང་སྡུག་བསྔལ་ལས་ནམ་ཡང་ག་ལ་ཐར་སྙམ་དུ་བསམས་ནས་སེམས་ཞུམས་པར་མི་བྱ་སྟེ། ཅིའི་ཕྱིར་ན་སེམས་ཅན་ལ་བརྩེ་བས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་བཤད་མ་ཐག་པ་དེ་ལྟ་བུ་ལ་དང་པོར་མོས་སྤྱོད་ཀྱི་ས་ན་ཀུན་དུ་སྐྲག་པ་སྐྱེ་བ་ཙམ་ཡོད་དེ། བདག་གཞན་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པ་དང་། འཁོར་བ་དང་དེའི་སྡུག་བསྔལ་ཐམས་ཅད་སྟོང་པ་ཉིད་དུ་ཁོང་དུ་མ་ཆུད་པའི་ཕྱིར་རོ། ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་ཐོག་མར་འཁོར་བའི་སྡུག་བསྔལ་དང་སྐྱོ་བ་ཤས་ཆེ་བའི་གཏམ་འབའ་ཤིག་གཙོ་བོར་མི་སྟོན་པར་སྙིང་རྗེ་དང་སྒྱུ་མ་ལྟ་བུའི་ཆོས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་སྟོན་དགོས་པར་མདོ་ལས་གསུངས་པ་བཞིན་ནོ། །རེག་ནས་ཞེས་པ་འཕགས་པའི་ས་དང་པོ་ལ་རེག་ནས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་པ་ན་བདག་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་པས་བརྩེ་བའི་དབང་གིས་གཞན་སེམས་ཅན་གྱི་སྡུག་བསྔལ་བསྐྱབ་པའི་ཕྱིར་དམྱལ་བའི་སྡུག་བསྔལ་དངོས་སུ་དང་དུ་བླངས་པ་ལྟ་ན་ཡང་དེ་ཉིད་གཞན་བསྐྱབ་པའི་དོན་དུ་སོང་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་རྒྱུ་དེ་ཉིད་བདེ་བ་ཆེན་པོ་འབའ་ཞིག་ཏུ་འགྱུར་ཏེ། བདེ་བ་དེ་ལྟ་བུ་ནི་འཇིག་རྟེན་ལྷ་དང་མི་དང་ཉན་རང་རྣམས་ལ་མེད་པས་བདེ་བ་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་འགྱུར་བས་ན། དེ་ལྟར་བརྩེ་བས་བསྐྱེད་པའི་སྡུག་བསྔལ་དེས་ལྷ་དང་མི་ལ་སོགས་པ་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཞིང་། རང་དོན་བྱས་པ་ཉན་རང་དགྲ་བཅོམ་པ་རྣམས་ཀྱང་བདེ་བ་དེ་ལྟ་བུ་དང་མི་ལྡན་པ་གང་ཡིན་པ་དེ་ལས་ངོ་མཚར་ཆེ་བ་ཅི་ཞི ག་ཡོད་ཅེས་སོ། ། དེ་ལྟར་ས་ཐོབ་ཕན་ཆད་འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་ཡིན་ཡང་། མོས་སྤྱོད་ཀྱི་ས་ནས་འཁོར་བའི་རང་བཞིན་འབའ་ཞིག་ལ་བསམས་ན་སྡུག་བསྔལ་ཆེ་བ་ཤེས་ཀྱང་རིགས་ཀྱི་སྟོབས་དང་། སྨོན་ལམ་སོགས་ཀྱི་སྟོབས་ལས་བྱང་ཆུབ་སེམས་དཔའ་སོ་སྐྱེའི་གནས་སྐབས་སུ་ཡང་། འཁོར་བའི་ཐོག་མཐའ་སོགས་བསམ་གྱིས་མི་ཁྱབ་པའི་གནས་བསམས་ནས་སེམས་ཁོང་དུ་ཆུད་པར་མི་འགྱུར་ཏེ། སྔོན་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་རང་གཞན་ཀུན་སྲིད་པ་འདིར་སྡུག་བསྔལ་ཡང་ཅི་རིགས་པ་མྱོང་། རེས་བདེ་བའང་ཅི་རིགས་མྱོང་ཡང་ད་ལྟ་དེའི་ཕན་གནོད་ཅི་ཡང་མེད་ལ། མ་འོངས་པའི་མཐའ་ཐུག་པ་མེད་ཀྱང་དེ་སྙེད་དུ་སེམས་ཅན་གྱི་ཁམས་ཀྱང་མི་འཛད་མོད། སངས་རྒྱས་དང་བྱང་སེམས་གསར་དུ་འབྱུང་བའང་དེ་སྙེད་དུ་མི་འཛད་པས། དུས་ཀྱི་མཐའ་དང་ནམ་མཁའི་མཐའ་དང་། སེམས་ཅན་གྱི་མཐའ་དང་སྡུག་བསྔལ་གྱི་མཐའ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ཡང་། རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཡིན་པས། སེམས་ཅན་གྱི་ཁམས་ཕྱོགས་དུས་ཀྱི་མཐའ་མེད་པ་དེ་སྙེད་དུ་བདག་གིས་ཀྱང་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་བསླབ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་བགྱིའོ་སྙམ་དུ་གོ་ཆའི་སེམས་བསྐྱེད་པར་བྱས་ནས་སངས་རྒྱས་བྱང་སེམས་རྣམས་ལ་དེ་ལྟར་འགྲུབ་པའི་གསོལ་བ་བཏབ་ཅིང་དགེ་བའི་རྩ་བ་རྣམས་དེ་ལྟ་བུའི་ཆེད་དུ་ཡོངས་སུ་བསྔོ་བ་བྱས་ན་ཐེག་པ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མྱུར་དུ་འཇིགས་པ་མེད་པར་དབུགས་དབྱུང་བར་འགྱུར་རོ། ། བརྟན་པ་བྱང་ཆུབ་སེམས་དཔས་གཞན་ལ་བརྩེ་བ་དང་ལྡན་པའི་སྦྱིན་པ་ལེན་དང་རྣམ་སྨིན་ལ་རེ་བ་མེད་པར་གཞན་ལ་ཕན་འདོགས་པ་ཁོ་ནའི་ཆེད་དུ་བྱིན་པ་ཡིས། དངོས་པོ་རང་གིས་མི་འཆང་བར། ཕར་གཏོང་བའམ་བྱིན་པ་ན་དེ་ལྟར་གཞན་ལ་ཕན་ཐོགས་པའི་སྦྱིན་པའི་བྱ་བ་རྫོགས་པ་ལས་བྱུང་བའི་བདེ་བ་བྱེད་པ་གང་ཡིན་པ་དེ་ལ་ཁམས་གསུམ་གྱི་བདེ་བ་ཉེ་བར་ལོངས་སྤྱོད་པ་ལས་བྱུང་བ་རྣམས་ཀྱི་བདེ་བ་དེ་ཡིས་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལ་སྦྱིན་པ་བྱིན་པའི་བདེ་བ་སྐྱེས་པ་དེ་ཡི་བརྒྱ་དང་སྟོང་ལ་སོགས་པའི་ཆ་ལ་མི་ཕོད་དོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་དུ་སྡུག་བསྔལ་བ་ལྟར་སྣང་ཡང་ཉིད་ཀྱི་ཐུགས་རྒྱུད་ལ་སྡུག་བསྔལ་མེད་པར་མ་ཟད་ལུས་དང་ལོངས་སྤྱོད་སོགས་བཏང་བའི་དགའ་བ་འཇིག་རྟེན་པའི་བདེ་བ་གང་གིས་ཀྱང་མཚོན་དུ་མི་ནུས་པ་སྐྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བའི་སྡུག་བསྔལ་དང་དུ་བླང་བའི་སྡུག་བསྔལ་ཇི་ལྟར་ཡོད་དེ་རྣམ་པ་ཀུན་དུ་སྡུག་བསྔལ་མེད་པར་ཤེས་པར་བྱའོ། ། སེམས་ཅན་གྱི་དོན་གྱི་ཕྱིར་ཐུགས་བརྩེ་བས་སྡུག་བསྔལ་གྱི་རང་བཞིན་ཅན་འཁོར་བ་ཉིད་གང་ཡིན་པ་ཡོངས་སུ་མི་གཏོང་བ་ཡིན་ན་སྙིང་རྗེ་ཅན་དེ་རྣམས་སེམས་ཅན་གཞན་ལ་ཕན་པའི་ཕྱིར། དེ་དག་གི་སྡུག་བསྔལ་ཅི་སྟེ་དང་དུ་ལེན་པའམ་ཁས་ལེན་བྱེད་པར་མི་འགྱུར་ཏེ། གཞན་གྱི་སྡུག་བསྔལ་མཐའ་དག་དང་དུ་ལེན་པ་ཉིད་དོ། ། བརྩེ་བ་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྙིང་རྗེའི་སྦྱིན་པ་གང་ཡིན་པ་དང་ལོངས་སྤྱོད་དང་ནི་ཞེས་པ་འོག་གི་འཕེལ་བར་འགྱུར་ཞེས་པའི་ཚིག་འདི་མཐའི་གསལ་བྱེད་ཡིན་པས་འདི་གསུམ་རེ་རེ་བཞིན་དུ་ཡར་སྦྱར་ཏེ་བརྩེ་བའི་སྦྱིན་པ་བྱས་པ་ལས་སྙིང་རྗེ་འཕེལ་བ་དང་། སྦྱིན་པ་འཕེལ་བ་དང་། ལོངས་སྤྱོད་འཕེལ་བ་སྟེ། རྒྱུ་འཕེལ་བ་གསུམ་ནི། སྙིང་རྗེའི་སྟོབས་ལས་སྦྱིན་པ་བྱིན་པས་ཚེ་ར བས་ཐམས་ཅད་སྙིང་རྗེ་གོང་ནས་གོང་དུ་འཕེལ་བ་དང་། སྙིང་རྗེའི་དབང་གིས་ཚེ་རབས་ཀུན་དུ་སྦྱིན་པ་རྒྱུན་མི་འཆད་པར་གོང་ནས་གོང་དུ་འཕེལ་བ་དང་། སྦྱིན་པའི་སྟོབས་ཀྱི་ཚེ་རབས་ཀུན་དུ་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་བའོ། ། དེ་ལས་འབྲས་བུ་བདེ་བ་གསུམ་འཕེལ་བ་ནི། བསམ་པ་སེམས་ཅན་གྱི་སྡུག་བསྔལ་བསལ་ལོ་སྙམ་པའི་སྙིང་རྗེ་ལས་སེམས་ཅན་རྣམས་བདེ་བ་ལ་བཞག་པར་བྱའོ་སྙམ་དུ་བྱམས་པའི་སེམས་སྐྱེ་བས་སྦྱིན་པ་བྱེད་པའི་ཚེ་བྱང་ཆུབ་སེམས་དཔའ་དེ་ལ་བསམ་པ་བྱམས་པ་ལས་བྱུང་བའི་བདེ་བ་འཕེལ་ཏེ། དཔེར་ན་མས་བུ་ལ་ཟས་ནོར་སྦྱིན་པའི་ཚེ་བྱམས་པའི་དབང་གིས་མ་དེ་ལ་སེམས་དགའ་བ་སྐྱེ་བ་བཞིན་ནོ། །དེ་ནས་སྦྱིན་པ་དེས་སེམས་ཅན་རྗེས་སུ་བཟུང་བས་བསྐྱེད་པའི་བདེ་བ་འཕེལ་བ་ནི། སྦྱིན་པ་དེས་སེམས་ཅན་ལ་ཕན་ཐོགས་པར་མཐོང་ནས་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལ་བདེ་བ་ཁྱད་པར་ཅན་འཕེལ་བ་དང་སྦྱིན་པ་དེ་ཡི་མཐུས་བྱས་པའི་བདེ་བ་ནི་སྦྱིན་པའི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་ཕོངས་པ་མེད་པ་དང་ལྡན་པར་གྱུར་ནས་སེམས་ཅན་ལ་ཕན་འདོགས་པའི་མཐུ་ཡོད་པར་གྱུར་པའི་ཕྱིར། དེའི་མཐུས་བྱས་པའི་བདེ་བ་བྱང་ཆུབ་སེམས་དཔའ་རྣམས་ལ་འཕེལ་བར་འགྱུར་ཏེ། ལོངས་སྤྱོད་མེད་ན་སྦྱིན་པར་འདོད་ཀྱང་ཕ་རོལ་གྱི་རེ་བ་རྫོགས་པར་བྱ་མི་ནུས་ཀྱང་། ལོངས་སྤྱོད་ཡོད་པས་དེའི་རེ་བ་བསྐང་ནུས་པར་མཐོང་ནས་དགའ་བ་ཁྱད་པར་ཅན་འཕེལ་བའོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་གཞན་ལ་ཕན་ཐོགས་པ་ཇི་ཙམ་པ་དེ་ཉིད་དེའི་དགའ་བདེར་འགྱུར་བའི་ཕྱིར་གཞན་གྱི་སྡུག་བསྔལ་བསལ་བ་དང་དུ་བླངས་བས་རང་ཉིད་བདེ་བར་འགྱུར་བའི་ཕྱིར་ལུས་དང་ལོངས་སྤྱོད་བཏང་ཡང་སྡུག་བསྔལ་མ་ཡིན་ཏེ་བདེ་བར་འཆར་བའི་ཕྱིར་རོ། ། དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་གཏོང་བའི་ཚུལ་འདི་ནི། དཔེར་ན་མི་ལེ་ལོ་ཅན་ཞིག་ལ་མཛའ་བཤེས་ཆེན་པོ་ཞིག་གིས་ཁྱོད་འདི་ལྟར་ལེ་ལོ་མ་བྱེད་པར་འདི་ལྟར་གྱིས་ཞེས་བྱ་བ་སློབ་པ་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེས་སྦྱིན་པ་བྱེད་པའི་ཚེ་ན། འདི་ལྟར་སྙིང་རྗེས་སྦྱིན་པ་རྣམ་པ་སྣ་ཚོགས་རླབས་ཆེན་པོ་རྒྱས་པར་བྱ་ཞིང་། དེའི་རྣམ་སྨིན་ལོངས་སྤྱོད་ཀྱང་འདི་ལྟར་འཕེལ་བར་བྱའོ། །སྦྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་ཞིང་ལེན་པ་པོ་ཡང་སེམས་རབ་ཏུ་ཚིམ་པའི་བདེ་བ་དང་། གཏོང་པ་པོ་ཡང་སྦྱིན་པ་རྫོགས་པས་བདེ་བའི་ཕྱིར་རང་གཞན་གཉིས་ཀ་བདེ་བར་བྱ་བ་དང་། གཞན་སེམས་ཅན་རྣམས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བྱེད་པ་ལ་ཀུན་ཏུ་དྲང་བར་བྱ་ཞིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་རིམ་པར་བཀྲི་བའམ་འཁྲིད་པར་བྱ་ཞེས། སེམས་ཅན་གཏོང་བ་ལ་གོམས་པའི་ཤུགས་ཞན་པ་རྣམས་ལ་བསྐུལ་ཞིང་རབ་ཏུ་སྨྲ་བ་དང་འདྲའོ།། སེམས་ཅན་ཕྲག་དོག་ཅན་རྣམས་ཕ་རོལ་བདེ་བར་མཐོང་ན་མི་དགའ་ཞིང་སྡུག་བསྔལ་བར་མཐོང་ན་དགའ་བར་འགྱུར་ཡང་། བྱང་ཆུབ་སེམས་རྣམས་དེ་ལས་བཟློག་པ་སྟེ། སྙིང་རྗེས་གཞན་སྡུག་བསྔལ་བ་དག་གིས་རང་ཉིད་སྡུག་བསྔལ་བ་ཡིན་པས། སྡུག་བསྔལ་ཅན་དེའི་སྡུག་བསྔལ་བསལ་ནས་བདེ་བ་མ་བསྐྱེད་པར་རང་ཉིད་གང་གིས་བདེ་བར་འགྱུར་ཏེ་དཔེར་ན་བུ་གཅེས་པ་ཤིན་ཏུ་ནད་ཀྱིས་གཟིར་བའི་མ་བཞིན་ནོ།། དེ་ཕྱིར་བརྩེ་བ་དང་ལྡན་པས་གཞན་སེམས་ཅན་ལ་རང་གིས་བདེ་བ་བསྐྱེད་ནས་དེ་ཉིད་བདེ་བར་བྱས་པའི་བདེ་བ་དེས་བདག་རང་ཉིད་བདེ་བར་བྱེད་པ་ཡིན་ཏེ། མས་བུ་ལ་སྨན་བཙལ་ཏེ་བྱིན་ནས་བུ་ནད་ལས་གྲོལ་ཏེ་བདེ་བ་ན་མ་དེ་ཉིད་སེམས་བདེ་བ་བཞིན་ནོ། །དེ་ལྟར་ཡང་དྲི་མེད་གྲགས་པའི་བྱང་ཆུབ་སེམས་དཔས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ནད་ཇི་སྲིད་ཀྱི་བར་དུ་བདག་གི་ནད་ཀྱང་དེ་སྲིད་དུ་མི་འཚོའོ། །ཞེས་གསུངས་པ་བཞིན་ནོ། །གོང་དུ་མ་ཆགས་པ་གསུངས་པའི་རྒྱས་བཤད་ནི། སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་རྣམས་ནི། སྙིང་རྗེ་སློབ་དཔོན་ལྟ་བུ་དེས། དུས་རྟག་ཏུ་རང་གི་སྦྱིན་པ་གང་དང་གང་བྱ་བ་ལ། འདི་དང་འདི་ལྟར་གྱིས་ཞེས་བསླབ་བྱ་སྟོན་པ་དང་འདྲ་སྟེ་ཇི་ལྟར་སྟོན་ན་དངོས་པོ་འདི་དང་འདི་དག་རང་གིས་འཆང་བའི་བདེ་བ་མི་འདོད་པ་དང་། རང་གི་ལོངས་སྤྱོད་རྣམས་ཀྱིས་གཞན་དག་བདེ་བར་གྱིས་ཞེས་འདོམས་ཤིང་རྗེས་སུ་སྟོན་ཏོ། ། སྐབས་འདིར་སྙིང་རྗེ་སློབ་དཔོན་ལྟ་བུས་སྦྱིན་པ་སློབ་མ་ལྟ་བུ་ལ་འདོམས་པ་དང་འདྲ་བའི་ཚུལ་དུ་འགྲེལ་པ་ལས་གསུངས་ཀྱང་། དོན་འདྲ་ལ་གོ་བདེ་བས་འདི་ལྟར་བཤད་ཀྱང་ཆོག་པར་མཐོང་ངོ་། །གལ་ཏེ་ལོངས་སྤྱོད་རྣམས་ཀྱིས་གཞན་བདེ་བར་བྱས་ཀྱང་། དེའི་འབྲས་བུ་རང་འབའ་ཞིག་ལ་ཐོབ་པར་རེ་བས་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་རང་དོན་དང་གཞན་དོན་ཐ་དད་དུ་མི་འདོད་པར་གཞན་སྡུག་བསྔལ་ལ་རང་སྡུག་བསྔལ་བ་དང་གཞན་བདེ་བས་རང་བདེ་བ་སྐྱེ་བ་ཡིན་པས་ལོངས་སྤྱོད་བྱིན་པ་དེའི་འབྲས་བུ་ཡང་སེམས་ཅན་རྣམས་ལ་སྨིན་ནས་བདེ་བར་གྱུར་ཅིག་ཅེས་གཞན་ལ་གཏོང་བ་ཡིན་ནོ། །གལ་ཏེ་ཡང་ན་གཞན་ལ་མི་སྨིན་པ་ཞིག་ན། བདག་དང་སེམས་ཅན་གྱི་དོན་ཐ་དད་མིན་པས་འབྲས་བུའི་བདེ་བ་དེ་བདག་རང་ཉིད་ལ་འབྱུང་བའང་འདོད་པ་མིན་ནོ། ། སེམས་ཅན་དེ་དག་བདེ་བས་བདག་ཀྱང་བདེ་བ་ཉིད་དུ་འགྱུར་བ་དེའི་ཕྱིར་བདག་ནི། རང་གཅེས་འཛིན་དུག་དང་འདྲ་བར་སྤངས་ནས་གཞན་གཅེས་པར་འཛིན་པ་ཆེད་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་ཞུགས་པ་ཡིན་པས། བདག་གིས་སྦྱིན་པ་བྱས་པ་ནི། སྦྱིན་པའི་འབྲས་བུ་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན་ཅིག་ཅེས་འདོམས་སོ། །དེའི་ཕྱིར་གལ་ཏེ་སྦྱིན་པ་ཁྱོད་ཀྱིས་བདག་ལ་ལོངས་སྤྱོད་འབྱུང་བ་སོགས་ཀྱི་བྱ་བ་བྱེད་པ་ཡོད་ན། གཞན་སེམས་ཅན་དེ་དག་ཉིད་ལ་ཤིན་ཏུ་འབྲས་བུར་འགྱུར་བར་བྱོས་ཤིག་དང་དེས་བདག་ལ་ཕན་བཏགས་པ་ཡིན་ནོ་ཞེས་སྙིང་རྗེས་སྦྱིན་པ་ལ་འདོམས་པའི་ཚུལ་དུ་སྦྱིན་པ་དང་འབྲས་བུ་བཅས་པ་གཞན་ལ་གཏོང་བར་བྱེད་དོ། ། དེ་ལྟར་སྦྱིན་པའི་འབྲས་བུ་ཡང་སེམས་ཅན་གཞན་ལ་སྙིང་ཐག་པ་ནས་བཏང་བར་བྱས་ཏེ་སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་རང་དོན་ལ་མ་ཆགས་པ་རྣམས་ལོངས་སྤྱོད་མི་འདོད་ཀྱང་རུང་སྟེ། ལོངས་སྤྱོད་ཤིན་ཏུ་མང་ལ་དངོས་པོ་བཟང་པོ་དང་འཕྲད་པ་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། ། དེ་ལྟར་གྱུར་པའི་ཚེ་ན་ཡང་བདག་ནི་ཟག་བཅས་ཀྱི་ལོངས་སྤྱོད་པའི་བདེ་བ་འདོད་པ་མ་ཡིན་ཏེ། ལོངས་སྤྱོད་འབྱོར་པ་དེའི་སྒོ་ནས་འདི་ལྟར་བདག་གི་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་སྦྱིན་པ་བྱེད་པ་ལ་ཚེ་རབས་བརྒྱུད་མར་འཇུག་པ་དང་ལྡན་པ་ཙམ་འདོད་པ་ཡིན་ནོ། །བདག་ནི་རྟག་ཏུ་བརྩེ་བས་རང་གི་བདོག་པ་ཀུན་རང་ཉིད་ཉམས་དགའ་བའི་ཆེད་དུ་མི་སྤྱོད་པར། གཞན་ལ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ལྟོས་ལ་དེས་ན་སྦྱིན་པ་ཁྱོད་ཀྱིས་བདག་ནི་སྦྱིན་པ་དེའི་འབྲས་བུ་ལ་དོན་དུ་གཉེར་བ་མེད་པ་ཉིད་དུ་ཤེས་པ་བྱའོ། །གལ་ཏེ་ཁྱོད་ལོངས་སྤྱོད་ཀྱི་དངོས་པོ་ཙམ་གཞན་ལ་གཏོང་གི་སྦྱིན་པ་ཁྱོད་ཀྱི་འབྲས་བུ་ལོངས་སྤྱོད་ཐོབ་པ་མི་གཏོང་བ་ཞིག་ན། ཚེ་ཕྱི་མའི་ལོངས་སྤྱོད་དངོས་པོ་ཐམས་ཅད་ལ་མ་ཆགས་པར་གཏོང་བའི་སྦྱིན་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ཡིན་པར་མི་འགྱུར་ཏེ། འདི་ལྟར་ཚེ་འདིར་ཡང་སྐད་ཅིག་ཙམ་དུ་ཡང་སྦྱིན་པ་ལ་མོས་པ་མེད་ཅིང་སྦྱིན་པར་མི་འདོད་པའི་བློ་ཡོད་ན་སྙིང་རྗེ་གཞན་དོན་དུ་སྦྱིན་པ་ལ་མངོན་པར་དགའ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ཁྱོད་ནི་སྦྱིན་པ་མ་བྱས་པ་ལ་འབྲས་བུ་མི་འབྱིན་པས་ལན་ལ་ལྟ་བ་དང་བཅས་པ་མིན་པ་འདྲ་ལ། འདི་ལྟར་སྦྱིན་པ་བྱིན་པའི་འབྲས་བུའི་ལན་ལ་བལྟས་པ་ནི། གཞན་ལ་སྙིང་རྗེས་བདག་གི་ཆའམ་འོས་མ་ཡིན་པས། སྦྱིན་པ་ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། ཁྱོད་འབྲས་བུ་རྣམ་པར་སྨིན་པའང་བདག་གིར་མི་བྱེད་པར་ཤིན་ཏུ་གཞན་ལ་གཏོང་བ་ཡིན་ནོ་ཞེས་སྙིང་རྗེས་སྦྱིན་པ་ལ་སྨྲས་པའི་ཚུལ་གྱིས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ལ་རང་དོན་དུ་མ་ཆགས་པར་གཞན་ལ་ཡོངས་སུ་གཏོང་བའི་ཚུལ་ལ་བློ་སྦྱང་ཚུལ་བསྟན་པ་ཡིན་ནོ། ། སྙིང་རྗེས་སྦྱིན་པའི་ཡོན་ཏན་གྱི་དོན་བསྡུས་ཏེ་བསྔགས་པ། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སོགས་ཚིགས་བཅད་གསུམ་སྟེ། རྒྱལ་བའི་སྲས་པོ་རྣམས་ཀྱི་ཐུགས་བརྩེ་བས་སྦྱིན་པ་ནི་རྣམ་པ་དྲུག་སྟེ། ཁ་ན་མ་ཐོ་བ་མེད་པ་ནི། གཞན་ལ་མི་གནོད་པར་སྦྱིན་པ་སྟེ། གཞན་ལ་ཕྲོགས་ནས་གཞན་ལ་སྦྱིན་པ་དང་། སེམས་ཅན་བསད་ནས་དེའི་ཤ་སྦྱིན་པ་དང་། སློང་པ་པོ་ལ་བརྙས་ཤིང་བཀྲེན་པ་ལྟོགས་པ་སོགས་ཚིགས་གིས་སྨད་ནས་ཡིད་ལ་སྡུག་བསྔལ་བསྐྱེད་དེ་སྦྱིན་པ་སོགས་སེམས་ཅན་གཞན་ལ་གནོད་པ་མེད་ཅིང་ཚུལ་བཞིན་ལེགས་པར་སྦྱིན་པའོ། །དག་པའི་གནས་སམ་གཞི་སྦྱིན་པ་ནི་མ་བརྟགས་པའི་དངོས་པོ་དུག་དང་མཚོན་ལ་སོགས་པ་མ་དག་པའི་དངོས་པོ་སྦྱིན་པར་མི་བྱེད་པར་བརྟགས་ནས་དངོས་པོ་དག་ཅིང་གཙང་མ་སྦྱིན་པར་བྱེད་པའོ། །ཕན་པར་བྱེད་པའི་སྦྱིན་པ་ནི། སྦྱིན་པས་བསྡུས་ནས་དགེ་བ་ལ་སྦྱོར་བར་བྱས་པས་སྦྱིན་ཡུལ་སེམས་ཅན་དེ་དག་སྐྱེ་བ་ཕྱི་མ་ལ་མཐོ་རིས་དང་ཐར་བའི་འབྲས་བུའི་བདེ་བ་འདྲེན་པར་བྱེད་པ་ཉིད་དང་ནི། སྦྱིན་པ་དེས་རང་གི་འཁོར་གྱི་འགྲོ་བ་བུ་སྨད་དང་བྲན་གཡོག་སོགས་ལ་གནོད་པ་ནི་ཐམས་ཅད་བཏང་ནས་དེ་དག་གི་སྐལ་པ་མི་བཞག་པའམ། ཆུང་མ་དང་བུ་སོགས་གཞན་ལ་གཏོང་ན་ཡང་དེ་དག་གི་སེམས་དང་མི་འགལ་བའམ་མཐར་དེ་དག་སྡུག་བསྔལ་ཆེན་པོ་མི་འགྱུར་བར་ཤེས་ནས་གཏོང་གི་དེ་དག་ཤིན་ཏུ་སྡུག་བསྔལ་བ་དང་། གནོད་སྦྱིན་སྲིན་པོ་སོགས་མ་རུང་བ་ལ་འཁོར་སྦྱིན་པ་སོགས་མདོར་ན་རང་ལ་དབང་བའི་འཁོར་རྣམས་ལ་གནོད་པ་མེད་པ་ནི། རྗེས་སུ་སྲུང་བ་དང་བཅས་པར་སྦྱིན་པའོ། །ཚོལ་བ་མེད་པར་སྦྱིན་པ་ནི། སེམས་ཅན་ཕོངས་པར་ཤེས་ནས་དེ་དག་གིས་ཆེད་དུ་མ་སློང་ཡང་དེ་ལ་ཕན་པའི་ཆེད་དུ་རང་གི་ལག་ནས་སྦྱིན་གྱི་སྦྱིན་གནས་གཞན་ཡོངས་སུ་མི་ཚོལ་བའམ། འདི་ལ་སྦྱིན་འདི་ལ་མི་སྦྱིན་ཞེས་བསོད་ནམས་ཀྱི་ཞིང་བདམ་ནས་ཚོལ་ཞིང་མི་སྦྱིན་པར། ཕྱོགས་ལྷུང་མེད་པར་སྙོམས་པར་སྦྱིན་པའོ། །གོས་པ་མེད་པའམ་ཆགས་པ་མེད་པའི་སྦྱིན་པ་ནི་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་གཏོང་བའོ། །འདི་ནི་སྐྱོན་དག་པའི་ཆ་ནས་བསྟན་པའོ། །ཡང་ཡོན་ཏན་གྱི་ཆ་ནས། ཐམས་ཅད་གཏོང་པའམ་མཐའ་དག་པ་གཏོང་པ་སོགས་དགུ་སྟེ། མཐའ་དག་གཏོང་པ་ནི་ཕྱི་དང་ནང་གི་དངོས་པོ་གང་ཡང་མི་གཏོང་བ་ཅུང་ཟད་མེད་པའོ། །རྒྱས་པར་རམ་རྒྱ་ཆེ་བར་གཏོང་བ་ནི་དངོས་པོ་ཆུང་ངུ་དང་ཉུང་ངུ་ཙམ་མིན་པར་མང་ལ་རྒྱ་ཆེ་བ་གཏོང་བའོ། ། གཙོ་བོ་གཏོང་བ་ནི། དངོས་པོ་ཉམས་པ་དང་རུལ་བ་དང་སྤྱད་དུ་མི་རུང་བ་མི་གཏོང་གི་ཁ་དོག་དང་དབྱིབས་དང་དྲི་ཕུན་སུམ་ཚོགས་པ་དང་དངོས་པོ་བཟང་པོ་གྱ་ནོམས་པ་གཏོང་བ་དང་། རྟག་པར་གཏོང་བ་ནི། དུས་རེས་འགའ་གཏོང་རེས་འགའ་མི་གཏོང་བ་མ་ཡིན་པར། དུས་རྟག་པ་རྒྱུན་དུ་གཏོང་བ་དང་། དགའ་བར་གཏོང་བ་ནི། སེར་སྣའི་སེམས་མེད་པར་སློང་བ་པོ་སུ་ལ་ཡང་གཏོང་མི་གཏོང་མེད་པར་དགའ་བ་དང་བཅས་ཏེ་གཏོང་བ་དང་། ཟང་ཟིང་མེད་པར་གཏོང་བ་ནི་ལན་དང་རྣམ་སྨིན་ལ་རེ་བ་མེད་པས་གཏོང་བ་དང་། དག་པ་གཏོང་བ་ནི་གོང་དུ་དག་པའི་གཞི་སྦྱིན་པ་དང་དོན་གཅིག་སྟེ་ད ངོས་པོ་དག་པ་གཏོང་བ་དང་། བྱང་ཆུབ་ཏུ་བསྔོ་བ་གཏོང་བ་ནི། སྦྱིན་པ་བྱས་པ་སྟེ་མཐོ་རིས་ཀྱི་བདེ་བ་དང་ཉན་རང་གི་མྱང་འདས་ཀྱི་ཕྱིར་མི་བསྔོ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བས་བླ་མེད་བྱང་ཆུབ་ལ་གཞོལ་བ་དང་། དགེ་བ་བསྔོ་བའི་གཏོང་བ་ནི། གོང་དུ་ཕན་པར་བྱེད་པའི་སྦྱིན་པ་བཤད་པ་དང་དོན་གཅིག་སྟེ་སེམས་ཅན་རྣམས་སྦྱིན་པས་བསྡུས་ནས་དགེ་བ་ལ་གཞོལ་བའམ་འགོད་པ་ཡིན་ནོ། ། དེ་ལྟར་སྦྱིན་པ་བྱས་པ་ལས་བདེ་བ་འབྱུང་ཚུལ་ནི། ཇི་ལྟར་སྦྱིན་པ་ཉིད་ལ་དགའ་བའི་བདེ་བ་དང་། ཕ་རོལ་ལ་ཕན་བཏགས་པའི་དགའ་བའི་བདེ་བ་དང་། བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བའི་བདེ་བ་གསུམ་གྱིས་ཚིམས་པའི་ཡིན་ཅན་བརྩེ་བ་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེ། རང་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བས་དགའ་བར་འགྱུར་བ་དེ་ལྟ་བུ་ནི། ལོངས་སྤྱོད་འདོད་དགུ་ཐོབ་པ་ཅན་དག་ལོངས་སྤྱོད་དེ་ལ་ཉེ་བར་སྤྱད་པ་ཡིས་དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། ། སྐབས་འདིའི་ལོངས་སྤྱོད་ཅན་ནི་བྱང་ཆུབ་སེམས་དཔས་སྦྱིན་པ་གཏོང་ཡུལ་འདོད་དགུ་ཐོབ་པ་དེ་དག་གཏོང་བ་པོའི་དགའ་བ་ལྟར་དགའ་མི་ནུས་ཞེས་འགྲེལ་པར་བཤད། སྤྱིར་མཐོ་རིས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱད་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་གཏོང་བའི་དགའ་བ་ལྟ་བུ་ནམ་ཡང་མྱོང་བ་མེད་པར་བཤད་ཀྱང་རུང་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟར་མིན།། ཞེས་གསུངས་པ་བཞིན་ནོ། །བདུན་པ་སྙིང་རྗེ་སྐྱེ་བའི་རྒྱུ་བཤད་པ་ནི། ཕར་ཕྱིན་དྲུག་སྒྲུབ་པ་དང་བྲལ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་སྟེ་སེར་སྣའི་དབང་གིས་སེམས་རྒྱུད་བཀྲེན་ཅིང་འཇུང་པར་གྱུར་ནས་ཅུང་ཟད་གཏོང་མི་ནུས་པ་རྣམས་ལ་སྙིང་བརྩེ་བས་སེར་རྣའི་སྐྱོན་དང་སྦྱིན་པའི་ཡོན་ཏན་བརྗོད་ནས་སྦྱིན་པའི་ཆོས་ལ་འཇོག་པར་མཛད་པ་དང་། རྒྱུད་ངན་པའི་ངང་ཚུལ་ཅན་མ་རུངས་བ་སྲོག་གཅོད་པ་སོགས་སྡིག་པའི་ལས་སྤྱོད་པ་ལ་བརྩེ་བས་ཚུལ་ཁྲིམས་དང་ལྡན་པའི་ཆོས་བསྟན་ནས་ཚུལ་ཁྲིམས་ལ་འཇོག་པར་མཛད་པ་དང་། རྒྱུད་ཁོང་ཁྲོས་ཀུན་ནས་འཁྲུགས་པ་རྣམས་ལ་བརྩེ་བས་ཞེ་སྡང་གི་སྐྱོན་དང་བཟོད་པའི་ཡོན་ཏན་གྱི་ཆོས་བསྟན་ནས་བཟོད་པ་ལ་འཇོག་པ་དང་། ཐ་མལ་གྱི་ལས་ལ་དགའ་བའི་ལེ་ལོའི་དབང་གིས་དགེ་བའི་ལས་མི་བྱེད་པའི་བག་མེད་པ་རྣམས་ལ་བརྩེ་བས་ལེ་ལོ་སྤོང་བར་བྱེད་པའི་བརྩོན་འགྲུས་དང་ལྡན་པའི་ཆོས་བསྟན་ནས་བརྩོན་འགྲུས་ལ་འཇོག་པ་དང་། འདོད་པའི་ཡོན་ཏན་ལྔའི་ཡུལ་གྱི་གཞན་དབང་དུ་སོང་བས་རྟག་ཏུ་སེམས་རྣམ་པར་གཡེངས་པ་ཅན་རྣམས་ལ་སྙིང་རྗེ་བས་བསམ་གཏན་གྱི་ཆོས་བསྟན་ནས་བསམ་གཏན་ལ་བཞག་པར་མཛད་པ་དང་། ཟག་བཅས་ཀྱི་ཕུང་པོ་རྣམས་ལ་རྟག་པ་དང་བདག་དང་གཙང་བ་དང་བདེ་བར་འཛིན་པ་ཕྱིན་ཅི་ལོག་པར་མངོན་པར་ཞེན་པ་རྣམས་སྙིང་རྗེ་བས་ལོག་པའི་ཤེས་རབ་ཀྱི་སྐྱོན་བསྟན་ནས་ཡང་དག་པའི་ཤེས་རབ་ལ་འཇོག་པར་བྱེད་པའོ།། ཡང་བྱང་ཆུབ་སེམས་དཔའི་སྙིང་རྗེ་སྐྱེ་བའི་རྐྱེན་ནི་བཞི་སྟེ། དམིགས་རྐྱེན་ནི་ཁམས་གསུམ་ཟག་བཅས་ཀྱི་ཚོར་བ་བདེ་བ་ཐམས་ཅད་ལ་འགྱུར་པའི་སྡུག་བསྔལ་གྱིས་ཁྱབ་པ་དང་སྡུག་བསྔལ་བའི་ཚོར་བས་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། ཚོར་བ་བཏང་སྙོམས་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ལས་མ་འདས་པས་དེ་ལ་དམིགས་ནས་སྙིང་རྗེ་སྐྱེ་བ་དང་། དེ་རྒྱུ་ཞེས་པ་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་བག་ལ་ཉལ་བ་འགྲེལ་པས་བཤད་ཅིང་དེ་ནི་བག་ཆགས་ཀྱི་རང་བཞིན་ཡིན་པས་ཚོར་བ་བཏང་སྙོམས་པ་ཡིན་ཞིང་། བག་ཉལ་དེ་མ་སྤངས་ཀྱི་བར་དུ་བདེ་སྡུག་གཉིས་ཡང་ཡང་འབྱུང་བས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཕྲ་བའང་དེའོ། ། ཡང་ན་བདེ་སྡུག་གི་ཚོར་བ་དང་བཅས་པའི་ཟག་བཅས་ཀྱི་ཕུང་པོ་དེ་ཡི་རྒྱུ་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བཤད་ཀྱང་རུང་སྟེ། དོན་དུ་སྡུག་བསྔལ་གསུམ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བྱང་ཆུབ་སེམས་དཔའི་སྙིང་རྗེ་སྐྱེ་བ་སྟེ་ཞེས་སོ། ། ཚེ་རབས་གཞན་དུ་སྙིང་རྗེ་གོམས་པར་བྱས་པས་ཀུན་གཞི་ལ་སྙིང་བརྩེ་བའི་བག་ཆགས་བསགས་པ་ན་སྙིང་རྗེའི་རྒྱུ་ཡི་རྐྱེན་དང་། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཐོས་པས་སྙིང་རྗེ་སྐྱེ་བ་ནི་བདག་པོའི་རྐྱེན་ཏོ། །སྙིང་རྗེའི་སེམས་སྔ་མ་སྔ་མའི་རང་བཞིན་ལས་ཕྱི་མ་ཕྱི་མ་སྐྱེ་བ་ནི་སྔ་མ་རྣམས་དེ་མ་ཐག་པའི་རྐྱེན་ཏོ། །དེ་ལྟར་རྒྱུ་ཡི་རྐྱེན་ལ་སོགས་པ་གསུམ་ལས་བྱང་ཆུབ་སེམས་དཔའི་སྙིང་རྗེ་སྐྱེ་བའོ། ། བརྒྱད་པ་བྱང་ཆུབ་སེམས་དཔའི་སྙིང་རྗེ་མཉམ་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་མཉམ་པར་ཤེས་པར་བྱ་སྟེ། ཇི་ལྟར་ན་འཇིག་རྟེན་པ་རྣམས་གཉེན་བཤེས་ཀྱི་ཚོགས་ལ་སྙིང་རྗེ་ཡང་དགྲ་ལ་སྙིང་རྗེ་མི་སྐྱེ་བར་ཞེ་སྡང་བར་བྱེད་ཅིང་བར་མ་རྣམས་ལའང་སྙིང་རྗེ་མི་སྐྱེ་བ་དང་། ཉན་རང་རྣམས་ཀྱིས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེ་ཡི་ཐམས་ཅད་དུ་མཉམ་པར་སྙིང་རྗེ་མི་སྐྱེ་བས་དེ་དག་གི་སྙིང་རྗེ་མཉམ་པ་མ་ཡིན་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་གོང་དུ་བཤད་པ་ལྟར་སྡུག་བསྔལ་གསུམ་དང་ལྡན་པའི་སེམས་ཅན་སྲིད་རྩེ་ནས་མནར་མེད་པའི་བར་ལ་ཁྱད་མེད་པར་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་དུ་སྐྱེ་བའོ། ། དེའི་ཕྱིར་དེ་ལྟར་སེམས་ཅན་ཐམས་ཅད་ལ་བསམ་པ་དེ་ལྟ་བུ་བསམ་པའི་ཕྱིར་བསམ་པ་མཉམ་པས་སྙིང་རྗེ་མཉམ་པ་དང་། སེམས་ཅན་སྡུག་བསྔལ་ཅན་དམྱལ་བ་ལ་སོགས་པའི་བསྐྱབས་པར་མཛད་པ་དེ་བཞིན་སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་ཐམས་ཅད་ལ་བསྐྱབ་པར་མཛད་པས་སྒྲུབ་པ་མཉམ་པའི་ཕྱིར་སྙིང་རྗེ་མཉམ་པ་དང་། སེམས་ཅན་གྱི་རིས་སུ་གྱུར་པ་གང་ལའང་ཆགས་པ་དང་སྡང་པ་མེད་པས་འདོད་ཆགས་དང་བྲལ་བའི་ཕྱིར་སྙིང་རྗེ་མཉམ་པ་དང་། བདག་དང་སེམས་ཅན་དང་སྙིང་རྗེ་གསུམ་ཆར་གྱི་མཚན་མར་མི་དམིགས་པར་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པའི་ཕྱིར་སྙིང་རྗེ་མཉམ་པ་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་དེ་ཉིད་འབད་རྩོལ་དང་མཚན་མའི་གཡོ་བ་དག་པ་ས་བརྒྱད་པ་ནས་ཐོབ་པས་དེ་ཡན་ཆད་རྣམ་པར་དག་པ་ཐོབ་པའི་ཕྱིར་སྙིང་རྗེ་མཉམ་པ་དག་ཏུ་འགྱུར་རོ།། དགུ་པ་སྙིང་རྗེ་མཆོག་ཏུ་གྱུར་པ་ནི། སྤྱིར་བྱམས་སོགས་ཚད་མེད་པ་བཞི་པོ་བསྒོམ་པ་ཙམ་གཟུགས་ཁམས་ཀྱི་ལྷ་རྣམས་དང་ཉན་རང་ལ་ཡང་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའི་ཚད་མེད་བཞི་བསྒོམ་པ་ནི་མཆོག་ཏུ་འགྱུར་པའི་ཚུལ་ནི། བྱང་ཆུབ ་སེམས་དཔའ་རྣམས་རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་སྒོམ་པ་ནི། ཚེ་རབས་སྔ་མ་རྣམས་སུ་བྱམས་སོགས་བསྒོམ་པའི་བག་ཆགས་ཀྱིས་ཚེ་རབས་འདི་དང་ཕྱི་མ་རྣམས་སུ་གོང་ནས་གོང་དུ་ཁྱད་པར་འཕེལ་པའི་ཕྱིར་དེ་འདྲའི་བསྒོམ་པ་དེ་གཞན་ལས་མཆོག་ཏུ་གྱུར་པ་དང་། ཚད་མེད་བཞི་དང་ལྡན་པའི་ཆོས་མདོ་སྡེ་རྣམས་ལ་ཆེར་མོས་ཤིང་དད་པར་བྱས་པ་དང་། བསམ་པའི་ཁྱད་པར་དགུ་གོང་དུ་བཤད་པ་དེ་ལྟ་བུ་དང་ལྡན་པའི་ཁྱད་པར་དང་། ཏིང་ངེ་འཛིན་ལ་དབང་འབྱོར་བའམ་ཁྱད་པར་དུའང་ས་བརྒྱད་པ་སོགས་སུ་འབད་རྩོལ་མེད་པར་བྱམས་སོགས་ལྷུན་གྱིས་གྲུབ་པར་འབྱུང་བས་དབང་འབྱོར་བ་ཉིད་དང་ནི། བྱང་ཆུབ་སེམས་དཔའི་བྱམས་སོགས་བཞི་བསྒོམ་པ་ནི་སྒོམ་པ་པོ་བདག་དང་། ཡུལ་སེམས་ཅན་བསྒོམ་པར་བྱ་བ་ཚད་མེད་བཞི་ཡི་མཚན་མར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་། ས་བརྒྱད་པ་ཐོབ་ནས་བརྩམས་ཏེ་ས་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་མཛད་པ་གཅིག་ཏུ་འདྲེས་ཤིང་ཉེ་བར་འདྲེས་པར་གྱུར་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །བཞི་པ་མཆོད་བསྟེན་ཚད་མེད་ཀྱི་ལེའུའི་མཇུག་བསྡུ་བ་ནི། ཇི་སྐད་བསྟན་པ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་ཡིད་ཆེས་པའི་སེམས་རབ་ཏུ་དྭང་བ་སྐྱེས་ཤིང་། ཆོས་གོས་དང་ན་བཟའ་མེ་ཏོག་དང་བདུག་པ་ལ་སོགས་པའི་རྫས་ཀྱི་མཆོད་པ་དང་། ཕྱག་འཚལ་བ་དང་བསྟོད་པ་བསྒྲགས་པ་དང་བསྐོར་བ་བྱེད་པ་སོགས་དང་། བཀའ་བཞིན་གུས་པས་བསྒྲུབ་པ་དང་བཅས་པའི་བཀུར་སྟི་ཆེན་པོས་ཤིན་ཏུ་མཆོད་པ་དང་། མཆོད་པ་དེ་ཡང་དུས་རེས་འགའ་ཙམ་མ་ཡིན་པར་ནམ་མམ་རྒྱུན་དུ་མཆོད་པར་བྱེད་པ་དང་ལྡན་པས་བདག་དང་གཞན་གྱི་དོན་དུ་གྱུར་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་ཀུན་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་གོང་དུ་བཤད་པ་དང་། དེ་ལས་གཞན་ཡང་མདོ་སྡེ་དང་གཙུག་ལག་གི་ནང་ནས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བསྟན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་ལ་བསྟེན་ན་དེ་ཡི་ཡོན་ཏན་ཚད་མེད་པ་མང་པོ་འབྱུང་བར་གསུངས་པ་དེ་ལྟ་བུ་དང་ལྡན་པ་ཡི་སྒོ་ནས། ཚེ་འདི་དང་ཚེ་རབས་གཞན་ཐམས་ཅད་དུ་ཕན་པར་བྱེད་པའི་བཤེས་གཉེན་རྟག་ཏུ་བསྟེན་པ་ཡིས་ཀྱང་གྲུབ་པ་ཀུན་ཐོབ་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ལ་རྗེས་སུ་བརྩེ་བའི་རང་བཞིན་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞིའི་སྒོ་ནས་སེམས་ཅན་ལ་ཕན་བཏགས་པས་ཀྱང་གྲུབ་པ་ཀུན་ཐོབ་པར་འགྱུར་རོ། །མཆོད་བསྟེན་གཉིས་ཀྱིས་གཙོ་བོར་བདག་གི་དོན་དང་། ཚད་མེད་བཞིས་གཞན་དོན་གཙོ་བོར་གྲུབ་བོ་ཞེས་འགྲེལ་བར་གསུངས། སྤྱིར་གང་གིས་ཀྱང་གཉིས་ཀ་འགྲུབ་པ་འབྱུང་ངོ་། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་ལེའུ་སྟེ་བཅོ་བརྒྱད་པ་རྣམ་པར་བཤད་པའོ།། །། བཞི་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་འདི་ནི་བསྒོམ་པ་གཙོ་བོར་སྟོན་པ་ཡིན་པས་འདི་ལ། རྒྱུ་དང་། ངོ་བོ་དང་། ཁྱད་པར་དུ་བྱེད་པའི་ཡན་ལག་གསུམ་ལས། དང་པོ་ལ་ཇི་ལྟར་དམ་བཅས་པའི་ཚུལ་ཁྲིམས་ལ་གནས་པ་དང་། ཐོས་པ་དང་བསམ་པ་དང་ལྡན་པས་ཚོགས་བསགས་པའི་བར་གྱིས་བསྟན་ཏེ། ངོ་ཚ་ཤེས་པ་དང་བརྟན་པ་དང་མི་སྐྱོ་བ་གསུམ་གྱི་སྒོ་ནས་བསླབ་ལས་མི་འདའ་བར་བྱས་ཏེ། བསྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པའི་ཚུལ་གྱིས་ཐོས་པ་དང་། རྟོན་པ་དང་ཡང་དག་རིག་པ་བཞིའི་ཚུལ་གྱིས་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པ་དང་ལྡན་པས་ཚོགས་གཉིས་བསགས་པ་ལ་འབད་པར་བྱ་བ་ཡིན་པས། དེ་དག་གོ་རིམས་བཞིན་བཤད་པ་ལ། དང་པོ་ངོ་ཚ་ཤེས་པ་ནི། ངོ་ཚ་མི་མཐུན་ཕྱོགས་སྤངས་དང་། ཞེས་པ་ནས། གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན་ཞེས་པའི་བར་གྱིས་ཚིགས་བཅད་བཅུ་དྲུག་གིས་བསྟན་པ་འདི་ལའང་ནང་གསེས་སུ། ངོ་ཚ་ཤེས་པའི་མཚན་ཉིད་དང་། གནས་གང་ལ་ངོ་ཚ་བ་དང་། ངོ་ཚ་བའི་དབྱེ་བ་དང་། ངོ་ཚ་མེད་པའི་ཉེས་དམིགས་དང་། ངོ་ཚ་བའི་ཕན་ཡོན་དང་། ངོ་ཚ་བ་ལྡན་པ་ལ་བསྔགས་པ་དང་། ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་རྟགས་དང་། ཁྲེལ་ཡོད་མཆོག་ཏུ་གྱུར་པ་བསྟན་པ་བཅས་རྣམ་གྲངས་བརྒྱད་ལས། དང་པོ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་དེའི་མི་མཐུན་ཕྱོགས་ངོ་ཚ་མི་ཤེས་པ་དང་ཁྲེལ་མེད་པ་དེ་གཉིས་སྤངས་ནས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རང་བཞིན་དུ་གྱུར་པའོ། །དེ་ཡང་བདག་ལ་ལྟོས་ནས་ངོ་ཚ་ཤེས་པ་དང་། གཞན་ལ་ལྟོས་ནས་ཁྲེལ་ཡོད་པ་ཞེས་བྱ་སྟེ་བྱང་ཆུབ་སེམས་དཔའ་རང་གི་བསླབ་བྱའི་ཆོས་ཐེག་པ་ཆེན་པོའི་ལམ་བཏང་ནས་ཉན་རང་གི་སྤྱོད་པ་ལ་བསླབས་ན་འདི་ནི་བདག་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་ཞེས་ངོ་ཚ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་སྨོད་པར་འགྱུར་རོ་ཞེས་ཁྲེལ་ཡོད་པ་ནི་དེ་གཉིས་ཀྱི་རང་བཞིན་དང་གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་ལྡན་པ་ནི་བདག་དང་སེམས་ཅན་གཞན་དང་། ངོ་ཚ་ཁྲེལ་ཡོད་ཀྱི་ཆོས་གསུམ་གྱི་མཚན་མ་མི་དམིགས་པའོ། །དམིགས་པ་ནི་ཐེག་པ་དམན་པའི་ལམ་སྟེ་དེ་ལ་ཞུགས་ན་ངོ་ཚ་བའོ། །དེ་ཡང་ཉན་རང་གི་ཐེག་པ་དེ་ལ་ཞུགས་པ་དག་ལ་ཉོན་མོངས་པའི་ཁ་ན་མ་ཐོ་བ་མེད་ཀྱང་བདག་གི་དོན་འབའ་ཞིག་ལ་ཞུགས་པས་བསམ་པ་དང་ཤེས་རབ་དང་སྒྲུབ་པ་དང་འབྲས་བུ་དང་ཐམས་ཅད་ཐེག་པ་ཆེན་པོ་ལས་ཆེས་དམན་པའི་ཡུལ་ཡིན་པས་ཡུལ་དེ་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་འཇུག་པ་ལ་ངོ་ཚ་བར་བྱེད་དོ། ། བྱེད་ལས་ནི་བྱང་ཆུབ་སེམས་དཔའི་ངོ་ཚ་དང་ཁྲེལ་ཡོད་ཀྱིས་སེམས་ཅན་རྣམས་སྨིན་པར་བྱེད་དེ། དེ་ལྟ་བུའི་ངོ་ཚ་དང་ཁྲེལ་ཡོད་ནི་བརྟན་པའི་སྟེ་བྱང་ཆུབ་སེམས་དཔའི་ཡིན་གྱི། ཉན་རང་རྣམས་ནི་རང་གི་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ལྟོས་པ་མེད་པར་བོར་ནས་རང་གཅིག་པུ་ཞི་བདེ་དོན་དུ་གཉེར་བས་བྱང་ཆུབ་སེམས་དཔའ་ལ་ལྟོས་ན་རྒྱུད་ལས། རང་གི་བུ་ལའང་མ་ཆགས་པའི། །ཉན་ཐོས་རྣམས་ནི་སྐལ་བ་ངན། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། ། ཞེས་གསུངས་པ་ལྟར་དེ་རྣམས་ངོ་ཚ་དང་ཁྲེལ་ཆུང་བ་ཡིན་ནོ། །གནས་གང་ལ་ངོ་ཚ་བ་ཡིན་ཞེ་ན། སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡི། མི་མཐུན་ཕྱོགས་སེར་སྣ་སོགས་རང་གི་རྒྱུད་ལ་འཕེལ་བ་དང་། གཉེན་པོ་སྦྱིན་སོགས་འགྲིབ་པས་བྱང་ཆུབ་སེམས་དཔའ་རྣམས་ལ། མི་བཟད་པའི་ངོ་ཚ་སྐྱེ་བ་ཉིད་དུ་འགྱུར་ཏེ། འཇིག་རྟེན་ན་རིགས་ཆེ་ཞིང་མཐོ་བ་དག་རིགས་ངན་གྱི་སྤྱོད་པ་བྱེད་པ་ལ་ངོ་ཚ་བ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་སེར་སྣ་སོགས་འཕེལ་བ་ངོ་ཚ་ཞིང་སྦྱིན་པ་སོགས་འགྲིབ་པའང་ཤིན་ཏུ་ངོ་ཚ་བ་ཡིན་ནོ་འདི་ལ་འཕེལ་བ་དང་འགྲིབ་པ་ལ་ངོ་ཚ་བ་ཞེས་བྱའོ།། དེ་བཞིན་དུ་སྦྱོར་བ་དང་མི་སྦྱོར་བ་ལ་ངོ་ཚ་བ་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཕྱིན་པ་དྲུག་པོ་རང་རྒྱུད་ལ་གོམས་ཤིང་བརྟེན་པ་ལ་ནི་ལེ་ལོ་བྱེད་ཅིང་མི་སྦྱོར་བ་དང་། འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པ་རྣམས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཆོས་དབང་པོ་དྲུག་གི་སྒོ་མི་སྡོམ་ཞིང་འདོད་ཡོན་ལྔ་ཡི་ཡུལ་ལ་འཇུག་པ་ལ་སྦྱོར་བ་ལས་ཀྱང་ངོ་ཚ་བར་འགྱུར་རོ། །གསུམ་པ་མཆོག་དམན་གྱི་དབྱེ་བ་ནི། མཉམ་བཞག་གི་ངོ་བོ་ཉིད་མིན་པ་འདོད་པའི་ཁམས་ཀྱི་ས་པའི་ངོ་ཚ་དང་ཁྲེལ་ཡོད་ནི་ཆུང་ངུའམ་དམན་ལ་དེ་བཞིན་དུ་མཉམ་པར་བཞག་པ་གཟུགས་དང་གཟུགས་མེད་པ་ལ་ཡང་ངོ་ཚ་ཁྲེལ་ཡོད་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་དུ་ཕྱེ་བའི་ཆུང་ངུ་དང་འབྲིང་ཆུང་ངུར་བསྡུ་ལ། མོས་སྤྱོད་དང་ས་དང་པོ་སོགས་འོག་མ་འོག་མ་རྣམས་རང་རང་གི་གོང་མ་གོང་མ་ལ་ལྟོས་ནས་ཆུང་ངུ་དང་། གོང་མ་རྣམས་འོག་མ་ལ་ལྟོས་ནས་ཆུང་ངུར་བཞག་གོ ། བསམ་པ་དམན་པ་ཉན་རང་རྣམས་ཀྱི་ངོ་ཚ་དང་ཁྲེལ་ཡོད་པས་བདག་གི་དོན་འབའ་ཞིག་བསྒྲུབ་པས་ཆུང་ངུ་དང་། ས་དང་པོ་ནས་བདུན་པའི་བར་གྱི་ངར་བཅས་ཞེས་པ་འབད་རྩོལ་གྱི་མཚན་མའི་ང་རྒྱལ་དང་བཅས་པའི་ཕྱིར། དེ་དག་གི་ངོ་ཚ་ནི་དམན་པའམ་ཆུང་ངུ་ཞེས་བྱ་སྟེ་ལྟོས་འཇོག་གི་སྒོ་ནས་སོ། །དེ་ལས་གཞན་ལྷག་པའམ་ཆེན་པོ་སྟེ། མཉམ་པར་བཞག་པའི་ས་པའི་ངོ་ཚ་དང་། དེའི་ཡང་ཆེན་པོ་དང་། ས་འོག་མ་ལ་ལྟོས་ནས་གོང་མ་དག་ཆེན་པོ་དང་། ཐེག་ཆེན་པའི་ངོ་ཚ་ཁྲེལ་ཡོད་དང་། ས་བརྒྱད་པ་སོགས་གསུམ་གྱི་ངར་འཛིན་མེད་པ་མི་རྟོག་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངོ་ཚ་དང་ཁྲེལ་ཡོད་ནི་འབད་མེད་ལྷུན་གྱིས་གྲུབ་པས་ཆེན་པོའམ་ལྷག་པར་བཞག་པ་ཡིན་ནོ། །བཞི་པ་ངོ་ཚ་དང་ཁྲེལ་མེད་པའི་ཉེས་དམིགས་ནི། བློ་ལྡན་གང་ངོ་ཚ་དང་ཁྲེལ་མེད་པ་དེ་ཚུལ་བཞིན་མིན་པར་ཞུགས་པ་ལས་ཆགས་སོགས་ཉོན་མོངས་པ་སྐྱེས་པ་དང་དུ་ལེན་པ་དང་། ཁྲོ་བ་ཡི་དབང་གིས་སྲོག་གཅོད་པ་སོགས་མི་དགེ་བ་ལ་ཞུགས་པས་བདག་ཉིད་ཚུལ་ཁྲིམས་ཉམས་པས་རང་ལ་འདི་ཕྱིར་གནོད་པ་དང་། སེམས་ཅན་གཞན་ལ་གནོད་པ་དང་། དེ་བཞིན་དུ་དགེ་བའི་ལས་དང་སེམས་ཅན་གྱི་དོན་བྱ་བ་ཡལ་བར་འདོར་བའི་ལེ་ལོ་དང་བག་མེད་པ་སོགས་དང་། ང་རྒྱལ་གྱི་སྐྱོན་ཆགས་པ་རྣམས་ཀྱི་སྒོ་ནས། སེམས་ཅན་རྣམས་དང་རང་གི་རྒྱུད་ཀྱི་ཚུལ་ཁྲིམས་འཇོམས་པ་དང་། དེའི་དབང་གིས་རང་ཉིད་འགྱོད་ཅིང་གདུང་བ་སྐྱེས་པས་བདེ་བ་ལས་ཉམས་པ་དང་བཅས་པར་འགྱུར་ཞིང་། གཞན་གྱིས་ཀྱང་ཡོན་ཏན་དང་མི་ལྡན་པར་མཐོང་ནས་བཀུར་སྟི་དང་རྙེད་པས་དམན་པ་ཐོབ་པར་འགྱུར་ལ། ངོ་ཚ་དང་ཁྲེལ་མེད་པའི་རྒྱུ་དེས་བསྟན་པ་ལ་དད་པ་དང་ལྡན་པའི་མི་མིན་དཀར་ཕྱོགས་སྐྱོང་བའི་ཚོགས་དང་ནི། སྟོན་པས་ཀྱང་ལྷག་པར་དགོངས་པའི་ཡུལ་དུ་མ་གྱུར་པས་བཏང་སྙོམས་སུ་འཇོག་པར་མཛད་དོ། །རྒྱལ་བའི་སྲས་པོ་ཆོས་དང་མཐུན་པ་རྣམས་ཀྱིས་ཆེ་གེ་མོས་འདི་ལྟར་མི་རིགས་པ་བྱེད་པ་ཡིན་ནོ་ཞེས་རྣམ་པར་སྨོད་ཅིང་། འཇིག་རྟེན་པ་རྣམས་ལས་ཀྱང་། མཐོང་བའི་ཆོས་ཚེ་འདི་ལ་མི་སྙན་པ་བརྗོད་པ་ཐོབ་བོ། ། སྐྱེ་བ་གཞན་དུ་ཕྱིར་ཞིང་ངན་སོང་སོགས་མི་ཁོམས་པའི་གནས་སུ་སྐྱེ་བ་དེས་ན་རང་རྒྱུད་ལ་ཆོས་དཀར་པོ་ཐོབ་ཟིན་ལས་ཉམས་པ་དང་། སྔར་མ་ཐོབ་པ་གསར་དུ་ཐོབ་པ་ལས་ཀྱང་རྣམ་པར་ཉམས་པར་འགྱུར་རོ། ། དེ་ཕྱིར་དེའི་ལུས་སྡུག་བསྔལ་བར་གནས་པ་དང་། ཡིད་ཀྱང་མི་བདེ་བས་ཟིན་ནས་རྣལ་དུ་གནས་པར་མི་འགྱུར་རོ། །ལྔ་པ་ངོ་ཚ་དང་ཁྲེལ་ཡོད་པའི་ཕན་ཡོན་ནི། རྒྱལ་སྲས་ངོ་ཚ་དང་ཁྲེལ་ཡོད་ལྡན་པ་རྣམས་ལ་བཤད་མ་ཐག་པའི་ཉེས་པ་འདི་དག་ཀུན་གཏན་དུ་མི་འབྱུང་སྟེ། མཁས་པ་དེ་ནི་རྟག་ཏུ་ལྷ་དག་དང་། མི་རྣམས་སུ་ནི་ཡང་དག་པར་སྐྱེ་བ་ནི་རྣམ་སྨིན་ཀྱི་འབྲས་བུ་བློ་དང་ལྡན་པ་དེ་ཁྲེལ་ཡོད་དང་ངོ་ཚས་མྱུར་དུ་ནི། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་བྱེད་པ་བདག་པོའི་འབྲས་བུ་དང་། རྒྱལ་བའི་སྲས་ངོ་ཚ་ཁྲེལ་ཡོད་ལྡན་པ་དེ་ནི་སེམས་ཅན་རྣམས་སྨིན་པར་བྱེད་པ་ལ། སྐྱོ་བར་མི་འགྱུར་བ་ཉིད་དུ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། དེ་ནི་དུས་རྟག་ཏུ་མི་མཐུན་ཕྱོགས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་བྲལ་བ་བྲལ་འབྲས་དང་། གཉེན་པོ་ངོ་ཚ་དང་ཁྲེལ་ཡོད་པ་དང་མི་འབྲལ་བར་འགྱུར་བ་རྒྱུ་མཐུན་པའི་འབྲས་བུ་སྟེ། དེ་ལྟར་རྒྱལ་སྲས་ངོ་ཚ་ཁྲེལ་ཡོད་དང་ལྡན་པ་དེས་ནི་ཕན་ཡོན་དེ་དག་འཐོབ་པར་འགྱུར་རོ། །དྲུག་པ་ངོ་ཚ་ཁྲེལ་ཡོད་དང་ལྡན་པ་ལ་བསྔགས་པ་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལུས་བཀྲུས་ཏེ་རྒྱུ་བཟང་ཞིང་ཁ་དོག་དབྱིབས་ལེགས་པའི་གོས་བཟང་པོ་གྱོན་ཡང་ནི། སེམས་ངོ་ཚ་ཁྲེལ་ཡོད་དང་བྲལ་བའི་ཕྱིར་ཆགས་སོགས་ཉེས་པའི་དྲི་མ་ཅན་གྱི་རང་བཞིན་ཡིན་པ་གོས་ཀྱིས་དགབ་པར་མི་ནུས་ལ། རྒྱལ་སྲས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་གོས་ཅན་ནི། ཕྱི་ནས་གོས་སོགས་ཀྱིས་དགབ་པ་མེད་ཀྱང་རང་བཞིན་གྱིས་ཉེས་པའི་དྲི་མ་དང་བྲལ་བ་ཡིན་ནོ། །འདིས་ནི་ནང་དུ་མཉམ་པར་བཞག་པའི་རྣལ་འབྱོར་ལ་གནས་པའི་དུས་ན་ངོ་ཚ་ཁྲེལ་ཡོད་ཀྱིས་ཉོན་མོངས་སྐྱེ་བའི་གཉེན་པོ་བྱེད་པ་བསྟན་ཏོ། །རྒྱལ་བའི་སྲས་རྣམས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པར་གྱུར་པ་དེ་དག་དཔེར་ན་ནམ་མཁའ་ནི་སྤྲིན་དང་ཁུག་སྣ་ལ་སོགས་པས་གོས་སུ་མེད་པ་བཞིན་དུ་གྲོང་དུ་གཤེགས་པ་སོགས་ཀྱི་ཚེ་ངོ་ཚ་བ་དང་ཁྲེལ་ཡོད་པའི་རང་བཞིན་ཉིད་ཀྱིས། འཇིག་རྟེན་ཆོས་བརྒྱད་ཀྱིས་གོས་པར་མི་འགྱུར་རོ། །རང་གི་ལྟ་སྤྱོད་དང་མཐུན་པའི་གྲོགས་སུ་གྱུར་པའི་རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་པ་གྱུར་པ་ན་ཡང་། གང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྒྱན་གྱིས་བརྒྱན་པ་དེ་ནི་སྤྱོད་པ་མཐུན་ཞིང་ཤིན་ཏུ་མཛེས་པ་ཡིན་ཏེ། རིན་ཆེན་ལ་སོགས་པའི་རྒྱན་གང་གི་ཡང་འགྲན་ཟླ་མེད་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་དོན་ཡལ་བར་འདོར་བ་ལ་ཁྲེལ་ཡོད་དང་ངོ་ཚ་བས། གདུལ་བྱ་རྣམས་ལ་མ་བཞིན་དུ་བྱམས་པ་ཉིད་ཀྱིས་སེམས་ཅན་སྨིན་པར་བྱེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ལ་བུ་ལྟར་བྱམས་ཤིང་ཕངས་པ་མཛད་པ་དེ་དག་གིས། སེམས་ཅན་རྣམས་བསྐྱབ་པར་མི་བྱེད་ཅིང་ཡལ་བར་འདོར་ན་ངོ་ཚ་བའི་གནས་ཡིན་པའི་ཕྱིར་རོ། ། ཁྲེལ་ཡོད་དང་ངོ་ཚ་བ་ནི་དཔེར་ན་དཔུང་གི་ཚོགས་རྟ་དང་གླང་པོ་དང་ཤིང་རྟ་བ་དང་། རྐང་ཐང་གི་ཚོགས་བཞིས་རྒྱལ་སྲིད་དང་ཡུལ་ཕྱོགས་བསྲུང་བ་ལྟར། འདོད་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་ཀྱི་དགྲ་ཡི་ཚོགས་ལས། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་འདིར་སེམས་ཅན་གྱི་དོན་བྱེད་པའི་ཚེ་ན་རྣམ་པ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན་ཏེ། ངོ་ཚ་དང་ཁྲེལ་ཡོད་ཀྱིས་ཉོན་མོངས་པའི་ཉེས་པ་རྣམས་ལ་མི་འཇུག་པར་བྱེད་པས་སོ། །བདུན་པ་ངོ་ཚ་ཁྲེལ་ཡོད་ལྡན་པའི་རྟགས་ནི་བཞི་སྟེ། བསམ་པའི་སྒོ་ནས་སྦྱིན་པ་ཚུལ་ཁྲིམས་སོགས་ཡོན་ཏན་གྱི་ཕྱོགས་གང་ཅི་ཡང་རུང་བ་ཀུན་ལ་དང་དུ་ལེན་པ་བཟོད་པ་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་ཆགས་སྡང་སོགས་ཉོན་མོངས་ཀུན་དང་གང་ཅི་ཡང་རུང་བའི་ཉེས་པའི་ཕྱོགས་ཀུན་དང་དུ་མི་ལེན་ཅིང་། སྦྱོར་བའི་སྒོ་ནས་ཉེས་པ་ཀུན་ལ་མི་འཇུག་པ་དང་ཡོན་ཏན་ཀུན་ལ་འཇུག་པ་ཡི་མཚན་མ་བཞི་པོ་དེ་ནི། གང་སྣང་ཡང་། ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་གང་ཟག་དེའི་རྒྱུད་ཀྱི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་བྱས་པའི་རྟགས་ཡིན་ནོ། ། བརྒྱད་པ་དེ་གཉིས་མཆོག་ཏུ་གྱུར་པ་ནི། རང་གི་སེམས་ཀྱིས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་བསྒོམ་པ་ནི། གལ་ཏེ་སྐྱོན་འདི་གཞན་གྱིས་ཤེས་ན་ངོ་ཚའོ་སྙམ་པ་ལས། གཞན་གྱིས་ཤེས་རུང་མ་ཤེས་རུང་རང་ཉིད་ཀྱིས་ཉེས་པ་བྱས་པ་རང་ལ་རང་གིས་ཁྲེལ་བ་བསྒོམ་པ་ནི་མཆོག་ཅེས་འགྲེལ་བར་གསུངས། ཁྲེལ་ཡོད་བསྒོམ་པ་དེ་ཡང་རྣམ་པ་ལྔས་མཆོག་ཏུ་རིག་པར་བྱ་བ་ནི། ངོ་ཚ་ཁྲེལ་ཡོད་སྟོན་པའི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། བསམ་པ་དགུ་གོང་བཤད་ལྟར་དང་། ཏིང་ངེ་འཛིན་གྱི་སེམས་ཀྱི་དབང་འབྱོར་བའམ། ས་བརྒྱད་པ་ནས་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། བདག་དང་གཞན་དང་ངོ་ཚ་བའི་ཆོས་ཀྱི་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་དང་། དག་ས་པའི་བྱང་སེམས་བྱ་བ་དེ་ལ་དོན་གཅིག་པར་གྱུར་པ་ཉིད་ཀྱིས་གཙོ་བོའམ་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་བརྟན་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་བརྟན་པ་ནི། བྱང་སེམས་དེ་ལས་གཞན་པ་འཇིག་རྟེན་པ་དང་ཉན་རང་གི་ཚོགས་ཐམས་ཅད་ལས། མཚན་ཉིད་དང་ནི་རབ་ཏུ་དབྱེ་བ་དང་། མི་འགྱུར་བས་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་དེའི་ཁྱད་པར་གསུམ་པོ་དེའི་དོན་རྒྱས་པར་བཤད་པ་ལ། དང་པོ་བརྟན་པའི་མཚན་ཉིད་ནི། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་ནི་རིམ་པ་ལྟར་སེམས་མ་ཞུམ་པའི་སྙིང་སྟོབས་དང་གཞན་དུ་མི་གཡོ་བར་སྲན་ཐུབ་པ་དང་། དོན་དེར་ཡང་དག་པར་ཤེས་ནས་དེ་ལས་གཞན་དུ་མི་འགྱུར་བས་བརྟན་པར་འདོད་དེ། གང་གི་ཕྱིར་ན་ཆོས་དེ་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལམ་བསྒྲུབ་པ་ལ་འཇིགས་པ་མེད་པར་རབ་ཏུ་འཇུག་པ་ཡིན་ནོ། །འཇིགས་པ་ཇི་ལྟ་བུ་སྐྱེ་ན་བརྩོན་འགྲུས་མེད་པ་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་བདག་གིས་བསྒྲུབ་མི་ནུས་སྙམ་དུ་ཞུམས་པའི་འཇིགས་པ་སྐྱེ་བ་དང་། ཏིང་ངེ་འཛིན་མེད་པ་རྣམས་སེམས་རྩེ་གཅིག་ཏུ་བཞག་མི་ནུས་པས་རྣམ་རྟོག་གཡོ་བའི་འཇིགས་པ་སྐྱེ་བ་དང་། ཤེས་རབ་མེད་པ་དག་བྱང་ཆུབ་ཀྱི་སྤྱོད་པ་རྣམས་ཇི་ལྟ་བུ་ཡིན་པ་མི་ཤེས་པར་རྨོངས་པ་ཡིས་བྱ་བ་རྣམས་ལ་ཇི་ལྟར་བྱ་གཏོལ་མེད་པས་འཇིགས་པ་སྐྱེའོ། ། ཞུམས་པ་སོགས་དེ་གསུམ་གས་བྱང་ཆུབ་སེམས་དཔའི་བསྒྲུབ་པར་བྱ་བ་རྣམས་ལ་རང་དབང་དུ་མ་འདུས་པས་བསྒྲུབ་མི་ནུས་སྙམ་དུ་འཇིགས་པ་སྐྱེའོ། །དེ་ཕྱིར་འཇིགས་པ་གསུམ་པོ་དེ་ཡི་གཉེན་པོ་བརྩོན་འགྲུས་ཏིང་འཛིན་ཤེས་རབ་གང་ཞིག་གཤིས་སམ་ངང་གིས་གྲུབ་པའི་གཉུག་མ་གསུམ་ལ་ནི། མི་མཐུན་ཕྱོགས་ཀྱིས་མི་འཕྲོག་པས་བརྟན་པའི་མིང་ཅན་དུ་ཤེས་པར་བྱའོ་ཞེས། སོ་སོར་བརྟག་ཅིང་འབད་མི་དགོས་པར་བརྩོན་འགྲུས་ལྷུན་གྱིས་གྲུབ་པ་དང་ཏིང་འཛིན་དང་ཤེས་རབ་ལྷུན་གྱིས་གྲུབ་པ་གཉུག་མའམ་རྟག་པ་ཡོད་པས་ཞུམས་སོགས་གསུམ་མེད་པར་མཆོག་ཏུ་བརྟན་པ་ནི་བརྟན་པའི་མཚན་ཉིད་དོ། །ལས་དང་པོ་པ་རྣམས་ལའང་སེམས་ཀྱི་གཤིས་ལ་མ་ཞུམ་པ་ཡོད་པས་བྱ་བ་ལ་འཇུག་ནུས་པ་ཞིག་བྱུང་ན་དེ་ཙམ་ལ་ལྟོས་འཇོག་གི་སྒོ་ནས་གཉུག་མའི་བརྩོན་འགྲུས་ཀྱི་མིང་ཐོགས་པར་སོགས་སུ་ཤེས་པར་བྱའོ། །གཉིས་པ་བརྟན་པའི་དབྱེ་བ་དང་པོ་ནི་རྣམ་པ་བརྒྱད་དེ། རང་བཞིན་གྱིས་བརྟན་པ་ནི་རིགས་ཀྱི་སྟོབས་ལས་བརྩོན་ཏིང་ཤེར་གསུམ་གྱི་ཁམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུམས་སོགས་ཀྱི་འཇིགས་པ་མེད་པ་གང་ཡིན་པ་དང་ནི། སྨོན་ལ མ་གྱིས་བརྟན་པ་ནི། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོ་ཐོབ་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་བ་བྱ་བ་ལས་མི་ལྡོག་ཅིང་མི་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལས་གང་དུ་སྐྱེ ས་ཀྱང་མི་འགྱུར་ཞིང་བརྟན་པར་འགྱུར་བའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྨོན་ལམ་ཚད་མེད་པ་སངས་རྒྱས་ཀྱི་སའི་བར་དུ་འབྱུང་བ་ཐམས་ཅད་ཀྱི་རྩ་བ་ནི་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡིན་ཏེ། བྱང་ཆུབ་ཏུ་སྨོན་ལམ་འདེབས་པའི་དང་པོ་འདི་ལ་བརྟེན་ནས་སྨོན་ལམ་ཀུན་འབྱུང་ཞིང་དེ་ཕན་ཆད་ཀྱི་སྨོན་ལམ་རྣམས་ཀྱིས་ཇེ་བས་ཇེ་བརྟན་དུ་འགྱུར་རོ། །ཆགས་པ་མེད་པ་ཉིད་དང་ནི་ཞེས་པ་བདག་གི་དོན་ལ་བརྟེན་པ་སྟེ། བདག་གི་དོན་བསྒྲུབ་པ་ལ་ལུས་དང་སྲོག་ལ་ཡང་ལྟ་བའམ་ཆགས་པ་དང་འཇིགས་པ་མེད་པ་ཉིད་དང་ནི། གཞན་གྱི་དོན་ལ་བརྟན་པ་ནི་སེམས་ཅན་རྣམས་ཀྱིས་ལོག་པར་སྒྲུབ་པ་སྣ་ཚོགས་བྱས་ཀྱང་དེས་སྐྱོ་བ་མེད་པར་བརྟན་པ་དང་། ཟབ་ཅིང་ཞེས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་བརྟན་པ་སྟེ། གདོད་ནས་སྐྱེ་འགག་མེད་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་ཅིང་མོས་པ་བརྟན་པའོ། ། མཐུ་ལ་བརྟན་པ་ནི། མངོན་ཤེས་དང་སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་རྒྱ་ཆེ་བ་རྣམས་བསྒྲུབ་པ་ལ་མི་ཞུམས་པར་མོས་པ་དང་། གདུལ་བྱ་ཉོན་མོངས་པ་ཤིན་ཏུ་བདོ་བས་སུས་ཀྱང་གདུལ་བར་དཀའ་བ་རྣམས་ཡལ་བར་མི་འདོར་བར་ཐབས་སྣ་ཚོགས་ཀྱིས་ཡུན་རིང་པོར་འདུལ་བར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟན་པ་དང་། རྒྱལ་བའི་ཆོས་སྐུ་དང་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་པོ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་ཡིད་ཕྱིར་ལྡོག་པ་མེད་པ་ནི་བྱང་ཆུབ་དམ་པ་ལ་བརྟན་པ་སྟེ། དེ་ལྟར་བརྟན་པའི་རྣམ་གྲངས་བརྒྱད་བཤད་པ་དང་། སླར་ཡང་བརྟན་པའི་དབྱེ་བ་གསུམ་ནི། བླ་མེད་བྱང་ཆུབ་ཀྱི་ཕྱིར་དཀའ་བ་སྤྱོད་པ་དག་ནི་སྣ་ཚོགས་ཚད་མེད་པ་ཉམས་སུ་ལེན་པ་ནི། དཀའ་བ་སྤྱོད་པ་ལ་བརྟན་པ་དང་། གཞན་དོན་སྙིང་རྗེས་འཁོར་བ་ཡོངས་སུ་གཏོང་བ་མེད་པར་སྲིད་པ་སྣ་ཚོགས་སུ་སྐྱེ་བ་ཡོངས་སུ་འཛིན་པ་ཉིད་ནི། བསམ་བཞིན་སྲིད་པར་སྐྱེ་བ་ལ་བརྟན་པ་དང་། འཁོར་བར་སྐྱེ་བ་དེ་ཉིད་ཀྱི་ཚེ་ན་འཁོར་བའི་སྐྱོན་ཉོ༷ན་མོ༷ངས་པས་གོས་པ་མེ༷ད་པ་ནི། ཉོན་མོངས་པ་མེད་པ་ལ་བརྟན་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བརྟན་པའི་རྒྱུད་ལ་བརྟན་པ་སྐྱེ་བ་ནི། དེ་ལས་གཞན་འཇིག་རྟེན་པ་དང་ཉན་རང་གི་བརྟན་པ་དང་མི་མཚུངས་ཏེ། གཞན་བརྟན་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འདོད་དོ། །གསུམ་པ་མི་འགྱུར་བ་ནི། ཇི་ལྟར་ཕྱེ་མ་ལེབ་དང་། འདབ་ཆགས་མཁའ་ལྡིང་གི་གཤོག་པའི་ཤུགས་དང་། རྒྱ་མཚོ་ཆེན་པོའི་རླབས་དག་གིས་རི་རབ་གཡོ་མི་ནུས་པ་ལྟར་དཔེ་དེ་གསུམ་དང་རིམ་པ་ལྟར་སྦྱར་ཏེ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་མི་དགེ་བའི་གྲོགས་ངན་པ་དང་། སྡུག་བསྔལ་སྣ་ཚོགས་དང་། ཆོས་ཟབ་མོ་སྟོང་པ་བདག་མེད་ཐོས་པས་མི་འཁྲུགས་ཤིང་མི་གཡོས་སོ། །གསུམ་པ་མི་སྐྱོ་བ་ནི་བྱང་ཆུབ་སེམས་དཔའི་མི་སྐྱོ་བ་ནི། གཞན་ཉན་རང་གི་མི་སྐྱོ་བ་དང་། མཉམ་པ་མེད་པ་ཡིན་ལ། གང་ལ་མི་སྐྱོ་ཞེ་ན། གཞིའམ་དངོས་པོ་གསུམ་ལ་མི་སྐྱོ་སྟེ། དགེ་བའི་བཤེས་ལས་དམ་པའི་ཆོས་ཐོས་པས་མི་ངོམས་པ་ནི། ཆོས་ཐོས་པ་ལ་མི་སྐྱོ་བའམ་ཆོས་ཡོངས་སུ་ཚོལ་བ་ལ་མི་སྐྱོ་བའོ། །བསྐལ་པ་གྲངས་མེད་གསུམ་དུ་གཙུབ་ཤིང་ལས་མེ་འབྱིན་པ་ལྟར་བརྩོན་འགྲུས་རྒྱ་ཆེ་བ་རྩོམ་པ་ནི། རབ་ཏུ་འགྲུས་པའི་དངོས་པོ་ལ་མི་སྐྱོ་བ་དང་། སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་དུ་ལེན་པ་ལ་མི་སྐྱོ་བ་ནི། སྡུག་བསྔལ་གྱི་དངོས་པོ་ལ་སྐྱོ་བ་མེད་པའོ། ། དེ་དག་གིས་མི་སྐྱོ་བའི་དངོས་པོའམ་ཡུལ་གསུམ་བསྟན་ཏོ། །མི་སྐྱོ་བའི་རྒྱུའམ་འབྱུང་བའི་གནས་སམ་རྟེན་ནི། གོང་དུ་བཤད་པ་ངོ་ཚ་ཤེས་པ་དང་བརྟན་པ་གཉིས་ལ་བརྟེན་ནས་མི་སྐྱོ་བ་འབྱུང་བ་ཡིན་པ་སྟེ། མི་སྐྱོ་བའི་ངོ་བོའམ་རང་བཞིན་ནི། བྱང་ཆུབ་ཆེ་ལ་འདུན་པ་རབ་ཏུ་དྲག་པོ་ཉིད་གང་ཡིན་པ་སྟེ་རྒྱུ་དེས་མི་སྐྱོ་བ་དབྱེ་བ་ནི་བློ་ལྡན་རྣམས་ཀྱི་མི་སྐྱོ་བ་དེ་ནི་ལམ་གྱི་གནས་སྐབས་ཀྱིས་རྣམས་ལ་ནི་འདི་ལྟར་མོས་སྤྱོད་དུ་བདག་གཞན་མཉམ་པའི་སེམས་མ་ཐོབ་པས་སྐབས་སྐབས་སུ་སྐྱོ་བའང་འབྱུང་བས་མི་སྐྱོ་བ་ཡོངས་སུ་མ་རྫོགས་པ་དང་། ས་བདུན་དུ་སྐྱོ་བ་གཏན་མི་འབྱུང་བས་ཡོངས་སུ་རྫོགས་པ་དང་། དག་པའི་ས་གསུམ་དུ་འབད་མེད་ལྷུན་གྲུབ་ཏུ་ཤིན་ཏུ་རྫོགས་པ་སྟེ་དབྱེ་བ་གསུམ་དུ་ཡོད་པར་འདོད་དོ། །བཞི་པ་བསྟན་བཅོས་ཤེས་པ་ནི། བྱང་ཆུབ་སེམས་དཔའ་བརྟན་པའི་བསྟན་བཅོས་ཤེས་པ་ཉིད་ནི་རིག་པའི་གནས་ལྔ་ཤེས་པ་ལ་བརྗོད་དེ་དེ་ལ་གཙུག་ལག་ཤེས་པ་ཡང་ཟེར་རོ། ། རིག་པའི་གནས་ལྔ་ནི་སྔར་བཤད་པ་ལྟར་ནང་རིག་པ་དང་། ཏརྐའམ་རྟོག་གེའི་རིག་པ་ནི་ཚད་མ་སྟེ་རྒྱུའམ་གཏན་ཚིགས་ཀྱི་རིག་པའང་དེའོ། །བརྡ་སྤྲོད་པའམ་སྒྲ་རིག་པ་དང་། བཟོ་ཡི་རིག་པ་དང་། གསོ་བའི་རིག་པ་ལྔ་པོ་དེ་དགེ་བའི་བཤེས་གཉེན་སློབ་དཔོན་མཁས་པ་ལས་ལེགས་པར་ཉན་ཅིང་དོན་ལ་བསམ་པས་ངེས་པ་རྙེད་པར་བྱས་ནས་གཞན་ལའང་སྟོན་པར་བྱེད་དེ་ཤེས་བྱའི་གནས་མཐའ་དག་རིག་པའི་གནས་ལྔས་བསྡུས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཤེས་བྱ་ཇི་སྙེད་པ་ལ་མཁས་པར་བྱས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པའི་ཕྱིར་དེ་ལྟར་བསྟན་བཅོས་ཤེས་པ་ཉིད་ལ་འཇུག་གོ །རིག་གནས་ལྔ་ཤེས་པ་ཙམ་འཇིག་རྟེན་པ་དང་། ཉན་རང་ལ་ཡང་ཡོད་མོད་ཀྱང་། གཞི་ལ་སོགས་པ་རྣམ་པ་དྲུག་གི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་ཉིད་ཁྱད་པར་དུ་འཕགས་སོ། །དེ་གང་ཞེ་ན་དང་པོ་གཞིའམ་དངོས་པོ་ནི་རིག་པའི་གནས་ལྔ་པོ་དེ་ཉིད་དེ་ཉན་ཐོས་རྣམས་རང་ཉིད་ཐར་བའི་དོན་དུ་ནང་རིག་པའི་ཕྱོགས་གཅིག་གང་ཟག་གི་བདག་མེད་ཙམ་གཙོ་བོར་དོན་དུ་གཉེར་གྱི་ཐེག་ཆེན་གྱི་གསུང་རབ་མཐའ་དག་གིས་བསྟན་དོན་རྣམས་ཀྱང་ཆེད་ཆེར་མི་བྱེད་ན་རིགས་གནས་གཞན་ལྟ་ཅི་སྨྲོས་སོ། །བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་ཞིང་སེམས་ཅན་མཐའ་ཡས་པའི་དོན་སྒྲུབ་པར་བྱེད་པ་ལ་ཤེས་བྱ་རྒྱ་ཆེ་བའི་ཚུལ་མཐའ་དག་ལ་ཡང་རང་ཉིད་སློབ་ཅིང་གཞན་ལ་སྟོན་པར་བྱེད་དེ། ནང་རིག་པ་ཐེག་པ་གསུམ་གྱི་ལམ་དང་། རྗོད་བྱེད་མིང་ཚིག་གི་རང་བཞིན་རྐྱེན་དང་རྣམ་དབྱེ་སྦྱར་ཚུལ་དང་། ཡི་གེ་བསྡུ་བ་དང་དབྱེ་བསྣན་ལ་སོགས་པ་བརྡ་སྤྲོད་པའི་གཞུང་ལས་ཇི་སྐད་བསྟན་པ་ལྟར་ཐོགས་པ་མེད་པར་སྦྱོར་བ་ལ་མཁས་པས་ངེས་པའི་ཚིག་བཟང་པོ་དང་ལྡན་པས་སྒྲ་ཟུར་མ་ཆག་པར་དོན་གོ་བར་བྱེད་པ་དང་། དོན་དེ་ཡང་མངོན་རྗེས་ལུང་གི་ཚད་མ་དང་མཐུན་པར་བསྒྲུབས་ཏེ། ཚད་མ་དང་མི་ལྡན་པའི་ཕྱོགས་སུན་འབྱིན་པ་དང་། ལྡན་པའི་ཕྱོགས་བསྒྲུབ་པའི་སྒོ་ནས་དོན་ལ་མི་འཕྲོག་པའི་ངེས་པ་བསྐྱེད་པ་དང་། གསོ་བ་རིག་པས་ལུས་ཅན་རྣམས་ཀྱི་ནད་མཐའ་དག་ཞི་ཞིང་ཁམས་སྙོམས་པ་དང་། རིང་དུ་འཚོ་བའི་ཐབས་སྒྲུབ་པར་བྱེད་དོ། ། སེམས་ཅན་ལ་ཕན་པའི་བཟོའི་རིག་པའི་གནས་རྣམ་པ་སྣ་ཚོགས་རང་གིས་བྱས་ནས་གཞན་ལ་ཕན་འདོགས་པ་དང་། ཚུལ་དེ་ཉིད་གཞན་ལའང་རབ་ཏུ་སྟོན་ནོ། ། མདོར་ན་བྱང་ཆུབ་སེམས་དཔས་རང་གཞན་དོན་གཉིས་བསྒྲུབ་པའི་ཕྱིར། ཐོག་མར་རང་ཉིད་ཀྱིས་རིག་པའི་གནས་ལྔའི་བསྟན་བཅོས་སམ་གཙུག་ལག་གི་གཞུང་ཉིད། ཐོས་པ་དང་། ཐོས་པ་བཞིན་མི་བརྗེད་པར་འཛིན་པ་དང་། ཚིག་ཁ་ཏོན་དུ་གོམས་པར་མེད་པ་དང་། དེའི་དོན་གང་དང་གང་ཡིན་པ་ལ་ཡིད་ཀྱིས་རྟོག་པར་བྱེད་པ་དང་། དོན་མ་ནོར་བར་ཁོང་དུ་ཆུད་པས། ལེགས་བཤད་ཉེས་བཤད་རྣམ་པར་འབྱེད་པའི་སྒོ་ནས་གཞན་ལའང་ཚུལ་བཞིན་སྟོན་པར་བྱེད་པ་ནི་གཞིའམ་དངོས་པོའི་སྒོ་ནས་འཕགས་ཚུལ་ཡིན་ནོ། །གཉིས་པ་ཆེད་དུ་བྱ་བ་ནི་ཉན་རང་རྣམས་ཀྱི་བསླབ་པ་ཇི་སྙེད་པའང་རང་དོན་གཙོ་བོར་བྱེད་པའི་ཆེད་དུ་ཡིན་ལ། བྱང་ཆུབ་སེམས་དཔས་གཞན་དོན་གཙོ་བོར་བྱེད་པའི་ཆེད་དུ་བྱ་བ་ཡིན་པས་འཕགས་པ་དང་། བྱེད་ལས་ནི་ཉན་ཐོས་ཀྱི་གསུང་རབ་ཙམ་གྱི་ནང་རིག་པ་ཤེས་པས་རང་དོན་སྒྲུབ་པའི་ལས་བྱེད་ལ། བྱང་ཆུབ་སེམས་དཔའ་ནང་རིག་པ་ཐེག་པ་གསུམ་ལ་མཁས་པར་བྱས་ནས་རང་ཉིད་ཐེག་ཆེན་ལ་འཇུག་ཅིང་། གཞན་ཐེག་ཆེན་གྱི་རིགས་ཅན་རྣམས་ལའང་དེ་ཉིད་སྟོན་པའི་ལས་བྱེད། གཞན་ཉན་རང་གི་རིགས་ཅན་ལའང་དེ་དང་དེའི་ཐེག་པ་སྟོན་པའི་ལས་བྱེད་དོ། །དེ་བཞིན་དུ་གཏན་ཚིགས་རིག་པ་སོགས་གཞན་བཞིས་ཀྱང་གཞན་ལ་ཕན་པར་བྱེད་ཅིང་བསྟན་བཅོས་དེ་དག་གཞན་ལ་སྟོན་པའི་ལས་བྱེད་པས་ཁྱད་པར་དུ་འཕགས་སོ། །མཚན་ཉིད་ནི་ཉན་ཐོས་ཀྱི་ནང་རིག་པའི་ཕྱོགས་གཅིག་གང་ཟག་གི་བདག་མེད་སྟོན་པ་སོགས་བསྟན་བཅོས་ཉུང་ངུ་ཞིག་མཉན་ནས་དེ་ཡི་ཚིག་འཛིན་པ་སོགས་ཡིན་ལ། བྱང་སེམས་ཀྱི་ཐེག་པ་གསུམ་གྱིས་བསྡུས་པའི་ནང་རིག་པ་དང་། སྒྲ་དང་ཚད་མ་བཟོ་དང་གསོ་བའི་བསྟན་བཅོས་ཇི་སྙེད་པ་མུ་ཐུག་པ་མེད་པ་ཡང་ངོམས་པ་མེད་པར་ཐོས་པ་དང་འཛིན་པ་དང་བྱང་བ་དང་བརྟག་པ་དང་ཁོང་དུ་ཆུད་པར་བྱེད་པས་མཚན་ཉིད་ལྔ་དང་ལྡན་པས་ཁྱད་པར་དུ་འཕགས་པ་དག་དང་ནི། ཉན་ཐོས་ཀྱི་བསྟན་བཅོས་ཤེས་པ་ནི་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་ནི། ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པས་ཁྱད་པར་འཕགས་པ་དང་། འབྲས་བུ་ནི་ཡང་དག་པར་འགྲུབ་པས་ཁྱད་པར་འཕགས་པ་ནི། ཉན་ཐོས་རྣམས་ཀྱིས་བསྟན་བཅོས་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་མི་འཐོབ་ཀྱི། བྱང་ཆུབ་སེམས་དཔས་གནས་ལྔ་རིག་པ་ལ་མཁས་པར་བྱས་ཏེ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པའི་མཐུས། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་གནས་ལྔ་རིག་པའི་བསྟན་བཅོས་ཤེས་པ་དེ་གནས་གང་གིས་བསྡུས་ན་ཏིང་ངེ་འཛིན་དང་གཟུངས་ཀྱིས་སྒོས་བསྡུས་ཏེ། གནས་ལྔ་ལ་མཁས་པ་དེ་ཡང་ཁ་ཅིག་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ལ་ཏིང་ངེ་འཛིན་གྱིས་ཟིན་ཅིང་ཏིང་ངེ་འཛིན་དང་འབྲེལ་པ་ཡིན་པ་དང་། ཁ་ཅིག་གཟུངས་ཀྱི་རང་བཞིན་ཡིན་ལ་གཟུངས་ཀྱིས་ཟིན་ཅིང་གཟུངས་དང་འབྲེལ་བའོ། །དེ་ལྟར་ཏིང་ངེ་འཛིན་དང་གཟུངས་ཀྱིས་བསྡུས་པའི་ཆ་ནས་དབྱེ་བ་གཉིས་སུ་ཡང་རུང་ངོ་། །དེ་ལ་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་ཐོབ་པའི་དབང་གིས་གང་ལ་མཉམ་པར་བཞག་ནས་གནས་ལྔ་རིག་པའི་བསྟན་བཅོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པས་སེམས་ཅན་སྨིན་པར་བྱེད་པའོ། །གཟུངས་ཀྱི་རང་བཞིན་གྱིས་ནི་སྔར་ཚེ་རབས་ཤིན་ཏུ་མང་པོར་གནས་ལྔ་རིག་པའི་བསྟན་བཅོས་ཐོས་པ་ཐམས་ཅད་ཀྱི་ཚིག་དང་དོན་མི་བརྗེད་པར་འཛིན་པས་གནས་ལྔ་རིག་པས་བསྡུས་པའི་གསུང་རབ་དམ་པའི་ཆོས་མཐའ་དག་འཛིན་པར་བྱེད་པའོ། ། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པ་ཏིང་ངེ་འཛིན་ལ་བརྟེན་པས་སེམས་ཅན་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་དང་ལྡན་པས་ཡོངས་སུ་སྨིན་པར་བྱེད་པ་དང་། གཟུངས་ཀྱི་སྒོ་ནས་བརྡའ་སྤྲོད་སོགས་ཡན་ལག་བཞི་དང་། གཙོ་བོ་ནང་རིག་པ་སྟེ་དམ་པའི་ཆོས་མཐའ་དག་འཇིག་རྟེན་དུ་ནམ་དུ་མི་ནུབ་པར་འཛིན་པར་བྱེད་པ་ཡིན་ཏེ། དེ་གཉིས་ནི་བསྟན་བཅོས་ཤེས་པའི་བྱེད་ལས་སོ། །ལྔ་པ་འཇིག་རྟེན་ཤེས་པ་ནི། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ཤེས་པ་ཉིད་ནི་ལུས་ཀྱི་ཚུལ་ཤེས་པ་དང་ངག་གི་ཚུལ་ཤེས་པ་དང་། ཡིད་དག་གིས་བདེན་པ་བཞི་ཤེས་པ་ནི། གཞན་འཇིག་རྟེན་པ་དང་ཉན་རང་དང་མཉམ་པའམ་མཚུངས་པ་མེད་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ལས་གཞན་པ་འཇིག་རྟེན་པ་དང་ཉན་རང་དག་ལས་ཁྱད་པར་འཕགས་པའོ། །གལ་ཏེ་གཞན་དག་འདི་སྙམ་དུ་འཇིག་རྟེན་གྱི་ཐ་སྙད་ཤེས་པ་ལུས་ངག་གི་ཚུལ་གཞན་དང་མཐུན་པར་བྱེད་པ་ཙམ་འཇིག་རྟེན་ཕལ་པ་ལའང་ཡོད་ལ། བདེན་བཞི་ཤེས་པ་ཉན་རང་ལ་ཡང་ཡོད་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཇི་ལྟར་ཁྱད་པར་དུ་འཕགས་ཞེ་ན། དེ་དག་གིས་དེ་ནི་སེམས་ཅན་གཞན་སྨིན་པར་བྱེད་པ་བྱང་ཆུབ་སེམས་དཔའི་དེ་ལྟ་བུ་མ་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །དེ་ལ་འཇིག་རྟེན་ཤེས་པ་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཐ་སྙད་ཤེས་པ་དང་། འཇིག་རྟེན་འབྱུང་བ་ཤེས་པ་དང་། འཇིག་རྟེན་འགགས་པ་ཤེས་པའོ། །འཇིག་རྟེན་གྱི་ཐ་སྙད་ཤེས་པ་ལ་ཡང་འཇིག་རྟེན་དང་མཐུན་པའི་ལུས་ཀྱི་ཐ་སྙད་དང་ངག་གི་ཐ་སྙད་ཀྱི་ཚུལ་ཤེས་པ་གཉིས་ཡོད་དོ། ། དེ་ཉིད་གང་ཞེ་ན་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱི་ཚུལ་ལུགས་ནི་རྟག་ཏུ་མཆོག་དམན་བར་མའི་གང་ཟག་སུ་ལ་ཡང་བཞིན་ཁྲོ་གཉེར་མེད་པར་འཛུམ་པའི་མདངས་ཀྱིས་དགའ་བར་བྱེད་ཅིང་གུས་ཤིང་དགའ་བའི་རྣམ་པ་སྟོན་པས་གཞན་མགུ་བར་བྱེད་པའོ། །ངག་གི་ཚིག་ཡིད་དུ་མི་འཐད་པ་མེད་པར་འཇམ་ཞིང་ཡིད་དུ་འོང་བས་ལེགས་པར་འོང་སམ་ཞེས་སོགས་དྲང་ཞིང་འཇེབ་པ་གསོང་པོར་སྨྲ་བ་ཡིན་ནོ། །དེ་གཉིས་ཀྱི་དགོས་པ་ནི། ལུས་ཀྱི་ཚུལ་གཞན་གྱི་ཡིད་དང་མཐུན་པར་བྱས་པས་སེམས་ཅན་རྣམས་བདེན་པ་ཤེས་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དང་། ངག་གིས་དམ་པའི་ཆོས་བསྟན་པས་དམ་པའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་ལུས་ངག་གི་ཐ་སྙད་དེ་ལྟ་བུའི་ཚུལ་ལུགས་ཤེས་པར་བྱ་བ་ཡིན་ནོ། །ཡིད་ཀྱིས་ནི་འཇིག་རྟེན་འདི་དག་གང་ལས་བྱུང་བ་དང་། གང་གིས་ནུབ་པ་ཤེས་པ་ནི་འཇིག་རྟེན་གྱི་དོན་ཤེས་པ་ཡིན་ལ། དེ་ནི་གང་གི་ཕྱིར་ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པ་གཉིས་ཀྱིས་ནི། སྣོད་དང་བཅུད་ཀྱི་འཇིག་རྟེན་པ་རྣམས་རྟག་ཏུ་འབྱུང་བར་འདོད་དེ། རྒྱུ་ཀུན་འབྱུང་གི་བདེན་པས་འབྲས་བུ་སྡུག་བསྔལ་བདེན་པ་གྲུབ་པ་ལ་འཇིག་རྟེན་ཞེས་བརྗོད་པ་ཡིན་ནོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ཀྱིས་འཇིག་རྟེན་ནུབ་པའམ་འགག་པར་འགྱུར་ཏེ། ལམ་གྱིས་བདེན་པས་ཀུན་འབྱུང་སྤངས་པ་ན། འབྲས་བུ་སྡུག་བསྔལ་བདེན་པའི་རང་བཞིན་ཅན་གྱི་འཇིག་རྟེན་འགག་པའི་ཕྱིར་གང་དུ་འགག་པའི་གནས་འགོག་བདེན་དང་། གང་གིས་འགག་པར་བྱེད་པ་ལམ་བདེན་ཡིན་པ་དེའི་ཕྱིར། དེ་ལྟར་ཤེས་པ་ལ་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། འཇིག་རྟེན་འབྱུང་བ་ཤེས་པ་མ་དག་པའི་གཞན་དབང་དང་། ནུབ་པ་ཤེས་པ་དག་པའི་གཞན་དབང་ཤེས་པ་དང་། བདེན་རྣམ་བཅུ་དྲུག་གི་བདག་ཉིད་རྣམ་ཐར་སྒོ་གསུམ་ཤེས་པ་ནི་མཚན་ཉིད་གསུམ་ཀ་ཤེས་པ་ཡང་ཡིན་ནོ། །བདེན་པ་བཞི་པོ་དེ་དག་ལས་སྡུག་ཀུན་ཞི་བ་དང་། འགོག་ལམ་གཉིས་ཐོབ་པར་བྱ་བའི་ཕྱིར་བློ་ལྡན་བྱང་སེམས་རྣམས་བདེན་པ་བཞི་པོ་རྣམས་ལ་རང་གཞན་སྦྱོར་བ་ནི་འཇིག་རྟེན་ཤེས་པའི་ལས་སོ། །རྒྱུ་མཚན་གང་གིས་ན་བློ་ལྡན་བྱང་སེམས་རྣམས་འཇིག་རྟེན་གྱི་ཐ་སྙད་ཤེས་པའི་བདེན་པ་དང་། དོན་དམ་བདེན་བཞི་ཤེས་པའི་བདེན་པ་གཉིས་ཤེས་པའི་ཕྱིར་འཇིག་རྟེན་ཤེས་པ་ཞེས་སུ་མངོན་པར་བརྗོད་དེ། སྡུག་བསྔལ་གསུམ་དང་ལྡན་པའི་འཇིག་རྟེན་ཁམས་ཀྱི་གནས་རིས་དང་ཚེ་ཚད་བདེ་སྡུག་དར་རྒུད་སོགས་ཇི་ལྟར་ཡིན་པ་དང་། འཇིག་རྟེན་དེ་དང་མཐུན་པའི་ཚུལ་ལུགས་ལུས་ངག་གི་ཐ་སྙད་སྐབས་འདིར་བསྟན་པས་མཚོན་ནས་འཇིག་རྟེན་གྱི་ཚུལ་ལུགས་རྣམ་པ་སྣ་ཚོགས་དང་། འཇིག་རྟེན་དེ་དག་གང་གིས་འབྱུང་བའི་རྒྱུ་ཀུན་འབྱུང་དང་བཅས་པ་ཤེས་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། ལམ་དང་འགོག་པ་ཤེས་པ་ནི་དོན་དམ་པའི་བདེན་པ་སྟེ་བདེན་པ་དེ་གཉིས་ཀྱི་སྒོ་ནས་འཇིག་རྟེན་མ་ལུས་པ་ཤེས་པ་ཡིན་ནོ། ། འགའ་ཞིག་བདེན་བཞི་ཤེས་པ་འཇིག་རྟེན་ཤེས་པ་མཚན་ཉིད་པ་ཡིན་ཞིང་། ལུས་ངག་གི་འཇིག་རྟེན་ཤེས་པ་ནི་རང་གི་འཇིག་རྟེན་ཤེས་པས་ཀུན་ནས་བསླང་བའི་ཕྱིར་རྒྱུ་མིང་འབྲས་བུ་ལ་བཏགས་པའམ། ཡང་ན་གཞན་ལ་འཇིག་རྟེན་ཤེས་པ་བསྐྱེད་པའི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ་ཞེས་འཆད་ཀྱང་། འདི་འཇིག་རྟེན་ཤེས་པའི་སྐབས་ཡིན་པས་ལུས་ངག་གི་ཐ་སྙད་ཤེས་པའང་འཇིག་རྟེན་ཤེས་པ་མཚན་ཉིད་པར་འདོད་རུང་ངོ་། །དྲུག་པ་རྟོན་པ་བཞི་ཤེས་པ་ནི། གང་ཟག་ལ་རྟོན་པ་དང་གསུང་རབ་ཀྱི་ཚིག་ལ་སྒྲ་ཇི་བཞིན་དུ་འཛིན་པ་སོགས་ཀྱི་ཉེས་པ་སྤངས་པའི་ཕྱིར་རྟོན་པ་བཞི་བརྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གཙུག་ལག་བསྟན་པའི་ཆོས་དེ་ལ་རྟོན་གྱི་གང་ཟག་སོ་སོའི་ངག་ཙམ་ལ་མི་རྟོན་པ་ནི་ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང་ནི་གསུང་རབ་ཀྱི་ཆོས་དེ་ལ་ཡང་དོན་གཞན་ལ་དགོངས་ནས་ཕ་དང་མ་ནི་བསད་བྱ་ཞིང་ཞེས་སོགས་གསུངས་པ་ལྟར་དགོངས་པ་ཅན་རྣམས་སྒྲ་ཇི་བཞིན་པའི་དོན་དེར་མི་གཟུང་བར་དོན་ལ་རྟོན་གྱི་ཚིག་ལ་མི་རྟོན་པ་དང་ནི། དོན་དེ་ལ་དྲང་དོན་དང་ངེས་དོན་གཉིས་ཡོད་པའི་དོན་གང་ཞིག་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་ལྡན་པ་ལ་རྟོན་པ་ནི། དཔེར་ན་གང་ཟག་དང་ཕུང་པོ་ལ་སོགས་པའི་ཆོས་ཡོད་པར་བསྟན་པ་དག་དྲང་དོན་དང་། དེའི་ངོ་བོ་ཉིད་མེད་པ་ངེས་པའི་དོན་ཏེ། དེ་བཞིན་གཤེགས་པའི་མདོ་སྡེ་ཟབ་མོ་རྣམས་དང་། དེ་ཡི་དགོངས་པ་འབྱེད་པ་རྒྱལ་ཚབ་བྱམས་པ་དང་། རྒྱལ་བས་ལུང་བསྟན་པ་ཀླུ་སྒྲུབ་དང་ཐོགས་མེད་ལྟ་བུ་ཤིང་རྟ་ཆེན་པོ་དག་གིས་ཟབ་མོ་གཉིས་སུ་མེད་པ་བཤད་པ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་དེ་ཡི་ཡང་དོན་སྤྱི་ཙམ་ཡིན་རྟོག་བཅས་ཀྱི་ཡུལ་དུ་གྱུར་པ་དང་རྣམ་པར་ཤེས་པ་བརྒྱད་ཀྱི་ཡུལ་དུ་གྱུར་པའི་གཟུང་འཛིན་ཅན་གྱི་རྣམ་པ་ལ་མི་རྟོན་པར། གཟུང་འཛིན་དང་བྲལ་བས་བརྗོད་དུ་མེད་པ་སོ་སོ་རང་གིས་རིག་པར་བྱ་བའི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་ཡུལ་ལ་རྟོན་པ་ནི། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ། །ཡང་བློ་གྲོས་མི་ཟད་པའི་མདོ་ལས། གང་ཟག་དང་ཆོས་གཉིས་ཀ་རང་བཞིན་ཡོད་པར་ལྟ་བ་གང་ཟག་ལ་རྟོན་པ། དེ་གཉིས་རང་བཞིན་མེད་པར་རྟོགས་པ་ཆོས་ཉིད་ལ་རྟོན་པ་དང་། དེ་བཞིན་དུ་ཚིག་ནི་འཇིག་རྟེན་པའི་ཆོས་དང་། དོན་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་དང་། ཡང་ན་ཀུན་རྫོབ་ཀྱི་ཆོས་རྣམས་ནི་ཚིག་གམ་ཆོས། དོན་དམ་པའི་ཆོས་ཐམས་ཅད་ནི་དོན་ཞེས་བྱའོ། ། དེ་བཞིན་དུ་མདོ་གང་ལམ་ལ་འཇུག་པར་བསྟན་པ་དེ་ནི་དྲང་དོན་གྱི་མདོ་སྡེ་དང་། འབྲས་བུ་ལ་འཇུག་པར་བསྟན་པ་ངེས་དོན་ཀྱི་མདོ་སྡེ་དང་། ཡང་ན་ཀུན་རྫོབ་བསྟན་པ་དྲང་དོན་གྱི་མདོ་དང་། དོན་དམ་བསྟན་པ་ངེས་དོན་གྱི་མདོ་སྡེའོ། །རྣམ་པར་ཤེས་པ་གང་ཞེ་ན་འདོད་ཁམས་པའི་སེམས་ཅན་གྱི་རྣམ་ཤེས་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་པ་དང་། དེ་བཞིན་གཟུགས་ཁམས་པའི་རྣམ་ཤེས་ཚོར་ཕུང་དང་། གཟུགས་མེད་འོག་མ་གསུམ་གྱི་རྣམ་ཤེས་འདུ་ཤེས་དང་། སྲིད་རྩེ་བའི་རྣམ་ཤེས་འདུ་བྱེད་ཕུང་པོ་ལ་བརྟེན་པ་སྟེ། དེ་ལྟར་རྣམ་པར་ཤེས་པ་གནས་པ་གཟུགས་ལ་སོགས་པ་བཞིར་ཉེ་བར་འགྲོ་ཞིང་གནས་པ་ནི་རྣམ་པར་ཤེས་པ་དང་། ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པ་དེ་དག་ཀུན་སྟོང་པ་ཉིད་དུ་ཤེས་ནས་རྣམ་པར་ཤེས་པ་ཉིད་དུ་མི་རྟོག་པ་ཡེ་ཤེས་སུ་གསུངས་སོ། །རྟོན་པ་བཞི་བསྟན་པའི་དགོས་པ་ནི། གང་ཟག་ཁ་ཅིག་རང་གི་ཞེ་འདོད་དང་བསྟུན་ཏེ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ལ་ཡང་དག་པའི་ཆོས་མ་ཡིན་ནོ་ཞེས་ཡང་དག་པ་ཞལ་ནས་གསུངས་པའི་ཆོས་ཀྱང་སྤོང་བའམ་སྨོད་པ་སྤངས་པའི་ཕྱིར་རྟོན་པ་དང་པོ་དང་། ཕ་དང་མ་བསད་པ་སོགས་ཀྱི་ཚེ་ཇི་སྐད་བཤད་པ་ལྟར་འཛིན་པ་སྤངས་ཕྱིར་གཉིས་པ་དང་། སངས་རྒྱས་ཀྱིས་སོ་སོ་སྐྱེ་བོའི་གང་ཟག་དང་། དེ་བཞིན་དགྲ་བཅོམ་དང་རང་རྒྱལ་གྱི་གང་ཟག་ཞེས་དང་། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བར་འགྱུར་ཏེ། གང་ཞེ་ན་དེ་བཞིན་གཤེགས་པའོ། །ཞེས་གསུངས་པ་དྲང་དོན་ཀུན་རྫོབ་ཀྱི་ངོས་ནས་དེ་ལྟར་གསུངས་པ་མ་ཤེས་པར་གང་ཟག་ནི་རྫས་སུ་ཡོད་དོ་ཞེས་ལོག་པར་གྱུར་པ་ལྟ་བུ་དྲང་དོན་ལ་ཡང་དག་པའི་དོན་དུ་བཟུང་བ་དགག་པའི་ཕྱིར་གསུམ་པ་དང་། ཟབ་མོ་གཉིས་སུ་མེད་པའི་དོན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་བརྗོད་དུ་མེད་པ་ཡིན་ན་ཡང་། གཟུང་འཛིན་གྱི་བག་ཆགས་སྣ་ཚོགས་པས་བསླད་པའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་བརྗོད་པ་དང་བཅས་པར་འཛིན་པ་འཐོབ་པ་དག་ཏུ་གྱུར་པ་དགག་པའི་ཕྱིར་རྟོན་པ་བཞི་པའོ། ། དེ་ལྟར་སོ་སོར་རྟོན་པ་བཞི་བཤད་པའི་སྐབས་འདིར་ནི་ཕྱིན་ཅི་ལོག་ཏུ་རྟོན་པ་བཞི་དགག་པར་བསྟན་པ་ཡིན་ནོ། །རྟོན་པ་བཞིའི་བྱེད་ལས་སམ་ཡོན་ཏན་ནི། རྟོན་པ་དང་པོ་དང་ལྡན་ན་གསུང་རབ་ཀྱི་ཆོས་ལ་མོས་པ་ལས་ཉམས་པར་མི་འགྱུར་བ་དང་། དེ་བཞིན་དུ་གཉིས་པས་ཚིག་གི་དོན་ལ་རྣམ་པར་དཔྱོད་པ་ལས་ཉམས་པར་མི་འགྱུར་བ་དང་། གསུམ་པས་དྲང་དོན་གྱི་མདོ་སྡེ་ལས་གཞན་དུ་གྱུར་པ་ངེས་པའི་དོན་གྱི་མདོ་སྡེ་ལས་ཇི་བཞིན་བསྟན་པ་དགེ་བའི་བཤེས་གཉེན་གཞན་ལས་ཐོས་པ་ལས་ཉམས་པར་མི་འགྱུར་བ་དང་། བཞི་པས་རྣམ་པར་རྟོག་པའི་ཡུལ་ལས་འདས་བརྗོད་པ་མེད་པའི་ཡེ་ཤེས་ལས། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་ཉམས་པར་མི་འགྱུར་རོ། །བདུན་པ་སོ་སོ་ཡང་དག་རིག་པ་བཞི་བསྟན་པ། ཆོས་སོ་སོ་ཡང་དག་པར་རིག་པ་ནི། དགེ་མི་དགེ་ཟག་བཅས་ཟག་མེད་སོགས་ཆོས་ཀྱི་རྣམ་གྲངས་དུ་མ་ཡོད་པ་དང་། ཆོས་ཀྱི་བྱེ་བྲག་གཅིག་ལའང་མིང་གི་རྣམ་གྲངས་དུ་མ་ཡོད་པ། མ་རིག་པ་ལ་ཡང་མིང་གཞན་གཏི་མུག་དང་རྨོངས་པ་དང་མི་ཤེས་པ་དང་། མུན་པ་དང་མུན་ནག་ཅེས་པ་ལྟ་བུ་དང་། ཡེ་ཤེས་ལ་ཡེ་ཤེས་དང་། ཤེས་རབ་དང་། རིག་པ་དང་། བློ་གྲོས་དང་། སྣང་བ་སོགས་སུ་བཏགས་པ་ལྟ་བུ། མིང་དང་ཆོས་ཀྱི་རྣམ་གྲངས་ཤེས་པ་དང་ནི། མིང་དེ་དག་གི་དོན་གང་ཡིན་པ་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་དོན་སོ་སོར་ཡང་དག་པ་རིག་པ་དང་། མིང་དེ་ཡང་ཡུལ་གཅིག་གི་སྐད་ཙམ་གྱིས་མ་ཡིན་པར་ཡུལ་སོ་སོའི་ངེས་པའི་ཚིག་ལྷ་དང་ཀླུ་དང་མི་དང་དྲི་ཟ་དང་ལྷ་མ་ཡིན་གྱི་སྐད་ཀྱི་བྱེ་བྲག་གིས་ཡི་གེ་འདུས་པ་ལས་མིང་མིང་འདུས་པ་ལས་ཚིག ཚིག་དེ་ལ་དོན་གྱི་འཇུག་པ་གསལ་ཕྱིར་ཕྲད་ཀྱི་རྐྱེན་ཇི་ལྟར་སྦྱོར་བའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གང་དྲིས་པ་ཐམས་ཅད་ཐོགས་པ་མེད་པར་ལུང་སྟོན་པ་དང་། རྒོལ་བ་ཐམས་ཅད་ལ་ལན་ཐེབས་པ་དང་། ཆོས་གཅིག་གི་དོན་ལས་བརྩམས་ཏེ་བསྐལ་པའི་བར་དུ་བཤད་ཀྱང་ཟད་པར་མི་འགྱུར་བའི་ཡེ་ཤེས་ཐོབ་པའོ། ། དེ་ལྟར་སོ་སོ་ཡང་དག་པ་རིག་པ་བཞི་པོ་ཇི་ལྟ་བཞིན་ཤེས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པའི་རིག་པ་བཞི་བོ་ཉན་རང་དང་མཚུངས་པ་མེད་པར་འདོད་དོ། །ཚིགས་བཅད་གཅིག་པོ་འདིས་ཡང་དག་རིག་བཞིའི་མཚན་ཉིད་བསྟན་ཏོ། །དེ་བཞིའི་གྲངས་ངེས་ནི་བསྟན་པ་ལ་ནི་སོགས་ཚིགས་བཅད་གཉིས་ཀྱིས་ཏེ། བྱང་ཆུབ་སེམས་དཔའ་གཞན་པ་ཆོས་བསྟན་པ་ལ་ནི་རབ་ཏུ་བརྩོན་པའི་ཚེ་ན། གང་ཞིག་བསྟན་པར་བྱ་བ་དང་། གང་གིས་སྟོན་པར་བྱེད་པ་ནི། འདི་ལྟར་ཆོས་དང་དོན་ནི་གཉིས་པོ་དག་གང་ཞིག་བསྟན་པར་བྱ་བ་ཡིན་ལ། གང་གིས་སྟོན་པར་བྱེད་པ་ནི་ངེས་པའི་ཚིག་དང་ཤེས་པ་ཡི་རང་བཞིན་སྤོབས་པ་གཉིས་པོ་ཁོ་ནས་སྟོན་ནོ། །དེ་ལ་ཡང་ཆོས་ནི་མིང་གིས་བསྟན་པ་དང་། དེའི་དོན་ནི་འདི་དང་འདིའོ་ཞེས་བཤད་པའི་ཕྱིར་དང་། ཞེས་སམ་བློ་བརྟན་འགྲེལ་ཆེན་ལྟར་ན། ཆོས་གང་ཞིག་མདོར་བསྡུས་ཏེ་བསྟན་པ་ནི་དོན་སོ་སོ་ཡང་དག་རིག་པ་དང་། དེའི་འོག་ཏུ་དེ་ཉིད་ཞིབ་དུ་ཕྱེ་སྟེ་བཤད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ་ཞེས་སུ་བཤད། ངེས་ཚིག་སོ་སོ་ཡང་དག་རིག་པས་ནི་རྣམ་པ་ཀུན་དུ་ཆོས་དང་དོན་གཉིས་ཀ་ཤེས་པ་ཐོབ་པར་བྱེད་པའི་ཕྱིར་ཏེ། ཡུལ་སོ་སོའི་སྐད་གང་གིས་བརྡ་འཕྲད་པར་འགྱུར་བའི་སྐད་དེ་དང་དེའི་སྒོ་ནས་མིང་དང་དོན་གཉིས་ཀ་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །སྤོབས་པས་ནི་རྒོལ་བ་རྣམས་ཀྱི་ཞེ་འདོད་དྲིས་ཤིང་འཐད་མི་འཐད་ཀྱི་དོན་དུ་བརྩད་པ་ལ་ལན་འདེབས་པའི་ཕྱིར་སོ་སོ་ཡང་དག་རིག་པ་བཞི་རུ་གྲངས་ངེས་ཀྱི་ལྔ་དང་གསུམ་ལྟ་བུ་ཡོད་པ་མ་ཡིན་ནོ། །རྒྱུ་ནི་མཉམ་བཞག་ཏུ་ཆོས་ཐམས་ཅད་མཉམ་པ་ཉིད་སོ་སོ་རང་གིས་རིག་པ་ལ་མཉམ་པར་བཞག་ནས་དེའི་ཕྱིས་སམ་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ལ་སོགས་པ་དེ་བཞི་པོ་རབ་ཏུ་ཤེས་པ་ཡིན་ནོ། ། ཡང་ན་ཚིག་རྐང་འདི་གཉིས་ཡང་དག་རིག་བཞིའི་ངེས་ཚིག་ཏུ་བཤད་དེ། པྲ་ཏི་སཾ་བིདྱ་ཞེས་པ་པྲ་ཏི་ནི་སོ་སོ་ཞེས་བྱ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པ་ལ་བྱའོ། །སཾ་ནི་ཡང་དག་པའམ་མཉམ་ཉིད་ལ་བྱ་སྟེ་དེ་བཞིན་ཉིད་དོ། །བི་ཏ་ནི་ཤེས་པ་སྟེ། མི་རྟོག་ཡེ་ཤེས་དེ་མངོན་སུམ་བྱས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས། ཆོས་དང་དོན་ལ་སོགས་པ་གཞན་ལ་བསྟན་ནས་གོ་ཞིང་ཤེས་པར་བྱེད་པ་ཡིན་པས་སོ། །ཡང་དག་རིག་བཞིའི་བྱེད་ལས་ནི། ཕུང་ཁམས་སྐྱེ་མཆེད་སོགས་རྒྱ་ཆེ་བ་དང་སྟོང་པ་ཉིད་སོགས་ཟབ་མོའི་དོན་མཐའ་དག་གི་མཚན་ཉིད་ལ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཡིན་པའི་ཕྱིར། སོ་སོ་ཡང་དག་རིག་པ་ཞེས་སུ་རྣམ་པར་བརྗོད་དོ། །བརྒྱད་པ་ཚོགས་གཉིས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་ཉན་རང་དང་མཚུངས་པ་མེད་པ་ཡིན་ཏེ་དཀོན་མཆོག་བརྩེགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཕྱོགས་བཅུའི་ནམ་མཁའ་ལྟ་བུར་བལྟའོ། ། ཉན་ཐོས་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཡུངས་འབྲུ་སྲིན་བུས་ཟོས་པའི་ནང་གི་ནམ་མཁའི་ཁྱོན་ཙམ་དུ་བལྟའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ཕྱོགས་བཞིའི་རྒྱ་མཚོའི་ཆུ་ལྟ་བུར་བལྟའོ། །ཉན་ཐོས་ཀྱི་བསོད་ནམས་ཀྱི་ཚོགས་ནི་བའི་རྨིག་རྗེས་ཀྱི་ཆུ་ལྟ་བུར་བལྟའོ། །ཞེས་གསུངས་པ་བཞིན་ནོ། །ཚོགས་གཉིས་པོ་དེའི་མཐུས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་པའི་ཚེ་ན། གཅིག་གིས་ཞེས་པ་བསོད་ནམས་ཀྱི་ཚོགས་ཀྱིས་འཁོར་བར་མངོན་པར་མཐོ་བ་ཁྱད་དུ་འཕགས་པ་བརྒྱ་བྱིན་དང་ཚངས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་དོ། །གཞན་གྱིས་ཞེས་པ་ཡེ་ཤེས་ཀྱི་ཚོགས་ཀྱིས་འཁོར་བར་གནས་པ་ན་ཡང་འཁོར་བའི་ཉེས་པ་ལས་དང་ཉོན་མོངས་པས་གོས་པ་མེད་པར་འཁོར་བར་འཇུག་གོ ། ཚོགས་གཉིས་གང་ཞེ་ན་ཚོགས་གཉིས་ཀྱིས་ཕར་ཕྱིན་དྲུག་བསྡུས་ཤིང་ཕར་ཕྱིན་དྲུག་གིས་ཀྱང་དེ་གཉིས་བསྡུས་ཏེ། ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱེད་པ་སྦྱིན་པ་དང་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་ཚུལ་ཁྲིམས་དང་གཉིས་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཐ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དང་ཉོན་མོངས་པས་མི་གོས་པའི་ཕྱིར་རོ། ། གཞན་བཟོད་པ་དང་བརྩོན་འགྲུས་བསམ་གཏན་གསུམ་ནི་བསོད་ནམས་ཡེ་ཤེས་གཉིས་ཀའི་ཆར་གཏོགས་པ་སྟེ། གནོད་པ་ལ་ཅི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བརྩོན་འགྲུས་ལ་ཡང་སེམས་ཅན་གཞན་གྱི་ཞིང་རྨོ་དང་ཚོང་སོགས་བྱ་བའི་གྲོགས་བྱེད་པའི་བརྩོན་འགྲུས་བསོད་ནམས་དང་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་སེམས་བསྒོམ་པ་ལ་སོགས་པ་བྱེད་པའི་བརྩོན་འགྲུས་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བསམ་གཏན་ལ་ཡང་འཇིག་རྟེན་པའི་བསམ་གཟུགས་དང་། ཟག་པ་མེད་པའི་བསམ་གཏན་གྱིས་སེམས་ཅན་གྱི་དོན་བྱ་བ་ལ་ཞུགས་པ་ནི་བསོད་ནམས་ཀྱི་ཚོགས་དང་། བསམ་གཏན་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །སྦྱིན་པ་ལ་སོགས་པ་དེ་ལྔ་ཆར་ཡང་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོས་པ་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ན་ཀུན་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། ། གཞན་ཡང་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ཡང་བསོད་ནམས་ཀྱི་ཚོགས་དང་། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་སོགས་པ་ཡང་བསོད་ནམས་ཀྱི་ཚོགས་སུ་གཏོགས་སོ། །རྒྱུ་དང་རྐྱེན་གང་གིས་ཡེ་ཤེས་རྟོགས་པར་འགྱུར་བ། དགེ་བའི་བཤེས་བསྟེན་པ་དང ་། འགྲོགས་པ་དང་བསྙེན་བཀུར་བྱེད་པ་དང་ཆོས་ཉན་སོགས་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །ཚོགས་ཀྱི་ངེས་ཚིག་ནི་དུས་རྒྱུན་དུ་བསྒོམ་པ་ཐོབ་ནས་ནི་དགེ་བ་ལ་ཡང་དང་ཡང་དུ་སྒྲུབ་པར་བྱེད་པ་སྟེ། སཾ་བྷ་ར་ཞེས་པའི་སཾ་ནི་ས་དང་རྟ་ཡི་སྒྲ་ལས་རྒྱུན་དུ་ཞེས་དང་། བྷ་ནི་བྷ་བེ་ན་ཞེས་པ་བསྒོམ་པའི་དོན་དང་། ར་ནི་ཨཱ་ཏ་ར་ཞེས་ཀུན་དུ་བསྒྲུབ་པའི་དོན་ཏེ། སྦྱིན་སོགས་ཕར་ཕྱིན་དྲུག་གི་དགེ་བ་ཡང་ནས་ཡང་དུ་བསྒོམ་པས་སངས་རྒྱས་ཀྱི་སྐུ་གསུམ་སྒྲུབ་པར་བྱེད་པ་ལ་ཚོགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྟན་པའི་ཚོགས་གཉིས་གང་ཡིན་པ་དེ་ནི་རང་དང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་པ་ནི་བྱེད་ལས་སོ། །ཚོགས་ཀྱི་དབྱེ་བ་ནི་སོ་སོའི་སྐྱེ་བོའི་དུས་ནས་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་མོས་སྤྱོད་ཀྱི་སའི་ཚོགས་བསགས་པ་ནི་ས་དང་པོ་ལ་འཇུག་ཅིང་དེ་ཐོབ་པའི་ཕྱིར་བསགས་པ་དང་། ས་གཉིས་པ་ནས་དྲུག་པའི་བར་གྱི་ཚོགས་བསགས་པ་ནི། ས་བདུན་པ་མཚན་མ་མེད་པ་ལ་འཇུག་ཅིང་དེ་ཐོབ་པའི་ཕྱིར་ཏེ། ས་བདུན་པ་ཐོབ་པའི་ཚེ་མདོ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་དོན་ཐ་དད་པར་ཡིད་ལ་མི་བྱེད་ཅིང་མི་རྟོག་པས་ན་མཚན་མ་མེད་པ་ཞེས་བྱའོ། ། ས་བདུན་པ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི། ས་བརྒྱད་པ་དང་དགུ་པར་ཚོགས་གཉིས་ལྷུན་གྱིས་གྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་དང་། ས་བརྒྱད་པ་དང་དགུ་པར་ཚོགས་གཉིས་བསགས་པ་ནི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ས་བཅུ་པ་ཐོབ་པའི་ཕྱིར་དང་། ས་བཅུ་པར་ཚོགས་གཉིས་བསགས་པ་ནི་མཐར་ཐུག་པ་སངས་རྒྱས་ཀྱིས་ཐོབ་པར་བྱ་བའི་ཕྱིར་བརྟན་པ་བྱང་སེམས་རྣམས་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་བསྒོམ་པའམ་ལམ་གྱི་ངོ་བོ་ལ། རྒྱས་པར་བྱང་ཕྱོགས་སོ་བདུན། བསྡུས་ཏེ་ཞི་ལྷག་གཉིས་བསྟན་པ་ལས། དང་པོ་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་པོ་སྡེ་ཚན་བདུན་དུ་བསྟན་པའི་དང་པོ། བློ་ལྡན་བྱང་ཆུབ་སེམས་དཔས་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ནི། རྣམ་པ་བཅུ་བཞི་ཡིས་ཉན་རང་གི་བསྒོམ་པ་དང་མཚུངས་པ་མེད་པའི་ཕྱིར་ན་བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་བསྒོམ་པ་དེ་ནི་དེ་ལས་གཞན་ཉན་རང་ལས་ཁྱད་པར་འཕགས་པ་ཡིན་ནོ། །བཅུ་བཞི་པོ་གང་ཞེ་ན། རྟེན་གྱི་རྣམ་པ་ཁྱད་ཞུགས་པ་དང་། གཉེན་པོ་ཡི་རྣམ་པ་ཁྱད་ཞུགས་པ་དག་དང་ནི། དེ་བཞིན་དུ་ནི་འཇུག་པ་ཡི་རྣམ་པ་ཁྱད་ཞུགས་པ་དང་། ཞེས་ཁྱད་ཞུགས་པ་ཞེས་པ་འོག་མ་ཀུན་ལ་དོན་གྱིས་ཤེས་པར་བྱས་ནས། དམིགས་པ་དང་ནི། ཡིད་ལ་བྱེད་པ་དང་། ཐོབ་པས་རྣམ་པ་ཡིས་བསྒོམ་པར་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་རྗེས་སུ་མཐུན་པ་དང་། རྗེས་སུ་འཇུག་པ་དང་། ཡོངས་སུ་ཤེས་པ་དང་། སྐྱེ་བའི་རྣམ་པ་ཁྱད་ཞུགས་པ་དང་། ཚད་ཀྱི་རྣམ་པའམ་ཆེན་པོའི་རྣམ་པ་ཁྱད་ཞུགས་པ་དང་། མཆོག་གི་རྣམ་པ་ཁྱད་ཞུགས་པ་ཉིད་དང་། དེ་བཞིན་དུ་བསྒོམ་པ་དང་། འབྲས་བུ་ཐོབ་པའམ་ཡང་དག་པར་འགྲུབ་པའི་རྣམ་པ་ཁྱད་ཞུགས་པའང་སྔ་མ་ལས་རྣམ་གྲངས་གཞན་ཏེ་དེ་ལྟར་བཅུ་བཞིའི་སྒོ་ནས་ཁྱད་པར་འཕགས་པའོ། །དེ་དག་གི་དོན་གང་ཞེ་ན། རྟེན་ནི་ཉན་ཐོས་རྣམས་ཀྱི་དྲན་པ་ཉེར་བཞག་བསྒོམ་པ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ཉན་སེམས་སྒོམ་པར་བྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེར་བཞག་བསྒོམ་པ་ནི་ཐེག་པ་ཆེན་པོ་སྡེ་སྣོད་ཐོས་བསམ་བསྒོམ་པ་ལ་བརྟེན་པའི་ཕྱིར་རྟེན་གྱི་རྣམ་པའི་སྒོ་ནས་ཁྱད་ཞུགས་པའོ། །དེ་བཞིན་དུ་གཉེན་པོའི་རྣམ་པ་ནི་ཉན་ཐོས་པ་རྣམས་ལུས་མི་གཙང་བ། ཚོར་བ་སྡུག་བསྔལ་པ། སེམས་མི་རྟག་པ། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་བཞི། གཙང་བ་སོགས་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པ་ཡིན་ལ། བྱང་ཆུབ་སེམས་དཔས་ནི་ལུས་ལ་སོགས་པ་ཆོས་བཞི་པོ་དེ་དག་ཐམས་ཅད་ལ་ཆོས་ཀྱི་བདག་མེད་རྟོགས་པས། གཙང་མི་གཙང་། བདེ་མི་བདེ་སོགས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་དུ་བསྒོམ་པའོ། ། དེ་ལྟར་ལུས་སོགས་བཞི་ཡི་རང་བཞིན་སྟོང་པར་ཤེས་པ་དེས་རིམ་པར་སྡུག་བསྔལ་ཀུན་འབྱུང་འགོག་པ་དང་ལམ་གྱི་བདེན་པ་ལ་འཇུག་སྟེ་དབུས་མཐའ་རྣམ་འབྱེད་ལས་གསུངས་པ་བཞིན་ནོ། །འཇུག་པ་ཁྱད་འཕགས་ནི། ཉན་ཐོས་རྣམས་རང་ཉིད་བདེན་བཞི་ལ་འཇུག་ཕྱིར་དྲན་ཉེ་བཞི་བསྒོམས་ལ། བྱང་ཆུབ་སེམས་དཔས་བདག་གཞན་གཉིས་ཀ་འཇུག་པའི་ཕྱིར་བསྒོམས་པས་ཁྱད་ཞུགས་པའོ། ། དམིགས་པའི་ཁྱད་པར་ནི། ཉན་ཐོས་རྣམས་ཀྱི་རང་གི་རྒྱུད་ཀྱི་ལུས་སོགས་ལ་གཙོ་བོར་དམིགས་ནས་བསྒོམས་ལ། བྱང་ཆུབ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སོགས་ལ་དམིགས་ནས་བསྒོམས་པས་ཁྱད་ཞུགས་སོ་ཡིད་ལ་བྱེད་པའི་ཁྱད་པར་ནི། ཉན་ཐོས་རྣམས་ལུས་མི་གཙང་བར་ཡིད་ལ་བྱེད་པ་སོགས་གཉེན་པོའི་མཚན་མའི་རྣམ་པ་ཅན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སྤང་གཉེན་གྱི་མཚན་མར་མི་དམིགས་པ་ཡིད་ལ་བྱེད་པས་ཁྱད་ཞུགས་སོ། །ཐོས་པས་ཁྱད་པར་ནི། ཉན་ཐོས་རྣམས་ལུས་མི་གཙང་བ་དང་ཚོར་བ་སྡུག་བསྔལ་སོགས་དེ་དང་བྲལ་བར་བྱ་བའི་ཕྱིར་བསྒོམ་པ་ཡིན་ལ་འབྲས་བུ་ཡང་ཕུང་པོ་རྒྱུན་ཆད་པ་ཙམ་ཐོབ་བོ། ། བྱང་ཆུབ་སེམས་དཔའ་རྣམས་དེ་དང་བྲལ་བར་འདོད་པ་དང་། མི་འབྲལ་པ་གཉིས་ཀའི་ཕྱིར་མ་ཡིན་གྱི་ལུས་སོགས་རང་བཞིན་མེད་པས་འབྲལ་མི་འབྲལ་གཉིས་ཀར་མི་དམིགས་པ་བསྒོམ་པས་འབྲས་བུ་ཐོབ་པའི་ཚེ་ན་ཡོངས་སུ་དག་པ་སངས་རྒྱས་ཀྱི་སྐུ་གསུམ་དང་མི་འབྲལ་ལ། མ་དག་པ་ལས་ཉོན་གྱིས་ལུས་སོགས་དང་བྲལ་བས་ཐོབ་པས་ཁྱད་ཞུགས་པའོ། །རྗེས་མཐུན་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་དྲན་པ་ཉེར་བཞག་བསྒོམ་པ་ནི་ཕར་ཕྱིན་དྲུག་དང་རྗེས་སུ་མཐུན་པ་སྟེ། ལུས་ལ་སོགས་པ་བཞི་པོ་སྒྱུ་མ་ལྟར་སྣང་ཡང་རང་བཞིན་མེད་པར་རྟོགས་པས་ལུས་དང་ལོངས་སྤྱོད་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ་མ་ཆགས་པས་སྦྱིན་པ་གཏོང་བ་དང་རྗེས་སུ་མཐུན་ནོ། ། ལུས་ལོངས་སྤྱོད་ལ་མ་ཆགས་པས་ཚུལ་ཁྲིམས་རྣམ་དག་ལེན་ཅིང་སྲུང་བ་དང་། ཚུལ་ཁྲིམས་དག་པ་ལས། རྡེག་པ་ལ་སླར་མི་བརྡེག་པ་སོགས་དགེ་སྦྱོང་གི་ཆོས་བཞི་དང་ལྡན་པའི་བཟོད་པ་ལ་གནས་པར་བྱེད་དོ། །བཟོད་པ་དང་ལྡན་པའི་སྒོ་ནས་ཕར་ཕྱིན་བསྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་བ་མེད་པའི་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་ལ་གནས་པས་སེམས་རྣམ་པར་མི་གཡེང་བའི་བསམ་གཏན་སྒྲུབ་པར་བྱེད་ལ། མཉམ་པར་བཞག་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་རྟོགས་པའི་ལྷག་མཐོང་གི་ཤེས་རབ་སྒྲུབ་པར་བྱེད་པས། དེ་ལྟར་ཕར་ཕྱིན་དྲུག་དང་རྗེས་སུ་མཐུན་ལ་ཉན་ཐོས་རྣམས་ཀྱི་བྱང་ཕྱོགས་རྐྱང་པ་ཙམ་བསྒོམ་གྱི་དེ་ལྟ་བུའི་ཕར་ཕྱིན་དྲུག་ལ་ཡུན་རིང་པོར་གོམས་པར་མི་ནུས་སོ། ། རྗེས་སུ་འཇུག་པའི་ཁྱད་པར་ནི། ལུས་ལ་སོགས་པ་ལ་དྲན་པ་ཉེ་བར་བཞག་པ་ཙམ་ནི་འཇིག་རྟེན་པ་དང་། ཉན་རང་གི་ཡང་བསྒོམ་མོད་ཀྱི་དེ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པ་ཁྱད་པར་འཕགས་པ་ལ་རང་གནས་ནས། གཞན་འཇིག་རྟེན་པ་དང་ཉན་རང་ལ་སོ་སོའི་བློ་དང་མཐུན་པར་དེ་དག་གི་དྲན་ཉེ་བསྒོམ་ཚུལ་ཀྱང་སྟོན་པར་བྱེད་པས་གདུལ་བྱ་ཀུན་གྱི་རྗེས་སུ་འཇུག་པའི་ཁྱད་པར་དང་། ཡོངས་ཤེས་ཀྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔས་ལུས་སྒྱུ་མའི་སྣང་བ་ལྟར་སྣང་ཡང་དེ་ལྟར་མ་གྲུབ་པ་དང་། ཚོར་བ་ནི་རྨི་ལམ་གྱི་བདེ་སྡུག་མྱོང་བ་ལྟར་མྱོང་ཡང་དེ་ལ་དངོས་པོ་རང་མཚན་པ་གང་ཡང་མེད་པ་དང་། སེམས་ཀྱི་ཆོས་ཉིད་ཡོངས་སུ་གྲུབ་པ་རང་བཞིན་འོད་གསལ་ནམ་མཁའ་ལྟ་བུ་ཉིད་དུ་རྟོགས་པ་དང་། ཀུན་ཉོན་དང་རྣམ་བྱང་གི་ཆོས་ཐམས་ཅད་གློ་བུར་བ་ནམ་མཁའ་ལ་སྤྲིན་དང་ཁུག་སྣ་བྱུང་བ་དང་། དེ་དྭངས་བ་ལྟར་སེམས་ཀྱི་གཤིས་ལ་མ་ཡིན་པར་རྐྱེན་གྱི་དབང་ལས་གློ་བུར་སྣང་བ་སྣང་བརྙན་ལྟ་བུར་ཤེས་པས་ལུས་སོགས་ཀྱི་རང་བཞིན་ཡོངས་སུ་ཤེས་པ་ཁྱད་པར་དུ་འཕགས་སོ། །སྐྱེ་བའི་ཁྱད་པར་ནི། ཉན་ཐོས་ཀྱི་དྲན་ཉེ་བསྒོམ་པ་འཁོར་བར་སྐྱེ་བ་བཟློག་པའི་ཕྱིར་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ལ་ཆགས་པའི་ལས་ཉོན་གྱི་དབང་གིས་མི་སྐྱེ་ཡང་། སེམས་ཅན་གྱི་དོན་དུ་བསམ་བཞིན་བརྒྱ་བྱིན་དང་ཚངས་པ་འཁོར་ལོས་སྒྱུར་བ་སོགས་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཟུང་ནས་གཞན་དོན་བྱེད་ཀྱི་ཉོན་མོངས་པ་ཆགས་པ་སོགས་མི་སྐྱེ་ལ། སེམས་ཅན་ཕལ་པ་དམན་པ་དང་དུད་འགྲོ་སོགས་སུ་སྐྱེ་བ་བཟུང་ཡང་ཞུམ་པ་དང་རྒུད་པ་དང་ཉོན་མོངས་མེད་པར་སྐྱེ་བ་འཛིན་པས་ཁྱད་པར་འཕགས་སོ། ། ཚད་ཆེན་པོར་གྱུར་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་གྱི་དབང་པོ་རྣོ་བ་ཡིན་ཞིང་། དྲན་ཉེ་བསྒོམ་པ་ཡང་རང་གཞན་དོན་གཉིས་ཀྱི་ཆེད་དུ་བསྒོམ་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པའི་རྣམ་པར་བསྒོམ་པའི་ཕྱིར། སོ་སོའི་སྐྱེ་བོའི་དུས་ན་ཡུན་ཐུང་ངུར་བསྒོམ་པ་དག འཕགས་པའི་ས་མ་ཐོབ་པས་སྒོམ་པ་ཆུང་མོད་ཀྱི། ཉན་རང་གི་དྲན་ཉེ་བསྒོམ་པ་ལས་འཕགས་ཤིང་ཆེན་པོར་གྱུར་པ་ཡིན་ནོ། །མཆོག་གི་རྣམ་པས་ཁྱད་དུ་འཕགས་པ་ནི་ས་བརྒྱད་པ་ཐོབ་ནས་དྲན་པ་ཉེར་བཞག་བཞི་བསྒོམ་པ་ཡོངས་སུ་རྫོགས་ཏེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ན་བྱང་སེམས་གཞན་དང་འདྲེས་པ་དང་ཉེ་བར་འདྲེས་པའི་རྣམ་པས་བསྒོམ་པ་མཆོག་ཏུ་གྱུར་པའོ། །ས་བརྒྱད་པ་པའི་བྱང་སེམས་གཅིག་གིས་དྲན་པ་ཉེར་བཞག་བཞི་བསྒོམས་ན་གཞན་དག་ས་པ་རྣམས་ཀྱིས་ཀྱང་བསྒོམས་པ་ཡིན་ལ། གཞན་གྱིས་བསྒོམས་ན་བདག་གིས་ཀྱང་བསྒོམ་པ་ཡིན་པས་དེའི་ཆ་ནས་འདྲེས་པ་དང་ཉེ་བར་འདྲེས་པ་ཞེས་བྱ་བ་སྟེ་དོན་གཅིག་ཏུ་འདྲེས་པའི་ཕྱིར་རོ། །ཡང་ན་ས་བདུན་པ་ལས་དང་པོར་ས་བརྒྱད་པ་ཐོབ་པའི་སྐད་ཅིག་མ་ནི་འདྲེས་པ་ཞེས་བྱ་ཞིང་། སྐད་ཅིག་མ་གཉིས་པ་ནས་བརྩམ་སྟེ་ས་དགུ་པ་ལམ་ཞུགས་པའི་བར་ལ་ནི་ཉེ་བར་འདྲེས་པ་ཞེས་བྱའོ་ཞེས་འགྲེལ་བར་གསུངས། བསྒོམ་པའི་ཁྱད་པར་ནི་བྱང་ཆུབ་སེམས་དཔས་དྲན་པ་ཉེར་བཞག་བསྒོམ་པ་ནི་སེམས་ཅན་ཡོངས་སུ་མི་གཏོང་པའི་སྙིང་རྗེ་ཆེན་པོ་དང་། བདག་མེད་གཉིས་ཀ་རྟོགས་པའི་ཤེས་རབ་ཆེན་པོ་ནས་ཡོངས་སུ་ཟིན་པའི་ཕྱིར་ཉན་རང་གི་དྲན་ཉེ་བསྒོམ་པ་ལས་འཕགས་སོ། ། འབྲས་བུ་ཡང་དག་པར་འགྲུབ་པའི་ཁྱད་པར་ནི། ཉན་རང་རྣམས་ཀྱིས་དྲན་ཉེ་བསྒོམ་པས་རྒྱུན་ཞུགས་ལ་སོགས་པ་འབྲས་བུ་བཞི་ཐོབ་ཅིང་། བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པས་ས་བཅུ་ཐོབ་པ་དང་། འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། ། གཉིས་པ་ཡང་དག་སྤོང་པ་བཞི་བསྒོམ་པ་ནི་ཚིགས་བཅད་ལྔས་བསྟན་ཏེ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བ་བཞི་ནི་ལུས་ཅན་གཞན་ཉན་རང་རྣམས་དང་མཚུངས་པ་མེད་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་དང་བསྒོམ་བྱའི་ངོ་བོ་དྲན་པ་ཉེར་བཞག་ལ་ཁྱད་ཞུགས་པས་སོ། །ཡང་དག་སྤོང་པ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤང་པ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱ་བའོ། །ཡང་དག་སྤོང་བ་བཞི་པོ་གང་གི་གཉེན་པོར་བསྒོམ་པ་ཡིན་ཞེ་ན། དྲན་པ་ཉེ་བར་བཞག་པ་ཡི་མི་མཐུན་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་དྲན་པ་ཉེར་བཞག་ལ། རྟེན་ལ་སོགས་པ་རྣམ་པ་བཅུ་བཞི་བཤད་མ་ཐག་པ་དེ་དག་གི་མི་མཐུན་ཕྱོགས་ཉེས་པ་རྣམས་སྤོང་པའི་ཕྱིར་ཏེ། རྟེན་ཐེག་ཆེན་གྱི་ཆོས་ཐོས་བསམ་སྒོམ་པ་དེ་ཡི་མི་མཐུན་ཕྱོགས་ཐེག་ཆེན་གྱི་ཆོས་མི་ཉན་མི་སེམས་མི་སྒོམ་པ་ནི་ཉེས་པའོ། ། དེ་བཞིན་དུ་གཉེན་པོའི་མི་མཐུན་ཕྱོགས་ཉན་རང་ནི་གཙང་བདེ་རྟག་བདག་གི་མཚན་མའི་རྣམ་པ་ཅན་ནས། ས་བཅུ་དང་སངས་རྒྱས་ཀྱི་ས་མི་ཐོབ་པ་ཡང་དག་འགྲུབ་པའི་མི་མཐུན་ཕྱོགས་ཉེས་པ་ཡིན་པའི་བར་དུ་ཤེས་པར་བྱའོ། །དེས་ཡང་དག་སྤོང་བའི་དོན་མདོར་བསྡུས་ནས་བསྟན་པའོ། །ཡང་དག་སྤོང་བ་དེའི་རབ་ཏུ་དབྱེ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་འཁོར་བ་འདིར་ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་བ་སོགས་ཀྱི་ལུས་བཟུང་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ཉེ་བར་ལོངས་སྤྱད་པ་ཡི་དུས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་དེ་དག་གིས་མི་གོས་པར་བྱ་བའི་ཕྱིར་ཡང་དག་སྤོང་བ་བཞི་སྒོམ་པར་བྱེད་པ་དང་། དེ་བཞིན་དུ་འདོད་ལ་འདུན་པ་དང་། གནོད་སེམས་དང་། གཉིད་རྨུགས་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་དག་ནི་དོར་བ་ཡི་ཆེད་དུ་བསྒོམ་པ་དང་། ཐེག་པ་ཆེན་པོའི་དོན་ཡིད་ལ་མི་བྱེད་པར་ཐེག་པ་དམན་པ་དང་ཉན་རང་གི་འབྲས་བུ་ཡིད་ལ་བྱེད་པ་དོར་བ་དང་། མོས་སྤྱོད་ཀྱི་ས་ནས་འཕགས་པའི་ས་དང་པོ་ལ་སོགས་པར་འཇུག་པ་ལ་སྒྲིབ་པར་འགྱུར་པའི་ཆོས་རྣམས་སྤོང་བའི་ཕྱིར་དང་། ས་གཉིས་པ་ནས་དྲུག་པ་མན་ཆད་ལ་གནས་པའི་ས་བདུན་པ་མཚན་མ་མེད་པར་གནས་པ་ཐོབ་པ་ལ་བར་དུ་གཅོད་པར་གྱུར་པའི་ཉེས་པ་སྤོང་བའི་ཕྱིར་བསྒོམ་པ་དང་། ས་བརྒྱད་པར་ལུང་བསྟན་པ་ནི་ཐོབ་པ་ལ་གེ གས་སུ་གྱུར་པའི་ཉེས་པ་རྣམས་སྤོང་བའི་ཕྱིར་སྤོང་བཞི་བསྒོམ་པ་དང་། ས་དགུ་པར་སོ་སོ་ཡང་དག་རིག་པ་བཞི་ཐོབ་པས་སེམས་ཅན་རྣམས་ལ་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་ཐོབ་པ་ལ་བར་ཆོད་དུ་གྱུར་པའི་སྒྲིབ་པ་སྤོང་བའི་ཕྱིར་དང་། ས་བཅུ་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་ཚབ་ཏུ་དབང་ནི་བསྐུར་བར་བྱ་བ་ཐོབ་པ་ལ་སྒྲིབ་པར་གྱུར་པ་སྤོང་ཕྱིར་སྤོང་བཞི་བསྒོམ་པ་དང་། ས་བརྒྱད་པ་དང་དགུ་པ་བཅུ་བ་སྟེ་དག་པའི་ས་གསུམ་དུ། སངས་རྒྱས་ཀྱི་ཞིང་རྣམས་དག་པར་བྱ་བ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤང་པའི་ཕྱིར་སྤོང་བཞི་བསྒོམ་པ་དང་། མཐར་ཐུག་པ་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཐོབ་པ་ཉིད་དུ་བྱ་བའི་ཕྱིར་དེ་ཐོབ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ་སྤང་བའི་ཕྱིར་ཡང་དག་སྤོང་པ་བཞི་བསྒོམ་པ་སྟེ ། བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་ནི་མོས་སྤྱོད་ནས་ས་བཅུའི་རྒྱུན་མཐའི་བར་དུ་ཡང་དག་སྤོང་པ་བཞི་པོ་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཉེན་པོར་དེ་ལྟར་བསྒོམ་པ་ཡིན་ནོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། མདོ་ལས་འདུན་པ་སྐྱེད་དོ། །འབད་དོ། ། བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་ཚིག་ལྔས་བསྟན་པ་ལྟར་བསྒོམ་སྟེ། དང་པོ་འདུན་པ་ནི་བརྩོན་འགྲུས་ཀྱི་གཞིའོ།། ལྷག་མ་བཞི་བརྩོན་འགྲུས་ཀྱི་རང་བཞིན་ནོ། །དེ་ཡང་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་སྤངས་པ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་བར་འདུན་པའི་མོས་པ་ལ་ནི་བརྟེན་ནས་སུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་བསྒོམ་པ་ནི། འབད་པའམ་རྩོལ་བའོ། །དེ་ལྟར་ཞི་ལྷག་བསྒོམ་པའི་དུས་ན་རེས་ཞི་གནས་ཀྱི་ཕྱོགས་མཐུན་གྱི་གནས་ངན་ལེན་ཞུམས་པ་དང་རྨུགས་པའམ། རེས་ལྷག་མཐོང་གི་ཕྱོགས་མཐུན་གྱི་གནས་ངན་ལེན་རྒོད་པ་དང་གཡེང་བ་བྱུང་བའམ། རེས་དེ་གཉིས་མེད་པར་རྣལ་དུ་གནས་པ་འབྱུང་བས་དེ་དག་གང་དང་གང་བྱུང་བ་དྲན་པ་དང་ཤེས་བཞིན་གྱིས་རིག་པར་བྱས་ནས། ཞི་གནས་ཀྱི་མཚན་མ་དང་། གཟེངས་བསྟོད་པའི་མཚན་མ་དང་བཏང་སྙོམས་ཀྱི་མཚན་མ་གསུམ་ཇི་ལྟར་རིགས་པར་ཡིད་ལ་བྱེད་པ་ནི་རྒྱུ་མཚན་ནམ་མཚན་མ་གསུམ་དང་བཅས་པར་བསྒོམ་པ་ཞེས་བྱ་སྟེ། མཚན་མ་གསུམ་འདུ་བྱེད་པ་ནི་བརྩོན་འགྲུས་རྩོམ་མོ་ཞེས་པའི་དོན་ཏོ། །མཚན་མ་གསུམ་གྱི་སྒོ་ནས་སེམས་རབ་ཏུ་འཛིན་ཞིང་། ཞུམས་རྒོད་མེད་པར་རྣལ་དུ་གནས་ན་དེའི་ངང་དུ་མི་བསྒུལ་བར་ཡང་དག་པར་རབ་ཏུ་འཇོག་པར་བྱའོ། །དེ་ཡང་སེམས་ནང་དུ་ཞུམ་པའམ་གཉིད་དང་རྨུགས་པར་གྱུར་ན། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ནམ། ཏིང་ངེ་འཛིན་གྱི་ཡོན་ཏན་སོགས་ཡིད་ལ་བྱེད་པ་གཟེངས་བསྟོད་པའི་མཚན་མ་ཡིད་ལ་བྱས་ནས་ཞུམ་པ་ལས་བསླང་བར་བྱའོ། །ནམ་འདོད་པའི་ཡོན་ཏན་ནམ་ཕྱི་རོལ་གྱི་དངོས་པོ་ལ་སེམས་འཕྲོས་ནས་རྒོད་ཅིང་གཡེངས་པར་གྱུར་ན་འཁོར་བའི་སྐྱོན་དང་རྣམ་གཡེང་གི་ཉེས་པ་བསམས་ནས་རྒོད་པའི་སེམས་གཞིལ་བར་བྱས་ཏེ་ནང་དུ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་སེམས་ཡུལ་ལ་འཕྲོ་བ་ཞི་བར་བྱེད་པ་ཡིན་ནོ། ། དེ་ལྟར་སེམས་ཞུམ་རྒོད་དང་བྲལ་བ་ན་དེ་ནས་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པས་དེའི་ངང་དུ་བཏང་སྙོམས་སུ་གནས་པར་བྱའི་གཉེན་པོ་གཞན་འདུ་བྱེད་པར་མི་བྱ་སྟེ། དེ་ལྟར་མཚན་མ་གསུམ་གྱིས་སེམས་རབ་ཏུ་འཛིན་ཏེ། ཞི་གནས་ཀྱི་མཚན་མས་རྒོད་པ་ལས་འཛིན་པ་དང་། གཟེངས་བསྟོད་པའམ་ལྷག་མཐོང་གི་མཚན་མས། ཞུམ་ཞིང་བྱིང་པ་ལས་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མས་བྱིང་རྒོད་བྲལ་བ་དེ་ཉིད་དུ་སེམས་འཛིན་པ་ཡིན་ལ། བརྩོན་འགྲུས་ནི་མཚན་མ་གསུམ་ལ་བརྩོན་པ་དང་། མཚན་མ་གསུམ་ནི་སེམས་འཛིན་པའི་ཐབས་ཡིན་ལ། ཐབས་དེ་འདྲ་བས་ཡང་ཡང་སེམས་བཟུང་བས་ལས་སུ་རུང་ནས་རྩོལ་བ་མེད་པར་ངང་གིས་གནས་པ་ནི་ཡང་དག་པར་རབ་ཏུ་འཇོག་པ་སྟེ་འབྲས་བུ་ལྟ་བུའོ། ། མདོ་ཚིག་ལྔ་པོ་དེ་ལ་འཆད་ཚུལ་གཞན་སྣང་ཡང་སྐབས་འདི་བློ་བརྟན་འགྲེལ་པ་ལྟར་བཤད་དོ། །དེ་ལྟར་རྣམ་པ་ལྔ་པོ་དེའི་སྐབས་ཀྱི་ཡང་དག་སྤོང་བ་ཐམས་ཅད་ལ་དེ་དང་དེའི་མི་མཐུན་ཕྱོགས་སྤོང་བར་བྱེད་པའི་གཉེན་པོ་ཞེས་ནི་ངེས་པར་བརྗོད་པ་ཡིན་ནོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་བཤད་པ་ནི། བརྟེན་པ་བྱང་སེམས་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དག་གི་མཚན་ཉིད་ནི་ཉན་རང་གི་དེ་ལས་མཆོག་ཏུ་གྱུར་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། རྣམ་པ་བཞི་སྟེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །འདི་བཞི་དང་ལྡན་ན་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ལ་དབང་འབྱོར་བས་དེ་སྐད་ཅེས་གསུངས་སོ། །དེ་བཞི་ནི་བདག་ཉིད་དང་ནི་གཞན་སེམས་ཅན་དག་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཀུན་འགྲུབ་པའི་ཕྱིར་སྐྱེ་བས་ཉན་རང་གི་རྫུ་འཕྲུལ་གྱི་རྐང་པ་བཞི་ལས་མཆོག་ཏུ་གྱུར་པའོ། ། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་བཞག་པ་ནི། རྟེན་དང་རབ་ཏུ་དབྱེ་བ་དང་ཐབས་དང་མངོན་པར་སྒྲུབ་པ་དང་བཞི་ཡིས་བློ་ལྡན་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་ཀུན་དུ་རྣམ་པར་བཞག་པར་འདོད་དེ། དེ་ཡང་རྟེན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འབྱུང་བ་སྟེ། ཚད་མེད་པ་བཞི་གོམས་པས་སེམས་ལས་སུ་རུང་ཞིང་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཡོངས་སུ་དག་པ་ཐོབ་པ་ལ་བརྟེན་ནས་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། ། རབ་ཏུ་དབྱེ་བ་དག་དང་ཐབས་ནི་རྣམ་པ་བཞི་སྟེ། འདུན་པ་དང་བརྩོན་པ་དང་སེམས་པ་དང་དཔྱོད་པ་བཞི་ནི་ངོ་བོས་དབྱེ་བའོ། །དེ་ཡང་ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཡིད་ཆེས་པ་ལ་བརྟེན་ནས་སྤྲོ་ཞིང་གུས་པར་བརྩོན་འགྲུས་བརྩམས་པ་ལས་སེམས་རྩེ་གཅིག་པའི་ཏིང་འཛིན་ཐོབ་པ་ནི་འདུན་པའི་ཏིང་ངེ་འཛིན་ནོ། ། ཡང་ན་ཡང་དག་སྤོང་བ་བཞི་ལ་འདུན་བའི་སྒོ་ནས་གུས་སྦྱོར་གྱི་བརྩོན་འགྲུས་ཀྱིས་སེམས་རྩེ་གཅིག་པ་ཐོབ་པའོ། །ཡང་ན་ཡང་དག་སྤོང་བཞི་ལ་རྟག་སྦྱོར་གྱི་བརྩོན་འགྲུས་བརྩམས་པས་སེམས་རྩེ་གཅིག་ཐོབ་པ་ནི་བརྩོན་པའི་རྫུ་འཕྲུལ་གྱི་རྐང་པའོ། ། མདོར་ན་ཏིང་ངེ་འཛིན་ལ་འདུན་པ་ནི་རྒྱུ་དང་། དེ་ལས་བརྩོན་འགྲུས་བརྩམས་པ་ནི་འགྲུབ་པར་བྱེད་པའི་ཐབས་དངོས་སོ། །སེམས་ནི་ཞི་གནས་དངོས་ཏེ་ཚེ་རབས་སྔ་མའི་ཞི་གནས་བསྒོམས་པའི་བག་ཆགས་ལ་བརྟེན་ནས་ཚེ་འདིར་འབད་པ་ཆུང་ངུས་སེམས་རྩེ་གཅིག་གནས་པ་ཐོབ་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ནོ། །དཔྱོད་པ་ནི་ལྷག་མཐོང་སྟེ་ཏིང་ངེ་འཛིན་གྱི་གདམས་ངག་ཐོབ་པ་བཞིན་ཤེས་རབ་ཀྱི་རྣམ་པར་དབྱེ་བས་ཐེ་ཚོམ་བྲལ་ནས་སེམས་རྩེ་གཅིག་ཐོབ་པའོ། །མདོར་ན་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་འདུན་བ རྩོན་སེམས་དཔྱོད་བཞི་མཚུངས་ལྡན་དུ་ཚང་པ་ཡིན་ནོ། །ཐབས་རྣམ་པ་བཞི་ནི། ཏིང་ངེ་འཛིན་མི་འགྲུབ་པའི་ཉེས་པ་ལྔ་སྤོང་བར་བྱེད་པའི་འདུ་བྱེད་བརྒྱད་ཡོད་པ་དེ་དག་སྐབས་འདིར་ཏིང་ངེ་འཛིན་འགྲུབ་པའི་ཐབས་རྣམ་པ་བཞིར་བསྡུས་པ་སྟེ། སྤོང་པའི་འདུ་བྱེད་བརྒྱད་ནི། དད་པ་འདུན་པ་རྩོལ་བ་ཤིན་སྦྱངས། དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་བརྒྱད་དོ། ། དེ་ཡང་དང་པོར་ཏིང་ངེ་འཛིན་ཐོབ་པ་ལ་དད་ནས་དེ་བསྒྲུབ་པར་འདུན་པས་རྩོལ་བ་བསྐྱེད་པ་ཡིན་པས་རྩོལ་བ་ཡོད་ན་དད་འདུན་སྔོན་དུ་ཡོད་པར་ངེས་པས། འདི་གསུམ་ནི་རྩོལ་བར་བསྡུས་ཏེ་དེ་གཅིག་ནི་སྤྲོ་བའི་ཐབས་སམ་འབད་པར་བྱེད་པ་སྟེ། ཐབས་གཉིས་པ་ནི་ཤིན་སྦྱངས་ཏེ་ལུས་དང་སེམས་ལས་སུ་རུང་པས་ཏིང་ངེ་འཛིན་འགྲུབ་པ་ཕན་འདོགས་པའི་བདག་ཉིད་ཡིན་ནོ། ། དྲན་པ་ཤེས་བཞིན་བྱེད་ལས་གཅིག་པས་གཅིག་ཏུ་བསྡུས་པ་ནི་ཐབས་གསུམ་པ་དམིགས་པ་ལ་མི་ཡེངས་པར་གཏོད་བར་བྱེད་པ་སྟེ། སེམས་པ་དང་བཏང་སྙོམས་གཉིས་ནི་ཐབས་བཞི་པ་རྣམ་རྟོག་དང་ཉོན་མོངས་པའི་གཉེན་པོར་གྱུར་པ་ཡིན་ནོ། ། མངོན་པར་སྒྲུབ་པ་དྲུག་ནི་རྫུ་འཕྲུལ་གྱི་རྐང་པ་ལ་རྟེན་ནས་མཐོང་བ་མངོན་པར་བསྒྲུབ་པ་ནི་སྤྱན་ལྔ་སྟེ། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་རྣམ་སྨིན་ལས་ཤའི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ན་གཟུགས་ཕྲ་རགས་གང་ཡོད་པ་ཐམས་ཅད་མཐོང་བའོ། །རྫུ་འཕྲུལ་གྱི་སྤྱན་ནམ་ལྷའི་སྤྱན་ནི་བསམ་གཏན་དང་པོ་སོགས་བཞི་པའི་བར་བསྒོམས་པས་ཤའི་སྤྱན་ལས་ཁྱད་དུ་འཕགས་པར་ཕྱོགས་བཅུ་དུས་གསུམ་གྱི་གཟུགས་ཆེ་ཕྲ་ཅི་རིགས་པར་ཤེས་པའོ། ། འཕགས་པའི་ཤེས་རབ་ཀྱི་སྤྱན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་དེ་བཞིན་ཉིད་གཟིགས་པའོ། །ཆོས་ཀྱི་སྤྱན་ནི་མདོ་ལ་སོགས་པ་གསུང་རབ་ཐམས་ཅད་ཀྱི་ཚིག་དོན་ཐོགས་པ་མེད་པར་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་དུས་གསུམ་གྱི་ཤེས་བྱའི་ཆོས་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པ་ཀུན་མངོན་སུམ་གཟིགས་པའོ།། ཤའི་མིག་དེ་ལ་དཔག་ཚད་གཅིག་མཐོང་བས་བརྒྱ་དང་འཛམ་གླིང་ཙམ་དང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་གྱི་གཟུགས་ཕྲ་རགས་ཤེས་པའི་བར་དང་། སངས་རྒྱས་ཀྱི་ཤའི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་མ་ལུས་པའི་ད་ལྟར་གྱི་གཟུགས་ཐམས་ཅད་གཟིགས་པའོ། །ལྷའི་སྤྱན་ལ་ཡང་ལས་ལས་སྐྱེས་པ་དང་བསྒོམས་པ་ལས་སྐྱེས་པ་གཉིས་ཡོད་པའི་དང་པོ་ལྷ་རྣམས་ཀྱི་རང་གི་ལས་ལས་སྐྱེས་པའི་ཤིན་ཏུ་དྭངས་བའི་དབང་པོ་ཐོབ་པས་ཐག་ཉེ་རིང་གི་གཟུགས་ཀུན་གསལ་བར་མཐོང་པའོ། །བསྒོམས་པ་ལས་བྱུང་བ་ནི་རྣལ་འབྱོར་བ་རྣམས་ཀྱིས་བསམ་གཏན་བསྒོམ་པའི་མཐུས་བསམ་གཏན་ས་པའི་འབྱུང་བ་ལས་གྱུར་པའི་དབང་པོ་ཤིན་ཏུ་དྭངས་པ་ཐོབ་པ་དེས། སེམས་ཅན་དེ་དག་སྔར་གང་ན་ཤི་འཕོས་པ་དང་། མ་འོངས་པ་ན་གང་དུ་སྐྱེ་བར་འགྱུར་པའི་འདས་མ་འོངས་པའི་གཟུགས་དང་ད་ལྟར་གྱི་གཟུགས་གཟིགས་སོ། །ཆོས་ཀྱི་སྤྱན་གྱིས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དང་། གང་ཟག་དག་གི་རྒྱུད་ཚོད་དང་རང་དང་མཉམ་པ་དང་དམའ་བ་རྣམས་གཟིགས་སོ། ། སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ལ་ཆགས་ཐོགས་དང་བྲལ་བར་གཟིགས་པའོ། །སྤྱན་ལྔ་ལ་རྣམ་གྲངས་གཞན་དང་གཞན་དུ་བཤད་པའང་འགྲེལ་བར་གསུང ས་སོ། །གདམས་ངག་མངོན་པར་བསྒྲུབ་པ་ནི་མངོན་ཤེས་དྲུག་སྟེ། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ནས་རང་གིས་དེ་བཞིན་གཤེགས་པ་ལས་གདམས་ངག་གི་ལུང་ནོད་པ་དང་། སེམས་ཅན་གཞན་ལ་བདག་གིས་གདམས་ངག་གི་ལུང་སྟེར་བའི་རྒྱུ་ནི་བསམ་གཏན་ལ་བརྟེན་ནས་མངོན་ཤེས་དྲུག་འགྲུབ་པ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་སངས་རྒྱས་རྣམས་ཀྱི་ཞིང་དང་སེམས་ཅན་གྱི་གནས་དེ་དང་དེ་དག་ཏུ་ཐོགས་པ་མེད་པར་འགྲོ་བ་དང་། ལྷའི་མིག་གིས་སངས་རྒྱས་ཀྱི་སྐུ་དང་སེམས་ཅན་གྱི་ལུས་མཐོང་བ་དང་། ལྷའི་རྣ་བས་དེ་བཞིན་གཤེགས་པའི་གསུང་དང་སེམས་ཅན་རྣམས་ཀྱི་སྒྲ་ཐོས་པ་དང་། གཞན་སེམས་ཤེས་པས་སེམས་ཅན་རྣམས་ཀྱི་ཡིད་ལ་ཅི་བསམས་པ་ཤེས་པ་དང་། སྔོན་གནས་རྗེས་སུ་དྲན་པས་རང་གཞན་འདས་པའི་དུས་ན་གང་དང་གང་དུ་སྐྱེས་པ་ཤེས་པ་དང་། མཆི་འཕོ་ཤེས་པས་མ་འོངས་པར་གང་དང་གང་དུ་སྐྱེ་བ་ཤེས་པ་དང་། ཟག་ཟད་ཀྱི་མངོན་པར་ཤེས་པས་བདག་གཞན་གྱི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལས་གདམས་ངག་གི་ལུང་ནོད་ནས་སེམས་ཅན་གཞན་ལའང་ལུང་སྟོན་པར་བྱེད་པ་ཉིད་དང་། གནས་པས་རྣམ་པར་རྩེ་བ་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་སོགས་སུ་རྫུ་འཕྲུལ་དང་སྤྲུལ་བ་སྣ་ཚོགས་ཀྱིས་རྣམ་པར་རྩེ་པའམ་རོལ་པར་བྱེད་པ་དང་སྨོན་ལམ་དང་ནི་ཞེས་པ། སྨོན་ལམ་མངོན་པར་བསྒྲུབ་པ་ནི། གང་སྨོན་ལམ་གྱི་མཐུ་ལས་སྐྱེས་པའི་ཡེ་ཤེས་དེའི་དབང་གིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ལྷ་དང་མི་ལ་སོགས་པའི་སྐྱེ་གནས་དེ་དག་ཏུ་ཅི་དགར་འགྱུར་ཞིང་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པས་རོལ་པའོ། །སྨོན་ལམ་གྱི་དབང་གིས་སྐྱེ་བ་བཟུང་བ་བྱང་སེམས་དེ་དག་གི་ལུས་ཀྱི་ཡོན་ཏན་དང་སེམས་ཀྱི་མཐུའི་ཡོན་ཏན་དང་། སྒྲ་དབྱངས་ཀྱི་ཡོན་ཏན་ལ་སོགས་པ་བརྗོད་དུ་སླ་བ་མ་ཡིན་ནོ་ཞེས་ས་བཅུ་པའི་མདོ་ལས་གསུངས་པ་བཞིན་ནོ། ། དབང་ཐོབ་པ་མངོན་པར་སྒྲུབ་པ་ནི་དབང་བཅུ་ཐོབ་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་མཐུས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པ་ནི་ཚེ་ལ་དབང་བའོ། །དེ་བཞིན་དུ་ཇི་ལྟར་འདོད་པ་བཞིན་དུ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་ནི་སེམས་ལ་དབང་པའོ།། ནམ་མཁའ་ལས་ཅི་དང་ཅི་འདོད་པའི་ཡོ་བྱད་སྣ་ཚོགས་ཆར་ཕབ་སྟེ་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡོ་བྱད་ལ་དབང་པའོ། །ལུས་ངག་གི་ལས་ཀྱི་སྤྲུལ་པ་སྣ་ཚོགས་བྱེད་པའམ། ཁམས་དང་འགྲོ་བ་སྐྱེ་གནས་གཞན་དུ་སྐྱེས་པའི་ལས་དག་བྱིན་གྱིས་བརླབས་ནས་ཁམས་དང་འགྲོ་བ་གཞན་དུ་འགྲོ་བར་བྱེད་པ་ལས་ལ་དབང་བའོ།། གཟུགས་ཁམས་ཀྱི་བསམ་གཏན་ལ་གནས་ཤིང་དེ་ལས་མ་ཉམས་བཞིན་དུ་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བ་སྐྱེ་བ་ལ་དབང་བའོ། །ས་གསེར་དང་ཆུ་བདུད་རྩི་ལ་སོགས་པ་ཇི་ལྟར་མོས་པ་དེར་འགྱུར་བ་མོས་པ་ལ་དབང་བའོ། ། ས་དང་པོར་སྨོན་ལམ་ཆེན་པོ་བཅུ་གསུངས་པས་མཚོན་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་ཆེན་པོ་གྲངས་མེད་པ་མངོན་པར་བསྒྲུབ་པ་ནི་སྨོན་ལམ་ལ་དབང་པའོ། ། སེམས་ཅན་རྣམས་དད་པ་བསྐྱེད་པའི་ཕྱིར་འབར་བ་དང་འཕུར་བ་དང་འོད་འགྱེད་པ་སོགས་རྫུ་འཕྲུལ་དང་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་པ་ནི་རྫུ་འཕྲུལ་ལ་དབང་བའོ། །ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་བཞི་རབ་ཀྱི་མཐར་ཕྱིན་པ་ཡེ་ཤེས་ལ་དབང་བའོ། །མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་མིང་ཚིག་ཡི་གེ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་བསྟན་ནས་སེམས་ཚིམ་པར་བྱེད་པ་ཆོས་ལ་དབང་བའོ། །དབང་བཅུའི་རྒྱུ་ནི་དང་པོ་གསུམ་སྦྱིན་པའི་ཕར་ཕྱིན་རྫོགས་པ་ལས་ཐོབ་སྟེ། མི་འཇིགས་པའི་སྦྱིན་པས་ཚེ། ཆོས་ཀྱི་སྦྱིན་པས་སེམས ། ཟང་ཟིང་གི་སྦྱིན་པས་ཡོ་བྱད་ལ་དབང་ཐོབ་བོ། །ལས་དང་སྐྱེ་བར་དབང་བ་གཉིས་ཚུལ་ཁྲིམས་ཕར་ཕྱིན་རྫོགས་པ་ལས་ཏེ། ལུས་ཀྱི་ལས་དག་པས་ལུས་ཀྱི་སྤྲུལ་པ་དང་། ངག་གི་ལས་དག་པས་ངག་གི་སྤྲུལ་པ་སྣ་ཚོགས་འགྱེད་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་གང་འདོད་པར་སྐྱེ་བ་ཐོབ་བོ། །བཟོད་པའི་ཕར་ཕྱིན་རྫོགས་པས་སེམས་ཅན་རྣམས་ཀྱི་སེམས་མ་དཀྲུགས་ཤིང་ཡིད་དང་མཐུན་པར་བྱས་པས། གང་དང་གང་དུ་མོས་པ་བསྐྱེད་པ་དེ་དང་དེ་བཞིན་འགྲུབ་པས་མོས་པ་ལ་དབང་བ་ཐོབ་བོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་མཐུས་སྨོན་ལམ་ལ་དབང་བ་ཐོབ་སྟེ་སྔོན་བདག་དང་གཞན་གྱི་དོན་ལ་བརྩོན་པས་ཕྱིས་བདག་དང་གཞན་གྱི་དོན་དུ་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་འགྲུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕར་ཕྱིན་རྫོགས་ནས་སེམས་ཀྱི་དབང་ཐོབ་པས་རྫུ་འཕྲུལ་ཅི་འདོད་པ་ལ་དབང་ཐོབ་བོ། །ཡེ་ཤེས་དང་ཆོས་ལ་དབང་བ་གཉིས་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་འགྲུབ་བོ། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར། ཞེས་པ་ཆོས་ཐོབ་པ་མངོན་པར་བསྒྲུབ་པ་སྟེ། མཐར་ཐུག་གི་ཡོན་ཏན་སངས་རྒྱས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་སོགས་སྒྲུབ་པའོ། ། དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ནས་མངོན་པར་སྒྲུབ་པ་རྣམ་པ་དྲུག་བསྒྲུབ་པའི་ཕྱིར་རོ། །བཞི་པ་དབང་པོ་ལྔ་བཤད་པ་ནི། དད་པའི་དབང་པོ་དང་། དེ་བཞིན་དུ། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་ལྔ་ལས། དད་པ་ནི་ལས་དང་ལས་ཀྱི་འབྲས་བུ་འབྱུང་པ་བསླུ་མེད་དུ་ཡོད་པ་སོགས་ཡོད་པའི་དོན་ལ་དེ་བཞིན་དུ་ཡིད་ཆེས་པའི་དད་པ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་སེམས་རབ་ཏུ་དྭང་བའི་དད་པ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། འཕགས་པའི་ལམ་སྒྲུབ་པར་བྱ་བ་ལ་དེ་ལྟར་སྒྲུབ་ནུས་པར་མཐོང་ནས་མངོན་པར་འདོད་པའི་དད་པ་གསུམ་མམ། ཡང་ན་ཆོས་བཞི་ལ་དད་པ་སྟེ། ལས་རྒྱུ་འབྲས་ཡོད་པར་ཡིད་ཆེས་ནས་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་དེ་ཐེག་པ་གཞན་མི་འདོད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་བདག་མེད་པ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཟབ་མོ་སྟོང་པ་ཉིད་ལ་དད་པས་ལྟ་བར་གྱུར་པ་ཐམས་ཅད་ཀྱི་བག་ལ་ཉལ་འཇོམས་པ་དང་། སྟོབས་དང་མི་འཇིགས་པ་སོགས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཐམས་ཅད་ལ་དད་པས་ཐེ་ཚོམ་དང་སོམ་ཉི་མེད་པར་དེ་དག་བསྒྲུབ་པ་སྟེ་རྣམ་པ་བཞི་ལ་དད་པའི་དབང་པོ་ཞེས་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་སོ། ། གང་ལ་དད་པའི་ཆོས་དེ་བརྩོན་འགྲུས་ཀྱི་དབང་པོས་སྒྲུབ་པར་བྱེད་པ་ཡང་དག་སྤོང་བ་བཞིའི་རང་བཞིན་ཅན་ནི་བརྩོན་འགྲུས་ཀྱི་དབང་པོའོ། ། བརྩོན་འགྲུས་ཀྱིས་བསྒྲུབ་པའི་ཆོས་ལ་དྲན་པས་མི་བརྗེད་པར་བྱ་བ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་ཐོབ་པ་ནི་དྲན་པའི་དབང་པོའོ། །བསམ་གཏན་བཞི་དང་གཟུགས་མེད་པ་བཞིའི་སྙོམས་འཇུག་ཐོབ་པ་དང་། དྲན་པའི་དབང་པོས་ཆུད་མི་གཟོན་པར་བྱས་པའི་ཆོས་དེ་ལ་རྒྱུན་དུ་སེམས་རྩེ་གཅིག་ཏུ་འཇོག་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པའམ། འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོའོ། ། དེ་ལྟར་སྤྱིར་བསྟན་ནས་སྐབས་འདིར་དབང་པོ་ལྔ་པོའི་གཞིའམ་གནས་སམ་དམིགས་པ་བཤད་པ་ནི། དད་པའི་དབང་པོས་དམིགས་ཡུལ་ལམ་གཞི་ནི་བྱང་ཆུབ་སྟེ། ཐེག་པ་ཆེན་པོའི་འབྲས་བུ་ཟད་མི་ཤེས་པའི་ཡེ་ཤེས་སམ། ས་དང་པོའི་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ལ་དམིགས་ནས་དེ་ལ་དད་ཅིང་དེ་ཉིད་ཐོབ་པར་བྱའོ་ཞེས་དམིགས་པའོ། ། བརྩོན་འགྲུས་ཀྱི་དབང་པོས་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དམིགས་ནས་བརྩོན་འགྲུས་ཀྱིས་སྤྱོད་པ་དེ་དག་སྒྲུབ་པར་བྱེད་པ་དང་། དྲན་པའི་དབང་པོས་ཐོས་པ་མཆོག་ཐེག་པ་ཆེན་པོའི་ཆོས་ཇི་ལྟར་ཐོས་པ་དང་། ཇི་ལྟར་གཟུང་བ་དང་། དེ་ལྟར་ཚིག་གིས་རྒྱས་པར་གཏན་ལ་དབབ་པ་བཞིན་མི་བརྗེད་པར་འཛིན་པ་དང་། མོས་པའི་སྤྱོད་པའི་ཏིང་ངེ་འཛིན་གྱི་དབང་པོས་ས་དང་པོའི་ཞི་གནས་ཁྱད་པར་ཅན་དེ་ཇི་ལྟར་ཐོབ་པར་བྱ་ཞེས་དམིགས་པའོ། ། ཤེས་རབ་ཀྱི་དབང་པོས་ནི་ས་དང་པོའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཇི་ལྟར་ཐོབ་པར་བྱ་ཞེས་དམིགས་པའི་ཕྱིར་དེ་ལྟར་བྱང་ཆུབ་ལ་སོགས་པ་དེ་དག་དད་སོགས་ཀྱི་གཞིའམ་དམིགས་ཡུལ་ཡིན་པར་ནི་ཤེས་པར་བྱ་སྟེ། འདི་ལྔ་ལ་ཅིའི་ཕྱིར་དབང་པོ་ཞེས་བརྗོད་ན་རྣམ་བྱང་གི་དོན་ཀུན་སྒྲུབ་པ་ལ་དབང་བྱེད་པའི་སྐབས་ཀྱིས་དབང་པོ་ཞེས་སུ་བཞག་སྟེ། དད་པས་བྱང་ཆུབ་ལ་དབང་བྱེད་པ་དང་། བརྩོན་འགྲུས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དབང་བྱེད་པ་དང་དྲན་པས་ཐེག་ཆེན་གྱི་ཆོས་དང་། ཏིང་ངེ་འཛིན་གྱིས་ཞི་གནས་དང་། ཤེས་རབ་ཀྱིས་ལྷག་མཐོང་གི་དོན་སྒྲུབ་པ་ལ་དབང་བྱེད་པའི་ཕྱིར་རོ། །ཡང་ན་དབང་པོ་ལྔས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་ལའང་ངོ་། །ལྔ་པ་སྟོབས་ལྔ་བཤད་པ་ནི། དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་ལྔ་ནི། རང་རང་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་ཚེ་ན་སྟོབས་ཀྱི་མིང་ཅན་དུ་བརྗོད་དོ། །མོས་སྤྱོད་ཀྱི་གནས་སྐབས་ཀྱི་དད་སོགས་སྟོབས་ལྔ་པོ་འདི་དག་གི་མཐུས་འཕགས་པའི་ས་དང་པོ་ལ་འཇུག་པ་སྟེ། འདི་དག་གོང་ནས་གོང་དུ་འཕེལ་བས་འཕགས་པའི་ས་དངོས་སུ་འདྲེན་པ་ཡིན་ཡང་། མཐོང་སྤང་ལས་མ་གྲོལ་བས་ཀུན་ནས་ཉོན་མོངས་ཅན་སོ་སོའི་སྐྱེ་བོའི་སས་བསྡུས་པའོ། །དབང་པོ་དང་སྟོབས་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། སྟོབས་ལྔ་པོ་འཇིག་རྟེན་པ་ཡིན་ཡང་། ཇི་སྲིད་དུ་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་དང་། རྣམ་གཡེང་དང་། ཤེས་རབ་འཆལ་པའི་རྨོངས་པ་ཡིས་བརྫི་ཞིང་བར་དུ་གཅོད་པར་བྱེད་ནུས་པ་དེ་སྲིད་དུ་དབང་པོ་ཞེས་བྱ་ལ། མི་མཐུན་ཕྱོགས་དེ་དག་ཉམ་ཆུང་བས་གཉེན་པོ་དད་པ་སོགས་ལྔ་པོ་དེ་ལ་ཚུར་མི་ཚུགས་ཤིང་བརྫི་མི་ནུས་པའི་ཚེ་ན་དད་སོགས་དེ་དག་ཉིད་ལ་སྟོབས་ཞེས་བྱའོ། །དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བཤད་པ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཡིན་པས་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་ཤིང་མྱོང་བས་མངོན་དུ་བྱས་པ་རྣམས་མ་བརྗེད་པར་སེམས་ལ་གསལ་བའོ། །ཆོས་རྣམ་པར་འབྱེད་པ་ཤེས་རབ་ཡིན་པས་ལྷག་མཐོང་གི་ཕྱོགས་ཏེ་མཐོང་ལམ་གྱི་དུས་ན་སྤང་བྱའི་ཆོས་ཀུན་ཉོན་གྱི་ཕྱོགས་དང་། བླང་བྱའི་ཆོས་རྣམ་བྱང་གི་ཕྱོགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་ཤེས་པའོ། །བརྩོན་འགྲུས་ནི་གོང་མའི་ཡོན་ཏན་ཁྱད་པར་ཅན་ལེན་པར་བྱེད་ཅིང་ཡོན་ཏན་དེ་ལྟ་བུ་ཐོབ་པ་ལ་གེགས་བྱེད་པའི་ཉེས་པ་རྣམས་སྤོང་བར་བྱེད་པའོ། །དགའ་བ་ནི་ས་དང་པོ་པས་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་མངོན་སུམ་རྟོགས་པས་མཐོང་སྤང་གི་སྒྲིབ་པ་རྣམས་དང་བྲལ་ནས་ལུས་སེམས་ལ་དགའ་བའི་མཆོག་སྐྱེས་པའོ། །དེའི་ཕྱིར་ས་དེ་ལ་འང་རབ་ཏུ་དགའ་བ་ཞེས་པའི་མིང་བཏགས་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་དང་བྲལ་བས། ལུས་ལས་སུ་རུང་བས་ཟོ་མདོག་བདེ་ཞིང་། སེམས་ལས་སུ་རུང་བས་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པའོ། །བཏང་སྙོམས་ནི་ཞུམས་པ་དང་རྒོད་པའི་ཉེས་པ་ཐམས་ཅད་སྤངས་ནས་རྒྱ་མཚོ་དྭངས་པ་རླབས་དང་རྙོགས་པ་མེད་པ་ལྟར་ངང་གིས་གཡོ་བ་མེད་པར་གནས་པའོ། །དེ་བདུན་ལས་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་སྦྱོང་ཏིང་འཛིན་བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉིས་ཀའི་ཕྱོགས་ཏེ་ཀུན་དུ་འགྲོ་བས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི། གང་གིས་དུས་སུ་རྣམ་པར་བཞག་པ་དང་། གང་ཤེས་པས་རྣམ་པར་བཞག་པ་དང་། བདུན་པོ་ཉིད་ཇི་ལྟར་ཡིན་པ་རྣམ་པར་བཞག་པ་དང་། དེ་བདུན་ཡན་ལག་ལྔར་རྣམ་པར་བཞག་པ་བཞི་ལས་དང་པོ་སྔར་མོས་སྤྱོད་ཀྱི་སར་དྲན་པ་དང་ཤེས་རབ་སོགས་ཡོད་ཀྱང་བྱང་ཆུབ་ཡན་ལག་གི་མིང་མ་ཐོབ་ལ། འཕགས་པའི་ས་སྐྱོན་མེད་པའི་སར་ཞུགས་པ་ས་དང་པོ་ཐོབ་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་དྲན་པ་སོགས་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་སུ་རྣམ་པར་བཞག་པར་འདོད་དོ། །གཉིས་པ་འདི་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པར་བརྗོད་པའི་དོན་ནི། ཡན་ལག་ཅན་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་མངོན་སུམ་ཤེས་པ་ཐོབ་པ་དེའི་ཕྱིར་དྲན་པ་སོགས་ཀྱང་དེ་ཡི་ཡན་ལག་ཏུ་བཞག་སྟེ། ཀུན་འབྱུང་གི་ཆོས་རྣམས་དང་ནི་སེམས་ཅན་ཀུན་གདོད་ནས་རང་བཞིན་གྱིས་མ་སྐྱེས་པའི་ཆོས་ཉིད་རྣམ་པར་དག་པ་ཡེ་ནས་བྱང་ཆུབ་པར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དེའི་ཚེ་ན་འཇིག་རྟེན་ལས་འདས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་སྐྱེས་པའི་ཕྱིར་རོ། །དེ་ཡང་ཆོས་རྣམས་ལ་བདག་མེད་པར་རྟོགས་པས་ཆོས་མཉམ་པ་ཉིད་དང་། སེམས་ཅན་ནམ་གང་ཟག་ལ་བདག་མེད་པར་རྟོགས་པས་སེམས་ཅན་མཉམ་པ་ཉིད་མངོན་དུ་རྟོགས་པའོ། །ཡང་ན་མཉམ་བཞག་ཏུ་ཆོས་དང་གང་ཟག་ལ་བདག་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་ཁོང་དུ་ཆུད་པས་ཆོས་རྣམས་ཀྱི་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ཉིད་ཡིན་ལ། སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཉིད་ཡིན་ཏེ། ཇི་ལྟར་བདག་གི་སྡུག་བསྔལ་ཞི་བར་བྱེད་པ་བཞིན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་ཞི་བར་བྱའོ་ཞེས་བདག་དང་གཞན་ཁྱད་མེད་པར་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའོ། །གསུམ་པ་བདུན་པོ་ཉིད་ཇི་ལྟར་ཡིན་པ་རྣམ་པར་བཞག་པ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། རྒྱལ་སྲིད་ཀྱི་ཡན་ལག་ཏུ་རིན་པོ་ཆེ་བདུན་དང་ལྡན་པ་དང་འདྲ་བར། གདོད་ནས་སྐྱེ་བ་མེད་པའི་བྱང་ཆུབ་པ་མངོན་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་བཞག་སྟེ། འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་ནམ་བྱུང་བ་ན་དེའི་བསོད་ནམས་ཀྱི་སྟོབས་ལས་ལྷའི་བཟོ་བོས་བྱས་པའི་ལྷ་རྫས་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ལེགས་པར་བཀྲ་བ་ཉིད་འབྱུང་སྟེ། དེ་ཉིད་ཉི་མ་གཉིས་པ་བཞིན་དུ་ནམ་མཁའ་ལ་འཕགས་ཏེ་སོང་བའི་རྗེས་སུ་འཁོར་ལོས་སྒྱུར་བ་ཉིད་དཔུང་གི་ཚོགས་དང་བཅས་པ་ཡང་ནམ་མཁའ་ལ་འགྲོ་ཞིང་ཡུལ་ཕྱོགས་ཀྱི་རྫོང་དང་མཁར་ལ་གནས་པའི་རྒྱལ་ཕྲན་རྣམས་ཀྱི་ཕྱོགས་སུ་ཕྱིན་པར་ཙམ་ནས་བསུ་ཞིང་འབངས་སུ་མཆི་སྟེ་སྔར་དམངས་སུ་མ་ཕེབ་ཅིང་མ་རྒྱལ་བའི་ས་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དུ་བྱེད་པ་ནི་འཁོར་ལོ་རིན་པོ་ཆེ་ཞེས་བྱའོ། ། དེ་བཞིན་དུ་གླང་པོ་རིན་པོ་ཆེ་ནི་གངས་ཅན་གྱི་རི་བོ་ནམ་མཁའ་ལ་འགྲོ་བ་ལྟ་བུ་གཟུགས་དང་སྟོབས་ཕུན་སུམ་ཚོགས་པ་ཡན་ལག་ཐམས་ཅད་ལེགས་པར་གནས་པ་རྒྱལ་པོ་ཆེན་པོ་ལ་འོས་ཤིང་དུལ་བ་ཕུན་སུམ་ཚོགས་པ་ཕས་ཀྱི་རྒོལ་བའི་དཔུང་ཐམས་ཅད་འཇོམས་པར་བྱེད་པའོ། །རྟ་རིན་པོ་ཆེ་སྔོ་བསང་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བའི་ཁ་དོག་དང་གཟུགས་བྱད་ཕུན་སུམ་ཚོགས་པ། །ཅང་ཤེས་པ་ཐོ་རེངས་ཁྱེའུ་སུས་ཟ་བའི་ཡུན་ཚོད་ཙམ་ལ་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་བདེ་བླག་ཏུ་འཁོར་ཏེ་སླར་ལྡོག་ནུས་པའི་བཞོན་པའི་ཡོན་ཏན་ཕུན་སུམ་ཚོགས་པ། ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་ཞིང་རྒྱུ་བཻ ཌཱུ ཪྱ་ལས་གྲུབ་པ་ཁ་དོག་མཐོན་མཐིང་དབྱིབས་ལྟ་ན་སྡུག་པ་མཚན་མོར་ཡང་ཉི་མ་བཞིན་དུ་དཔག་ཚད་ཙམ་དུ་སྣང་བར་ནུས་པ་ཚ་བའི་དུས་སུ་བསིལ་བ་དང་གྲང་བའི་དུས་སུ་དྲོ་བའི་འོད་འབྱིན་པ། རེག་པ་ཙམ་གྱིས་ནད་ཐམས་ཅད་ཞི་བར་བྱེད་པ། སྐམས་པ་དང་མྱ་ངན་གྱི་ཐང་དུ་ཡང་ཆུ་རྒྱུན་བཟང་པོ་འབྱིན་པ་སོགས་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་མཐུ་ཕུན་སུམ་ཚོགས་པ་དང་། བཙུན་མོ་རིན་པོ་ཆེ་གཟུགས་བཟང་བའི་མཆོག་ཏུ་གྱུར་པ། ལྟ་ན་སྡུག་ཅིང་མཐོང་བ་ཙམ་གྱིས་དགའ་བ་སྐྱེད་པ། སྐྱེས་པ་གཞན་ལ་མི་གཡེམ་པ་སོགས་ཉོན་མོངས་པ་ཆུང་ཞིང་བདག་པོ་ལ་མཆོག་ཏུ་གུས་པས་ཡིད་འཛིན་པ། ཚུལ་བཟང་པོའི་སྤྱོད་པས་ཐམས་ཅད་ཀྱི་ཡིད་འཕྲོག་པ། ཁ་དང་ལུས་ལས་ལྷའི་སྤོས་ཀྱི་དྲི་འབྱུང་ཞིང་། བསིལ་བ་དང་དྲོ་བ་སོགས་ཡིད་དུ་གང་འོང་བའི་རེག་བྱའི་ཁྱད་པར་མཆོག་དང་ལྡན་པ་སོགས་ཡོན་ཏན་ཐམས་ཅད་ལྡན་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་ལག་པ་བརྐྱང་པ་ཙམ་གྱིས་ནོར་རྫས་ཅི་འདོད་པ་འབྱུང་བས་ནོར་མང་རྣམ་ཐོས་ཀྱི་བུ་དང་མཚུངས་པ། རྒྱལ་པོས་ཇི་ལྟར་བསྒོ་བ་ཐམས་ཅད་ལེགས་པར་བསྒྲུབ་པ། ནང་གི་གཉེར་བྱེད་པ་ཐམས་ཅད་ཀྱི་མཆོག་གི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ་བའོ།། ཀུན་མགོན་ནམ་བློན་པོའམ་དམག་དཔོན་རིན་པོ་ཆེ་ནི་དཔའ་བརྟན་དང་སྟོབས་ཕུན་སུམ་ཚོགས་པས་ཕ་རོལ་ཟིལ་གྱིས་གནོན་པ། དཔུང་གི་བཀོད་པ་དུས་སུ་འགྲོ་བ་དང་ལྡོག་པ་ལ་མཁས་པ་ལེགས་པར་བྱེད་པ་རྗེས་སུ་འཛིན་པ་དང་། ཉེས་པར་བྱེད་པ་ཚར་བཅད་པ་རྒྱལ་པོ་ལ་བཞེད་པ་དང་ཕ་རོལ་གནོན་པ་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་ནུས་ཤིང་བཀའ་བཞིན་བྱེད་པའོ། །དཔེ་དེ་རྣམས་བཞིན་དུ་བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པའི་ཚེ། སྡར་མོས་སྤྱོད་ཀྱི་ས་ལ། ཤེས་བྱ་གང་ཞིག་མངོན་སུམ་དུ་མ་ཤེས་པའམ། མངོན་སུམ་དུ་ཤེས་པའི་སྒྲིབ་པ་ལས་མ་རྒྱལ་བ་དེ་ལས་ས་དང་པོ་དེའི་དུས་སུ་མངོན་སུམ་ཤེས་ཤིང་དེའི་སྒྲིབ་པ་མཐོང་སྤང་ལས་རྒྱལ་བར་བྱ་བའི་ཕྱིར། སྡར་མོས་སྤྱོད་དུ་བསྒོམས་པའི་ཆོས་རྣམས་མ་བརྗེད་པའི་དྲན་པ་དག་ནི་ཀུན་དུ་སྤྱོད་པ་འཁོར་ལོས་སྒྱུར་བ་ས་ཀུན་ལས་རྒྱལ་བར་བྱེད་པའི་འཁོར་ལོ་རིན་ཆེན་ལྟ་བུའོ། །ས་དང་པོ་པ་འདི་ཡི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་ཆོས་དང་གང་ཟག་གི་བདག་གཉིས་སུ་རྟོགས་པ་ཡི་མཚན་མ་ཐམས་ཅད་འཇོམས་པར་བྱེད་པས་གླང་པོ་རིན་པོ་ཆེ་ཕས་རྒོལ་གྱི་དཔུང་ཐམས་ཅད་འཇོམས་པར་བྱེད་པ་བཞིན་ནོ། །ས་དང་པོ་པ་འདི་ཡི་བརྩོན་འགྲུས་ནི། མངོན་པར་ཤེས་པ་སོགས་ཡོན་ཏན་ཁྱད་པར་ཅན་རྣམས་མ་ལུས་པ་མྱུར་དུ་རྟོགས་ཤིང་འགྲུབ་པར་བྱ་བའི་ཕྱིར་འཇུག་པ་ནི་རྟ་རིན་པོ་ཆེས་གང་འདོད་པའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་བཞིན་ནོ། །ས་དང་པོ་ཐོབ་པ་དེ་ཡི་ཚེ་ན་དེ་ཁོ་ན་ཉིད་མངོན་སུམ་རྟོགས་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྣང་བ་ཆེན་པོ་རྣམ་པར་འཕེལ་བའི་དགའ་བས་ལུས་དང་སེམས་རྟག་ཏུ་རྒྱས་པར་འགྱུར་བའི་ཕྱིར་དགའ་བ་ནི་ནོར་བུ་རིན་པོ་ཆེའི་འོད་ཀྱིས་མུན་པ་སེལ་བ་བཞིན་ནོ། །ས་དང་པོའི་རྣམ་གྲོལ་ལམ་དུ་མཐོང་སྤང་གི་སྒྲིབ་པ་ཀུན་ལས་རྣམ་པར་གྲོལ་བའམ་ཐར་བའི་ཕྱིར་ལུས་སེམས་ལས་སུ་མི་རུང་བ་གཏན་མེད་པར་ཤིན་ཏུ་སྦྱངས་པས་བདེ་བ་ཐོབ་པ་ནི་བཙུན་མོ་རིན་པོ་ཆེའི་རེག་བྱས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་དགའ་བ་སྐྱེད་པ་བཞིན་ནོ། ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལས། མངོན་པར་ཤེས་པ་སོགས་ཡོན་ཏན་དང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འབྱོར་བ་ཉེ་བར་སྐྱེ་བར་འགྱུར་བས་ན། ཁྱིམ་བདག་རིན་པོ་ཆེས་རྒྱལ་པོས་ཅི་བཞེད་པའི་ནོར་ཐམས་ཅད་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་བཞིན་ནོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱིས་ནི། དུས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ས་དང་པོ་པ་འདི་ནི་སེམས་ལ་ཞུམས་རྒོད་དང་ཆགས་སྡང་སོགས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མེད་པའི་ངོ་བོས་རང་ཇི་ལྟར་འདོད་པ་བཞིན་རྣལ་དུ་གནས་ཏེ་དེ་ཡང་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱ་བ་དང་། རང་གིས་ས་གོང་མའི་ཡོན་ཏན་མ་ཐོབ་པ་རྣམས་ཐོབ་པར་བྱེད་པ་དང་། ཉེས་པ་མ་སྤངས་པ་རྣམས་སྤོང་བར་བྱེད་ཅིང་ས་འོག་མ་ཡང་འདོར་བར་བྱེད་པ་དང་། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅི་ལའང་མི་གནས་པར་གནས་པས་བྱང་ཆུབ་སེམས་དཔའ་མཆོག་ནི་རྟག་ཏུ་གནས་པར་བྱེད་དོ། །ཡང་ན་འཕགས་པ་མཆོག་གི་གནས་པ་ལ་ནི་རྟག་ཏུ་གནས་སོ་ཞེས། བློ་བརྟན་འགྲེལ་པར། གནས་པས་རྟག་ཏུ་མཆོག་ཡིན་ནོ་ཞེས་སྣང་། དེ་ལྟར་བཏང་སྙོམས་ནི་དམག་དཔོན་རིན་པོ་ཆེས་དཔུང་གི་ཚོགས་བཞི་པོ་བསྡུས་ཏེ། གཞོམ་ཞིང་བསྐྲད་པར་བྱ་བ་རྣམས་བསྐྲད་པར་བྱེད་པ་དང་། བསྡུ་ཞིང་སྐྱོང་བར་བྱེད་པ་རྣམས་སྡུད་པར་བྱེད་ལ། གང་དུ་འཚེ་ཞིང་གནོད་པ་མེད་པའི་ཕྱོགས་སུ་གནས་པར་བྱེད་པ་དང་འདྲ་སྟེ། ཕ་རོལ་གྱི་སྡེ་བསྡུ་བ་དང་བསྐྲད་པར་བྱེད་པ་ལྟ་བུ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ་དེས་བླང་བྱ་ལེན་པ་དང་དོར་བྱ་སྤོང་བར་བྱེད་པས་སོ། །གང་དུ་འཚེ་བ་མེད་པར་བག་ཕབ་སྟེ་གནས་པ་ལྟ་བུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་དེ་ནི་དམིགས་པ་ཐམས་ཅད་རབ་ཏུ་ཞི་བ་ལ་གནས་པའི་ཕྱིར་རོ། །ཡོན་ཏན་དེ་ལྟ་བུ་མངའ་བའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བ་དང་འདྲ་བར་ཡོན་ཏན་དེ་དག་ལ་འཇུག་པའམ་དབང་བསྒྱུར་བ་པོ་ཡིན་ལ། དུས་རྟག་ཏུ་རྒྱལ་སྲིད་རིན་པོ་ཆེ་བདུན་ལྟ་བུའི་བྱང་ཆུབ་ཡན་ལག་བདུན་པོ་རྣམས་ཀྱིས་བསྐོར་ཞིང་ལྡན་པ་ཡིན་ནོ། །བཞི་པ་ཡན་ལག་བདུན་ཡན་ལག་ལྔར་བསྡུ་བ་འདིས་ཡན་ལག་ཅེས་པའི་དོན་ཀྱང་བཤད་པ་ཡིན་ཏེ། ཆོས་རབ་རྣམ་འབྱེད་ནི་རང་བཞིན་གྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ངོ་བོ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། སྡར་མོས་སྤྱོད་དུ་ཆོས་རྣམས་མ་བརྗེད་པར་ཡང་ཡང་དྲན་ཞིང་གོམས་པའི་མཐར་ཐུག་པ་ཆོས་མཆོག་ཆེན་པོའི་དུས་ཀྱི་དྲན་པ་དེ་ལས་ཆོས་རབ་རྣམ་འབྱེད་སོགས་ཡན་ལག་ཀུན་བྱུང་བའི་ཕྱིར་རོ། །གསུམ་པ་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱི་མཐུས་མོས་སྤྱོད་ཀྱིས་ལས་འདས་ནས་ས་དང་པོ་ལ་ངེས་པར་འབྱུང་བའི་ཕྱིར་རོ། །ས་དང་པོ་རང་དུས་ཀྱི་དྲན་པ་དང་བརྩོན་འགྲུས་དེ་ནི་མོས་སྤྱོད་ཀྱི་དྲན་པ་དང་བརྩོན་འགྲུས་མཐར་ཐུག་པའི་འབྲས་བུའི་དྲན་བརྩོན་ཡིན་ནོ། །བཞི་པ་དགའ་བ་ནི་ས་དང་པོ་ཐོབ་པའི་ཚེ་ཆོས་ཀྱི་དབྱིངས་རྟོགས་པའི་ཕན་ཡོན་གྱི་ཡན་ལག་སྟེ་དེའི་དབང་གིས་ཡིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའི་ཕྱིར་རོ། །ཤིན་སྦྱངས་ཏིང་འཛིན་བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། ལུས་སེམས་ཤིན་ཏུ་སྦྱངས་པས་ཉོན་ཤེས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་བྲལ་བ་ནི་གང་གིས་ཉོན་མོངས་པ་མེད་པར་བྱེད་པའམ་ཉོན་མོངས་མེད་པའི་གནས་སོ། །ཏིང་ངེ་འཛིན་ནི་གཞི་གང་ལ་གནས་ནས་ཉོན་མོངས་པ་མེད་པར་བྱེད་པ་སྟེ་ཏིང་འཛིན་ལ་གནས་པའི་དུས་ན་བྱིང་རྒོད་སོགས་ཉེ་བའི་ཉོན་མོངས་པ ་སེལ་བའི་ཕྱིར་རོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་སྟེ་བཏང་སྙོམས་པར་རྣལ་དུ་གནས་པ་ལ་ཉོན་མོངས་གང་ཡང་མེད་པས་སོ། ། བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་འཕགས་པའི་ལམ་དང་། དེ་བཞིན་དུ་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་མོ། །དེ་ལ་ཡང་དག་པའི་ལྟ་བ་ནི་མཐོང་ལམ་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པའི་ཆོས་དབྱིངས་མཉམ་པ་ཉིད་མངོན་སུམ་རྟོགས་པ་དེ་ཉིད་ལ་དམིགས་ཤིང་བསྒོམ་པའོ། །ཡང་དག་པའི་ལྟ་བ་དེས་རྒྱུ་བྱས་ནས། ཁམས་གསུམ་ལས་ངེས་པར་འབྱིན་པའི་རྒྱུ། ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་རྟོག་ཅིང་དེ་འདོད་པ་དང་། འདོད་འདུན་དང་གནོད་སེམས་སོགས་ཉོན་མོངས་མེད་པའི་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ལྟ་བ་དང་རྟོག་པ་རང་གིས་ཇི་ལྟར་ཁོང་དུ་ཆུད་པ་ལྟར་སེམས་ཅན་གཞན་ལ་ཕན་པའི་ཕྱིར་སྟོན་ཅིང་ངག་གིས་ཉེས་པ་རྫུན་དང་ཚིག་རྩུབ་པོ་དང་། ཕྲ་མ་དང་ངག་འཁྱལ་རྣམ་པར་སྤངས་པ་ནི་ཡང་དག་པའི་ངག་གོ །ལུས་ཀྱི་སྒོ་ནས་སྲོག་གཅོད་པ་སོགས་ཉེས་པ་གསུམ་སྤངས་ནས། རྣམ་པར་གྲོལ་བའི་ལམ་ལ་འཇུག་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །ཁ་གསག་དང་ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་ཐམས་ཅད་སྤང་བ་ནི་ཡང་དག་པའི་འཚོ་བའོ། །ཡང་དག་པའི་ལྟ་རྟོག་ལས་མཐའ་འཚོ་བ་བཞི་ལ་བརྟེན་ནས་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་གཉིས་པོ་སྤང་བར་བྱ་བའི་ཕྱིར་འཕགས་པའི་ལམ་ལ་རྒྱུན་དུ་སྒོམ་པར་བྱེད་པ་ནི་ཡང་དག་པའི་རྩོལ་བའོ། ། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ཀྱི་དོན་མ་བརྗེད་ཅིང་སེམས་ལ་གསལ་བར་སྣང་བ་ནི་ཡང་དག་པའི་དྲན་པའོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། ། དེ་བརྒྱད་ཀྱང་སྤྱོད་ལམ་གྱི་ཚེ་ན། ཡང་དག་པའི་ངག་དང་ལས་མཐའ་དང་འཚོ་བ་གསུམ་ལ་གནས་པར་བྱ་བ་ཡིན་ལ། ནང་དུ་ཏིང་ངེ་འཛིན་ལ་གནས་པའི་ཚེ་ན་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཡང་ཡང་དག་པའི་ལྟ་བ་དང་རྟོག་པ་རྩོལ་བ་གསུམ་ལྷག་མཐོང་གི་ཕྱོགས་ཏེ། ཡང་དག་པའི་ལྟ་བ་ལྷག་མཐོང་ཉིད་ཡིན་ལ། རྟོག་པ་དང་རྩོལ་བ་གཉིས་ནི་ལྷག་མཐོང་གི་འཁོར་རོ། །ཡང་དག་པའི་ཏིང་ངེ་འཛིན་དང་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཏེ་ཏིང་ངེ་འཛིན་ཞི་གནས་དངོས་དང་དྲན་པ་ཞི་གནས་དེའི་འཁོར་རོ། །ལམ་ཡན་ལག་བརྒྱད་པོ་དེ་བཤད་པ་ནི། དེའི་འོག་ཏུ་ཇི་ལྟ་བ་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། ས་དང་པོ་ཐོབ་པ་དེ་ཡི་འོག་ཏུ་ས་གཉིས་པ་ཡན་ཆད་དུ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པ་ནི་ཆོས་རབ་རྣམ་འབྱེད་ཀྱི་བྱང་ཆུབ་ཡན་ལག་གིས་བདག་མེད་གཉིས་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་སུ་འཇུག་པའི་སྒོ་ནས་ཆོས་ཀྱི་དབྱིངས་དེ་ཉིད་རྟོགས་ཤིང་བསྒོམ་པ་ནི་ཡང་དག་པའི་ལྟ་བ་སྟེ་ཡང་དག་པའི་ལྟ་བས་དེ་ཁོ་ན་ཉིད་ཇི་ལྟར་ཁོང་དུ་ཆུད་པ་དེ་ཉིད། འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་བཞག་པར་བྱེད་པ་ནི་ཡང་དག་རྟོག་པའོ། །དེས་ཇི་ལྟར་རྣམ་པར་འཇོག་པར་བྱེད་ན་དེ་ཁོ་ན་ཉིད་ཀྱི་དོན་འདི་དང་འདི་ལྟ་བུ་ཞེས་མིང་ཚིག་ཡི་གེས་བསྟན་པའི་གཙུག་ལག་ཏུ་བྱས་པ་མདོ་སྡེ་ལ་སོགས་པ་ནི་རྣམ་པར་བཞག་པའི་ཆོས་ཞེས་བྱ་སྟེ་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་རྣམ་པར་བཞག་པའི་ཕྱིར་རོ། །དེས་ན་རྣམ་པར་བཞག་པ་དེ་ཡི་དོན་ཇི་ལྟ་བ་བཞིན་དུ་རང་གིས་རྟོགས་པ་དང་གཞན་ལ་དེ་ལྟར་འཆད་པ་དང་། རྣམ་པར་བཞག་པ་ཡི་ལུང་དེ་ཉིད་ལ་དགོངས་དོན་མ་ནོར་བར་འབྱེད་པའི་སྒོ་ནས་འཇུག་པ་ནི་ཡང་དག་པའི་རྟོག་པའོ། །ངག་དང་ལས་མཐའ་འཚོ་བ་གསུམ་གྱི་ལས་གསུམ་རྣམ་པར་དག་པ་དང་། བསྐལ་བ་གྲངས་མེད་པ་གཉིས་སུ་ཡང་དག་པའི་རྩོལ་བ་བརྟེན་པ་ནི། ཤེས་བྱའི་སྒྲིབ་པའི་གཉེན་པོར་སྒོམ་པ་དག་དང་། དེ་བཞིན་དུ་ཡང་དག་པའི་དྲན་པ་ནི་ལམ་གྱི་སྒྲིབ་པའི་གཉེན་པོར་བསྒོམ་སྟེ། ཞི་གནས་དང་ལྷག་མཐོང་གི་ལམ་བསྒོམ་པའི་དུས་ན་ལམ་དེའི་སྒྲིབ་པ་བྱིང་བ་དང་རྒོད་པ་བྱུང་ན་ཞི་གནས་ཀྱི་མཚན་མ་དང་རབ་ཏུ་འཛིན་པའི་མཚན་མ་དང་བཏང་སྙོམས་ཀྱི་མཚན་མ་གསུམ་གོང་དུ་བཤད་པ་ལྟར་དྲན་པའི་སྟོབས་ཀྱིས་སྒྲིབ་པ་དེ་དག་གསལ་བའི་ཕྱིར་དང་ནི། ཡང་དག་པའི་ཏིང་ངེ་འཛིན་ནི་མངོན་པར་ཤེས་པ་དྲུག་སོགས་མཐུའི་ལེའུ་ལས་བཤད་པ་ལྟར་གྱི་ཡོན་ཏན་ཁྱད་པར་ཅན་གྱི་ནི་སྒྲིབ་པའི་གཉེན་པོར་བསྒོམ་པའོ། །གཉིས་པ་ཞི་གནས་ལྷག་མཐོང་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་ནི། ཡང་དག་གནས་པ་སོགས་སོ། །ཡང་དག་པར་གནས་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་བཞི་ཟག་པ་མེད་པ་ལ་བརྟེན་ནས་སེམས་ལས་གཞན་པའི་ཆོས་མེད་པས་སེམས་ཙམ་ལ་སེམས་ནི་རྩེ་གཅིག་ཏུ་འཇོག་པའི་ཕྱིར་ཞི་གནས་དང་། ཞི་གནས་དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རྣམ་པར་མི་རྟོག་པ་ནི་ལྷག་མཐོང་སྟེ། དེ་ལྟར་ཐེག་པ་ཆེན་པོའི་ཞི་གནས་དང་ནི་ལྷག་མཐོང་གི་མཚན་ཉིད་མདོར་བསྟན་པ་ཡིན་ནོ། ། ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་བསྟན་པ་ནི། ཞི་ལྷག་གཉིས་པོ་དེ་ནི་ཡོན་ཏན་སྒྲུབ་པ་དང་བསྒོམ་པ་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཡིན་ཏེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པར་འདོད་པ་དང་། མངོན་ཤེས་ལ་སོགས་པ་ཐོབ་པར་འདོད་པ་དེ་དག་ཀུན་ལ་མེད་དུ་མི་རུང་བས་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ་བསྒོམ་པ་ཐམས་ཅད་ཀྱི་དངོས་གཞི་ནི་འདི་གཉིས་ཡིན་ནོ། ། ཆ་གཅིག་དང་ཞེས་པ། གཟུགས་མེད་པའི་སྙོམས་འཇུག་བཞི་སྒོམ་པ་ནི་ཞི་གནས་ཤས་ཆེ་ལ་ལྷག་མཐོང་ཤས་ཆུང་བས་ཆ་གཅིག་དང་། གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པ་གསུམ་ནི་ལྷག་མཐོང་ཤས་ཆེ་ལ་ཞི་གནས་ཤས་ཆུང་བས་དེ་ཡང་ཕྱོགས་གཅིག་གམ་ཆ་གཅིག་པའོ། །ཆ་གཅིག་མ་ཡིན་ཞེས་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ཤས་ཆེ་ཆུང་མེད་པས་ཆ་གཅིག་པའི་ཕྱོགས་མ་ཡིན་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་བཞི་པ་བསྒོམ་པའི་དུས་ནའོ། །མོས་པའི་སྤྱོད་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་ས་དང་པོ་ཐོབ་པའི་རྒྱུར་འདོད་དོ། །ས་དང་པོའི་དུས་ཀྱི་ཞི་ལྷག་ནི་རབ་ཏུ་རྟོགས་པའི་ཞི་ལྷག་ཞེས་ཏེ་དེ་ཚེ་ཆོས་ཀྱི་དབྱིངས་ཀུན་ཀུན་དུ་འགྲོ་བ་རྟོགས་པའི་ཕྱིར་དང་། ས་གཉིས་པ་ནས་དྲུག་པའི་བར་གྱི་ཞི་གནས་དང་ལྷག་མཐོང་ནི་ངེས་པར་འབྱུང་བའི་ཞི་ལྷག་ཞེས་བྱ་སྟེ། །མཚན་མ་ཐམས་ཅད་རིམ་གྱི་སྤོང་བར་བྱེད་ཅིང་མཚན་མ་མེད་པས་བདུན་པར་ངེས་པར་འབྱུང་བའི་ཕྱིར་དང་། ས་བདུན་པའི་དུས་ཀྱི་ཞི་ལྷག་ནི་མཚན་མ་མེད་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། དེའི་དུས་ན་མདོ་སྡེ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་མཚན་མ་ཐ་དད་པར་མི་བྱེད་ཅིང་ཐམས་ཅད་མཚན་མ་མེད་པར་རོ་གཅིག་པར་བསྒོམ་པའི་ཕྱིར་རོ། །ས་བརྒྱད་པ་དང་དགུ་པ་དང་བཅུ་པའི་དུས་ན་ཞི་ལྷག་བསྒོམ་པ་ནི་འདུ་མི་བྱེད་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཕྱིར་དང་། དག་པའི་ས་དེ་གསུམ་གྱི་ཞི་ལྷག་བསྒོམ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞེས་བྱ་ལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པ་སངས་རྒྱས་ཀྱི་ས་འཐོབ་པར་བྱེད་པས་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ལྟར་ས་དང་ས་རྣམས་ལ་བརྟེན་པའི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་དེ་ནི་མོས་སྤྱོད་ནས་ས་བཅུ་པའི་བར་གྱིས་ཀུན་དུ་འགྲོ་བ་སྟེ། དེ་ནི་བདག་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་དང་། འོག་མ་འོག་མས་ས་གོང་མའི་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། ། གསུམ་པ་བསྒོམ་པ་ཁྱད་པར་དུ་བྱེད་པའི་ཡན་ལག་ལ། དོན་ཆེན་པོ་བསྒྲུབ་པ་ལ་ཚེགས་ཆུང་ཞིང་བསླུ་བ་མེད་པར་བྱེད་པའི་ཐབས་མཁས་དང་། སྡར་གཟུང་བའི་ཆོས་རྣམས་ནི་མི་བརྗེད་པའི་གཟུངས་དང་མ་འོངས་པའི་ཡོན་ཏན་རྣམས་ཐོབ་པར་བྱེད་པའི་སྨོན་ལམ་དང་། ལམ་ཡོངས་སུ་དག་པར་བྱེད་པ་ཏིང་ངེ་འཛིན་དང་སྡོམ་བཞི་བསྟན་པ་བཞི་ལས། དང་པོ་ནི་སངས་རྒྱས་ཀྱི་ཆོས་ནི་ས་དང་ཕར་ཕྱིན་དང་བྱང་ཆུབ་ཕྱོགས་མཐུན་སོགས་ལམ་གྱི་ཆོས་དང་། འབྲས་བུ་སྟོབས་དང་མི་འཇིགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་རྣམས་ཐམས་ཅད་རྫོགས་པར་བྱ་བའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ལམ་དང་འབྲས་བུའི་ཆོས་གང་ལ་ཡང་མཚན་མར་དམིགས་པ་མེད་པས་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤེར་ཕྱིན་འབུམ་པ་ལས། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའམ་བྱ་བའི་ཐབས་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེས་སེམས་ཅན་མི་དགེ་བའི་གནས་ལས་བསླངས་ནས་དགེ་བའི་གནས་སུ་འཇོག་པར་བྱེད་པའི་ཕྱིར་རོ། ། མངོན་པར་ཤེས་པ་མྱུར་དུ་ཐོབ་ཅིང་མྱུར་དུ་མངོན་པར་འཚང་རྒྱ་བ་ཐོབ་པའི་ཐབས་ནི་མདོ་ལས་སྡིག་པ་ཐམས་ཅད་ནི་བཤགས་པར་བྱའོ། །བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་བར་བྱའོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། ། བདག་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་འཚང་རྒྱ་བར་གྱུར་ཅིག་ཅེས་གསུངས་པ་དེ་བཞིན་དུ་བཤགས་པ་དང་། ཡི་རང་གསོལ་བ་དང་བསྔོ་བ་བསྟན་པ་འདི་ལྟ་བུའོ། །བྱ་བ་འགྲུབ་པའི་ཐབས་ནི་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་གཉིས་ཏེ། ། གཟུངས་ཀྱིས་ཆོས་ཀྱི་ཚིག་དང་དོན་མི་བརྗེད་པར་འཛིན་པས་བདག་གི་དོན་དུ་བྱ་བ་འགྲུབ་ལ། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པའི་སྒོ་ནས་གཞན་གྱི་དོན་བྱ་བ་འགྲུབ་བོ། །ལམ་རྒྱུན་མི་གཅོད་པ་ལ་མཁས་པ་ནི་དེ་བཞིན་གཤེགས་པའི་གདུང་ངམ་རིགས་རྒྱུན་མི་གཅོད་པ་སྟེ། །མི་གནས་པའི་མྱང་འདས་སྒྲུབ་པའི་ལམ་ཤེས་རབ་དང་སྙིང་རྗེ་གཉིས་སོ། །དེ་ཡང་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེས་ཞི་མཐར་མི་གནས་པའོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་སེམས་རྣམ་པ་གཉིས་ཟུང་འབྲེལ་དུ་བསྐྱེད་པ་ལ་ནི་ཐབས་དེ་གཉིས་ཀ་ཚང་ཞིང་གཞན་རྣམས་ཀྱང་དོན་གྱིས་དེར་འདུས་པས་ཐབས་མཁས་ཀྱི་མཆོག་གཅིག་ཆོག་ཡིན་ནོ། ། དེ་ལྟར་ཐབས་ལ་མཁས་པ་རྣམ་པ་ལྔ་པོ་དེ་ནི་བྱང་ཆུབ་སེམས་དཔའི་མོས་སྤྱོད་དང་འཕགས་པའི་ས་བཅུ་པོ་ཀུན་ལ་འགྲོ་ཞིང་། ཐེག་པ་དམན་པར་མི་འཇུག་ཅིང་ཐེག་ཆེན་ཀྱི་ལམ་དང་འབྲས་བུ་འགྲུབ་པའི་ཐབས་དེ་ལྟ་བུ་ནི་འཇིག་རྟེན་པ་དང་། ཉན་རང་གི་ཐབས་དང་མཚུངས་པ་མེད་པ་སྟེ་ཐབས་ལ་མཁས་པ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་དང་གཞན་གྱི་དོན་ཀུན་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་གཟུངས་ནི་དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་གསུང་རབ་ཀྱི་ཚིག་དོན་མ་ལུས་པ་ཆུད་མི་ཟ་བར་འཛིན་པ་དང་། སྡོན་མ་ཐོས་པའི་ཆོས་དང་དོན་རྣམས་ཀྱང་སེམས་ལ་སྣང་བ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་བ་ཡིན་ལ། གཟུངས་ཐོབ་པ་དེ་ཡང་ཚེ་རབས་གཞན་དུ་དམ་པའི་ཆོས་དྲིས་པ་དང་། མཆོད་པ་དང་བཅངས་པ་དང་བཀླག་པ་ལ་སོགས་པ་གཟུངས་ཐོབ་པར་འགྱུར་བའི་དགེ་བ་བསགས་པས་ཆོས་གང་ལན་གཅིག་བཤད་པས་ཚིག་དོན་རྣམས་ཀུན་ནས་འཛིན་པར་ནུས་པ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་དང་། ཚེ་འདིར་དགེ་བའི་བཤེས་གཉེན་དུ་མ་ལས་ཆོས་མང་པོ་ཐོས་པ་ལ་གོམས་པར་བྱས་པས། སངས་རྒྱས་དང་བྱང་ཆུབ་སེམས་དང་མཁན་སློབ་ལ་སོགས་པས་བཤད་པའི་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པ་ནི་ཐོས་པ་ལ་གོམས་པའི་གཟུངས་དང་། གང་གིས་སྟོང་ཉིད་མཚན་མེད་སྨོན་མེད་ལ་སོགས་པའི་ཏིང་ངེ་འཛིན་གང་རུང་གོམས་པའི་དབང་གིས་ཆོས་ལན་ཅིག་ཐོས་པས་འཛིན་ནུས་པ་ནི། ཏིང་ངེ་འཛིན་གྱི་གཟུངས་ཞེས་བྱའོ། །རྣམ་སྨིན་དང་ཐོས་པ་ལས་བྱུང་བའི་གཟུངས་ཆུང་ངུ་དང་ནི་ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ནི་ཆེན་པོ་སྟེ། ཆེན་པོ་དེ་ལ་ཡང་རྣམ་པ་གསུམ་ཡོད་པ་ནི་བློ་ལྡན་འཕགས་པའི་ས་ལ་མ་ཞུགས་པ་མོས་སྤྱོད་པ་རྣམས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ལས་བྱུང་བ་ནི་ཆུང་ངུ་དང་། འཕགས་པའི་ས་ལ་ཞུགས་པ་ཡང་མ་དག་ས་བདུན་པོ་ལ་གནས་པ་རྣམས་ཀྱི་ནི་འབྲིང་པོ་སྟེ། དག་པའི་ས་གསུམ་ལ་གནས་པའི་གཟུངས་ནི་ཆེན་པོ་ཡིན་ནོ། །འདི་དག་ནི་གཟུངས་ཀྱི་དབྱེ་བའོ། །གཟུངས་ཀྱི་བྱེད་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དང་ཡང་དུ་རྒྱུན་མི་འཆད་པར་རྣམ་སྨིན་ལ་སོགས་པའི་གཟུངས་གསུམ་པོ་དེ་ལ་ཡང་དག་པར་བརྟེན་ནས་ནི། དུས་རྟག་ཏུ་དམ་པའི་ཆོས་དག་ཀྱང་གཞན་ལ་རབ་ཏུ་སྟོན་ཅིང་རང་གིས་དེའི་ཚིག་དང་དོན་འཛིན་པར་བྱེད་དོ། །གསུམ་པ་སྨོན་ལམ་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི། བྱང་ཆུབ་ཆེན་པོ་སོགས་གང་འདོད་པའི་འབྲས་བུ་ལ་སེམས་ཤིང་དེ་དོན་དུ་གཉེར་བའི་འདུན་པ་དང་བཅས་པ་སྟེ། དེ་ཡང་སྨོན་པར་བྱ་བའི་ཡུལ་ལེགས་པར་ཤེས་པའི་ཡེ་ཤེས་ཀྱིས་བསྐུལ་བ་སྟེ། རང་དོན་དུ་ཟག་བཅས་ཀྱི་དངོས་པོ་ལ་སྨོན་པ་ལྟ་བུ་མ་ཡིན་པ ས་ཡེ་ཤེས་ཁྱད་པར་ཅན་གྱིས་སེམས་པ་བསྐུལ་ནས་དེ་ཡིད་དུ་འདོད་ཅིང་ཚིག་ཏུའང་སྨོན་ལམ་འདེབས་པ་སྨོན་ལམ་གྱི་རྒྱུའམ་ངོ་བོའོ། ། སྐབས་འདིར་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའམ། ཡང་ན་ཡེ་ཤེས་དེ་ཐོབ་པའི་ཕྱིར་བསྔོས་པ་ནི་ཡེ་ཤེས་ཀྱིས་བསྐུལ་བའོ་ཞེས་འགྲེལ་ཆེན་དུ་གསུངས། ས་རྣམས་ཀུན་ལ་མཉམ་པ་མེད་ཅེས་པས་སྨོན་ལམ་གྱི ས་བསྟན་ཏེ། མོས་སྤྱོད་དང་ས ་བཅུ་པོ་ཀུན་གྱི་གནས་སྐབས་དེ་དང་དེ་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་འདེབས་པ་ནི། འཇིག་རྟེན་པའི་སྨོན་ལམ་དང་། ཉན་རང་གི་སྨོན་ལམ་དང་མཉམ་པ་མེད་པ་ཡིན་ནོ། །སྨོན་ལམ་གྱི་ཡོན་ཏན་ནི། སྨོན་ལམ་དེ་ནི་རང་དང་གཞན་གྱི་དོན་གཉིས་འགྲུབ་པའི་རྒྱུར་གྱུར་པ་ཤེས་པར་བྱ་སྟེ། ཚེ་འདིར་བདག་དང་གཞན་གྱི་དོན་གཉིས་འགྲུབ་པ་དང་། ཚེ་རབས་གཞན་དུ་བདག་དང་གཞན་གྱི་དོན་གཉིས་འགྲུབ་པར་བྱེད་དོ། །དེ་ཡང་ལུས་དང་ངག་གི་སྒོ་ནས་དོན་དེ་ཡི་ཆེད་དུ་ལས་གཞན་བྱས་པ་མེད་ཀྱང་། སྨོན་པའི་སེམས་ཙམ་ལས་ནི་ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པའི་ཕྱིར། སེམས་ཀྱིས་ཇི་ལྟར་འདུན་ཞིང་སྨོན་པ་ལས་དེའི་མོད་མཐོང་བའི་ཆོས་ལ་འབྲས་བུ་འབྱིན་པ་ཅན་དང་། སྨོན་ལམ་དེ་ནི་མ་འོངས་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །སྨོན་ལམ་གྱི་དབྱེ་བ་ནི། མོས་པས་སྤྱོད་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི་སྣ་ཚོགས་ཏེ། དེའི་དུས་ན་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་མ་རྟོགས་ཤིང་། འཁོར་བའི་ཉེར་འཚོ་མཐོང་ནས་དེ་དང་དེ་ཞི་བའི་སྒོ་དང་། ཡོན་ཏན་ལ་དམིགས་ནས་དེ་དང་དེ་ལྟ་བུ་བསྒྲུབ་པར་འདོད་པས་བདག་མ་འོངས་པ་ན་སེམས་ཅན་གྱི་དོན་དུ་འདི་དང་འདི་ལྟར་གྱུར་ཅིག་ཅེས་སོགས་སྨོན་ལམ་འདེབས་པ་དང་ཐ་དད་པ་མི་མཐུན་སྣ་ཚོགས་ཡོད་དོ། ། ས་དང་པོ་ལ་ཞུགས་ནས་སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་ཕྱིར་སྨོན་ལམ་རྒྱ་ཆེ་བ་དང་། དེ་ནས་བརྩམས་ཏེ་མཐར་ཐུག་གི་བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར་དུ། ས་གཉིས་པ་སོགས་ས་ལྷག་མ་རྣམས་ལ་གོང་ནས་གོང་དུ་ནི་སྨོན་ལམ་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པ་དང་རྣམ་པར་དག་པར་འགྱུར་རོ། །སྨོན་ལམ་གྱི་བྱེད་ལས་ནི། སྨོན་ལམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡི་རང་དང་གཞན་གྱི་དོན་གཉིས་སྒྲུབ་པར་བྱེད་དེ། བསོད་ནམས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས། ལུས་དཔག་ཏུ་མེད་པ་དང་། འོད་ཟེར་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དཔག་ཏུ་མེད་པས་བདག་དང་གཞན་གྱི་དོན་སྒྲུབ་པ་ནི་ཚིག་གིས་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་མདོ་ལས་གསུངས་པས་མཚོན་ནས་ཤེས་པར་བྱའོ། །བཞི་པ་ལ་ཡུལ་ཅན་ཏིང་ངེ་འཛིན་གསུམ་བཤད་པ་དང་། དེའི་ཤེས་པར་བྱ་བའི་ཡུལ་ཆོས་ཀྱི་སྡོམ་བཞི་བཤད་པ་གཉིས་ལས། དང་པོ་སྟོང་པ་ཉིད་གྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ནི་ལམ་གྱི་གཙོ་བོ་ཡིན་པས་དེ་བཤད་པ། ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ལམ་དམིགས་པའི་ཡུལ་ནི། ཀུན་དུ་བརྟགས་པའི་གང་ཟག་དང་ཆོས་ལ་བདག་མེད་པ་རྣམ་པ་གཉིས་པོ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི། གཞན་དབང་རྟེན་འབྲེལ་གྱི་སྣང་བ་བདག་གཉིས་སུ་འཛིན་པའི་རྟེན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཡིན་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི། བདག་གཉིས་སུ་སྒྲོ་འདོགས་པའི་གཞིའམ་རྟེན་དེ་ཉིད་དུས་རྟག་ཏུ་རང་གི་ངོ་བོས་བདག་གཉིས་དང་བྲལ་བ་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཡོངས་སུ་གྲུབ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། ། དེ་ལྟར་ཏིང་འཛིན་གསུམ་པོ་དེ་ནི་གཟུང་བ་དེ་གསུམ་ལ་དམིགས་ནས་དེ་ལྟར་འཛིན་པའི་ཏིང་ངེ་འཛིན་གསུམ་གྱི་ངོ་བོའི་ཕྱིར་ན། དམིགས་པ་མི་འདྲ་བའི་ཆ་ནས་འཛིན་པ་ཏིང་ངེ་འཛིན་དེ་ཡང་དེ་ལྟར་རྣམ་པ་གསུམ་དུ་ཤེས་པར་བྱའོ། །ཏིང་ངེ་འཛིན་གསུམ་གྱི་རྣམ་པ་བསྟན་པ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་བདག་གཉིས་སུ་རྣམ་པར་མི་རྟོག་པའི་རྣམ་པ་ཅན་ནོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་མི་རྟག་ཅིང་སྡུག་བསྔལ་སྣ་ཚོགས་ཀྱི་གནས་ཡིན་པས་དེ་ལ་མ་ཆགས་ཤིང་རྒྱབ་ཀྱིས་ཕྱོགས་ནས་མི་སྨོན་པའི་རྣམ་པ་ཅན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཚན་མ་དང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དབྱིངས་དོན་དམ་པ་བདེན་པ་ལ་ཡིད་ཆེས་ཤིང་རབ་ཏུ་དགའ་བའི་རྣམ་པ་དང་ལྡན་པའོ། ། གསུམ་དུ་གྲངས་ངེས་པ་ནི་ཀུན་བརྟགས་པའི་བདག་གཉིས་ཡེ་ནས་མེད་པར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྟོང་ཉིད་ཀྱི་ཏིང་འཛིན་དང་། བདག་གཉིས་སུ་འཛིན་པའི་རྟེན་མ་དག་གཞན་དབང་སྤང་བར་བྱ་པའི་ཕྱིར་སྨོན་མེད་ཀྱི་ཏིང་འཛིན་དང་། ཡོངས་གྲུབ་འགོག་བདེན་མངོན་སུམ་དུ་ནི་བྱ་བའི་ཕྱིར་མཚན་མེད་ཀྱི་ཏིང་འཛིན་ཏེ། དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་པོ་རྣམས་ནི། དོན་རྣམ་པ་གསུམ་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་དུ་ཡོངས་སུ་བསྒྲགས་པ་ཡིན་ནོ། །གཉིས་པ་སྟོན་པ་མཚུངས་པ་མེད་པ་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པར་བཞེད་པས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་རྒྱུ་ཉིད་དུ་ཆོས་ཀྱི་དོན་མ་ལུས་པའི་མདོའམ་གནད་འདུས་པའི་སྡོམ་ནི་རྣམ་པ་བཞི་འདི་ལྟར། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པའི་འདུས་བྱས་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་སུ་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་ཡིན་ནོ། །དེ་བཞི་ཏིང་ངེ་འཛིན་གྱི་རྒྱུ་ཇི་ལྟར་ཡིན་ན། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་བྱས་ཐམས་ཅད་སྡུག་བསྔལ་བའི་སྡོམ་གཉིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་རྒྱུ་ཉིད་དུ་བཤད་དེ། འདུས་བྱས་མི་རྟག་པ་དང་སྡུག་བསྔལ་བའི་རང་བཞིན་ཤེས་ནས། སོག་ལེའི་སོ་དང་དུག་གི་བཟའ་བ་འདྲ་བའི་འདུས་བྱས་རྣམས་ལ་ཆགས་ཤིང་སྨོན་པར་མི་བྱེད་པས། སྨོན་མེད་ཀྱི་ཏིང་འཛིན་མངོན་དུ་འགྱུར་རོ། །ཆོས་ཐམས་ཅད་བདག་མེད་པར་བསྟན་པའི་སྡོམ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བའི་རྒྱུ་སྟེ། ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་ནི་ཀུན་བརྟགས་པ་ཙམ་ལས་དོན་ལ་མ་གྲུབ་པར་ཤེས་ན་སྟོང་ཉིད་ཀྱི་ཏིང་འཛིན་མངོན་དུ་བྱེད་པའི་ཕྱིར་རོ། །མྱ་ངན་འདས་པ་ཞི་བའོ། །ཞེས་པའི་མདོ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུ་སྟེ། གདོད་ནས་ཞི་བའི་ཡོངས་གྲུབ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ལ་མཉམ་པར་བཞག་པས་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བའི་མྱ་ངན་ལས་འདས་པ་འགོག་བདེན་མངོན་དུ་བྱེད་པའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་། ཞི་བ་ཞེས་པའི་དོན་བཞི་པོ་ཅི་ཡིན་ཞེ་ན། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་བཞི་པོ་དེ་ཡི་དོན་ནི་འདུ་བྱེད་རྣམས་བྱུང་ནས་སྐད་ཅིག་གཉིས་པར་མི་གནས་ཏེ་རྟག་པར་མེད་པའི་དོན་ནི་མི་རྟག་པའི་དོན་ཏེ། མི་རྟག་པའི་སྐད་དོད་ཨ་ནི་ཏ་ཏ་ཞེས་པའི་ནི་ཏ་ཏ་རྟག་པ་དང་ཨ་དགག་ཚིག་ཡིན་པས་རྟག་པ་མེད་པའམ་མི་རྟག་པ་ཞེས་བྱའོ། །འགྲེལ་ཆེན་ལས་སྐྱེ་ཞིང་འཇིག་པ་ཙམ་བྱང་ཆུབ་སེམས་དཔས་རྟོགས་བྱའི་མི་རྟག་པ་མ་ཡིན་ཏེ། བདག་གཉིས་སུ་ཀུན་བརྟགས་པ་ལྟར་རྟག་ཏུ་མེད་པའོ་ཞེས་གསུངས། བྱུང་ནས་འཇིག་པ་ལྟ་བུར་སྣང་ཡང་། དམ་པའི་དོན་དུ་བྱུང་བའང་མེད་ན་འཇིག་པ་ག་ལ་ཡོད་དེ་མེད་དོ། ། དེ་ལྟར་མེད་པ་ལ་རྟག་པར་འཛིན་པའི་གཞི་ཡང་མེད་པས་སྨོན་པར་བྱ་བ་མེད་པའང་ཡིན་ཏེ་འདི་ནི་དོན་དམ་པའི་དབང་དུ་བྱས་པ་མངོན་ནོ། །རྣམ་པར་རྟོག་པ་ཙམ་གྱི་དོན་ནི་སྡུག་བསྔལ་བ་སྟེ། མེད་བཞིན་དུ་གཟུང་བ་དང་འཛིན་པར་ཕྱིན་ཅི་ལོག་ཏུ་བརྟགས་པ་དེ་ཙམ་དུ་འཁོར་བ་ན་སྡུག་བསྔལ་བ་ཡིན་པར་ཤེས་པ་ནི་སྡུག་བསྔལ་གྱི་དོན་ཏོ། །བདག་མེད་པའི་དོན་ནི། གཟུང་འཛིན་དུ་སྣང་བའི་གཞན་དབང་ལ། གཟུང་བ་དང་འཛིན་པ་གང་ཟག་དང་ཆོས་སུ་ཀུན་དུ་རྟོག་པ་ཙམ་གྱི་དོན་ཁོ་ན་ལས། དེ་ལྟར་གྲུབ་པ་མེད་པའོ། །ཞི་བའི་དོན་ནི། ཡོངས་གྲུབ་ཀྱི་རང་བཞིན་ཤེས་ནས་གོམས་པ་མཐར་ཐུག་པའི་དུས་ན་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་དོན་ཡིན་ནོ། །ད་ནི་མི་རྟག་པ་དང་བདག་མེད་པའི་དོན་རིགས་པས་བསྒྲུབ་པ་ལ། དང་པོ་འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབ་པ། མི་རུང་རྒྱུ་ལས་སྐྱེ་ཕྱིར་དང་། ཞེས་པ་ནས། དེས་ན་ཕྱི་ནང་སྐད་ཅིག་མ། ཞེས་པའི་བར་ཚིགས་བཅད་བཅུས་བསྟན་ཏེ། འདི་ལ་ཡང་འདུས་བྱས་ཐམས་ཅད་མི་རྟག་པར་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ། ཕྱི་དང་ནང་གི་འདུས་བྱས་རྣམས་སྐད་ཅིག་རེ་རེ་བཞིན་དུ་མི་རྟག་པ་ཡིན་པར་དམ་བཅས་ནས། མི་རུང་པའི་ཕྱིར་དང་། རྒྱུ་ལས་སྐྱེས་ཕྱིར་སོགས། ཕྱིར་སྒྲས་བཅད་པ་ལྟར་དང་། དག་པའི་ཕྱིར་དང་སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་ཞེས་པའི་བར་གྱི་གཏན་ཚིགས་བཅུ་བཞི་བཀོད་པ་ཡིན་ནོ། །དེ་ཡང་མི་རུང་ཞེས་པར་མི་རུང་བའི་ཕྱིར་ཞེས་པའི་དོན་ཏེ་ཅི་ཞིག་མི་རུང་ཞེ་ན་འདུས་བྱས་རྣམས་ནི་རྒྱུ་རྐྱེན་ལས་སྐྱེས་ནས་ཇི་སྲིད་རྒྱུན་འགག་པར་མ་གྱུར་པ་དེ་སྲིད་དུ་ཆུ་བོའི་རྒྱུན་འཇུག་པ་བཞིན་སྐད་ཅིག་སྔ་མ་འགག་ཅིང་ཕྱི་མ་སྐྱེ་བ་བར་མ་ཆད་པར་རྒྱུན་གྱིས་འབྱུང་བ་ཡིན་ཀྱི་སྐད་ཅིག་མ་མིན་ན་དངོས་པོ་དེ་སྐྱེས་ནས་ཡུན་རིང་ཐུང་སྣ་ཚོགས་སུ་འབྱུང་བའི་རྒྱུན་མི་རིགས་པའམ་མི་རུང་བའི་ཕྱིར་རོ། ། གཞན་དག་ན་རེ་མི་རུང་བ་མ་ཡིན་ཏེ་དངོས་པོ་རྣམས་རྒྱུ་རྐྱེན་ཚོགས་པའི་དབང་གིས་སྐད་ཅིག་མ་དང་པོར་སྐྱེས་ནས་དེ་མ་ཐག་ཏུ་མི་འགག་པར། ཞག་དང་ཟླ་བ་ལོ་ལ་སོགས་པ་ཇི་སྲིད་འཇིག་པའི་རྐྱེན་དང་མ་འཕྲད་པ་དེའི་བར་དུ་དེ་ལྟར་གནས་སོ་ཟེར་ན། དེ་ལྟར་ན་སྐད་ཅིག་དང་པོ་སྣང་དུ་ཆུག་ཀྱང་གཉིས་པ་ཕན་ཆད་ལ་རྒྱུ་མེད་པའི་ཕྱིར་སྐད་ཅིག་དང་པོ་བྱུང་བའི་དེ་མ་ཐག་ཏུ་རྒྱུན་འབྱུང་བ་མེད་པར་འགག་པར་འགྱུར་ཏེ། སྐད་ཅིག་གཉིས་པ་སོགས་སུ་གནས་པའི་རྒྱུ་དང་། མཐར་འགག་པའི་རྒྱུ་ཡང་བརྗོད་དགོས་ཀྱི་སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ལོ་དང་ཞག་དང་ཟླ་བ་སོགས་སུ་གནས་པ་དེ་འདྲ་བ་སྐྱེད་མི་ནུས་ཏེ། རྒྱུ་འབྲས་གཉིས་ཀ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་ཆུ་བོའི་རྒྱུན་འབབ་པ་ནི་ཆུ་གསར་བ་གསར་བ་འབབ་པ་རྒྱུན་མ་ཆད་པ་ཡིན་གྱི། གསར་བ་རྒྱུན་ཆད་ན་རྒྱུན་འཆད་པར་འགྱུར་བ་དང་། མར་མེའི་མེ་ལྕེའི་རྒྱུན་ཡང་རས་དང་སྣུམ་ཀྱི་རྒྱུ་ལས་སྣུམ་མ་ཟད་ཀྱི་བར་དུ་སྣུམ་མེ་ལྕེ་གྱུར་ཏེ་གསར་བ་གསར་བ་རྒྱུན་མ་ཆད་པར་འབྱུང་བ་ཡིན་གྱི་རྒྱུ་སྣུམ་ཟད་བས་འབྲས་བུ་མེ་ལྕེ་ཡང་རྒྱུན་འཆད་ཀྱི་མེ་ལྕེ་སྐད་ཅིག་དང་པོ་དེ་ཉིད་རྒྱུ་གཞན་སྣུམ་མེད་པར་ཡུན་ཅིག་ཏུ་གནས་པ་མ་ཡིན་པ་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་གིས་འཇིག་པ་མ་ཡིན་ན་རྒྱུན་མཐར་ཡང་འཇིག་པ་མི་རུང་པའི་ཕྱིར་ཞེས་འབྲུ་མ ནན་པ་ནི་དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པ་དང་འདྲ་བས་དོན་ལ་འགལ་ཡང་། འགྲེལ་པས་གོང་ལྟར་བཤད་པ་བཞིན་གཟུང་དགོས་སོ། །ཡང་གཞན་དག་ན་རེ་སྐྱེས་ནས་ཇི་སྲིད་ཅིག་ཏུ་གནས་པ་ལ་རྒྱུ་གཞན་མི་དགོས་ཏེ་སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་དེ་ལྟར་གནས་པར་འཕངས་སོ་སྙམ་ན་མ་ཡིན་ཏེ། སྐད་ཅིག་དང་པོ་བསྐྱེད་པའི་རྒྱུ་དེས་དེ་བསྐྱེད་ནས་འགགས་ཟིན་པའི་ཕྱིར་སྐད་ཅིག་དུ་མར་གནས་པ་འཕེན་མི་སྲིད་དེ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་མི་སྲིད་པའི་ཕྱིར་མོ་གཤམ་གྱི་བུ་འཕངས་ཟེར་བ་དང་འདྲའོ། །སྐད་ཅིག་མིན་པའི་དངོས་པོ་རྒྱུས་བསྐྱེད་ན་རྟག་པའི་དངོས་པོ་ཡང་སྐྱེ་རིགས་ན་དེ་ཤིན་ཏུ་མི་རིགས་ཤིང་མི་རུང་བའི་ཕྱིར་རོ། །སྐད་ཅིག་དང་པོ་རྒྱུས་བསྐྱེད་ནས་ཇི་སྲིད་ཅིག་ཏུ་གནས་ནས་དེ་ནས་རང་ཉིད་འཇིག་པ་ལ་ཡང་རྒྱུ་གཞན་མེད་དེ་དང་པོའི་རྒྱུ་དེ་ཁོ་ནས་དེ་ལྟར་བྱས་སོ་སྙམ་པ་ཡང་དེ་དང་འདྲ་སྟེ། ཇི་སྲིད་ཅིག་ཏུ་གནས་པ་དང་མཐར་འཇིག་པ་ལ་རྒྱུ་གཞན་མེད་པར་འདོད་པ་དེ་ལྟ་ན། སྐད་ཅིག་དང་པོ་ཡང་རྒྱུ་མེད་དུ་བྱུང་ངོ་ཞེས་ཅིས་མི་འདོད། སྐད་ཅིག་དང་པོ་རྒྱུ་མེད་པར་འབྱུང་བ་མངོན་སུམ་ཚད་མ་དང་འགལ་བས་ཁས་མི་ལེན་ན། རྒྱུ་ལས་སྐྱེ་ཕྱིར་དང་ཞེས་པ་ནི་དེ་ལྟར་སྐྱེས་ནས་དེའི་རྒྱུན་གནས་པ་འདི་ཡང་སྔ་མ་སྔ་མའི་སྐད་ཅིག་གི་རྒྱུ་ལས་སྐྱེ་བ་ཉིད་དུ་གྲུབ་པའི་ཕྱིར་དང་། དེ་ལས་གཞན་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །གཞན་དག་ན་རེ་དངོས་པོ་རྣམས་སྐྱེ་བར་བྱེད་པའི་རྒྱུ་དེས་བསྐྱེད་ནས་སྐྱེས་ཟིན་པ་དེ་ཉིད་སླར་ཡང་ནས་ཡང་དུ་སྐྱེ་མི་དགོས་པར་སྐྱེས་པ་དེའི་ངང་ཚུལ་དུ་ཡུན་ཇི་སྲིད་གཅིག་ཏུ་གནས་པ་ཡིན་གྱི་དེའི་བར་དུ་སྐད་ཅིག་གཞན་དང་གཞན་སྐྱེ་བ་དང་འཇིག་པ་མེད་ལ་རྒྱུ་གཞན་ཡང་མི་དགོས་སོ་ཞེ་ན། དེ་མི་འཐད་པའི་འགལ་བ་བརྗོད་པ་ནི། དངོས་པོ་རྣམས་སྐྱེས་ནས་དེ་མ་ཐག་ཏུ་མི་འཇིག་པར་ཕྱིས་ཤིག་ན་འཇིག་པ་ཡིན་ན། དངོས་པོ་དེ་ཉིད་སྐད་ཅིག་གིས་མི་འཇིག་པར་གནས་པ་ཞིག་ཕྱིས་འཇིག་པ་ཡིན་ནམ། སྐད་ཅིག་གིས་འཇིག་པ་ཞིག་ཕྱིས་ཞིག་ནས་འགགས་པ་གང་ཡིན། དང་པོ་དངོས་པོ་སྐད་ཅིག་གིས་མི་འཇིག་པར་གནས་པ་ཡིན་ན། གནས་པའི་རང་བཞིན་ལ་འཇིག་པའི་རང་བཞིན་མེད་པས་གནས་པའི་དངོས་པོ་དེ་ཕྱིས་ཀྱང་མི་འཇིག་པར་འགྱུར་ཏེ་རྟག་ཏུ་གནས་པར་འགྱུར་རོ། །འཇིག་པའི་རང་བཞིན་ཅན་ཡིན་ན་འཇིག་པའི་རང་བཞིན་ལ་རྟག་པ་དང་ཡུན་དུ་གནས་པའི་རང་བཞིན་མེད་པས་སྐད་ཅིག་དང་པོ་ནས་འཇིག་པར་འགྱུར་གྱི་ཡུན་གཅིག་ཏུ་མི་འགགས་པར་གནས་པ་མི་སྲིད་པས་འགལ་ལོ། །གཞན་ཡང་དངོས་པོ་སྐྱེས་ནས་ཡུན་ཇི་ཙམ་པར་གནས་ནས་གཟོད་འགག་པར་འགྱུར་པ་ཡིན་ན། འགག་པའི་རྒྱུ་གང་ཡིན་བརྗོད་དགོས་སོ། །སྐྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་དོ་ཞེ་ན་འགལ་ཏེ། སྐྱེ་བ་ནི་དངོས་པོ་ཡོད་པ་དང་། འགག་པ་དངོས་པོ་མེད་པ་རྒྱུ་གཅིག་གིས་སྐྱེད་ན་རྒྱུ་དེས་དངོས་པོ་ཡོད་པར་བྱེད་པ་དང་མེད་པར་བྱེད་པའི་འགལ་བ་གཉིས་བྱེད་པར་མི་རིགས་ཏེ། སྣང་བ་དང་། མུན་པ་དང་། གྲང་པ་དྲོ་བ་གཉིས་རྒྱུ་གཅིག་གིས་བྱེད་མི་སྲིད་པ་བཞིན་ནོ། ། འགལ་ཕྱིར་ཞེས་པ་ནི། དངོས་པོ་རྣམས་རང་སྐྱེས་ནས་སྐད་ཅིག་གཉིས་པར་མི་སྡོད་པར་འཇིག་པའི་ངང་ཚུལ་ཅན་མིན་པར་སྐྱེས་ནས་ཇི་སྲིད་ཅིག་ཏུ་རྟག་པར་གནས་ན་ལུང་དང་རིག་པ་གཉིས་དང་འགལ་པའི་ཕྱིར་རོ། །ཇི་ལྟར་འགལ་ན་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལས། འདུ་བྱེད་དག་ནི་རྒྱུ་རྐྱེན་ལས་སྐྱེ་བའི་སྒྱུ་མ་ལྟ་བུ་དང་། སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན་པས་འཇིག་པ་དང་། སྐྱེས་ནས་སྐད་ཅིག་མ་གཅིག་ལས་རིང་དུ་མི་གནས་པས་རེ་ཞིག་པ་དང་། སྐྱེས་མ་ཐག་ཏུ་འཇིག་པས་ཡུན་ཐུང་ངུར་གནས་པ་ཞེས་གསུངས་པ་འགལ་ལོ། ། རིགས་པ་ཡང་རྣལ་འབྱོར་མངོན་སུམ་དང་འགལ་བ་ནི། རྣལ་འབྱོར་པ་འཕགས་པའི་བདེན་པ་བཞི་སྒོམ་ཞིང་ཡིད་ལ་བྱེད་པ་རྣམས་ཀྱིས་འདུ་བྱེད་ཐམས་ཅད་སྐད་ཅིག་གིས་སྐྱེ་བ་དང་འགག་པའི་མཚན་ཉིད་ཅན་དུ་མཐོང་སྟེ་སྐྱོ་བ་སྐྱེ་ཞིང་ཆགས་པ་དང་བྲལ་ནས་གྲོལ་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱི། དེ་ལྟར་མ་མཐོང་ན་སྐྱོ་ཞིང་ཆགས་བྲལ་དང་རྣམ་གྲོལ་ཉིད་དུ་མི་འགྱུར་ཏེ། དཔེར་ན་འཇིག་རྟེན་ཕལ་པ་རྣམས་ཀྱིས་མི་རྣམས་འཆི་བའི་དུས་སུ་འགག་པ་དང་མི་རྟག་པ་ཤེས་ནས་སྐྱོ་བ་སྐྱེ་ཡང་དེའི་བར་དུ་སྐྱོ་བ་མི་སྐྱེ་བར་གནས་པར་འདུ་ཤེས་བསྐྱེད་ནས་སུ་ཡང་འདུ་བྱེད་ཐམས་ཅད་ལ་སྐྱོ་བས་ཆགས་བྲལ་དུ་མ་གྱུར་པ་བཞིན་ནོ། །རང་ཉིད་མི་གནས་ཕྱིར་ཞེས་པ་རྗེས་སུ་དཔག་པས་འགལ་བ་བརྗོད་པ་ནི། འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་མི་འཇིག་པར་ཇི་སྲིད་ཅིག་ཏུ་གནས་པ་ཡིན་ན། འདུ་བྱེད་རྣམས་རང་ཉིད་ཀྱི་མཐུས་གནས་སམ། རྒྱུ་རྐྱེན་གཞན་ཞིག་གི་མཐུས་གནས་པ་གང་ཡིན། དང་པོ་ལྟར་ན་རྟག་ཏུ་གནས་པར་རིགས་ན་ཡང་། དུས་ཇི་སྲིད་དུ་མཐར་ཕྱིན་པར་གནས་ནུས་པའི་འདུ་བྱེད་གཅིག་ཀྱང་མེད་དེ། རང་གི་ངོ་བོས་སྐད་ཅིག་གིས་འཇིག་པའི་ངང་ཚུལ་ཅན་ཡིན་པ་དང་། རྒྱུན་ཡང་རྐྱེན་དང་ཕྲད་ན་འཇིག་པ་ཡིན་པའི་ཕྱིར་རོ། །རྒྱུ་རྐྱེན་གཞན་གྱིས་གནས་པར་བྱེད་པའི་རྒྱུ་ནི་འདི་ཡིན་ནོ་ཞེས་རྒྱུ་གཞན་ཚད་མས་མ་དམིགས་པའི་ཕྱིར། རང་ཉིད་གྲུབ་ནས་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །མེད་ཕྱིར་ཞེས་པ་ནི། གཞན་དག་ན་རེ་དངོས་པོ་རྣམས་ཇི་སྲིད་ཅིག་ཏུ་གནས་པ་ལ་རྒྱུ་གཞན་མི་དགོས་ཀྱི་རང་ཉིད་སྐྱེས་ཟིན་པ་དེ་ཉིད་ཇི་སྲིད་འཇིག་པའི་རྒྱུ་མ་ཕྲད་པ་དེ་སྲིད་དུ་གནས་ནས་གཟོད་འཇིག་རྒྱུ་ཕྲད་ན་འཇིག་སྟེ། དཔེར་ན་ལྕགས་སྔོན་པོ་དང་ཚ་བ་མེད་པར་ཇི་སྲིད་ཅིག་ཏུ་གནས་ནས་གཟོད་མེ་དང་ནམ་ཕྲད་ན་སྔོན་པོ་དང་བསིལ་བ་འགག་ནས་དམར་པོ་དང་ཚ་བ་སྐྱེ་བ་དང་། རྫ་ཡི་བུམ་པ་ཐོ་བ་དང་མ་ཕྲད་པའི་བར་དུ་གནས་ནས་ཐོ་བ་ཕྲད་པའི་ཚེ་བུམ་པ་ཞིག་ནས་གྱོ་མོར་འགྱུར་བ་བཞིན་ནོ་ཟེར་ན། དེ་མི་རིགས་ཏེ་དངོས་པོ་རྣམས་ངང་གིས་འཇིག་པ་ཡིན་གྱི་འཇིག་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཇི་ལྟར་མེད་ན་དཔེར་ན་རྡོ་གནམ་དུ་འཕང་བའི་ཚེ་གནམ་དུ་འཕེན་པའི་རྒྱུ་ལག་པ་སོགས་ཡོད་ཀྱི། ས་ལ་ལྟུང་བར་བྱེད་པའི་རྒྱུ་གཞན་མི་དགོས་ཏེ་རང་ཉིད་ངང་གིས་ལྷུང་བར་བྱེད་པ་བཞིན་དུ། དངོས་པོ་རྣམས་རང་རང་གི་སྐྱེད་རྒྱུས་བསྐྱེད་མ་ཐག་ཏུ་ངང་གིས་འཇིག་པ་ལ་རྒྱུ་གཞན་མི་དགོས་ཏེ། ལྕགས་ཀྱི་སྔོན་པོ་དང་བུམ་པའི་དབྱིབས་ནི། མེ་དང་ཐོ་བ་དང་མ་ཕྲད་པའི་སྔ་རོལ་ན་ཡང་སྐད་ཅིག་རེ་རེར་ངང་གིས་འཇིག་པ་ཡིན་པས། དེ་མེ་དང་ཐོ་བས་བཤིག་པ་མ་ཡིན་ལ། ལྕགས་དང་བུམ་པའི་སྐད་ཅིག་ཐ་མས་ཉེར་ལེན་གྱི་རྒྱུ་བྱས་མེ་དང་ཐོ་བ་ལྷན་ཅིག་བྱེད་རྐྱེན་བྱས་ནས་དམར་པོ་དང་གྱོ་མོའི་གནས་སྐབས་བསྐྱེད་པ་ན་ད་གཟོད་ལྕགས་ཀྱི་དམར་པོ་དང་བུམ་པ་བཤིག་གོ་ཞེས་བཟུང་ནས་དེའི་བར་དུ་རྟག་པ་སེམས་པ་ནི་རིགས་འདྲ་བར་མ་ཆད་པའི་རྒྱུན་ལ་འཁྲུལ་བ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། ལྕགས་དང་བུམ་པ་ལ་རི་མོ་བྲིས་ན་དེ་འཇིག་རྒྱུ་མ་ཡིན་པར་ཁྱོད་འདོད་མོད། རི་མོ་མ་བྲིས་པའི་ལྕགས་དང་བུམ་པའི་གནས་སྐབས་འགགས་ནས་རི་མོ་བྲིས་པའི་གནས་སྐབས་ཐོབ་པ་ཡང་། ལྕགས་དང་བུམ་པ་མི་རྟག་པའི་མཚན་ཉིད་དུ་མཁས་པ་རྣམས་ཀྱིས་ཤེས་སོ།། དེས་ན་རྒྱུ་མི་འདྲ་བའི་ཁྱད་པར་ལས་དངོས་པོ་རྣམས་རྣམ་པ་མི་འདྲ་བར་སྣ་ཚོགས་སུ་འགྱུར་ལ། རྒྱུ་འདྲ་བའི་ཁྱད་པར་ལས་རིགས་འདྲ་བ་བར་མ་ཆད་དུ་སྐྱེ་བ་ཡིན་ཡང་། དེ་གཉིས་ཀ་སྐད་ཅིག་མ་ཡིན་པ་ལ་ནི་ཁྱད་པར་ཅུང་ཟད་མེད་དེ། སྐད་ཅིག་མ་མིན་པའི་དངོས་པོ་ལ་གནས་སྐབས་མི་འདྲ་བའི་ཁྱད་པར་ནམ་ཡང་དམིགས་པ་མི་སྲིད་དོ། །དེ་བཞིན་མེས་ཆུ་བསྐོལ་ནས་ཟད་པ་དང་། བུམ་པ་གྱོ་མོར་བྱས་ནས་གཏུན་དུ་འཐག་པ་སོགས་འཇིག་རྒྱུར་འདོད་པ་ཐམས་ཅད་ལེགས་པར་བརྟགས་ན་དངོས་པོ་སྐད་ཅིག་མ་དང་། རྐྱེན་གཞན་ཕྲད་པས་གནས་སྐབས་མི་འདྲ་བ་དེ་ལྟར་གྱུར་པ་ལས་དངོས་པོ་སྐད་ཅིག་མ་མ་ཡིན་པ་རྒྱུ་གཞན་གྱིས་བཤིག་པ་ཅུང་ཟད་མེད་དེ། རྫ་མཁན་གྱི་ལག་པ་དང་དབྱིག་གུ་སོགས་ཀྱིས་འཇིམ་པ་ལས་བུམ་པ་བསྐྱེད་པར་བྱེད་པ་དང་འདྲའོ། །བུམ་པ་སྐྱེས་པའི་དུས་ན་འཇིམ་པའི་གནས་སྐབས་རང་ཁམ་ཞིག་པ་དང་། ལག་པ་སོགས་ཀྱིས་འདུ་བྱེད་ཀྱང་ཞིག་ནས་འགགས་པ་བཞིན་ནོ། །གཞན་ཡང་འཇིག་རྒྱུས་འཇིག་པར་བྱ་བའི་དངོས་པོ་དེ་རང་གི་ངོ་བོ་མི་འཇིག་པ་ཞིག་གམ། འཇིག་པ་གང་ཡིན། མི་འཇིག་ན་ནི་འཇིག་རྒྱུས་འཇིག་མི་ནུས་ལ། རང་འཇིག་ན་འཇིག་རྒྱུས་འཇིག་མི་དགོས་སོ། །གཞན་ཡང་འཇིག་རྒྱུས་དངོས་པོ་གང་དེ་འཇིག་པའི་དུས་ན། དངོས་པོ་དེ་ཉིད་བྱས་སམ། དེ་ལས་གཞན་ཞིག་བྱས། དངོས་པོ་དེ་ཉིད་བྱས་ན་སྐྱེད་པར་བྱས་ཀྱི་འཇིག་པར་མ་བྱས་ལ། དངོས་པོ་དེ་ལས་གཞན་ཞིག་བྱས་ན། དངོས་པོ་དེ་ལ་ཅི་ཡང་མ་བྱས་པས། སྣམ་བུ་བྱས་པས་ཀ་བ་འཇིག་པ་མ་ཡིན་པ་བཞིན་ནོ། །མཚན་ཉིད་ངེས་པའི་ཕྱིར་ཞེས་པ་ནི། འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་ནི་མི་རྟག་པར་གཅིག་ཏུ་ངེས་ཀྱི་འདུས་བྱས་ཁ་ཅིག་རྟག་པ་དང་། ཁ་ཅིག་མི་རྟག་པ་དང་། ཁ་ཅིག་རྟག་མི་རྟག་གཉིས་ཀ་དང་། ཁ་ཅིག་རྟག་མི་རྟག་གཉིས་ཀ་མ་ཡིན་པ་ལྟ་བུའི་ཁྱད་པར་ཡོད་པ་མ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་རེ་ཞིག་རྟག་ལ་དེ་ནས་མི་རྟག་ན་རྟག་མི་རྟག་གཉིས་ཀར་འགྱུར་ན་མི་སྲིད་པས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ངང་ཚུལ་ཅན་ལས་མི་འདའ་སྟེ་མེའི་རང་བཞིན་ཚ་བ་བཞིན་ནོ། །རྗེས་སུ་འཇུག་ཕྱིར་ཞེས་པ་ནི། གཞན་དག་ན་རེ་དངོས་པོ་ཐམས་ཅད་སྐད་ཅིག་གིས་མི་རྟག་པས་དངོས་པོ་གསར་བ་གཞན་དང་གཞན་ཡིན་ན་སྔར་མཐོང་བའི་དངོས་པོ་དག་ཕྱིས་མཐོང་བའི་ཚེ་འདི་ནི་སྔར་གྱིས་མཐོང་བ་དེ་ཡིན་ནོ་སྙམ་དུ་ངོ་ཤེས་པ་ཇི་ལྟར་རུང་སྟེ་དེས་ན་སྔར་མཐོང་བའི་དངོས་པོ་མ་ཞིག་བར་གནས་པ་ཡིན་ཟེར་བ་ལ། དེ་ནི་ཁྱོད་ཉིད་སྡ་ཕྱིའི་དངོས་པོ་གཅིག་མ་ཡིན་ཡང་། འདྲ་བ་བར་མ་ཆད་དུ་རྗེས་སུ་འཇུག་པའི་ཕྱིར་གཅིག་ཏུ་འཁྲུལ་བར་ཟད་དེ ། མིག་འཕྲུལ་ཅན་གྱི་རྡེའུ་དུ་མ་མྱུར་བར་ནམ་མཁའ་ལ་དོར་ཞིང་སླར་ཡང་ལག་པར་སྡུད་པ་རྒྱུན་མ་ཆད་པར་བྱས་པ་ལ་རྡེའུ་གཅིག་ཡང་ཡང་འཕངས་ཤིང་སྡུད་དོ་སྙམ་དུ་སེམས་པ་དང་། ཆུ་བོ་རྣམས་སྐད་ཅིག་རེ་རེར་སྔ་མ་རྣམས་གཞན་དུ་འགྲོ་ཞིང་གསར་པ་རྣམས་ཤུལ་དུ་འཇུག་པ་རྒྱུན་མི་འཆད་པ་ཡིན་ཡང་། འདྲ་བའི་སྒོ་ནས་ཆུ་བོ་འདི་ལ་བདག་གིས་སྔར་ཡང་ལན་མང་བརྒལ་ལོ། །ད་ཡང་བརྒལ་ལོ་སྙམ་དུ་སེམས་ཤིང་། གཟོད་ཀྱང་བརྒལ་དགོས་སོ་སྙམ་དུ་སེམས་པ་བཞིན་ནོ། །འགག་པའི་ཕྱིར་ཞེས་པ་ནི། གལ་ཏེ་སྔར་མཐོང་བ་དང་ཕྱིས་མཐོང་བ་དག་མངོན་སུམ་གྱི་སྤྱོད་ཡུལ་དུ་མི་འདྲ་བ་མ་དམིགས་བཞིན་དུ་སྔ་ཕྱི་གཅིག་མ་ཡིན་ནོ་ཞེས་སྨྲ་བ་ཇི་ལྟར་རིགས་སྙམ་ན། དངོས་པོའི་ཆོས་ཉིད་ཀྱིས་སྔ་མ་སྔ་མའི་སྐད་ཅིག་རྣམས་འགག་པའི་ཕྱིར་གཅིག་མ་ཡིན་ཏེ། གལ་ཏེ་སྐད་ཅིག་དང་པོ་མི་འགག་པར་དེ་བཞིན་དུ་གནས་པ་ཡིན་ན། ཕྱིས་ཀྱང་འགག་པར་མི་འགྱུར་ཏེ། སྡར་མཐོང་བའི་དངོས་པོ་སྐད་ཅིག་མ་དེ་ད་ལྟ་ཡང་གནས་པ་དེ་བཞིན་ཕྱིས་ཀྱང་གནས་པར་འགྱུར་ཏེ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཡིན་པ་ནམ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། ། ཡོངས་སུ་འགྱུར་བ་དམིགས་ཕྱིར་དང་ཞེས་པ། གལ་ཏེ་དངོས་པོ་རྣམས་སྐད་ཅིག་གིས་མ་ཡིན་པར་རང་གི་ངོ་བོ་དུས་རེ་ཤིག་བར་དུ་མི་འགྱུར་ན་སྐད་ཅིག་དང་པོའི་དུས་དང་མི་འདྲ་བའི་ཡོངས་སུ་འགྱུར་པའི་ཁྱད་པར་དམིགས་མི་སྲིད་ན་ཡང་། ནང་གི་དངོས་པོ་སེམས་ཅན་གྱི་ལུས་རྣམས་ནི། བྱིས་པ་དང་གཞོན་ནུ་དང་ལང་ཚོ་དང་དར་ལ་བབ་པ་དང་རྒས་ཤིང་དགོག་པ་སྐྲ་དཀར་གཉེར་མ་དང་བཅས་པའི་བར་གྱི་ཡོངས་སུ་འགྱུར་བར་དམིགས་པ་དང་། ཕྱིའི་དངོས་པོ་གནས་དང་ཡོ་བྱད་རྣམས་ཀྱང་སོ་མ་དང་རྙིང་པ་དང་། སྡ་ཕྱིའི་དུས་ཀྱི་ཁྱད་པར་མི་འདྲ་བས་ཡོངས་སུ་འགྱུར་བར་དམིགས་པའི་ཕྱིར། དང་པོ་སྐྱེས་པའི་སྐད་ཅིག་དང་པོ་ནས་བརྩམས་ཏེ་རིམ་པས་འགྱུར་བ་ཡིན་པར་ངེས་ཏེ། དང་པོའི་སྐད་ཅིག་ལས་མ་འགྱུར་ན་སྐད་ཅིག་ཕྱི་མའི་གནས་སྐབས་སུ་འགྱུར་བ་མི་སྲིད་ན་ཡང་ཡོངས་སུ་འགྱུར་བ་དངོས་སུ་དམིགས་པའི་ཕྱིར་སྐད་ཅིག་གིས་འགྱུར་བར་ངེས་ཏེ། བྱིས་པ་གཞོན་ནུ་ཞིག་གི་ལུས་ལ་མིག་གཏད་ནས་མ་ཡེངས་བར་ལྟ་མཁན་ཞིག་ཡོད་པ་ལྟ་ན་ཡང་། དེའི་ལུས་སྐད་ཅིག་དང་ཞག་གིས་ཇེ་རྒས་སུ་འགྱུར་བ་ཆ་མི་ཕྱེད་ཀྱང་། ནམ་ཞིག་སྐྲ་དཀར་བའི་བར་དུ་འགྱུར་པའི་འགྱུར་བར་རགས་པ་མཐོང་བ་ལ་དཔགས་ནས། ལོ་ཟླ་བ་དང་ཟླ་བ་ཞག་དང་། ཞག་དུས་ཚོད་དང་། དུས་ཚོད་སྐད་ཅིག་གིས་དེ་ལྟར་རིམ་པར་འགྱུར་བ་ཡིན་གྱི། རེས་གཅིག་མི་འགྱུར་བར་བསྡད་ནས་ཐང་གཅིག་ན་དེ་ལྟར་འགྱུར་པ་མ་ཡིན་པ་ལྟར་ཕྱིའི་དངོས་པོ་རྣམས་ཀྱང་དེ་ལྟར་སྐད་ཅིག་གི་ཆ་ཕྲ་བའི་སྒོ་ནས་འགྱུར་བ་ཡིན་ནོ། ། དེ་དཔེར་ན་འོ་མ་ཞོར་འགྱུར་བ་ནི་སྐད་ཅིག་རེ་རེ་བཞིན་དུ་རིམ་པས་ཇེ་སྐ་དང་རོ་སྐྱུར་བར་འགྱུར་གྱི། སྐད་ཅིག་མ་མ་ཡིན་པའི་འགྱུར་བ་གཞན་མི་དམིགས་པ་བཞིན་ནོ། །སྐད་ཅིག་ཕྲ་བས་འགྱུར་བ་མ་དམིགས་ནས་རྒྱུན་འདྲ་བ་ཙམ་ལ་དངོས་པོ་གཅིག་ཏུ་ཞེན་ནས་གཅིག་ཏུ་འཁྲུལ་བས་སྔར་གྱི་དེ་འདི་ཡིན་ནོ་ཞེས་འཇིག་རྟེན་རྣམས་དངོས་པོ་རྟག་པར་འཁྲུལ་པ་ཡིན་ནོ། ། དེ་རྒྱུ་ཉིད་དང་འབྲས་བུའི་ཕྱིར་ཞེས་པ་ནི། རྟག་སྨྲ་བ་དག་ན་རེ་བདག་ཅག་གིས་ཇི་ལྟར་བརྟག་ཀྱང་ཕྲ་བའི་འགྱུར་བ་བློས་མངོན་སུམ་དུ་གཅོད་པར་མི་ནུས་ལ་དངོས་པོ་དེ་ཉིད་ནི་འདིའོ་ཞེས་གཅོད་པར་ནུས་པས་སྐད་ཅིག་མའི་འགྱུར་བ་འདི་ལ་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། དངོས་པོ་དེ་དག་རྒྱུ་ལས་སྐྱེས་པའི་འབྲས་བུ་ཡིན་པའི་ཕྱིར། སྡ་མ་སྔ་མ་རྒྱུ་ཉིད་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པའི་ཕྱིར། སྐད་ཅིག་མར་འགྲུབ་སྟེ། རྒྱུ་སྐད་ཅིག་མ་ཡིན་པས་འབྲས་བུ་སྐད་ཅིག་མ་ཡིན་པ་དང་། འབྲས་བུ་སྐད་ཅིག་མ་ཡིན་པས་དེའི་རྒྱུ་ཡང་སྐད་ཅིག་མར་འགྲུབ་སྟེ། རྒྱུ་རྟག་པས་འབྲས་བུ་མི་སྐྱེད་དེ་ནམ་མཁའ་ལས་མེ་ཏོག་དང་བུམ་པ་སོགས་མི་འབྱུང་བ་བཞིན་ནོ། ། འབྲས་བུ་རྟག་པ་ནི་གང་གིས་ཀྱང་བསྐྱེད་བྱ་མིན་ཏེ་ནམ་མཁའ་བཞིན་ནོ། །དེས་ན་རྒྱུ་དང་འབྲས་བུར་གྱུར་པ་ནི་སྐད་ཅིག་མའི་རང་བཞིན་ཡིན་གྱི་སྐད་ཅིག་མ་མིན་པ་ལ་འགྱུར་བ་མེད་པས་རྒྱུ་འབྲས་སུ་མི་རུང་ངོ་། །དེ་ལྟར་སྤྱིར་བསྟན་ནས་བྱེ་བྲག་ཏུ་དཔྱད་ན་མིག་ཤེས་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ནི་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་སྐད་གཅིག་གིས་མགྱོགས་པར་འབྱུང་བ་སངས་རྒྱས་པ་དང་མུ་སྟེགས་པ་ཚུན་ཆད་ལ་གྲགས་པ་ཡིན་ཏེ་བློ་རྟག་པ་མི་འགྱུར་བ་ཡོད་པར་མི་འདོད་དོ། །རྣམ་པར་ཤེས་པ་དེའི་རྒྱུ་ནི་དབང་པོ་དང་ཡུལ་གཟུགས་སོགས་ཡིན་ཏེ། མདོ་ལས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་སོགས་སུ་གསུངས་སོ། །དེ་བས་ན་འདུ་བྱེད་རྣམས་ཀྱི་འབྲས་བུ་སེམས་སྐད་ཅིག་མར་གྲུབ་པས་ན་དེ་སྐྱེད་པར་བྱེད་པའི་རྒྱུ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མར་གྲུབ་བོ། །གཞན་དག་འདུ་བྱེད་རྣམས་ནི་རྟག་ལ། དེས་སེམས་སྐད་ཅིག་མ་མི་རྟག་པ་བསྐྱེད་དོ་ཞེས་འདོད་ན། སྐད་ཅིག་མ་མིན་པ་ལས་སྐད་ཅིག་མ་འབྱུང་ན་ནི་རྟག་པ་ལས་མི་རྟག་པ་འབྱུང་དགོས་ན་དེ་མི་རིགས་ཏེ་ནམ་མཁའ་ལས་བུམ་སོགས་བཞིན་ནོ། །དེས་ན་སེམས་ཀྱི་རྒྱུ་རྣམས་ཀྱང་སེམས་བཞིན་དུ་སྐད་ཅིག་མར་གྲུབ་བོ། །ཡང་འདུ་བྱེད་ཐམས་ཅད་ནི་སེམས་ཀྱི་འབྲས་བུ་སྟེ་སེམས་ལ་བག་ཆགས་བཞག་པའི་དབང་གིས་སྣང་བ་ལས་གཞན་དུ་གྱུར་པའི་ཕྱི་དོན་མེད་པ་དང་། སེམས་ཀྱི་ལས་བསགས་པ་ལས་བྱུང་བ་མ་ཡིན་པའི་ཕྱི་དོན་རང་རྐྱ་བ་མེད་དོ། ། དེ་ལྟར་ན་རྒྱུ་སེམས་སྐད་ཅིག་མ་ཡིན་པ་ལ་འབྲས་བུ་འདུ་བྱེད་རྣམ་སྐད་ཅིག་མར་གྲུབ་བོ། །འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་ཅིས་ཤེས་ལ། སེམས་སྐད་ཅིག་མ་ཡིན་པས་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་པ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ལན་དུ་ཟིན་པ་དང་། བདག་པོའམ་དབང་པའི་ཕྱིར་དང་། དག་པ་དང་། སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་རིགས་པ་ཕྱི་མ་འདི་བཞི་བསྟན་པ་ཡིན་ནོ། །དེ་ལ་ཟིན་པའི་ཕྱིར་དང་ཞེས་པ། དབང་པོ་ལྔ་དང་གནས་ཏེ་དབང་རྟེན་ལུས་ཁོག་པ་དང་བཅས་པ་རྣམ་པར་ཤེས་པས་ཟིན་པ་ལས་བྱུང་བའི་ཕྱིར་སེམས་ཀྱི་འབྲས་བུར་གྲུབ་བོ། །ཇི་ལྟར་ཟིན་ན་མའི་མངལ་དུ་རྣམ་པར་ཤེས་པ་ཞུགས་ཏེ་བརྒྱལ་བར་གྱུར་ནས་དེ་ཟིན་པ་ན་གདོད་ཕ་མའི་ཁུ་ཁྲག་ལས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་ནས་དབང་པོ་དང་བཅས་པའི་ལུས་ཡོངས་སུ་འགྲུབ་ཀྱི། རྣམ་ཤེས་ཁུ་ཁྲག་ལ་ཞུགས་ནས་དེ་དང་ལྷན་ཅིག་འདྲེས་ཏེ་བརྒྱལ་བར་མ་གྱུར་ན་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་རྣམས་རྣམ་པ་ཀུན་དུ་མི་འབྱུང་བས་ལུས་ནི་སེམས་ཀྱི་རྗེས་སུ་འབྲང་ཞིང་སེམས་ཀྱིས་ཡོངས་སུ་ཟིན་པ་སྟེ། མདོ་ལས་དགའ་བོ་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་བར་མ་གྱུར་ན། ཕ་མའི་མི་གཙང་བ་ལས་ནུར་ནུར་པོ་ལ་སོགས་པར་མི་འགྱུར་རོ། །ཞེས་གསུངས་སོ། ། གཞན་ཡང་སེམས་ལ་གནོད་པར་གྱུར་ན་ལུས་ལ་ཡང་གནོད་པར་འགྱུར་ལ། སེམས་བདེ་བར་གྱུར་ན་ལུས་ཀྱང་ལེགས་པར་བདེ་བར་འགྱུར་བས་སེམས་ཀྱི་རྗེས་སུ་འབྲང་བ་དང་། སེམས་དང་བྲལ་ན་ལུས་ཚོར་བ་མེད་པར་གྱུར་ནས་རུལ་བར་འགྱུར་བའི་ཕྱིར་སེམས་ཀྱིས་ཟིན་པའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་ནོ། །བདག་པོའི་ཕྱིར། ཞེས་པ་སེམས་ནི་འདུ་བྱེད་རྣམས་ལ་དབང་བྱེད་པའམ་བདག་པོར་གྱུར་པ་ཡིན་པའི་ཕྱིར་སེམས་ཀྱི་འབྲས་བུ་ཡིན་ནོ། ། ཇི་ལྟར་བདག་པོར་གྱུར་ན། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ། །སེམས་ཀྱིས་དྲངས་སོ། །ཞེས་གསུངས་ཏེ། སེམས་ཀྱི་གང་བསམ་པར་ལུས་ཀྱང་དེའི་རྗེས་སུ་འབྲང་བས་ན་དེས་ཁྲིད་པ་དང་དྲངས་པ་དང་། སེམས་ལ་འདོད་ཆགས་སྐྱེས་པ་ན། ལུས་ཀྱང་དེའི་རྗེས་སུ་འབྲངས་ནས་སྤྱོད་པ་ཟེད་ཟེད་པོའམ་གཟེང་གཟེང་པོ་དང་། བཞིན་འཛུམ་པ་དང་དགོད་པ་ལ་སོགས་པའི་མཚན་ཉིད་གཞན་དུ་འགྱུར་རོ། །གལ་ཏེ་ཞེ་སྡང་སྐྱེས་ན་སྡང་མིག་དང་བཞིན་ཁྲོ་གཉེར་དང་ཁུ་ཚུར་བཅང་བ་ལ་སོགས་པའི་སྤྱོད་པ་གཞན་དུ་འགྱུར་བས་འདུ་བྱེད་རྣམས་ལ་སེམས་བདག་པོར་བྱེད་ཅིང་དབང་བྱེད་དོ། །ཡང་ལུང་གི་གཏན་ཚིགས་གཉིས་པ་ནི། དེ་བཞིན་གཤེགས་པས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་ཏེ། རྣམ་ཤེས་མེད་ན་མིང་གཟུགས་ཀྱི་གནས་སྐབས་མི་འབྱུང་ལ། དེ་མེད་ན་སྐྱེ་མཆེད་དྲུག་སོགས་མི་འབྱུང་བའི་ཕྱིར་རོ། །དག་དང་ཞེས་པ། སེམས་དག་པའི་རྗེས་སུ་འཇུག་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་དག་པའི་སེམས་ཀྱིས་དབང་གིས། ས་གསེར་དུ་མོས་ན་གསེར་དུ་སྣང་བ་སོགས་ཇི་ལྟར་མོས་པ་བཞིན་དུ་ཏིང་ངེ་འཛིན་གྱི་དབང་གིས་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར། མདོ་ལས་ཀྱང་། དགེ་སློང་བསམ་གཏན་ཐོབ་པ་ཞེས་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་ཅན་རྗེས་འཇུག་ཕྱིར་ཞེས་པ། སེམས་ཅན་རྣམས་ཀྱི་སེམས་ཀྱིས་ལས་དགེ་སྡིག་བསགས་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་མངོན་པར་གྲུབ་པ་ཡིན་ལ། འདུ་བྱེད་རྣམས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྗེས་སུ་འཇུག་པ་ཡང་སྡིག་པ་བྱེད་པའི་སེམས་ཅན་རྣམས་ཀྱི་ལོ་ཏོག་རྣམས་ཁ་དོག་དྲི་རོ་སོགས་མཐུ་ཆུང་ཞིང་། གསེར་ལ་སོགས་པའི་དངོས་པོ་ཡང་སོལ་བ་ལ་སོགས་པར་སྣང་ལ། བསོད་ནམས་བྱེད་པ་རྣམས་ཀྱི་སེམས་ཀྱི་དབང་གིས། འབྲུ་ལ་སོགས་པ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་དང་། དངོས་པོ་ངན་པ་རྣམས་ཀྱང་རི ན་པོ་ཆེ་ལ་སོགས་པར་སྣང་བས་ན་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་པར་མངོན་ནོ། ། དེའི་ཕྱིར་རྒྱུ་སེམས་སྐད་ཅིག་མ་ཡིན་པས་འབྲས་བུ་འདུ་བྱེད་རྣམས་ཀྱང་རྟག་པ་ཡིན་པར་མི་རིགས་པས་སྐད་ཅིག་མ་ཉིད་དུ་ཤེས་པར་བྱའོ། །འདི་ཡན་ཆད་ཀྱིས་ཕྱི་དང་ནང་གི་དངོས་པོ་སོ་སོར་མ་ཕྱེ་བར་བསྡོམས་ཏེ་སྤྱིར་འདུ་བྱེད་རྣམས་སྐད་ཅིག་མའི་མི་རྟག་པ་ཡིན་པར་ཚིགས་བཅད་གཉིས་ཀྱིས་བསྟན་ཏོ། །གཉིས་པ་ནང་གི་འདུ་བྱེད་རྣམས་མི་རྟག་པ་དང་། ཕྱིའི་འདུ་བྱེད་རྣམས་མི་རྟག་པར་བསྟན་པ་གཉིས་ལས་དང་པོ་ཚིགས་སུ་བཅད་པ་ལྔས་ནང་གི་འདུ་བྱེད་ལུས་དང་བཅས་པའི་སེམས་སེམས་བྱུང་ཐམས་ཅད་སྐད་གཅིག་མའི་མི་རྟག་པར་བསྒྲུབ་པ་ནི། དང་པོར་སྐྱེ་བ་དང་། དེའི་རྗེས་སུ་ཇེ་བས་ཇེ་ཆེར་སྐྱེ་བ་སོགས། སྐྱེ་བ་རྣམ་པ་བཅུ་བཞི་ལ། དེ་དག་སྐད་ཅིག་མར་སྒྲུབ་པའི་གཏན་ཚིགས་སམ་ཚད་མ་ནི། རྒྱུ་དང་ཚད་ཀྱི་ཁྱད་པར་སོགས་སེམས་ཀྱི་རྗེས་སུ་འཇུག་པའི་བར་བཅུ་བཞིས། ནང་གི་འདུས་བྱས་ཐམས་ཅད་སྐད་ཅིག་མར་བསྒྲུབ་པ་ཡིན་ནོ། །དེ་ལ་དང་པོ་ཉིད་དུ་སྐྱེ་བ་ནི། འཆི་བའི་ཆར་གཏོགས་པའི་རྣམ་ཤེས་འགགས་ནས་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ཏེ་ཁུ་ཁྲག་དང་ལྷན་ཅིག་ཏུ་བརྒྱལ་བར་གྱུར་བ་སྐྱེ་བར་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོའོ། །དེ་ལྟར་འཆི་བའི་ཆར་གཏོགས་པའི་རྣམ་ཤེས་འགག་པ་དང་སྐྱེ་བའི་ཆར་གཏོགས་པའི་རྣམ་ཤེས་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་འབྱུང་བའི་ཕྱིར་སྐད་ཅིག་མའོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི། སྐད་ཅིག་དང་པོ་ལ་རྣམ་ཤེས་མངལ་དུ་ཞུགས་པའི་སྐད་ཅིག་གཉིས་པ་ལ་སོགས་པ་སྐད་ཅིག་མའི་རིམ་པས་ནུར་ནུར་པོ་དང་མེར་མེར་པོ་དང་། ལྟར་ལྟར་པོ་ལ་སོགས་པའི་གནས་སྐབས་ཇེ་བས་ཇེ་ཆེར་སྐྱེ་བ་དེ་ནི་སྔ་མའི་གནས་སྐབས་བཏང་ནས་རྣམ་པ་གཞན་དང་གཞན་དུ་རིམ་པས་སྐད་ཅིག་གིས་འགྱུར་བ་ཡིན་ནོ། །རྒྱས་དང་ཞེས་བྱ་བ་རྒྱས་པའི་སྐྱེ་བ་ནི་ལུས་རྒྱས་པའི་རྒྱུ་བཞི་སྟེ། ཁ་ཟས་དང་། གཉིད་དང་། ལེགས་པར་བྱ་བ་དང་། ཏིང་འཛིན་ནོ། །འདོད་ཁམས་ན་སྔ་མ་གསུམ་དང་། གཟུགས་ཁམས་ན་ཏིང་ངེ་འཛིན་ཏེ། དེ་དག་གིས་ལུས་ཉམ་ཆུང་བ་ལས་རྒྱས་ཤིང་བརྟས་བར་བྱེད་དོ། ། བསྐུ་མཉེ་སོགས་ལེགས་པར་བྱ་བའི་སྒོ་ནས་ལུས་རྒྱས་པའི་ཚབ་ཏུ་ཚངས་སྤྱོད་ཅེས་འགྲེལ་བར་འདུག དེ་ལྟར་ལུས་རྒྱས་པའི་རྒྱུ་དེ་དག་གིས་རྒྱས་པར་འགྱུར་བས་ན་སྐད་ཅིག་མ་ཡིན་ཏེ་རྟག་པ་ལ་གོང་ན་ས་གོང་དུ་རྒྱས་པ་མི་སྲིད་པའི་ཕྱིར་རོ། ། རྟེན་གྱི་དངོས་པོ་དང་ཞེས་པ་ནི་རྟེན་གྱི་དངོས་པོའི་སྐྱེ་བ་སྟེ། མིག་ཤེས་སོགས་རྣམ་ཤེས་དྲུག་པོའི་གནས་སམ་རྟེན་ནི་མིག་དབང་སོགས་དབང་པོ་དྲུག་གི་དངོས་པོ་ཡིན་པས་ན་དེ་དག་ཀྱང་སྐད་ཅིག་མ་ཡིན་ཏེ་རང་གི་འབྲས་བུ་རྣམ་པར་ཤེས་པ་སྐད་ཅིག་མ་རྣམས་བསྐྱེད་པའི་ཕྱིར་རོ། ། རྒྱུ་དང་འབྲས་བུ་ཡིན་ཕན་ཆད་སྐད་ཅིག་མར་འགྱུར་གྱི་སྐད་ཅིག་གིས་འགྱུར་བ་མེད་པ་ནི་རྒྱུ་འབྲས་སུ་མི་རིགས་པ་སྔར་ཡང་བཤད་ཟིན་ཏོ། །འགྱུར་དང་ཞེས་པ་འགྱུར་བའི་སྐྱེ་བ་ནི། སེམས་ལ་ཆགས་སོགས་སྐྱེས་པས་ལུས་ཀྱི་རྣམ་འགྱུར་ཀྱང་དེ་དང་མཚུངས་པར་གཞན་དང་གཞན་དུ་འགྱུར་བས་ན་སྐད་ཅིག་མར་གྲུབ་བོ། ། ཡོངས་སུ་སྨིན་པ་དང་ཞེས་པ་སྨིན་པའི་སྐྱེ་བ་ནི། མངལ་ནས་བཙས་པ་དང་། དེ་ནས་འགྲོ་ནུས་པའི་བར་བྱིས་པ་དང་། དེ་ནས་རྩེད་མོ་བྱེད་ནུས་པའི་བར་གཞོན་ནུ་དང་། དེ་ནས་ལུས་སེམས་ཀྱི་མཐུ་རྫོགས་པར་དར་ལ་བབ་པ་དང་། དེ་ལས་འདས་ནས་ལང་ཚོའི་ཆ་ཉམས་པའི་མགོ་བརྩམས་པ་དར་ཡོལ་དང་། སྐྲ་དཀར་གཉེར་མས་གང་ཞིང་རུ་ཞོམ་པ་རྒས་པའི་གནས་སྐབས་རྣམས་སུ་རིམ་པར་ཡོངས་སུ་སྨིན་པར་འགྱུར་བས་ན་སྐད་ཅིག་མ་ཕྲེང་ཆགས་པའི་རྒྱུན་ཅན་དུ་ཤེས་པར་བྱའོ། ། དེ་བཞིན་དམན་དང་ཁྱད་པར་འཕགས་ཞེས་པ། དམན་པའི་སྐྱེ་བ་དང་མཆོག་གི་སྐྱེ་བའི་དམན་པ་ངན་སོང་གསུམ་དུ་སྐྱེ་བ་དང་། དེ་ལས་ཁྱད་པར་འཕགས་པའི་སྐྱེ་བའམ་མཆོག་གི་སྐྱེ་བ་ནི་ལྷ་དང་མིར་སྐྱེ་བ་དེ་དག་ངེས་པ་མེད་པར་ངན་སོང་ནས་མཐོ་རིས་སུ་སྐྱེ་བ་དང་། མཐོ་རིས་ནས་ངན་སོང་དུ་སྐྱེ་བ་དང་། མི་ནས་མིར་སྐྱེ་བ་སོགས་རིགས་མཐུན་པ་དང་། རིས་མི་མཐུན་པའི་སྐྱེ་བ་སྣ་ཚོགས་སུ་འགྱུར་བས་ན་མི་རྟག་པ་དང་དེ་ཡང་སྐད་ཅིག་མའི་རྒྱུན་གྱིས་དེ་ལྟར་སྐྱེ་བ་ཡིན་གྱི་རྟག་པ་ལ་རྣམ་པ་མི་འདྲ་བ་སྣ་ཚོགས་སུ་མི་འཐད་དོ། །འོད་གསལ་བ་དང་ཞེས་པ། འོད་གསལ་བར་སྐྱེ་བ་ནི་འདོད་ལྷ་རིས་དྲུག་ལས་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། གཟུགས་དང་གཟུགས་མེད་པའི་ལྷ་རྣམས་ལ་འོད་གསལ་བ་ཞེས་བྱ་སྟེ། དེ་དག་གི་ལོངས་སྤྱོད་དང་སྙོམས་འཇུག་དག་རང་གི་སེམས་ཙམ་ལ་རག་ལས་ཏེ་བསམ་པ་བཞིན་དུ་འཇུག་པའི་ཕྱིར་རོ། །ཇི་ལྟར་འཇུག་ན་འཕྲུལ་དགའ་བ་དག་ལྷའི་བུ་མོ་ཁ་དོག་དང་དབྱིབས་དང་གོས་རྒྱན་ལ་སོགས་པ་གང་དང་གང་འདོད་པ་དེ་ལྟ་བུ་སེམས་ཀྱི་བསམ་པ་ཙམ་གྱིས་སྤྲུལ་ནས་ལོངས་སྤྱོད་པ་དང་། དེ་བཞིན་དུ་ལྷའི་བུ་མོ་དག་གིས་ཀྱང་ལྷའི་བུ་རང་གི་ཡིད་ལ་ཇི་ལྟར་འདོད་པ་བཞིན་སྤྲུལ་ནས་ལོངས་སྤྱོད་པ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་ལྷ་གཞན་དག་དང་འདོད་པའི་ལོངས་སྤྱོད་མྱོང་པར་བྱ་བའི་ཕྱིར། སེམས་ཀྱིས་ཇི་ལྟར་བསམ་པ་དེ་དག་ཏུ་འཕྲུལ་ཞིང་ལོངས་སྤྱོད་དོ། ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱང་སོ་སོའི་སྙོམས་འཇུག་གི་ཏིང་ངེ་འཛིན་གང་དང་གང་ལ་འཇུག་པར་འདོད་པ་དེ་རང་གི་སེམས་ཀྱི་དབང་གིས་འགྲུབ་ཅིང་མངོན་དུ་བྱེད་དོ། །དེ་ལྟ་བུ་དག་རྟག་པའི་ཆོས་ལ་མི་སྲིད་དེ། སེམས་སྐད་ཅིག་མའི་དབང་གིས་བྱུང་བར་ཤེས་པར་བྱའོ་འོད་མི་གསལ་ཞེས་པ་འོད་མི་གསལ་བར་སྐྱེ་བ་ནི་བཤད་མ་ཐག་པ་དེ་དག་གི་ལྷག་མ། དགའ་ལྡན་གྱི་ལྷ་ནས། དམྱལ་བའི་བར་གྱི་འདོད་ཁམས་ཐམས་ཅད་རང་གི་སེམས་ཀྱིས་བསམ་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་མ་ཡིན་པས་འོད་མི་གསལ་བ་ཞེས་བྱའོ། ། དེ་དག་གི་སེམས་དང་ལོངས་སྤྱོད་ཀྱང་གནས་སྐབས་མི་འདྲ་བ་སྣ་ཚོགས་སུ་གྱུར་པའི་ཕྱིར་སྐད་ཅིག་མའི་མི་རྟག་པར་ཤེས་པར་བྱ་ལ། སྤྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་གནས་རིས་ལ་མཐའ་གཅིག་ཏུ་ངེས་པ་མེད་པར། འོད་གསལ་བ་ལས་འོད་མི་གསལ་བར་འགྱུར་བ་དང་། འོད་མི་གསལ་བ་ལས་འོད་གསལ་བར་འགྱུར་ཞིང་། ནང་གི་བྱེ་བྲག་གིས་སྐྱེ་བ་སྣ་ཚོགས་སུ་སྐྱེ་བས་ན་མི་རྟག་པ་དང་དེའི་རྒྱུན་ཡང་སྐད་ཅིག་མར་ཤེས་པར་བྱའོ། ། ཡུལ་གཞན་འགྲོ་བ་དང་ཞེས་པ་ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་ནི་ཡུལ་གཞན་དུ་སྐྱེས་པ་དེ་ལས་ཤི་འཕོས་ནས་འགགས་ཤིང་ཡུལ་གཞན་དུ་སྐྱེ་བའི་ཚུལ་གྱིས་འགྲོ་བའམ། གཟུགས་ཁམས་མན་ཆད་ལུས་དེས་ཀྱང་ས་གཅིག་ཏུ་མ་ཡིན་པར་གནས་གཞན་དུ་འགྲོ་བ་ཡང་སྐད་ཅིག་མའི་རྒྱུན་གྱིས་འཇུག་ཅིང་འགྲོ་བ་ཡི། རྟག་པ་ལ་ཆོས་ཏེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །ས་བོན་བཅས་ཞེས་པས་ས་བོན་དང་བཅས་པའི་སྐྱེ་བ་ནི་ཁམས་གསུམ་དུ་སྐྱེ་བར་བྱེད་པའི་ཉོན་མོངས་པའི་བག་ཉལ་ལམ་ས་བོན་དང་བཅས་པར་སྐྱེ་བ་སྟེ་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་རྣམས་ཟད་པའི་ལྷག་བཅས་དགྲ་བཅོམ་དང་། དེའི་ཕུང་པོ་ཐ་མའི་སྐད་ཅིག་མ་མ་གཏོགས་པར། གཞན་དགྲ་བཅོམ་ཞུགས་པ་དང་ཕྱིར་མི་འོང་དང་། ཕྱིར་འོང་དང་རྒྱུན་ཞུགས་དང་། ཁམས་གསུམ་གྱི་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཉོན་མོངས་པའི་ས་བོན་དང་བཅས་པའི་ཕྱིར་དེ་དག་གི་ཕུང་པོ་ལྔའི་རྒྱུན་སྐྱེ་བ་ནི་ས་བོན་བཅས་པར་སྐྱེ་བ་ཡིན་ལ། དེ་དག་གི་སྐྱེ་བ་ནི་དེ་ལྟར་རྒྱུ་དང་འབྲས་བུར་བཅས་པའི་ཆོས་དེ་དག་སྐད་ཅིག་མར་གྲུབ་བོ། །ས་བོན་མེད་པའི་ངོ་བོ་དང་། ཞེས་པ་ས་བོན་མེད་པའི་སྐྱེ་བ་ནི། འཁོར་བར་སྐྱེ་བའི་ས་བོན་མེད་པའི་ངོ་བོ་ཡིན་ཡང་། ཕུང་པོ་རྣམས་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུའི་ངོ་བོས་སྐྱེ་བ་སྟེ། ལྷག་བཅས་དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་ལྷག་མེད་དུ་འཇུག་ཁ་མའི་སྐད་ཅིག་ཐ་མ་མ་གཏོགས་པ་རྣམས་ཏེ། ལྷག་བཅས་དགྲ་བཅོམ་པ་ལ་ཡང་སྲིད་དུ་སྐྱེ་བའི་ས་བོན་མེད་ཀྱང་སྔོན་གྱིས་ལས་ཀྱིས་འཕངས་པའི་ཕུང་པོའི་ལྷག་མ་དང་བཅས་པ་དེ་ཉིད་ཕུང་པོ་ལྷག་མེད་དུ་མ་ཞུགས་བར་དུ་སྐད་ཅིག་མའི་རྒྱུན་གྱི་སྐྱེ་བ་ཡོད་ལ། ལྷག་བཅས་ཀྱི་ཕུང་པོའི་སྐད་ཅིག་ཐ་མ་དེ་ཕན་ཆད་རྒྱུན་གྱིས་སྐྱེ་བ་མེད་དེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་སྐྱེ་བ་དེ་སྲིད་དུ་སྐད་ཅིག་མ་ཡིན་ནོ། །དེ་ལྟར་སྔོན་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་པར་འགྱུར་བས་ན་མི་རྟག་པ་དང་དེ་ཡང་སྐད་ཅིག་མའི་རྒྱུན་ཅན་དུ་ངེས་སོ།། གཟུགས་བརྙན་དུ་ནི་སྐྱེ་བ་སྟེ་ཞེས་པ་ནི། རྣམ་ཐར་བརྒྱད་ལ་སོགས་པ་བསྒོམ་པའི་གང་ཟག་གི་ཏིང་ངེ་འཛིན་གྱི་མཐུས་སྔོ་སེར་དཀར་དམར་གྱི་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་བརྙན་སེམས་ཀྱི་སྤྱོད་ཡུལ་དུ་དངོས་སུ་སྣང་བ་དེ་སེམས་ལ་ཏིང་འཛིན་གོམས་པའི་མཐུས་དེ་ལྟར་གཟུགས་བརྙན་སྣང་བ་ཡང་སྔོན་མེད་ལ་ཕྱིས་སྣང་བའི་ཕྱིར་མི་རྟག་པ་དང་དེ་ཡང་སེམས་སྐད་ཅིག་མའི་རྒྱུན་རིམ་པར་གོམས་པ་ལས་ཡིན་པའི་ཕྱིར་སྐད་ཅིག་མར་གྲུབ་བོ། ། འདིས་ནི་རྨི་ལམ་དང་མི་སྡུག་པ་སོགས་གོམས་པ་ལས་གསལ་སྣང་འབྱུང་བ་ཐམས་ཅད་ཀྱང་སེམས་ཀྱི་སྣང་བ་ཙམ་དང་མི་རྟག་པར་ཤེས་པར་བྱའོ། །དེ་ལྟར་དང་པོ་སྐྱེ་བ་ནས་གཟུགས་བརྙན་གྱི་སྐྱེ་བའི་བར། སྐྱེ་བ་རྣམ་པ་བཅུ་བཞི་ལ་རྟག་པ་མེད་ཅིང་སྐད་ཅིག་མ་ཡིན་པར་ཤེས་པར་བྱ་སྟེ། དང་པོར་སྐྱེ་བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་གཞན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དེ་སྐད་ཅིག་མར་གྲུབ་སྟེ། གནས་སྐབས་ཕྱི་མ་རྣམས་རིམ་པར་འགྱུར་བ་ལ་རྒྱུ་གཞན་དང་གཞན་མེད་ན་དེ་དང་དེ་འགྱུར་མི་སྲིད་དེ་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སྐྱེ་བའི་སྐད་ཅིག་དང་པོ་ནས་སྐད་ཅིག་མ་རིམ་པར་བྱུང་བས་ནུར་ནུར་པོ་ཡི་གནས་སྐབས་དང་། དེ་ལས་མེར་མེར་པོ་སོགས་སྔ་མ་སྔ་མ་རྒྱུ་དང་། ཕྱི་མ་ཕྱི་མ་འབྲས་བུའི་ངོ་བོས་སྐྱེ་འགག་བྱེད་ཅིང་རྒྱུན་མ་ཆད་པར་འབྱུང་བ་ཡིན་ནོ། །དང་སྒྲ་རྣམས་ཕྱི་མ་དང་སྡུད་པའི་དོན་ཡིན་པས་ཆེད་དུ་བཤད་མ་དགོས་སོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི་ཆེ་ཆུང་དང་དབྱིབས་དང་རྣམ་པ་སོགས་ཚད་ཀྱི་ཁྱད་པར་མི་འདྲ་བས་སྐད་ཅིག་མར་འགྱུར་བ་ཡིན་པ་དང་། དེ་བཞིན་དུ་ལུས་རྟག་པ་ཡིན་ན་དང་པོའི་དུས་ལས་འགྱུར་བ་མེད་པས་ཁ་ཟས་སོགས་ཀྱིས་ལུས་རྒྱས་པ་དོན་མེད་དུ་འགྱུར་ན་ཡང་། དེ་མི་རུང་སྟེ་ཟས་སོགས་ཀྱིས་ལུས་རྒྱས་པ་བསྙོན་དུ་མེད་པའི་ཕྱིར། སྐད་ཅིག་གིས་མི་རྟག་པར་གྲུབ་པ་དང་། མིག་ཤེས་སོགས་རང་གི་རྟེན་དབང་པོ་རྣམས་ཀྱི་དངོས་པོར་བརྟེན་ནས་སྐྱེ་བ་ནི་སྐད་ཅིག་མའི་རང་བཞིན་གྱི་མི་རྟག་པ་ལ་དེ་ལྟར་འཐད་ཀྱི་རྟག་པ་ཡིན་ན་དེ་ལ་རྟེན་ཉིད་དུ་ནི་མི་སྲིད་དེ། རྟག་པ་ནི་རྒྱུ་གང་ལ་ཡང་བརྟེན་མི་དགོས་པ་དང་། རྟག་པ་དེས་འབྲས་བུ་གཞན་བསྐྱེད་པ་མི་རིགས་པའི་ཕྱིར་རོ། ། དེ་ལྟ་ན་ཡང་དབང་པོ་ལ་མ་བརྟེན་པར་མིག་གི་རྣམ་ཤེས་སོགས་མི་འབྱུང་བས། རྟེན་དབང་པོ་དང་བརྟེན་པ་རྣམ་ཤེས་གཉིས་ཀ་སྐད་ཅིག་གིས་མི་རྟག་པར་གྲུབ་བོ།། གལ་ཏེ་རྟེན་དབང་པོ་རྟག་བཞིན་དུ་དེས་བརྟེན་པ་རྣམ་ཤེས་མི་རྟག་པ་བསྐྱེད་ན་ནི་ཅི་འགལ་སྙམ་ན། བཞོན་པ་རྟ་སོགས་མི་འདུག་ན། ཞོན་པ་པོ་མི་སོགས་ཀྱང་མི་འདུག་པ་བཞིན་དུ། རྟེན་གཞན་དུ་མི་འགྱུར་པར་རྟག་པར་སྡོད་བཞིན་བརྟེན་པ་རྣམ་ཤེས་མི་སྡོད་པར་གཞན་དུ་འགྱུར་མི་སྲིད་དོ ། །རྟེན་རས་ཚིག་ན་བརྟེན་པ་སྔོན་པོ་ཡང་ཚིག་པ་བཞིན་དུ་རྟེན་དང་བརྟེན་པ་གཉིས་ཀ་མི་རྟག་པའི་མཚན་ཉིད་དུ་ཐ་དད་དབྱེར་མེད་དོ། །ཆགས་སོགས་ཀྱིས་ལུས་ཀྱི་རྣམ་པར་འགྱུར་བ་དང་། བྱིས་པ་དང་ལང་ཚོ་སོགས་གནས་སྐབས་གཞན་དང་གཞན་དུ་ཡོངས་སུ་སྨིན་པར་སྐྱེ་བ་ནི་བསྙོན་དུ་མེད་པར་གྲུབ་ན། རྟག་པར་གནས་པ་ལ་ནི་དེ་འདྲའི་འགྱུར་བ་དང་སྨིན་པ་དམིགས་པ་མི་སྲིད་ཏེ་དངོས་པོའི་གནས་སྐབས་གང་ཡིན་དེ་ལས་རྣམ་པ་གཞན་འབྱུང་མི་རིགས་པའི་ཕྱིར་སྐད་ཅིག་མར་གྲུབ་བོ། །སྐད་ཅིག་མར་འགྱུར་བ་མ་ཡིན་པར་རེ་ཞིག་རྟག་པར་གནས་ནས་འགལ་བ་ཅི་ཡོད་སྙམ་ན། ཤིན་ཏུ་འགལ་ཏེ། སྐད་ཅིག་དང་པོ་མི་འཇིག་པར་དེ་བཞིན་དུ་གནས་པ་ཞིག་ན་དང་པོའི་གནས་སྐབས་ཇི་ལྟ་བ་དེ་བཞིན་དུ་རྟག་ཏུ་གནས་ཀྱི། མཐར་ནམ་ཡང་མི་འགྱུར་ཏེ། སྐད་ཅིག་དང་པོ་ལ་གནས་སྐབས་གཞན་མེད་པ་དེ་བཞིན་དུ་སྐད་ཅིག་ཕྱི་མ་ཐམས་ཅད་དུ་ཡང་། ཁྱད་མེད་པའི་དངོས་པོ་ཐམས་ཅད་རྟག་པ་འབའ་ཞིག་ཏུ་འགྱུར་ན་ཡང་དེ་ནི་ཤིན་ཏུ་མི་རིགས་ཏེ་དངོས་པོ་དུས་ཀུན་དུ་ངོ་བོ་ཉིད་ཀྱིས་རྟག་པ་མ་དམིགས་པས་སོ། ། དངོས་པོ་རྣམས་ཇི་ཙམ་ཞིག་ཏུ་མི་འགྱུར་བར་གནས་ཏེ་རྟག་ནས་གཟོད་འགག་གོ་སྙམ་ན། དངོས་པོ་རྣམས་ཐང་གཅིག་དང་ཡུད་ཙམ་དང་ཞག་དང་ཟླ་བ་ལོ་དང་བསྐལ་པའི་བར་དུ་མ་འགྱུར་བར་རྟག་པར་གནས་ཤིང་དེའི་མཐར་འགག་པ་ཡིན་ན། འགགས་ཡུན་རིང་ཐུང་ཡོད་པར་མི་རིགས་སྟེ་དངོས་པོ་ཐམས་ཅད་དང་པོ་སྐྱེས་མ་ཐག་གི་སྐད་ཅིག་བཞིན་དུ་རྟག་ཏུ་གནས་པར་འགྱུར་གྱི། འཇིག་ཁ་མའི་སྐད་ཅིག་ཏུ་ནམ་ཡང་མི་འགྱུར་རོ། ། སྐྱེས་མ་ཐག་པ་དང་འཇིག་ཁ་མའི་དངོས་པོ་དེ་གཉིས་གཅིག་ཡིན་ན་སྐྱེས་མ་ཐག་པ་ཡང་འཇིག་ཁ་མའི་སྐད་ཅིག་བཞིན་དུ་སྐྱེས་མ་ཐག་ཏུ་འཇིག་པའམ། འཇིག་ཁ་མའི་དངོས་པོ་ཡང་སྐྱེས་མ་ཐག་གི་སྐད་ཅིག་བཞིན་དུ་ད་དུང་ཡུན་ཇི་སྲིད་གཅིག་ཏུ་གནས་པ་ཅིས་མི་འགྱུར་ཏེ། དེ་གཉིས་གཅིག་ཏུ་འདོད་པའི་ཕྱིར་རོ། །དེས་ན་དང་པོ་སྐྱེས་པ་ནས་མཐར་འཇིག་པའི་སྐད་ཅིག་གི་བར་གྱི་ཡུན་ཇི་ཙམ་ཡོད་པ་དེ་ཙམ་དུ་སྐད་ཅིག་གཞན་དང་གཞན་ཡིན་པར་རྗེས་སུ་དཔག་པས་གྲུབ་པ་ཡིན་ནོ། ། དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པ་འདི་རིགས་པའི་གཙོ་བོ་ཡིན་པས་ཀུན་གྱི་གནད་ཀྱང་འདི་ལ་ཐུག་པ་ཡིན་ནོ། །འགྲེལ་བ་ལས་གནས་པ་ལ་ནི་མི་སྲིད་དང་ཞེས་པ་འགྱུར་པའི་སྐྱེ་བ་དང་། ཡོངས་སུ་སྨིན་པ་གཉིས་ཀའི་སྒྲུབ་བྱེད་དང་། དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པའང་དེ་སྒྲུབ་བྱེད་ཀྱི་རྣམ་གྲངས་སུ་གསུང་མོད། འདོད་ཆགས་སོགས་ཀྱིས་ལུས་འགྱུར་བ་དེ་སྐད་ཅིག་མ་མ་ཡིན་པར་སྔར་གྱི་དངོས་པོ་དེ་བཞིན་གནས་པ་ལ་མི་སྲིད་པ་དང་། བྱིས་པ་དང་གཞོན་ནུ་སོགས་ཀྱི་གནས་སྐབས་ཡོངས་སུ་སྨིན་པ་དེ་ཡང་སྐད་ཅིག་དང་པོ་འགག་ནས་སྐད་ཅིག་གཞན་སྐྱེ་བ་ལ་འཐད་ཀྱི། དང་པོ་མི་འཇིག་ན་མཐར་ཡང་མི་འགྱུར་ཏེ་དང་པོ་ཡི་གནས་སྐབས་མ་ཞིག་པར་རྟག་ཏུ་གནས་པར་འགྱུར་རོ་ཞེས་གོ་རིམ་བཞིན་སྦྱར་ན་ཡང་དོན་ལ་ཁྱད་མེད་པར་མཐོང་ངོ་། ། དེ་བཞིན་དུ་དམན་དང་མཆོག་གི་སྐྱེ་བ་དམིགས་པ་དེ་ཡང་སྐད་ཅིག་གིས་མི་རྟག་པར་འདོད་པ་ལ་དེ་ལྟར་རུང་གི སྐད་ཅིག་གིས་མི་རྟག་པ་མ་ཡིན་ན་མཐར་འགྱུར་བའང་མི་རིགས་པའི་དམན་དང་ཁྱད་པར་འཕགས་པར་སྐྱེ་བ་མི་རུང་བ་དང་། དེ་བཞིན་འོད་གསལ་བ་དང་འོད་མི་གསལ་བ་མི་རུང་བ་ནི་སྔར་གྱི་རིགས་པས་ཤེས་པའི་ཕྱིར་སླར་ཡང་རྒྱས་སྤྲོས་ཀྱི་བསྐྱར་ཟློས་མ་བྱས་སོ། ། ཡུལ་གཞན་དུ་འགྲོ་བ་མེད་པ་ནི་སྐད་ཅིག་མའི་རྒྱུན་མེད་ན་ཡུལ་དེ་ལས་གཞན་དུ་འགྲོ་བ་མེད་པ་ཙམ་གྱིས་མཐུས་མོད་ཀྱི། འགྲེལ་བ་ལས་གསུངས་པ་བསྡུས་ཏེ་བརྗོད་ན། ཇི་ལྟར་རྩྭ་ལ་མེ་མཆེད་པ་དག་རི་ནས་རི་ལ་ཐལ་ཏེ་འགྲོ་བར་སྣང་ཡང་རྩྭ་སོ་སོ་ལས་བྱུང་བའི་མེ་ཡི་སྐད་ཅིག་མ་རྒྱུན་ཆགས་པར་འདུ་བྱེད་པ་ཙམ་ལས་མེ་ཞེས་བྱ་བའི་རྫས་རྟག་པ་དང་གཅིག་པུ་བ་ཞིག་གཞན་དང་གཞན་དུ་འགྲོ་བ་མེད་པ་བཞིན་དུ། གང་ཟག་འཁོར་བའི་སྐྱེ་བ་སྣ་ཚོགས་འགྲོ་བ་དང་། ཡུལ་གཞན་དང་གཞན་དུ་འགྲོ་བ་ཡང་། ཕུང་པོའི་རྒྱུན་གྱི་སྐྱེ་བ་ལེན་པ་དང་། ཕུང་པོའི་སྐད་ཅིག་གི་རྒྱུན་བར་མ་ཆད་པ་ཡུལ་གཞན་དུ་ཕྱིན་པ་ཙམ་ཡིན་གྱི་འགྲོ་བ་པོ་ཞེས་བྱ་བའི་རྫས་རྟག་པ་གཞན་དང་གཞན་དུ་འགྲོ་བ་ནི་གང་ཡང་མེད་དོ། ། གལ་ཏེ་འགྲོ་བ་པོ་དེས་འདུ་བྱེད་རྣམས་ཡུལ་གཞན་དུ་ཕྱིན་པར་བྱེད་དེ། བདག་ཕྱོགས་ཕ་ཀིར་འགྲོའོ་སྙམ་དུ་བསམ་པའི་བྱེད་པ་པོ་དེས་ལུས་ཀྱི་འདུ་བྱེད་བསྐྱོད་ནས་ཕྱོགས་དེར་འགྲོ་བ་ཡིན་པས་འགྲོ་བ་པོ་མེད་ན་འགྲོ་བའི་བྱ་བའང་མེད་དེ། བྱ་བ་ནི་བྱེད་པ་པོ་མེད་པར་འབྱུང་བ་མ་ཡིན་ནོ་སྙམ་ན་བྱ་བ་འདུ་བྱེད་རྣམས་ཡུལ་གཞན་དུ་འགྲོ་བ་ཡི་རྒྱུ། འགྲོ་བ་ན་བྱེད་པ་པོ་དེ་སྐྱེས་ནས་གདོད་འདུ་བྱེད་རྣམས་གཞན་དུ་འགྲོ་བར་བྱེད་པའམ། མ་སྐྱེས་པར་འགྲོ་བར་བྱེད། དང་པོ་ལྟར་ན་འགྲོ་བ་ཞེས་བྱ་བའི་ཆོས་སྐྱེས་པ་དེའི་དུས་ན་འདུ་བྱེད་གནས་པ་རྣམས་གར་ཡང་མ་སོང་བ་འདུག་པ་ལ་དེས་གཞན་དུ་འགྲོ་བར་ཇི་ལྟར་བྱེད་དེ་དེ་ལྟར་འདོད་པ་མི་རིགས་སོ། །གལ་ཏེ་འདུ་བྱེད་རྣམས་གནས་པ་མ་ཡིན་ཏེ་ཡུལ་གཞན་དུ་འགྲོ་བའི་རང་བཞིན་ཅན་ཡིན་ནོ་ཞེ་ན། འདུ་བྱེད་རྣམས་གཞན་དུ་སོང་བ་དེ་ལས་མ་གཏོགས་པ་འགྲོ་བར་བྱེད་པའི་རྫས་གཞན་ཇི་ལྟར་ཡོད་དེ་མ་དམིགས་སོ། །འགྲོ་བ་ད་དུང་མ་སྐྱེས་ན་དེས་འདུ་བྱེད་རྣམས་གཞན་དུ་འགྲོ་བར་ཇི་ལྟར་བྱེད་དེ་དེའི་ཚེ་འགྲོ་བ་མེད་པའི་ཕྱིར་རོ། ། ཡང་རིགས་པའི་རྣམ་གྲངས་གཞན་བསྟན་པ། འགྲོ་བར་བྱེད་པ་ཉིད་ཡུལ་འདིར་གནས་བཞིན་དུ་འདུ་བྱེད་རྣམས་ཡུལ་གཞན་དུ་སྤོ་བར་བྱེད་དམ།ཡུལ་གཞན་ན་གནས་པས་འདུ་བྱེད་རྣམས་གཞན་དུ་སྤོ་བར་བྱེད། དང་པོ་ལྟར་ན་བདག་ཉིད་ཡུལ་འདི་གནས་བཞིན་པ་དེ་ཉིད་གཞན་དུ་མ་སོང་ན། དེས་འདུ་བྱེད་རྣམས་ཡུལ་གཞན་དུ་ཇི་ལྟར་ཕྱིན་པར་བྱེད་དེ། རྟ་ཡིས་མི་ཡུལ་གཞན་དུ་ཕྱིན་པར་བྱེད་པ་ལ། རྟ་ཡུལ་འདི་ལས་མ་བསྐྱོད་བཞིན་དུ་མི་དེ་ཡུལ་གཞན་དུ་བསྐྱལ་བར་མི་རུང་བ་བཞིན་ནོ། ། འགྲོ་བ་པོ་ཡུལ་གཞན་ན་གནས་པ་ནི་དེར་སོང་ཟིན་ལ། འདུ་བྱེད་ཡུལ་འདིར་གནས་པ་ད་དུང་མ་སོང་བས་འགྲོ་བ་དང་འགྲོ་བར་བྱེད་པ་ཡུལ་ཐ་དད་པ་དག་གིས་གཞན་ཇི་ལྟར་འགྲོ་བར་བྱེད་དེ། ཤར་གྱི་རྟས་ནུབ་ཀྱི་མི་ཡུལ་གཞན་དུ་བསྐྱལ་བ་བཞིན་ནོ།། ཡང་འདུ་བྱེད་དང་འགྲོ་བར་བྱེད་པ་གཉིས་ལས། འགྲོ་བྱེད་སྔར་སྐྱེས་ནས་འདུ་བྱེད་སྤོ་བའམ། འདུ་བྱེད་སྔར་སྐྱེས་པ་དེ་འགྲོ་བར་བྱེད་པ་ཕྱིས་སྐྱེས་བས་སྤོའམ། དེ་གཉིས་དུས་མཉམ་དུ་སྐྱེས་ནས་གཞན་དུ་སྤོ་བ་གསུམ་ལས། དང་པོ་ལྟར་ན་འགྲོ་བར་བྱེད་པ་སྐྱེས་པའི་དུས་ན་སྤོ་བར་བྱ་བ་འདུ་བྱེད་མ་སྐྱེས་པས་ཅི་ཞིག་སྤོ་སྟེ་བུ་མ་སྐྱེས་པ་གསོ་བར་བྱར་མེད་པ་བཞིན་ནོ། །གཉིས་པ་ལྟར་ན་འདུ་བྱེད་སྐྱེས་པའི་དུས་ན་སྤོ་བར་བྱེད་པ་པོ་མ་སྐྱེས་པས་སྤོ་མི་ནུས་ཏེ། རྟ་མ་སྐྱེས་པས་སྐྱེས་བུ་གཞན་དུ་སྤོ་བའམ་བསྐྱལ་མི་ནུས་པ་བཞིན་ནོ། །གསུམ་པ་ལྟར་ན་གླང་གི་རྭ་གཡས་གཡོན་བཞིན་དུ་དེ་གཉིས་མཉམ་དུ་སྐྱེས་པས་གང་གིས་ཀྱང་གང་སྤོ་བའི་རྒྱུ་མ་བྱས་ཏེ་དེ་གཉིས་ཀ་ཡུལ་གཞན་དུ་མགོ་མཉམ་དུ་ཕྱིན་པས་འགྲོ་བར་བྱེད་པ་པོས་འདུ་བྱེད་རྣམས་འགྲོ་བར་བྱས་པ་ཅུང་ཟད་མེད་དོ། །དེས་ན་ཕུང་པོ་ལྔ་སྐད་ཅིག་མའི་རྒྱུན་གྱིས་ཡུལ་གཞན་དུ་ཕྱིན་པ་ལ་འགྲོ་བ་ཞེས་བཏགས་ཤིང་། ཕུང་པོ་ལྔ་ཉིད་ལ་འགྲོ་བ་པོར་ཡང་བཏགས་པ་ལས་འདུ་བྱེད་ཉིད་རྒྱུན་གྱིས་འགྲོ་བར་སྣང་བ་ལས་གཞན་པའི་འགྲོ་བར་བྱེད་པོ་མེད་དེ། ཡན་ལག་ལས་ཡན་ལག་ཅན་གྱི་རྫས་ཐ་དད་དུ་མེད་ཀྱང་བཏགས་པས་ཡོད་པ་ཙམ་དུ་ཤེས་པར་བྱའོ། །འདི་དག་དབྱིག་གཉེན་དང་བློ་བརྟན་གྱི་འགྲེལ་པ་ལས་བྱུང་བ་བཞིན་མདོར་བསྡུས་སུ་བཀོད་པའོ། ། དེ་ལྟར་དངོས་པོ་སྐད་ཅིག་མའི་རྒྱུན་གྱིས་འགྲོ་བ་ལས་གཞན་པའི་འགྲོ་བ་པོ་དང་འགྲོ་བ་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་འགྲོ་བ་སྐད་ཅིག་མར་ཤེས་པར་བྱའོ། ། སྤྱིར་ཡུལ་གཞན་དུ་འགྲོ་བའི་རྣམ་གྲངས་ལ།དུ་མ་ཡོད་དེ། སེམས་ཀྱིས་དབང་གིས་འགྲོ་བ་ནི། སེམས་ཀྱི་རྒྱུ་བྱས་ནས་འདུ་བྱེད་རྣམས་གཞན་དུ་འགྲོ་བ། འཆག་པའི་བསམ་པས་ལུས་ཀྱི་གོམ་པ་འདོར་ནས་ཡུལ་གཞན་དུ་ཕྱིན་པ་ལྟ་བུའོ། །སྡོན་གྱི་ལས་ཀྱི་དབང་གིས་འགྲོ་བ་བར་སྲིད་རྣམས་མའི་མངལ་ལ་སོགས་པར་འགྲོ་བ་ལྟ་བུ་དང་། འཕེན་པའི་དབང་གིས་འགྲོ་བ་མདའ་འཕང་བ་ཕྱོགས་གཞན་དུ་ཕྱིན་པ་ལྟ་བུ་དང་། འབྲེལ་བའི་དབང་གིས་འགྲོ་བ་རྟ་ལ་མིས་ཞོན་ནས་གཉིས་ཀ་ཡུལ་གཞན་དུ་ཕྱིན་པ་དང་། ཆུ་དང་གཟིངས་སུ་འབྲེལ་བས་ཆུ་གང་དུ་ཕྱིན་པར་གཟིངས་ཀྱིས་ཀྱང་ཕྱིན་པ་ལྟ་བུའོ། །བསྐྱོད་པའི་དབང་གིས་འགྲོ་བ་རླུང་གིས་རྩྭ་དང་འདབ་མ་སོགས་ཁྱེར་ནས་ཕྱོགས་གཞན་དུ་ཕྱིན་པ་ལྟ་བུ་དང་། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་འགྲོ་བ་རླུང་ཐད་ཀར་ཡུལ་ནས་ཡུལ་གཞན་དུ་འགྲོ་བ་དང་མེ་གྱེན་དུ་མཁའ་ལ་འགྲེ་བ་དང་། ཆུ་ཐུར་དུ་འགྲོ་བས་གཤོང་ལ་སོགས་པར་ཕྱིན་པ་ལྟ་བུ་དང་། མཐུས་འགྲོ་བ་ནི། སྡགས་པ་རྣམས་སྔགས་ཀྱི་མཐུས་ཡུལ་གཞན་དང་གཞན་དུ་ཕྱིན་པ་དང་། རྫས་ཀྱི་མཐུས་སྨན་འཐུངས་པའམ་ལུས་ལ་བསྐུས་པས་ཡུལ་གཞན་དུ་ཕྱིན་པ་དང་། རྡོ་ཁབ་ལེན་གྱིས་ལྕགས་བསྒུལ་ཞིང་གྱེན་དང་ཐད་ཀར་དྲངས་ནས་འགྲོ་བ་དང་། རྫུ་འཕྲུལ་གྱི་མཐུས་ཡུལ་གཞན་དང་གཞན་དུ་ཕྱིན་པ་དང་ལྟ་བུའོ། །དེ་ལྟར་འགྲོ་བ་དང་འོང་བ་ཡོད་པ་ཐམས་ཅད་ནི་སྐད་ཅིག་མར་ཤེས་པར་བྱའོ། །འཁོར་བའི་ས་བོན་དང་བཅས་པ་དེ་ཉིད་ནི་སྐད་ཅིག་མའི་རྒྱུན་ལ་སྔ་མ་འགགས་ཀྱང་ཕྱི་མ་དེའི་ངང་ཚུལ་ཅན་དུ་སྐྱེ་བས་སྐད་ཅིག་མའི་མི་རྟག་པར་འདོད་པ་ལ་རིགས་ཀྱི། སྐྱེ་འགག་མེད་པར་གནས་པ་ལ་ས་བོན་མི་རུང་བའམ། ཡང་ན་སྐྱེ་འགག་མེད་པ་ལ་སྔར་ས་བོན་གནས་པ་དེ་ལྟ་བུ་མི་རུང་བའི་ཕྱིར་སྲིད་པའི་ས་བོན་དང་བཅས་པའི་ཆོས་རྣམས་ཀྱང་སྐད་ཅིག་མར་གྲུབ་བོ།།སྡར་འཁོར་བའི་སེམས་རྒྱུན་ལ་ས་བོན་ཡོད་པ་ལམ་གྱིས་བཅོམ་ནས་ས་བོན་མེད་པའི་ངོ་བོར་གནས་གྱུར་པ་ཡང་སེམས་སྐད་ཅིག་མ་ཡིན་པ་ལ་འཐད་ཀྱི། སྐད་ཅིག་མ་མིན་པ་སེམས་ཀྱི་ངོ་བོ་རྟག་པ་ལ་ནི་ལྷག་བཅས་དགྲ་བཅོམ་པའི་ཕུང་པོ་ཐ་མ་ཉིད་ནི་མི་སྲིད་དེ་སྔར་ས་བོན་དང་བཅས་པ་ལས་ཕྱིས་ས་བོན་མེད་ཅིང་སྔར་སྐྱེ་བ་དང་བཅས་པ་ལྟར་སླར་སྐྱེ་བ་མེད་པ་མི་སྲིད་པའི་ཕྱིར། འཁོར་བའི་ས་བོན་མེད་པའི་ཕུང་པོའི་རྒྱུན་སྐྱེ་བའང་སྐད་ཅིག་མར་གྲུབ་པ་ཡིན་ནོ།། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བའི་གཟུགས་བརྙན་རྣམས་ཀྱང་། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྐད་ཅིག་མར་གྲུབ་པ་ཡིན་ཏེ། དེ་ལྟར་ནང་གི་འདུས་བྱས་ཐམས་ཅད་ཀྱང་སྐད་ཅིག་མ་རྒྱུན་ཆགས་པ་ཙམ་ཡིན་ནོ། །གཉིས་པ་ཕྱིའི་འདུ་བྱེད་རྣམས་མི་རྟག་པར་བསྒྲུབ་པ་ལ་ཚིགས་བཅད་གསུམ་སྟེ། འབྱུང་བ་ས་ཆུ་མེ་རླུང་བཞི་པོ་རྣམས་དང་། དོན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམ་པར་རིག་བྱེད་མིན་པ་བཅས་རྣམ་པ་དྲུག་ཀྱང་སྐད་ཅིག་མ་ཉིད་དུ་བརྗོད་པ་ནི། ཆུ་ནི་ཆུ་ཕྲན་དང་ཆུ་ཀླུང་དང་ལྟེང་ཀ་དང་མཚོ་དང་རྫིང་བུ་ལ་སོགས་པ་རྣམས། དགུན་དཔྱིད་ལ་སོགས་པ་དང་ཐན་པ་སོགས་ཀྱི་རྒྱུ་ལས་བགས་ཀྱིས་སྐམ་ཞིང་འབྲི་བ་དང་། དབྱར་གྱི་ཆར་ཆུ་ལ་སོགས་པའི་རྐྱེན་ལས་ཁད་ཀྱིས་རྒྱས་ཤིང་འཕེལ་བའི་ཕྱིར་སྐད་ཅིག་མའི་རང་བཞིན་ཡིན་ཏེ་འཕེལ་འགྲིབ་ཡོད་པའི་ཕྱིར་རོ། ། སྐད་ཅིག་མ་མ་ཡིན་པའི་ངོ་བོ་རྟག་པ་ཞིག་ཡིན་ན་འཕེལ་འབྲི་མི་རུང་བའི་ཕྱིར་རོ། ། རླུང་ཡང་རང་བཞིན་གྱིས་ས་གཅིག་ཏུ་གཡོ་བ་མེད་པར་མི་སྡོད་ཀྱི། ཕྱོགས་གར་ཡང་གཡོ་ཞིང་འགྲོ་བའི་ཕྱིར་སྐད་ཅིག་མ་ཡིན་པ་དང་། ཇེ་ཆེར་འཕེལ་བ་ཡོད་པ་དང་། ཇེ་ཆུང་དུ་འགྲིབ་པ་ཡོད་པའི་ཕྱིར་སྐད་ཅིག་མ་ཡིན་ཏེ། རྟག་པ་ལ་གཡོ་བ་དང་འཕེལ་འགྲིབ་ཡོད་པར་མི་རིགས་སོ། །ས་ནི་རླུང་དང་ཆུ་ཡི་འབྱུང་བ་དེ་ལ་བརྟེན་ནས་བྱུང་ཞིང་དེ་དང་འབྲེལ་བ་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་ཀྱིས་ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར་སྐད་ཅིག་མའི་རང་བཞིན་གྱིས་མི་རྟག་པར་གྲུབ་བོ། ། ཆུ་དང་རླུང་ལས་ཇི་ལྟར་སྐྱེས་ཞེ་ན། འཇིག་རྟེན་དང་པོར་ཆགས་པའི་དུས་སུ་ནམ་མཁའ་ལ་རླུང་གཡོས་ནས་རླུང་གི་ཁམས་ཆགས་སོ། ། རླུང་གི་ཁམས་ལས་ཆུ་བྱུང་སྟེ་ཤིང་རྟའི་འཁོར་ལོའི་རྒྱུན་ཙམ་གྱི་ཆར་བབ་པས་ཆུའི་དཀྱིལ་འཁོར་གྱི་ཁམས་ཆགས་སོ། །ཆུ་རླུང་གིས་བསྲུབ་པའི་དབུ་བ་ལས་ས་གཞིའི་རི་རབ་གླིང་བཞི་རྣམས་ཆགས་པ་ཡིན་པས་ཆུ་དང་རླུང་ལས་ས་ཡི་ཁམས་བྱུང་བའོ།། དེ་ལྟར་རྒྱུ་ལས་བྱུང་བའི་རྒྱུ་འབྲས་ཉིས་ཆར་སྐད་ཅིག་མའོ། །ས་ལས་འགྱུར་བ་རྣམ་པ་བཞི་དམིགས་པ་ནི། ལས་ཀྱི་བྱེ་བྲག་གིས་འགྱུར་བར་དམིགས་པ་ནི། ལས་དགེ་བ་བསགས་པའི་སེམས་ཅན་ལྷ་རྣམས་ཀྱིས་ས་གཞི་ཤིང་བལ་ལྟར་འཇམ་ཞིང་མཉེན་པར་དམིགས་པ་དང་། མི་དགེ་བ་བྱས་པའི་དམྱལ་བ་རྣམས་ལ་ལྕགས་སྲེག་རབ་ཏུ་ཚ་བའི་ས་གཞི་དང་། ངམ་གྲོགས་དང་ཚེར་མ་ལ་སོགས་པ་སྡུག་བསྔལ་གྱི་གཞི་སྣ་ཚོགས་སུ་སྣང་ངོ་། ། མིའི་ཡུལ་གྱི་ས་ལ་ཡང་རྨོ་བརྐོ་དང་ལག་བྱད་ཀྱིས་མ་ཟིན་པའི་དུས་ན་ལོ་ཏོག་སོགས་མི་འཁྲུངས་ལ། ལག་བྱད་ཀྱིས་ཟིན་ཚེ་ལོ་ཏོག་བཟང་དུ་སྐྱེ་བ་ལྟ་བུ་འདི་ནི་འགྱུར་བ་དང་པོའོ། །ཐོ་བ་དང་འཇོར་ལ་སོགས་པས་བསྣུན་པས་ཁུང་དང་གཤོལ་བུ་འབྱུང་བ་ནི་འགྱུར་བ་གཉིས་པའོ། །མེས་བསྲེགས་པའམ་རླུང་གིས་བདས་ནས་མཐོ་བ་དམའ་བར་གྱུར་པ་དང་། ཆུས་གཤེར་བས་བཤིག་པའི་འབྱུང་བས་བྱས་པའི་འགྱུར་བ་ནི་གསུམ་པའོ། །དུས་ཀྱིས་གཞན་དུ་འགྱུར་བ་ནི། དུས་བཟང་བའི་ཚེ་ས་གཞིས་བྱད་འབྲུ་ལ་སོགས་པ་བཟང་དུ་སྐྱེ་བའི་རྒྱུ་བྱེད་པ་དང་། དུས་ངན་པའི་ཚེ་ངན་པ་སྐྱེ་བར་བྱེད་པ་དང་དབྱར་རྩ་ལ་སོགས་པ་སྔོན་པོ་སྐྱེ་ལ་དགུན་སྐྱ་བོར་འགྱུར་ཞིང་འཁྱགས་ལ་སོགས་པའི་རང་བཞིན་དུ་འགྱུར་བ་དང་། ས་ཕྱོགས་ཁ་ཅིག་སྔོན་དགོན་པར་གྱུར་པ་ཕྱིས་གྲོང་དུ་གྱུར་ཏེ་འགྲོ་བ་མང་པོའི་འདུ་ལོང་ཅན་དུ་གྱུར་པ་དང་། སྡོན་གྲོང་དུ་གྱུར་པ་ད་ལྟར་དགོན་པར་གྱུར་པ་སོགས་སྔ་ཕྱི་མི་འདྲ་བར་སྣང་བ་ནི་འགྱུར་བ་བཞི་པའོ། ། དེ་ལྟར་འགྱུར་བ་བཞི་པོ་དེ་ཡང་སྐད་ཅིག་མའི་རྒྱུན་ལས་འགྱུར་བ་ཡིན་གྱི་སྐད་ཅིག་མ་རེ་རེ་ལ་ནི་རྣམ་པ་མི་འདྲ་བ་མེད་ལ། སྐད་ཅིག་མ་མ་ཡིན་པའི་ངོ་བོ་རྟག་པ་ལ་ནི་ནམ་ཡང་འགྱུར་བ་དམིགས་མི་སྲིད་པས་སྐད་ཅིག་སྔ་ཕྱི་རྣམ་པ་གཞན་དུ་སྐྱེས་པ་ལས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་འབྱུང་བ་ས་ཡང་སྐད་ཅིག་མ་ཉིད་དུ་གྲུབ་བོ། །ཁ་དོག་དང་དྲི་དང་རོ་དང་རེག་པ་བཞི་ནི་འབྱུང་བ་བཞི་ལས་གྱུར་པར་འདྲ་བའི་ཕྱིར་ཁ་དོག་ལ་སོགས་པ་བཞི་པོ་དེ་ནི་འབྱུང་བ་དེ་དང་འདྲ་བར་འབྱུང་བ་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པ་དེས་གྲུབ་པ་ཡིན་ནོ། །མེ་ནི་བུད་ཤིང་ལ་རག་ལས་ཏེ་འཇུག་པ་ནི་བུད་ཤིང་ཡོད་ན་འབར། མེད་ན་མི་འབར་བུད་ཤིང་ཆེ་ན་མེ་ཡང་ཆེ་ཞིང་ཆུང་ན་ཆུང་བའི་ཕྱིར་སྐད་ཅིག་མར་གྲུབ་བོ། །མེ་སྐད་ཅིག་མ་ཡིན་པ་དེ་བཞིན་ཏུ་བུད་ཤིང་ཡང་སྐད་ཅིག་མ་ཡིན་ཏེ། བུད་ཤིང་རིམ་བཞིན་ཚིག་ནས་མེ་འབྱུང་གི་བུད་ཤིང་སྡ་མ་བཞིན་དུ་གནས་ནས་མེ་འབྱུང་ན་མེ་དང་བུད་ཤིང་གཉིས་ཀ་ཟད་པར་ཅི་སྟེ་འགྱུར། བུད་ཤིང་ཟད་ན་མེ་མི་གནས་པའི་ཕྱིར་དེ་གཉིས་རྒྱུ་ཡི་སྐད་ཅིག་དང་འབྲས་བུའི་སྐད་ཅིག་གི་རིམ་པར་ཇི་སྲིད་རྒྱུ་ཡོད་ཀྱི་བར་དུ་འབྲས་བུ་མེ་འབྱུང་ལ། རྒྱུ་མེད་ན་འབྲས་བུ་མེ་ཡང་མི་སྣང་བས་དེ་ལྟར་དངོས་པོ་ཐམས་ཅད་རྒྱུ་འབྲས་སྐྱེ་འགག་བར་མ་ཆད་པར་སྣང་བ་ཡིན་ནོ། །མེ་འབྱུང་བ་བཞི་བཤད་པའི་སྐབས་སུ་བརྗོད་ནས། གདོད་ཁ་དོག་སོགས་བརྗོད་རིགས་པ་ལ། ཁ་དོག་སོགས་ཀྱི་རྗེས་སུ་མེ་བཤད་པས་གོ་རིམས་མི་བདེ་སྙམ་ན། གང་ལྟར་བསྟན་ཀྱང་དོན་ལ་འགལ་བ་མེད་ཅིང་། ཚིག་གི་སྡེབ་སྦྱོར་བསྒྲིག་བདེ་བའི་དབང་གིས་དེ་ལྟར་བསྟན་ཏོ་ཞེས་གསུངས། དེར་མ་ཟད་འབྱུང་བ་དང་འབྱུང་འགྱུར་ཐམས་ཅད་རང་གི་རིགས་འདྲ་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་ཉིད་དུ་སྐད་ཅིག་གིས་སྐྱེ་ཞིང་འགག་པ་མེ་དང་བུད་ཤིང་ནི་དཔེས་སྟོན་པའི་ཆེད་ཀྱང་ཡིན་ནོ། །ཁ་ཅིག་སྒྲ་ནི་རྟག་པ་ཡིན་ཏེ་དེའི་རྒྱུན་ཁ་དོག་ལ་སོགས་པ་བཞིན་དུ་རྟག་ཏུ་མེད་པའི་ཕྱིར། སྒྲ་ཇི་ཙམ་གྲགས་པ་དེ་ཉིད་ཀྱི་བར་དུ་རྟག་པ་ཡིན་ཏེ་སྐད་ཅིག་མ་མ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ། བྱེད་པོས་རྩོལ་བ་བསྐྱེད་པ་སོགས་ཀྱིས་སྒྲའི་རྒྱུན་ཇེ་བས་ཇེ་ཆེར་དམིགས་པའི་ཕྱིར་དང་། དྲིལ་བུ་ལ་སོགས་པའི་སྒྲ་བསྒྲགས་པ་ཡང་ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་ཕྱིར་སྐད་ཅིག་མར་གྲུབ་ཀྱི། སྒྲ་མ་ཡལ་བར་དུ་སྒྲ་གཅིག་ལ་སྐད་ཅིག་མ་མེད་ན། ཇེ་ཆེ་དང་ཇེ་ཆུང་དུ་འགྱུར་བ་མི་འཐད་པས་སྒྲ་སྐད་ཅིག་མ་ཡིན་ཏེ་སྐྱེས་བུས་རྩོལ་བ་བསྐྱེད་པའི་ཁའི་རླུང་གིས་ཚིག་འབྲུ་རྣམས་བརྗོད་པ་རིམ་པས་སྐྱེ་འགག་བྱེད་པ་བཞིན་ནོ། ། ཆོས་ཀྱི་སྐྱེ་མཆེད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ་ཐར་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ལྟ་བུ་ལུས་ངག་གི་རྣམ་པར་རིག་བྱེད་མིན་པ་ཡང་སེམས་ཀྱི་རྗེས་སུ་འཇུག་པ་སྟེ་རྒྱུ་སེམས་ལ་མ་བརྟེན་པར་དེ་དག་སྐྱེ་བ་མེད་པའི་ཕྱིར། རྒྱུ་སེམས་མི་རྟག་པས་འབྲས་བུ་རིག་བྱེད་མིན་པའི་གཟུགས་ཀྱང་སྐད་ཅིག་མར་གྲུབ་བོ། །དྲི་བའི་ཕྱིར་ཞེས་པ་ནི། འཇིག་རྟེན་པ་དང་མུ་སྟེགས་པ་དག་འདུ་བྱེད་རྣམས་མཐར་འཇིག་པའི་མི་རྟག་པར་འདོད་ཀྱང་། མི་ཤི་བ་དང་བུམ་པ་ཆག་པ་ལྟ་བུ་འཇིག་པ་དངོས་སུ་མ་མཐོང་བ་དེ་སྲིད་དུ་སྐད་ཅིག་མ་མ་ཡིན་པར་རང་གི་ངོ་བོ་དེ་གནས་པར་འདོད་པ་ལ་དྲི་བ་བྱས་པ། ཁྱེད་ཅག་འདུ་བྱེད་རྣམས་མཐའ་ནམ་ཞིག་ན་མི་རྟག་པར་འདོད་ཀྱང་དེའི་བར་དུ་སྐད་ཅིག་མའི་མི་རྟག་པ་ཅིའི་ཕྱིར་མི་འདོད་དྲིས་པ་ན། དེ་དག་ན་རེ་འདུ་བྱེད་རྣམས་མཐར་འཇིག་པ་མཐོང་ལ། མ་ཞིག་བར་དུ་སྐད་ཅིག་གིས་འཇིག་པར་མ་མཐོང་བས་སྐད་ཅིག་གིས་འཇིག་པ་འདི་ནི་མི་འདོད་དོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་འདྲི་བར་བྱ་སྟེ། མར་མེའི་མེ་ལྕེ་དང་འབབ་ཆུའི་རྒྱུན་ལ་སོགས་པ་སྐད་ཅིག་གིས་གསར་བ་འབྱུང་ཞིང་སྔ་མ་འགག་པ་སངས་རྒྱས་པ་དང་མུ་སྟེགས་པ་གཉིས་ཀས་འདོད་མོད་ཀྱང་། ཆུ་བོ་རྒྱང་ནས་མཐོང་བ་དང་། མར་མེ་རླུང་གིས་མ་གཡོས་པ་ལ་སྐད་ཅིག་གིས་འཇིག་པ་དབང་པོས་མངོན་སུམ་མ་མཐོང་ན་དེ་དག་སྐད་ཅིག་མ་ཡིན་པར་ཅིས་མི་འདོད་ཅེས་དྲིས་པ་ལ། འབབ་ཆུ་ལ་རྒྱང་ནས་བལྟས་ན་གཅིག་འདྲ་ཡང་དྲུང་དུ་བཏུད་ནས་བལྟས་ན་ཆུ་གསར་བ་གསར་བ་ལས་ཆུ་གཅིག་མ་ཡིན་པ་མངོན་སུམ་མཐོང་ལ། མར་མེ་ལ་ཡང་མེ་ལྕེ་སྔ་མ་སྔ་མ་རྩེ་མོར་རིམ་པས་ཟད་ཅིང་ཡལ་ནས་རྩ་བ་ནས་མེ་ལྕེ་གསར་བ་རིམ་པར་འབྱུང་ཞིང་། མཐར་སྣུམ་ཟད་པ་ན་མེ་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ་འགག་པར་མཐོང་གི རྟག་ཏུ་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་མི་མཐོང་བས་དེ་དག་སྐད་ཅིག་མ་མིན་པར་བརྗོད་མི་ནུས་ལ། ཀ་བ་དང་བུམ་པ་ཁང་ཁྱིམ་དང་སྐྱེ་བོ་དང་རྡོ་ཕ་ཝོང་ལ་སོགས་པ་རྣམས་ལོ་དང་ཟླ་བར་བཞག་ན་ཡང་ཇེ་ཆུང་དུ་མི་འགྱུར་ཞིང་སྔར་མཐོང་བ་དེ་བཞིན་དུ་ཕྱིས་ཀྱང་གནས་པས་ན་དེ་རྣམས་སྐད་ཅིག་གིས་འཇིག་པ་མ་མཐོང་ངོ་ཟེར་ན། ཡང་དྲིས་པ་ཀ་བུམ་སོགས་དངོས་པོ་རྣམས་ཀྱང་དང་པོ་སྣང་ལ་བར་དུ་རྐྱེན་གྱི་དབང་གིས་ཁ་དོག་དབྱིབས་སོགས་སྔར་ལས་གཞན་དུ་འགྱུར་བ་དང་། མཐར་སྐྱེན་དང་ཕྲད་ན་དངོས་སུ་འཇིག་པ་ཅི་སྟེ་མེད། དེ་ལྟར་ཡོད་བཞིན་འདི་རྣམས་མར་མེ་དང་འདྲ་བར་སྐད་ཅིག་མ་ཅིས་མ་ཡིན་ཞེས་དྲིས་པ་ན། དེ་དག་ན་རེ། མར་མེ་དང་དེ་ལས་གཞན་པའི་ཀ་བུམ་སོགས་འདུ་བྱེད་རྣམས་མཚན་ཉིད་མི་མཐུན་ཏེ། མར་མེ་ནི་ཚ་བ་དང་སྣང་བར་བྱེད་པ་མི་བརྟན་པར་སྐད་ཅིག་གིས་སྐྱེ་ཞིང་འགག་པའི་མཚན་ཉིད་ཅན་དུ་མཐོང་ལ། ཀ་བུམ་སོགས་གཞན་ནི། སྐྱེས་ནས་ཇི་སྲིད་ཅིག་གི་བར་དུ། གདུང་འདེགས་པ་དང་ཆུ་བླུག་པ་སོགས་ཀྱི་དོན་བྱེད་པས་སྲ་ཞིང་བརྟན་པའི་མཚན་ཉིད་ཅན་དུ་མཐོང་བས་དེ་གཉིས་འདྲ་བ་མ་ཡིན་ནོ་ཟེར་ན། དེ་ལ་འདི་སྐད་དུ་བསྟན་པར་བྱ་སྟེ། འདུ་བྱེད་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་མི་འདྲ་བ་ཙམ་ནི་རང་གཞན་གཉིས་ཀར་གྲུབ་མོད་ཀྱི། དེས་འདུ་བྱེད་རྣམས་སྐད་ཅིག་གིས་མི་རྟག་པའི་མཚན་ཉིད་དུ་མི་འགྲུབ་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ཉིད་མི་མཐུན་པ་ལ་རྣམ་པ་གཉིས་ཏེ། རང་བཞིན་མི་མཐུན་པ་དང་། འཇུག་པ་མི་མཐུན་པའོ། །རང་བཞིན་མི་མཐུན་པ་ནི་མེའི་རང་བཞིན་ཚ་བ་དང་། ཆུའི་རང་བཞིན་གཤེར་བ་ལྟ་བུའོ། །འཇུག་པ་མི་མཐུན་པ་ནི། མར་མེ་ལ་སོགས་པ་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་ལ། བུམ་པ་སོགས་འདུ་བྱེད་གཞན་རྣམས་སྐྱེས་ནས་དུས་ཇི་སྲིད་ཅིག་ཏུ་གནས་ནས་གཟོད་འཇིག་པས་འཇུག་པ་མི་མཐུན་པ་འདི་ཁྱོད་ཀྱིས་ཞེ་འདོད་ཡིན་པར་མངོན་ན། མར་མེ་དང་བུམ་སོགས་རང་བཞིན་མི་མཐུན་པ་ཡིན་མོད་ཀྱི། དེས་སྐད་ཅིག་མར་འཇུག་པ་མི་མཐུན་པར་མི་འགྲུབ་པར་མ་ཟད། མར་མེ་སྐད་ཅིག་མ་ཡིན་པར་ཁྱོད་ལ་གྲུབ་པ་དེ་དཔེར་བྱས་ནས། བུམ་སོགས་འདུ་བྱེད་གཞན་སྐད་ཅིག་མར་སྒྲུབ་པ་ཡིན་ཏེ། དཔེ་དེ་ཡང་མར་མེ་བསྒྲུབ་པ་ལ་མར་མེ་དང་། བ་ལང་བསྒྲུབ་པ་ལ་བ་ལང་དཔེར་འགོད་པ་ལྟ་བུ་རང་བཞིན་གཅིག་པ་ནི་དཔེར་མི་རུང་ཞིང་། རང་བཞིན་མི་གཅིག་པའི་དངོས་པོ་གཞན་འཇུག་པའམ་བསྒྲུབ་བྱའི་ཆོས་གཅིག་པ། ཉི་མ་མེ་དང་འདྲ་བར་ཚའོ། །བ་ལང་ནི་བ་མིན་དང་འདྲའོ་ཞེས་བརྗོད་པ་ལྟར་བུམ་སོགས་དང་མར་མེ་རང་མཚན་གྱི་རྣམ་པ་མི་འདྲ་ཡང་། སྤྱི་མཚན་སྐད་ཅིག་མའི་མི་རྟག་པ་ཡིན་པ་ལ་ཁྱད་མེད་པར་སྒྲུབ་ནུས་པའི་ཕྱིར། རྣམ་པ་མི་འདྲ་བ་ཙམ་གྱིས་ཆོས་ཁ་ཅིག་སྐད་ཅིག་གིས་འཇིག་ལ། འགའ་ཞིག་རེ་ཤིག་གནས་ནས་ཕྱིས་འཇིག་པ་མི་སྲིད་དེ། འདུ་བྱེད་ཐམས་ཅད་སྐད་ཅིག་གིས་འཇིག་པ་ལ་ཁྱད་མེད་དོ། །གཞན་ཡང་ཁྱེད་ཅག་གི་ཞེ་འདོད་ལྟར་ན། མར་མེའི་སྙིང་པོ་སྐད་ཅིག་མ་མིན་པར་གནས་ནས་དེས་མེ་ལྕེ་སྐད་ཅིག་མ་རིམ་ཅན་དུ་བསྐྱེད་པ་དང་། ཀ་བུམ་སོགས་སྐད་ཅིག་མ་མ་ཡིན་པར་རང་གི་ངོ་བོ་དེ་ཉིད་དུ་གནས་ན། ན་ནིང་ད་ལོ་སང་ཕོད་སོགས་ཀྱི་དུས་རྣམས་སུ་ཆུ་བླུགས་པ་དང་གདུང་འདེགས་སོགས་ཀྱི་འབྲས་བུ་ཐ་དད་དུ་མ་སྐྱེད་དོ་སྙམ་དུ་བསམ་པ་ཡིན་པས། ཁྱོད་ལ་འདི་ལྟར་འདྲི་སྟེ། རྟ་ལ་མི་ཞོན་ནས་ཡུལ་གཞན་དུ་ཕྱིན་པ་ན། རྟ་ནི་གང་དུ་མ་སོང་བར་དེ་ན་འདུག་བཞིན་དུ་མི་དེ་ཡུལ་གཞན་དུ་ཕྱིན་པ་ཡོད་དམ། དེ་དག་ན་རེ། དེ་ལྟ་བུ་འཇིག་རྟེན་ན་མི་སྲིད་པས་མི་འདོད་དེ། མི་དང་རྟ་མཉམ་དུ་ཡུལ་གཞན་དུ་ཕྱིན་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་ལན་བརྗོད་པ། གལ་ཏེ་ཁྱོད་ཀྱི་འདོད་པ་དེ་བཞིན་མར་མེའི་སྙིང་པོ་སྐད་ཅིག་མ་མ་ཡིན་པར་འདུག་ནས་མེ་ལྕེ་སྐད་ཅིག་མ་བསྐྱེད་པ་དང་། བུམ་སོགས་མི་གཡོ་བར་འདུག་ནས་ཆུ་བླུགས་པ་སོགས་ཀྱི་བྱ་བ་བྱེད་པ་དང་། མིག་སོགས་དབང་པོ་རྣམས་སྔ་མའི་ངང་ཚུལ་ལས་མི་གཡོ་བར་འདུག་ནས། མིག་ཤེས་སོགས་བསྐྱེད་པ་འདི་ཡང་རྒྱུ་མ་གཡོས་ནས་འབྲས་བུ་གཡོ་བ་གསར་དུ་སྐྱེད་པ་མི་རིགས་ཏེ། འབྲས་བུ་འདི་དག་གི་རྒྱུ་ནི་མི་གཡོ་བ་དེ་དག་ཡིན་པར་ཁས་བླངས་བས་རྟ་འདི་ན་འདུག་བཞིན་དེ་ལ་ཞོན་པའི་མི་ཡུལ་གཞན་དུ་ཕྱིན་པ་དང་ཅིས་མི་འདྲ། མར་མེའི་སྙིང་པོ་ཡང་སྣུམ་གྱིས་ཡང་ཡང་བྲན་པ་མེ་ལྕེས་ཟོས་ནས་རིམ་པ་རིམ་པར་ཟད་ཅིང་འགག་ནས་སྣུམ་ཟད་པ་ན་མར་མེ་ཤི་སྟེ་སྡོང་བུ་ཡང་ཐལ་བར་འགྱུར་གྱི་སྡོང་བུ་ལ་སྐྱེ་འགག་མེད་པར་མར་མེ་བསྐྱེད་ན་སྡོང་བུ་ནམ་ཡང་མི་འགག་ལ། མར་མེ་ཡང་ནམ་ཡང་མི་འགག་མོད་དེ་ལྟར་མ་ཡིན་པས་རྒྱུ་འབྲས་གཉིས་ཀ་སྐད་ཅིག་མ་ཡིན་པ་དང་། དེ་བཞིན་ཀ་བུམ་སོགས་ཀྱིས་དོན་བྱེད་པ་དང་དབང་པོ་ལས་དབང་ཤེས་སྐྱེ་བ་ཐམས་ཅད་ཀྱང་མར་མེ་བཞིན་དུ་རྒྱུ་འབྲས་བུ་གཉིས་ཆར་སྐད་ཅིག་མར་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པ་དང་། དེ་དག་ན་རེ། དེ་ལྟར་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་ན་ཇི་ལྟར་མར་མེ་ལ་སོགས་པ་བཞིན་དུ་འཇིག་རྟེན་པ་རྣམས་ཀྱི་མཐོང་བས་མི་རྟག་པར་ཡོངས་སུ་གཅོད་ཅིའི་ཕྱིར་མི་ནུས་ཞེ་ན། འཇིག་རྟེན་པའི་མཐོང་བས་སྐད་ཅིག་མར་ཡོངས་སུ་གཅོད་མ་ནུས་པ་ནི་འདུ་བྱེད་རྣམས་ལ་སྐད་ཅིག་མ་ཡིན་པ་དང་མ་ཡིན་པའི་ཁྱད་ཡོད་པས་མ་ཡིན་ཏེ། གློག་དང་ཆུ་བུར་དང་སྤྲིན་དང་མར་མེ་དང་འབབ་ཆུ་རྣམས་རིང་བོ་མི་ཐོགས་པར་འགག་པ་དང་། སྣང་བའི་དུས་ནའང་རྣམ་པ་མི་འདྲ་བར་སྣང་བའི་སྒོ་ནས་སྐད་ཅིག་གིས་མི་རྟག་པར་རྟོགས་སླ་ལ་ཀ་བུམ་དང་བྲག་རི་དང་རྡོ་རྗེའི་རྡོ་བ་ལ་སོགས་པ་སྐད་ཅིག་མ་ཡིན་ཡང་། ཇི་སྲིད་དུ་རིགས་འདྲ་བར་མ་ཆད་པར་བྱུང་བའི་འཁྲུལ་རྒྱུ་བྱས་ནས་ཕྱིན་ཅི་ལོག་གི་བློ་རྟག་པའི་འདུ་ཤེས་བྱུང་བ་ཡིན་གྱི་དངོས་པོ་རྣམས་སྐད་ཅིག་མ་མ་ཡིན་པའི་རྟག་པར་གནས་པ་ནི་ནམ་ཡང་མི་སྲིད་དོ། ། འཁྲུལ་པའི་རྒྱུ་མཚན་གྱིས་ཟིན་པའི་སེམས་ཅན་བློ་གྲོས་ཀྱི་མཐུ་ཆུང་བ་རྣམས་ལ་དངོས་པོའི་གནས་ཚུལ་མི་མཐུན་པ་ཕྱིན་ཅི་ལོག་གི་བློ་འདུ་བྱེད་རྣམས་གཙང་བདེ་རྟག་བདག་ཏུ་ཞེན་པ་ཡིན་ཏེ། མིག་སེར་གྱི་ནད་ཀྱིས་ཟིན་པས་དུང་ལ་སེར་པོར་མཐོང་བ་དང་། མཚན་མོ་མགལ་མེ་བསྐོར་བ་ལས་འཁོར་ལོ་ལྟར་སྣང་བ་དང་། མུན་པ་ཚབ་ཚུབ་ཀྱི་དུས་ན་མིག་མི་གསལ་བས་ཐག་པ་ལ་སྦྲུལ་དུ་བཟུང་བ་བཞིན་ནོ། །དེ་ལྟར་ཕྱིན་ཅི་ལོག་གི་བློ་ཡོད་པས་འཁོར་བ་ཡང་གྲུབ་ལ། ཚད་མ་དང་ལྡན་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་བློ་དེ་བསལ་བས་རྣམ་བྱང་ཡང་བསླུ་མེད་དུ་འགྲུབ་ཀྱི། ཕྱིན་ཅི་ལོག་གི་བློ་མེད་པར་འཇིག་རྟེན་པས་མཐོང་བ་ཐམས་ཅད་ཡང་དག་པར་མཐོང་བ་ཡིན་ན་ཐམས་ཅད་ཡེ་ནས་གྲོལ་བར་གྱུར་བའམ། ཡང་ན་ནམ་ཡང་གྲོལ་བ་མེད་པར་འགྱུར་ན་ཡང་། དེ་ལྟར་མ་ཡིན་པར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བསླུ་མེད་དུ་ཡོད་པའི་ཕྱིར་འཇིག་རྟེན་རང་ཁ་མས་མཐོང་བ་དང་མ་མཐོང་བ་ཙམ་ལ་ཚད་མར་མི་གཟུང་བར་ཡང་དག་པའི་རིགས་ལམ་ཚད་མ་དང་ལྡན་པ་ལ་བརྟེན་ན་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པར་འགྱུར་རོ། ། སྐམ་ད ང་འཕེལ་དང་སོགས་ནས་དྲི་བའི་བར་གྱི་ཇི་སྐད་བཤད་པ་དེས་ན་ཕྱི་ཡི་འདུ་བྱེད་དེ་ཡང་སྐད་ཅིག་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དབྱིག་གཉེན་འགྲེལ་བའི་དགོངས་པ་སློབ་དཔོན་བློ་གྲོས་བརྟན་པས་རྒྱས་པར་བཀྲལ་བའི་དོན་ཚང་བར་མདོར་བསྡུས་ཏེ་གསལ་བར་བཀོད་པ་ཡིན་ནོ། །གཉིས་པ་གང་ཟག་ལ་བདག་མེད་པར་བསྒྲུབ་པ་ནི། གང་ཟག་བཏགས་པར་སོགས་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བསྟན་ཏེ། ཆོས་ཀྱི་སྡོམ་བཞིའི་ནང་ནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། མི་རྟག་པ་ནི་མེད་པའི་དོན་གྱིས་མི་རྟག་པ་དང་། སྐད་ཅིག་མར་འཇིག་པའི་དོན་གྱི་མི་རྟག་པ་གཉིས་སུ་བསྟན་ཅིང་། དེའི་ནང་ནས་སྐད་ཅིག་མའི་མི་རྟག་པ་བསྒྲུབ་པ་ལ། སྤྱིར་བསྒྲུབ་པའི་རིགས་པའི་རྣམ་གྲངས་བཅུ་བཞི། བྱེ་བྲག་ཏུ་ནང་གི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པའི་རྣམ་གྲངས་བཅུ་བཞི། ཕྱིའི་འདུ་བྱེད་རྣམས་སྐད་ཅིག་མར་བསྒྲུབ་པའི་རིགས་པའི་རྣམ་གྲངས་དངོས་བསྟན་བཅུ་ཙམ་ཞིག་བསྒྲུབ་པའི་རྗེས་སུ། གང་ཟག་གི་བདག་མེད་པ་བསྒྲུབ་པ་ནི། གོང་དུ་ཕུང་པོ་ལྔ་རྣམས་སྐད་ཅིག་གིས་མི་རྟག་པར་བསྒྲུབ་པ་དེས་གང་ཟག་གི་བདག་གཅིག་པུ་བ་ཞིག་མེད་པར་དོན་གྱིས་གྲུབ་པའང་ཡིན་མོད་ཀྱི། འཇིག་རྟེན་པ་དང་མུ་སྟེགས་པ་དག་ཕུང་པོ་ཁུར་དུ་འཁྱེར་བའི་བྱེད་པ་པོ་རང་དབང་ཅན། བདག་ཅེས་བྱ་བ་དང་། སྲོག་ཅེས་བྱ་བ་དང་། གང་ཟག་ཅེས་བྱ་བ་དང་། བྱེད་པ་པོ་ཞེས་བྱའི་མིང་ཅན་དང་། དེ་བཞིན་དུ་ཕུང་པོ་རྣམས་རྒྱུན་མི་འཆད་པར་གསོ་བ་པོ་དང་། རྩལ་སྣ་ཚོགས་དང་ལྡན་པས་ཤེད་ཅན་དང་། ཤེད་བདག་དང་། སྐྱེ་དགུའི་བདག་པོ་ཤེད་བྱེད། ཅེས་བྱ་བ་ལས་སྐྱེས་པས་ཤེད་ལས་སྐྱེས་དང་། ཤེད་བུ། ཞེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བརྗོད་པའི་བདག་ནི་ཡོད་ལ་དེ་འཆིང་བ་དང་གྲོལ་བ་པོའི་གཞིར་འདོད་པ་ཡིན་ནོ། ། རང་སྡེ་གནས་མའི་བུའི་སྡེ་པ་སོགས་ཀྱིས་ཀྱང་བདག་ཡོད་པར་འདོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོའི་སྐྱེ་བོའི་གང་ཟག་དང་། རྒྱུན་དུ་ཞུགས་པའི་གང་ཟག་ལ་སོགས་པར་བསྟན་པ་དང་། གང་ཟག་གཅིག་འཇིག་རྟེན་དུ་བྱུང་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བ་བྱེད་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་གང་ཟག་གོ་ཞེས་གསུངས་པས། སེམས་ཅན་ཐམས་ཅད་ལ་བདག་ཡོད་དེ། བདག་མེད་ན་སུ་ཞིག་འཁོར་བར་འཆིང་སུ་ཞིག་གྲོལ། སུ་ཞིག་གིས་རང་དང་གཞན་གྱི་དོན་སྒྲུབ་སུ་ཞིག་ལམ་ལ་འཇུག་སྟེ་དེའི་ཕྱིར་བདག་ཡོད་དོ་ཞེས་འདོད་ཅིང་། མུ་སྟེགས་རྣམས་ཀྱི་ནི་བདག་དེའི་ཆེ་ཆུང་ཀྱང་ལུས་དང་འཚམས་པར་ཡོད་ཅེས་དང་། ཁ་ཅིག་གིས་བེམ་པོ། ཁ་ཅིག་གིས་ཤེས་པ། ཁ་ཅིག་གིས་གཟུགས་ཅན། ཁ་ཅིག་གིས་གཟུགས་ཅན་མིན་པ་སོགས་འདོད་ཚུལ་དུ་མ་དང་། ཐམས་ཅད་སྤྱིའི་བདག་དེ་རྟག་པ་དང་གཅིག་པུར་འདོད་ལ། ཡང་རང་དབང་ཅན་དང་། བྱེད་པ་པོ་ལ་སོགས་པའི་ཞེ་འདོད་ཀྱིས་ཀུན་བརྟགས་སྣ་ཚོགས་སུ་སྨྲའོ། །རང་སྡེ་གནས་མ་བུའི་སྡེ་བ་དག་གིས་བདག་རྫས་སུ་ཡོད་ཀྱང་ཕུང་པོ་དང་གཅིག་མ་ཡིན་ལ། ཐ་དད་ཀྱང་མ་ཡིན་པས་རྟག་མི་རྟག་སོགས་བརྗོད་དུ་མེད་པར་འདོད་དོ། ། དེའི་ཕྱིར་དེ་དག་གི་འདོད་པ་ལྟར་མ་ཡིན་པར་བསྟན་པ་ནི། གང་ཟག་དང་བདག་ཅེས་པ་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་ཙམ་གྱིས་བཏགས་པར་ཡོད་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པར། སོ་སྐྱེས་ནས་སངས་རྒྱས་ཀྱི་བར་ལ་གང་ཟག་གི་མིང་དུ་བཏགས་པའི་ཐ་སྙད་ཀྱིས་བསྟན་ཏེ་གསུངས་པ་ཡིན་གྱི། བདག་དང་གང་ཟག་རྫས་སུའམ་དོན་དམ་པར་རམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། ། དེ་ལྟར་བཏགས་པས་ཡོད་པ་དང་། རང་གི་ངོ་བོ་རྫས་སུ་མེད་པར་བསྟན་པས་ཐ་སྙད་དུ་བཏགས་པ་ཙམ་ཡང་མི་རུང་བ་དང་། བདག་ངོ་བོས་ཡོད་པར་གྱུར་པའི་ཕྱོགས་གཉིས་ཀྱི་ཉེས་པ་མེད་པ་ཡིན་ནོ། །བདག་རྫས་སུ་མེད་པར་ཅིས་མངོན་ཞེ་ན། བདག་རྫས་ཡོད་ན་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གང་རུང་གིས་དམིགས་དགོས་ན། དེ་ཚད་མས་མི་དམིགས་པའི་ཕྱིར།རྫས་སུ་མེད་པར་གྲུབ་བོ། ། ཇི་ལྟར་ན་བདག་གི་མིག་ལ་སོགས་པའི་དབང་པོ་དྲུག་དང་མིག་ཤེས་ལ་སོགས་པ་རྣམ་པར་ཤེས་པ་གང་གིས་ཀྱང་མངོན་སུམ་དུ་མ་དམིགས་ཏེ་དམིགས་མི་སྲིད་དོ། ། གཞན་དག་ན་རེ་བདག་ནི་མིག་དང་མིག་ཤེས་ལ་སོགས་པའི་དབང་པོ་ལྔ་དང་རྣམ་ཤེས་ལྔས་མ་དམིགས་ཀྱང་དེ་ཙམ་གྱིས་མེད་པར་མི་འགྲུབ་སྟེ། དབང་ཤེས་ལྔས་མ་དམིགས་པའི་སེམས་སེམས་བྱུང་རྣམས་ཡིད་ཀྱི་ཤེས་པས་དམིགས་པས་ཡོད་པར་འདོད་པ་བཞིན་དུ། བདག་ཡོད་པར་འདོད་པ་རྣམས་ཀྱིས་ཡིད་ཀྱིས་དམིགས་པའི་ཕྱིར་བདག་ཡོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་། ཚེ་འདི་ཉིད་ལ་བདག་ཏུ་དམིགས་ཤིང་འདོགས་སོ་ཞེས་བདག་དམིགས་པར་གསུངས་པའི་ཕྱིར་རོ་ཞེས་སྨྲ་བ་ལ་བརྗོད་པ། བདག་ཡོད་པར་འདོད་པ་རྣམས་ཀྱིས་བདག་ཏུ་དམིགས་པ་ནི་ཕྱི༵ན་ཅི༵་ལོ༵ག་ཡིན་ཏེ། མེད་པ་ལ་ཡོད་པར་དམིགས་པ་ཐག་པ་ལ་སྦྲུལ་དུ་དམིགས་པ༵་ལྟར་འཁྲུལ་བ་ཡིན་གྱི་ཡོད་པར་ཡིད་ཤེས་ཀྱིས་མངོན་སུམ་མཐོང་ནས་དམིགས་པ་མ་ཡིན་ལ། བཅོམ་ལྡན་འདས་ཀྱིས་བདག་རྫས་སུ་ཡོད་པ་ལ་ཤེས་པ་ཚད་མས་དམིགས་ཞེས་གསུངས་པ་མ་ཡིན་གྱི་བདག་མེད་བཞིན་བདག་ཏུ་ལྟ་ཞིང་ཡིད་ཀྱིས་དམིགས་ནས་ཚིག་ཏུ་ཡང་བདག་ཅེས་མིང་འདོགས་སོ་ཞེས་གསུངས་པ་ཡིན་ནོ། ། བདག་ཡོད་པར་སྨྲ་བ་རྣམས་ཀྱིས་སྨྲས་པ། བདག་ཡེ་ནས་མེད་པ་ཞིག་ལ་བློས་ཀྱང་དམིགས་པར་མི་རིགས་མོད། སེམས་ཅད་ཐམས་ཅད་ཀྱི་བློས་བདག་ཏུ་དམིགས་པའི་ཕྱིར་བདག་ཏུ་དམིགས་པ་འདི་ཕྱིན་ཅི་ལོག་ཡིན་པར་ཇི་ལྟར་མངོན་ཞེ་ན། བདག་ཏུ་དམིགས་པ་ཕྱིན་ཅི་ལོག་མ་ཡིན་ན་ཉེས་པ་མེད་པ་ཡིན་དགོས་ཀྱང་། བདག་ལྟ་འདི་ནི་ཉེས་པའི་རང་བཞིན་ཅན་ཀུན་ནས་ཉོན་མོངས་པའི་ངོ་བོ་ཡིན་པ་དང་ཉོན་མོངས་པ་གཞན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཡིན་པར་མངོན་ནོ། ། དེ་ཡང་བདག་ཏུ་དམིགས་པ་འདི་ནི་རྩ་ཉོན་དྲུག་ལས་ལྟ་བའི་བྱེ་བྲག་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེ་ལས་ཆགས་སོགས་ཉོན་མོངས་པ་ཀུན་རྒྱས་ཤིང་དེའི་དབང་གིས་སྡུག་བསྔལ་སྣ་ཚོགས་པའི་རང་བཞིན་ཅན་འཁོར་བ་འགྲུབ་པའི་ཕྱིར་འདི་ལ་ཉེས་པ་ཡོད་པས་ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ། ། གཞན་དག་ན་རེ། བདག་ཏུ་ལྟ་བ་འདི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཅན་ཡིན་ཡང་ཕྱིན་ཅི་ལོག་མ་ཡིན་ནོ་ཟེར་ན། ཕྱིན་ཅི་ལོག་མ་ཡིན་ན་ཀུན་ནས་ཉོན་མོངས་པར་འགྱུར་བར་མི་རིགས་ཏེ། གང་ཀུན་ནས་ཉོན་མོངས་པ་ཡིན་པ་དེ་ཕྱིན་ཅི་ལོག་ཡིན་ཏེ་དཔེར་ན་རྟག་པར་དང་གཙང་བར་འཛིན་པ་ལྟ་བུའོ། །གང་ཀུན་ཉོན་མེད་པ་དེ་དང་དེ་ལ་ཕྱིན་ཅི་ལོག་མེད་དེ། དཔེར་ན་མི་རྟག་པ་དང་མི་གཙང་བར་འཛིན་པ་ལྟ་བུའོ། །དེས་ན་ཕྱིན་ཅི་ལོག གཙང་བདེ་རྟག་བདག་ཏུ་རྟོག་པ་མི་གཙང་སྡུག་བསྔལ་མི་རྟག་བདག་མེད་དུ་རྟོགས་པའི་ལམ་གྱིས་བསལ་བས་སྐྱོན་རྣམ་པར་དག་པ་རྣམ་བྱང་འཐོབ་སྟེ། རབ་རིབ་ཀྱི་སྐྱོན་གྱིས་མཐོང་བ་ཕྱིན་ཅི་ལོག་ཏུ་སྣང་བ་བདེ་བའི་མིག་སྐྱོན་མེད་པ་བཞིན་ནོ། །ཡང་བདག་ཏུ་སྨྲ་བ་རྣམས་ན་རེ། གང་ཟག་བཏགས་ཡོད་དུ་སྨྲ་བ་ཁྱེད་ཀྱིས་ཀྱང་གཞི་མེད་པ་ལ་བཏགས་པ་མི་རིགས་པས་གང་ཟག་དེ་ཅི་ལ་བརྟེན་ནས་འདོགས་པ་ཡིན་ཞེ་ན། གང་ཟག་ཏུ་འདོགས་པ་འདི་ནི་གང་ཟག་རྫས་སུ་ཡོད་པ་ལས་དེ་ལྟར་གང་ཟག་ཅེས་འདོགས་པ་མིན་གྱི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གང་ཟག་ཅེས་འདོགས་པ་ཙམ་དུ་ཟད་དེ། མདོ་ལས་ཀྱང་། དགེ་སྦྱོང་ངམ་བྲམ་ཟེ་གང་སུ་ཡང་རུང་ལ་བདག་གམ་བདག་གི་ཞེས་འདོགས་པ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ངའམ་བདག་གི་ཞེས་འདོགས་པར་ཟད་དོ་ཞེས་གསུངས་སོ། །བཏགས་པའི་གང་ཟག་དེ་དང་། གདགས་གཞི་ཕུང་པོ་ལྔ་གཅིག་ཡིན་ནམ་ཐ་དད་གང་དུ་སྨྲ་ཞེས་འདྲི་བ་ལ་ལན་དུ། ཉེས་པ་གཉིས་ཕྱིར་སོགས་ཚིགས་བཅད་གཅིག་གསུངས་ཏེ། གང་ཟག་རྫས་སུ་ཡོད་པར་འདོད་པའི་ལུགས་ལྟར་ན་གང་ཟག་དང་ཕུང་པོ་གཅིག་ཐ་དད་གང་རུང་དུ་འདོད་དགོས་ཏེ། རྫས་སུ་ཡོད་པའི་དངོས་པོ་དེ་རྫས་གཞན་ལས་ཐ་དད་དང་། རྫས་རང་ཉིད་ལས་གཞན་མིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་རྫས་ལས་ཐ་དད་དང་། བུམ་པའི་རྫས་ཉིད་དང་གཅིག་པ་བཞིན་ནོ། །བཏགས་པའི་གང་ཟག་ལ་ཕུང་པོ་ལས་གཞན་པའི་རྫས་མེད་པ་དང་། གདགས་གཞི་དང་བཏགས་པ་ཙམ་གྱི་སྒོ་ནས་ཐ་དད་པས་གཅིག་ཀྱང་མ་ཡིན་པའི་ཕྱིར་རོ། ། འཆད་འགྱུར་ལྟར་ཉེས་པ་གཉིས་ཀྱི་ཕྱིར་ན་ཕུང་པོ་དེ་ལས་བདག་འདི་ནི་གཅིག་དང་གཞན་དུ་བརྗོད་པར་བྱ་བ་མིན་ཏེ། གང་ཟག་གམ་བདག་དང་ཕུང་པོ་གཅིག་མ་ཡིན་ལ། ཐ་དད་དམ་གཞན་ཀྱང་མིན་ནོ། །ཉེས་པ་གཉིས་ནི། ཕུང་པོ་དང་བདག་གཅིག་ཡིན་ན་ཕུང་པོ་ལྔ་པོ་བདག་ཏུ་ཐལ་བ་དང་། བདག་ཕུང་གཞན་ཡིན་ན་བདག་དེ་ཕུང་པོ་ལས་གཞན་ཉིད་དུ་རྫས་ཡོད་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། ། དེ་ལྟར་གྱུར་ན་ཉེས་པ་ཅི་ཡོད་ཞེ་ན། ཕུང་པོ་བདག་ཡིན་ན་ཕུང་པོ་བཞིན་དུ་བདག་དུ་མ་དང་མི་རྟག་པར་འགྱུར་བའམ་ཡང་ན་བདག་བཞིན་དུ་ཕུང་པོ་ལྔ་ཡང་གཅིག་དང་རྟག་པར་འགྱུར་རོ། །ཕུང་པོ་དང་ཐ་དད་ཡིན་ན་ཕུང་པོ་ལས་གཞན་དུ་དམིགས་པར་ཐལ་བ་དང་། ཕུང་པོ་ལྔས་ལས་བསགས་པ་དང་འབྲས་བུ་བདེ་སྡུག་མྱོང་བ་བདག་ལ་འབྲེལ་བ་མེད་པར་འགྱུར་རོ། ། བདག་སྨྲ་བའི་བྱེ་བྲག་གནས་མ་བུའི་སྡེ་བ་རྣམས་སངས་རྒྱས་ལ་སྟོན་པར་འཛིན་ཡང་སྟོན་པའི་བཀའ་བདག་མེད་པ་ལས་འདས་ཏེ་བདག་རྫས་སུ་ཡོད་པར་འདོད་པ་ལ་བརྒལ་བ། གལ་ཏེ་བདག་རྫ༵ས་སུ་ཡོ༵ད་ལ། ཕུང་པོ་ལྔ་ལས་གཅིག་ཐ་དད་དང་། རྟག་མི་རྟག་ཏུ་བརྗོད་དུ་རུང་བ་མི༵ན་པ༵འི་ཞེ་འདོད་འདི་ལྟར་བཞག་པའི་རྒྱུ་མཚན་ནམ་དགོ༷ས་པ༷་ཡ༷ང་ནི༷་བརྗོ༷ད་དགོ༷ས་ཏེ། དགོས་པའམ་རྒྱུ་མཚན་མེད་པར་བརྗོད་དུ་མེད་དོ། །ཞེས་པའི་ག་ཙམ་གྱིས་རང་གི་གྲུབ་མཐའ་འགྲུབ་པར་མི་ནུས་སོ༵། ། ཞེས་བརྒལ་བ་ལ་དེ་དག་ན་རེ། བདག་དང་ཕུང་པོ་གཅིག་མིན་ཏེ་ཕུང་པོ་སྔ་མ་འགགས་ཀྱང་བདག་ནི་ད་དུང་འཁོར་བར་གནས་པར་འདོད་དགོས་པའི་ཕྱིར་རོ། ། བདག་ཕུང་ཐ་དད་ཀྱང་མ་ཡིན་ཏེ་ཕུང་པོ་ལས་གཞན་པའི་ལས་བསགས་པ་པོ་དང་རྣམ་སྨིན་མྱོང་བ་པོ་མ་དམིགས་པའི་ཕྱིར་རོ། །རྟག་པ་ཡང་མ་ཡིན་ཏེ་སྐྱེ་བ་གཞན་དང་གཞན་གྱི་གནས་སྐབས་སུ་འགྱུར་པའི་ཕྱིར་རོ། །བདག་མི་རྟག་པ་ཡང་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ན་ཐ་མའི་བར་དུ་བདག་གཅིག་ཡིན་གྱི་བདག་དུ་མ་སྐྱེ་ཞིང་འགགས་པ་མེད་པའི་ཕྱིར་རོ། །དེས་ན་ལས་འབྲས་ཀྱི་རྟེན་དུ་རྫས་ཡོད་ཀྱི་བདག་ཕུང་པོ་ལས་གཅིག་ཐ་དད་སོགས་སུ་བརྗོད་དུ་མེད་པ་འདོད་དགོས་སོ། ། དཔེར་ན་མེ་དང་བུད་ཤིང་གཅིག་མ་ཡིན་ཏེ་བུད་ཤིང་ཙམ་གྱིས་བསྲེག་པའི་བྱ་བ་མི་བྱེད་ལ། མེས་བུད་ཤིང་གི་བྱ་བ་མི་བྱེད་པའི་ཕྱིར་དང་། ཐ་དད་ཀྱང་མ་ཡིན་ཏེ་བུད་ཤིང་ཉིད་མེར་གྱུར་པ་ལས་གཞན་དུ་མེ་ཐ་དད་པར་མ་དམིགས་པ་བཞིན་ནོ་ཞེ་ན། ཁྱོད་ཀྱིས་བདག་དང་ཕུང་པོ་གཉིས་ཀ་རྫས་ཡོད་དུ་ཁས་བླངས་ནས་དེ་གཉིས་གཅི༵ག་ད༷ང་ཐ་དད་གཞ༷ན་དུ༷་བརྗོ༷ད་པ་རུང་བ་མིན་ཞེས་པ༷་དེ་ནི་རང་གི་ཞེ་འདོད་འགྲུབ་པའི་དགོ༷ས་པ༷འམ་རྒྱུ་མཚན་ཅུང་ཟད་མེ༷ད་པ༷ར་ཚིག་ཙམ་དུ་བབ་ཅོལ་དུ་སྨྲས་པར་ཟད་པས་མི༷་རི༷གས་སོ༷། །ཇི་ལྟར་མི་རིགས་ན། ཀ་བ་དང་བུམ་པ་གཉིས་ཀ་སོ་སོའི་རྫས་ཡོད་དུ་ཁས་བླངས་ནས་ཀ་བུམ་གཅིག་མ་ཡིན་ཞེས་བརྗོད་ན་ཐ་དད་ཡིན་པར་ཚིག་དེ་ཉིད་ཀྱིས་གྲུབ་པས་སླར་ཀ་བུམ་ཐ་དད་ཀྱང་མ་ཡིན་ཞེས་རྣམ་པ་ཀུན་དུ་སྨྲ་མི་རུང་བ་ལྟར། བདག་དང་ཕུང་པོ་གཉིས་ཀ་རྫས་སུ་ཡོད་པར་ཁས་བླངས་པ་ཕན་ཆད་བདག་ཕུང་གཅིག་མ་ཡིན་པར་ཁས་བླངས་པར་རིགས་ཀྱི། ཐ་དད་དམ་གཞན་མ་ཡིན་པར་བརྗོད་པ་ལ་དགོས་པ་མེད་པར་མ་ཟད་རང་གི་ཁས་ལེན་ཤིན་ཏུ་འགལ་པར་འགྱུར་ཏེ་ཀ་བུམ་ཐ་དད་མ་ཡིན་པར་སྨྲ་བ་བཞིན་ནོ། ། གལ་ཏེ་ཐ་དད་དུ་ཁས་བླངས་ན་ཕུང་པོ་ལས་གཞན་པའི་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོའི་བདག་མ་དམིགས་པའི་གནོད་པ་དེར་དོགས་ནས་གཞན་ཀྱང་མིན་པར་ཁས་ལེན་ནོ་སྙམ་ན། བདག་དང་ཕུང་པོའི་རྫས་གཉིས་ཀ་གཞན་མིན་པར་གཅིག་ཏུ་ཁས་བླངས་པའི་སྐྱོན་གོང་བརྗོད་ལས་མི་འདའོ། །གནོད་པ་དེར་དོགས་ནས་གཅིག་པར་ཡང་ཁས་མི་ལེན་ནོ་ཞེ་ན་ཐ་དད་པར་ཁས་བླངས་པས་རང་གིས་གཅིག་པར་ཁས་བླངས་པ་དེ་མ་ཐག་ཏུ་ཞིག་པས་ཁས་ལེན་དངོས་འགལ་སྨྲས་པ་ལ་དགོས་པ་མེད་པར་མ་ཟད་ཉེས་པ་ཤིན་ཏུ་ཆེ་བས་བདག་རྫས་ཡོད་དུ་འདོད་དགོས་ན་གཅིག་ཐ་དད་གང་རུང་དུ་འདོད་རིགས་ཀྱི་གཅིག་དང་ཐ་དད་གང་ཡང་མིན་པའི་རྫས་ནི་འཇིག་རྟེན་ན་མི་སྲིད་ཅིང་། ལུང་ལས་ཀྱང་མ་གསུངས་པ་ལ་རིགས་པས་ཀྱང་མི་འགྲུབ་བོ། །དེས་ན་བདག་ཕུང་གཅིག་ཐ་དད་དུ་ཁས་བླངས་ན་སྐྱོན་གང་རུང་ཞིག་འབབ་པ་དེ་ནི་བདག་རྫས་སུ་མེད་པར་བཏགས་པ་ཙམ་ཡིན་པའི་དབང་གིས་ཡིན་ཏེ། གོང་དུ་གསུངས་པ་བཞིན་ནོ། །དེས་ན་བདག་བཏགས་པ་ཙམ་དུ་འདོད་པས་གཅིག་དང་གཞན་དུ་བརྗོད་མི་རུང་བ་ཡིན་པར་ཁོང་དུ་མ་ཆུད་པར་བདག་རྫས་སུ་འདོད་བཞིན་གཅིག་དང་གཞན་དུ་བརྗོད་དུ་མི་རུང་བ་དང་། རྟག་པ་དང་མི་རྟག་པར་བརྗོད་དུ་མི་རུང་ཞེས་སྨྲས་པ་ནི་དངོས་འགལ་གྱི་ཚིག་ཙམ་ལས་ལས་འབྲས་ཀྱི་རྟེན་དུ་རུང་བའི་དགོས་པ་ཅུང་ཟད་མི་འགྲུབ་བོ། ། མེ་དང་བུད་ཤིང་གཅིག་དང་གཞན་མིན་པ་ཞེས་དཔེར་བྱེད་པ་ནི་མི་འཐད་དེ། མེ་དང་བུད་ཤིང་མཚན་ཉིད་ཀྱི་སྒོ་ནས་ཐ་དད་ཡིན་ཏེ་མེ་སྲེག་ཞིང་ཚ་བའི་མཚན་ཉིད་དང་། བུད་ཤིང་ནི་ཚ་ཞིང་སྲེག་པར་བྱེད་པ་མ་ཡིན་ལ་སྲ་བ་དང་སྤྱད་ཆ་སྣ་ཚོགས་སུ་རུང་བའི་མཚན་ཉིད་ཡིན་པས་མཚན་ཉིད་ཐ་དད་པ་དང་། འཇིག་རྟེན་ན་ཡང་དེ་གཉིས་ཐ་དད་དུ་མཐོང་བའི་ཕྱིར་ཏེ། མེ་མེད་པར་བུད་ཤིང་རྐྱང་བ་དང་། བུད་ཤིང་མེད་པ་ཡང་མེ་ལྕེ་རླུང་གིས་རྒྱང་རིང་པོར་བཅད་པ་དང་། ལྕགས་དང་རྡོ་བ་གཙུབ་པ་སོགས་ལས་ཀྱང་མེ་སྣང་བའི་ཕྱིར་རོ། །གཙུག་ལག་གི་བསྟན་བཅོས་ཀྱི་སྒོ་ནས་ཀྱང་། མེ་ནི་འབྱུང་བ་བཞིའི་ཡ་གྱལ་དང་། བུད་ཤིང་ནི་འབྱུང་བ་ལས་གྱུར་པ་སྟེ། ཆུས་སྡུད་ཅིང་སས་སྲ་བ་དང་། རླུང་གིས་གཡོ་བའི་ཁམས་ལས་གཙོ་ཆེར་གྲུབ་པའོ། ། དེ་ལྟར་བུད་ཤིང་མེ་བཞིན་གཅིག་པ་དང་གཞན་གཉིས་སུ་ནི་བརྗོད་པར་བྱ་བ་མིན་ཞེས་པ་དེ་མི་རུང་སྟེ་དེ་གཉིས་དངོས་པོའི་རྫས་ཐ་དད་པ་གཉིས་ཡིན་པའི་ཕྱིར་རོ། ། ད་ནི་ཕྱི་རོལ་མུ་སྟེགས་པ་དག་གིས་ཞེ་འདོད་ཀྱི་བདག་བཀག་པ་ནི། མུ་སྟེགས་པ་རྣམས་ན་རེ། བདག་ཡོད་དེ་གཟུགས་ལ་ལྟ་བ་པོ་དང་། དེ་བཞིན་སྒྲ་ཉན་པ་དང་། དྲི་སྣོམ་པ་དང་། རོ་མྱོང་བ་དང་། རེག་བྱ་ཚོར་བ་དང་ཆོས་རྣམ་པར་རིག་པ་པོ་དེ་བདག་ཡིན་ལ། ལས་དགེ་སྡིག་བྱེད་པ་པོ་དང་། རྣམ་སྨིན་ནམ་ཡུལ་ལོངས་སྤྱོད་པའི་ཟ་བ་པོ་དང་། སེམས་ཅན་རྣམས་ཀྱི་འཆིང་བ་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་ལས་གྲོལ་བ་པོའི་བདག་ཅི་སྟེ་མེད་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། བདག་མེད་ཀྱང་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་ཡོད་རུང་གི བདག་གིས་ལྟ་བ་སོགས་ཀྱི་བྱ་བ་ཅི་ཡང་མི་བྱེད་དོ། །ཇི་ལྟར་མི་བྱེད་ཅེ་ན། དབང་པོ་དང་ཡུལ་གྱི་གྲོགས་སུ་བདག་དེ་མེད་ན་ལྟ་བ་སོགས་མི་འབྱུང་བའི་རྐྱེན་དུ་གྱུར་པ་ཞིག་ཡིན་པའམ། བདག་གི་མཐུས་དབང་པོ་སོགས་རྐྱེན་རྣམས་བསྐུལ་ནས་གཟོད་ལྟ་བ་སོགས་བྱེད་པའི་བདག་པོའམ་རྗེ་བོ་ལྟ་བུ་གང་ཡིན། དང་པོ་ལྟར་མ་ཡིན་ཏེ། མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་གྱི་རྐྱེན་གཉིས་ཡོད་ན་དེ་ལ་བརྟེན་ནས་མིག་ཤེས་སོགས་རྣམ་ཤེས་དྲུག་པོ་སྐྱེ་བའི་ཕྱིར། དེ་ལ་རྐྱེན་གཞན་མི་དགོས་ལ། དེ་གཉིས་མ་ཡིན་པའི་རྐྱེན་གཞན་གྱིས་བསྐྱེད་པར་མ་དམིགས་པའི་ཕྱིར་བདག་ནི་རྣམ་ཤེས་དེ་སྐྱེ་བའི་རྐྱེན་མ་ཡིན་ཏེ། དེ་གཉིས་ཁོ་ནས་ཡིད་བྱེད་མ་ཉམས་པའི་ཤེས་པ་སྐྱེད་ནུས་པ་ལ་རྒྱུ་གཞན་བདག་མི་དགོས་པས་དེ་འདྲའི་རྒྱུ་དོན་མེད་པའི་ཕྱིར། དཔེར་ན་བུད་ཤིང་གིས་མེ་བསྐྱེད་པ་ལ་ཆུ་མི་དགོས་པ་བཞིན་ནོ། ། དེ་ཕྱིར་གཟུགས་ལ་ལྟ་བ་པོ་ནི་མིག་གི་རྣམ་ཤེས་ཡིན་པ་སོགས་གྲོལ་བ་པོའི་བར་དུ་རྣམ་ཤེས་རྣམས་ལ་ལྟ་བ་པོ་སོགས་སུ་བརྗོད་པའི་ཕྱིར། བདག་ནི་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་འགྱུར་ཏེ། རྣམ་ཤེས་ཉིད་མ་ཡིན་པའི་བདག་ལྟ་བ་པོ་སོགས་དང་གྲོལ་བ་པོ་མ་དམིགས་པའི་ཕྱིར་རོ། །གཉིས་པ་གལ་ཏེ་ཡུལ་དབང་ཤེས་གསུམ་ཚོགས་ནས་ལྟ་བ་ལ་སོགས་པ་དེ་ཡང་བདག་གི་མཐུས་ཡིན་གྱི་བདག་མེད་ན་དེ་ལྟར་མི་འགྱུར་རོ་ཞེ་ན། བདག་དེ་དེ་ལྟར་འདོད་དགུར་དབང་བྱེད་པའི་མཐུ་དང་ལྡན་པ་རང་དབང་ཅན་དུ་གྱུར་པའི་བདག་པོ་ཉིད་ཅིག་ཡིན་ན་ནི། བདེ་བ་རྙེད་པ་དེ་མི་རྟག་པ་ཉིད་དུ་མི་འགྱུར་བར་རྟག་ཏུ་བདེ་བར་བྱེད་རིགས་ན་ཡང་དེ་ལྟར་མ་ཡིན་པ་དང་། མི་འདོད་པ་སྡུག་བསྔལ་ནམ་ཡང་འབྱུང་བར་མི་བྱེད་པར་རིགས་ན་ཡང་། བདེ་བ་མི་ཉམས་པ་དང་། སྡུག་བསྔལ་མི་འབྱུང་པའི་སེམས་ཅན་སུ་ཡང་མེད་པས་བདག་རང་དབང་ཅན་མ་ཡིན་པར་ཤེས་པར་བྱའོ། །དབང་པོ་དང་ཡུལ་ཕྲད་པ་ཡང་ལས་ཀྱིས་དབང་གིས་འདོད་མི་འདོད་སྣ་ཚོགས་སུ་འབྱུང་ཞིང་རྐྱེན་ཚོགས་པའི་དབང་གིས་བདེ་སྡུག་སྣ་ཚོགས་སྐྱེ་བ་ཡིན་གྱི་བདག་གི་འདོད་པའམ་བྱིན་གྱིས་བརླབས་པས་ནི་ཅི་ཡང་མ་ཡིན་པས་བདག་ནི་ལྟ་བ་པོ་ནས་གྲོལ་བ་པོའི་བར་དུ་མི་འགྱུར་བ་ཁོང་དུ་ཆུད་པར་བྱའོ། །བདག་ཡོད་པ་སྨྲ་བ་ལ་སྐྱོན་གཞན་ཡང་ཡོད་དེ། བདག་རྫས་སུ་ཡོད་ན་བདག་དེའི་ལས་དང་དེའི་མཚན་ཉིད་ཀྱང་འདི་དང་འདི་ལྟ་བུ་ཞེས་བསྒྲུབ་དགོས་ཏེ། དཔེར་ན་མིག་གི་དབང་པོ་དང་མིག་ཤེས་ཀྱི་ལས་ནི་གཟུགས་ལ་ལྟ་བའི་བྱ་བ་བྱེད་པའོ། །མིག་དབང་གི་གཟུགས་དྭང་བ་མིག་ཤེས་ནི་སྔོན་པོ་སོགས་ཤེས་པ་ཞེས་བརྗོད་པ་བཞིན་དུ་བདག་དེའི་ལས་དང་མཚན་ཉིད་འདི་ཞེས་བརྗོད་དགོས་ན། བདག་དེ་ནི་རྫས་སུ་མེད་པས་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་བཞིན་ཚད་མས་དམིགས་མི་སྲིད་པ་ཡིན་པས་དེའི་ལས་དང་མཚན་ཉིད་ཡང་དག་པར་བརྗོད་མི་ནུས་ལ། ཕུང་པོའི་ལས་དང་མཚན་ཉིད་དེའི་ཆོས་སུ་བརྗོད་པ་ནི་ཕྱིན་ཅི་ལོག་གི་གྲུབ་མཐའ་ངན་པ་རིགས་པའི་གནོད་པ་བརྒྱ་ཕྲག་གིས་བསྣུན་ཡུལ་དུ་གྱུར་བའི་ཕྱིར་རང་ཉིད་ངལ་བ་ལྷུར་ལེན་པའི་ཉེས་པ་ཡོད་པས་སོ། །སྐྱོན་གཞན་ཡང་། གལ་ཏེ་གང་ཟག་གི་བདག་ཡོད་ན་སངས་རྒྱས་ཀྱིས་དེ་གཟིགས་དགོས་ཏེ་སངས་རྒྱས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་པས་སོ། །སངས་རྒྱས་ཀྱིས་གང་ཟག་གི་བདག་གཟིགས་ཏེ་སོ་སོའི་སྐྱེ་བོའི་གང་ཟག་དང་། འཕགས་པའི་གང་ཟག་ཅེས་གསུངས་པའི་ཕྱིར་རོ་སྙམ་ན་དེའི་དོན་གོང་དུ་བཤད་ཟིན་ལ། དེ་གང་ཟག་གི་བདག་རྫས་སུ་ཡོད་པར་གཟིགས་པའི་དོན་ཡིན་པར་སྨྲ་ན། རྫོགས་པའི་བྱང་ཆུབ་གསུམ་ལ་གནོད་པར་འགྱུར་རོ། ། རྫོགས་པའི་བྱང་ཆུབ་གསུམ་ནི་ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། འཇིག་རྟེན་ལས་འདས་པར་མངོན་པར་བྱང་ཆུབ་པ་གསུམ་མོ། །དེ་ཡང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་དང་པོའོ། །གང་ཟག་ལ་བདག་མེད་པར་ཐུགས་སུ་ཆུད་པ་གཉིས་པ་སྟེ་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། ། དེ་ལྟར་བདག་མེད་གཉིས་ཐུགས་སུ་ཆུད་པ་དེ་ལྟ་བུ་ནི་འཇིག་རྟེན་པ་རྣམས་ལ་མེད་པས་འཇིག་རྟེན་ལས་འདས་པར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །ཡང་ན་ཀུན་བརྟགས་མེད་པ། གཞན་དབང་ཐ་སྙད་དུ་ཡོད་པ། ཡོངས་གྲུབ་རང་བཞིན་གྱིས་ཞི་བ་ཐུགས་སུ་ཆུད་པ་གསུམ་ལ་ཟབ་མོ་དང་ཐུན་མིན་འཇིག་རྟེན་ལས་འདས་པའི་མངོན་པར་བྱང་ཆུབ་པ་གསུམ་ཞེས་རིམ་པར་སྦྱར་རོ། །དོན་ལ་བདག་གཉིས་མེད་པ་ནི་འཇིག་རྟེན་ཚུ་རོལ་མཐོང་བའི་བློས་རྟོགས་མི་ནུས་ཤིང་སངས་རྒྱས་ཀྱི་ཐུགས་སུ་ཆུད་ནས་གདུལ་བྱ་རྣམས་ལ་བསྟན་པ་ཡིན་ཡང་། སངས་རྒྱས་ཀྱིས་བདག་ཡོད་པར་གཟིགས་ན་འཇིག་རྟེན་པ་རྣམས་ཀྱི་མཐོང་བ་ལས་མ་འཕགས་པས། ཟབ་མོ་དང་ཐུན་མིན་དང་འཇིག་རྟེན་ལས་འདས་པར་ཅི་ཡང་མི་འགྱུར་བས་རྫོགས་པའི་བྱང་ཆུབ་གསུམ་ལ་དེ་ལྟར་གནོད་པ་ཡིན་ནོ། ། བདག་རྫས་ཡོད་དུ་འདོད་པའི་སྐྱོན་གཞན་ཡང་། བདག་རྫས་སུ་ཡོད་ཅིང་དེས་ལྟ་བ་དང་ཉན་པ་ལ་སོགས་པ་བྱེད་པ་ཡིན་ན། བདག་དེས་ལྟ་བར་འདོད་ནས་མིག་འབྱེད་པ་སོགས་ཀྱི་འབད་པ་མེད་པར་ལྟ་བར་བྱེད་པའམ། འབད་པ་དང་བཅས་ནས་ལྟ་བ་སོགས་གང་ཡིན་ཞེས་དཔྱད་ན། དེ་གཉིས་ཀ་ཡང་མི་འཐད་དེ། འོག་ནས་འཆད་འགྱུར་གྱི་ཉེས་པ་གསུམ་ཡོད་པའི་ཕྱིར། ལྟ་བ་སོགས་ཀྱི་བྱ་བ་ལ་བདག་དེ་ཡི་བྱེད་པ་འབད་པ་མེད་པར་རང་འབྱུང་བ་མིན་ཞིང་། བྱེད་པ་མིག་འབྱེད་ནས་བལྟ་བ་དང་། རྣ་བ་གཏད་དེ་ཉན་པ་སོགས་འབད་པ་བྱེད་པ་དེ་ཡི་རྐྱེན་དུ་གྱུར་པ་ཅན་ཡང་མིན་ཏེ་ལྟ་བ་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པས་བྱེད་པ་ཡིན་གྱི། བདག་ལ་ལྟ་བ་དང་ཉན་པ་སོགས་ཀྱི་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསྟན་ནས། དེ་ཡི་དོན་བཤད་པ་ལྟ་བ་སོགས་ཀྱི་བྱེད་པ་དེ་བདག་གིས་མ་བྱས་པར་རང་བྱུང་བ་ཡིན་ན་བདག་བྱེད་པ་པོ་མིན་པར་འགྱུར་བའི་ཕྱིར་ཏེ་བདག་གིས་མ་བྱས་པར་རང་བྱུང་བའི་ཕྱིར་རོ། ། ལྟ་བ་སོགས་ཀྱི་བྱེད་པ་རྣམས་ནི་རེས་འགའ་བ་ཡིན་པས་མི་རྟག་པའི་ཕྱིར་རྒྱུ་ཡོད་ཀྱི་རྒྱུ་མེད་པར་རང་བྱུང་ཡིན་པས་མི་འཐད་ལ། རང་བྱུང་རྒྱུ་མེད་ཡིན་ན་བྱེད་པ་རྣམས་རྟག་པར་འགྱུར་ན་ཡང་དེ་ནི་མངོན་སུམ་གྱི་ཚད་མས་བསལ་ལོ། །གལ་ཏེ་བྱེད་པ་རྣམས་རྒྱུ་མེད་པར་བྱུང་ན། རྒྱུ་མེད་པར་བྱུང་བའི་འབྲས་བུ་རྣམས་ནི་རྒྱུ་ལ་མི་ལྟོས་པར་འབྱུང་བའི་ཕྱིར་བྱེད་པ་ཐམས་ཅད་དུས་ཅིག་ཆར་འབྱུང་བ་དང་། དུས་ཐམས་ཅད་དུ་རྟག་ཏུ་འཇུག་དགོས་པའི་ཕྱིར། ལྟ་བ་ལ་སོགས་པའི་བྱེད་པ་ནི་འབད་པ་མེད་པར་རང་བྱུང་ཉིད་དུ་མི་རུང་ངོ་། །བདག་དེ་ལྟ་བ་དང་ཉན་པ་སོགས་ཀྱི་རྐྱེན་དུ་གྱུར་པའང་མ་ཡིན་ཏེ་ཅིའི་ཕྱིར་ན་བདག་གི་བྱེད་པ་རྟག་པ་ལྟ་ཉན་སོགས་ཀྱི་རྐྱེན་ཡིན་ནམ། བདག་གི་བྱེད་པ་མི་རྟག་པ་ཞིག་དེ་ནི་རྐྱེན་ཡིན་པའམ། བྱེད་པ་རྟག་མི་རྟག་གཉིས་ཀ་མ་ཡིན་པ་ཞིག་རྐྱེན་ཡིན། ཕྱོགས་དང་པོ་མི་རུང་སྟེ། བདག་གི་བྱེད་པ་རྟག་པ་ལྟ་བ་སོགས་ཀྱི་རྐྱེན་ཡིན་ན། བདག་གི་བྱེད་པ་རྟག་པ་དེ་ནི་དུས་རྟག་ཏུ་སྔ་མ་དེ་ཁོ་ན་བཞིན་དུ་གནས་པ་ཡིན་པས་ལྟ་བ་སོགས་ཀྱི་རྐྱེན་རྟག་ཏུ་གནས་པའི་ཕྱིར་དབང་པོ་དང་ཡུལ་མ་ཚོགས་ཤིང་མིག་གིས་བལྟ་བའི་བྱ་བ་སོགས་མ་བྱས་པའི་སྡ་རོལ་ན་ཡང་ལྟ་བའི་བྱེད་པ་པོ་ཡོད་དགོས་ན་ཡང་། མ་བལྟས་མ་ཉན་པ་སོགས་ཀྱི་སྔ་རོལ་ན་ལྟ་བ་དང་ཉན་པ་སོགས་ཀྱི་བྱེད་པ་མེད་པའི་ཕྱིར་བདག་གི་བྱེད་པ་རྟག་པ་དེ་ལྟ་བུ་སོགས་ཀྱི་རྐྱེན་དུ་མི་རུང་ངོ་། ། གལ་ཏེ་ཕྱོགས་གཉིས་པ་ལྟར་བདག་གི་བྱེད་པ་མི་རྟག་པ་ཞེས་ལྟ་བ་སོགས་བྱེད་པའི་རྐྱེན་ཡིན་ན་བྱེད་པ་དེ་ནི་རྟག་ཏུ་གནས་པ་མ་ཡིན་ཏེ་སྔ་མ་སྔ་མ་ཞིག་པར་གྱུར་པ་ནི་མི་རྟག་པའི་ཕྱིར་བྱེད་པོ་བདག་ཀྱང་མི་རྟག་པར་འགྱུར་ཏེ་བྱེད་པ་དང་མི་བྱེད་པའི་གནས་སྐབས་ཐ་དད་དུ་ཡོད་པའི་ཕྱིར་རོ། །བདག་གི་བྱེད་པ་རྟག་མི་རྟག་གང་ཡང་མིན་པའི་ཕྱོགས་གསུམ་ཕུང་གསུམ་པ་ཡང་རྣམ་པ་ཀུན་ཏུ་མེད་དེ། རྟག་མི་རྟག་དངོས་འགལ་ཡིན་པས་ཅིག་ཤོས་མ་ཡིན་ན་ཅིག་ཤོས་ཡིན་པར་འགྱུར་གྱི་དེ་གཉིས་ཀྱི་བར་ན་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །འདི་ལ་བདག་རྟག་མི་རྟག་ཅེས་དཔྱད་པ་འདུག་ཀྱང་། བདག་གི་བྱེད་པ་རྟག་མི་རྟག་ཅེས་དཔྱད་ན་བདེ་བར་སྣང་ངོ་། ། འདི་ཡན་ཆད་ཀྱི་མངོན་རྗེས་ཀྱི་ཚད་མ་དང་ལྡན་པའི་རིགས་པས་བདག་མེད་པར་བསྒྲུབས་ནས། ལུང་གིས་ཚད་མས་བསྒྲུབ་པ་ནི། རང་སྡེ་བདག་ཏུ་སྨྲ་བ་དག་གི་ངོར་གསུངས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཐམས་ཅད་ནི་བདག་མེད་པར་གསུངས་ཏེ། གང་ལས་གསུངས་ན་ཆོས་ཀྱི་སྡོམ་བཞི་བསྟན་པ་ལས། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་གསུངས་སོ། །དེ་བཞིན་དུ་ཉན་ཐོས་ཀྱི་མདོ་སྡེ་དོན་དམ་པར་སྟོང་པ་ཞེས་བྱ་བ་ལས་ཀྱང་། དམ་པའི་དོན་དུའམ་དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བཀའ་སྩལ་ཏོ། །ཡང་ཉན་ཐོས་ཀྱི་ལུང་རིང་བོ་གཅིག་ལས་བརྩམ་པ་སོགས་ཀྱི་ནང་ནས། ལྔ་ལས་བརྩམ་པའི་ལྔ་ཕྲུག་བཤད་པའི་སྐབས་སུ། བདག་ཏུ་བལྟས་ན་ཉེས་པར་རྣམ་པ་ལྔ་འབྱུང་ངོ་། །ཞེས་གསུངས་ཤིང་། དགེ་སྡིག་གི་ལས་ཡོད་ན། རྣམ་སྨིན་བདེ་སྡུག་མྱོང་བ་ཡོད་ཀྱང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་སྐྱེ་ཞིང་འཇུག་པའི་ཆོས་ཀྱི་ཐ་སྙད་མ་གཏོགས་པར་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན་ལེན་པའི་གང་ཟག་ནི་མེད་དོ་ཞེས་བཀའ་སྩལ་ཏོ། ། དེས་ན་བདག་རྫས་སུ་ཡོད་དོ་ཞེས་དམིགས་པ་ནི་ཉེས་པར་བཤད་པ་སངས་རྒྱས་ཀྱི་བཀའ་དང་འགལ་བ་ཁོ་ན་ཡིན་ནོ། །ཉེས་པ་ལྔ་ནི་བདག་དང་སྲོག་ཏུ་ལྟ་བ་ཡིན་ཞེས་པ་གང་ཟག་རྫས་སུ་ཡོད་པར་ཁས་བླངས་ན་བདག་དང་བདག་གི་མེད་པའི་དོན་ལ་བདག་དང་སྲོག་ཏུ་ལྟ་བར་འགྱུར་བ་ནི་ཉེས་པ་དང་པོའོ། །མུ་སྟེགས་ཅན་རྣམས་དང་བྱེ་བྲག་མེད་པ་ཡིན་ཞེས་པ། ཇི་ལྟར་མུ་སྟེགས་ཅན་རྣམས་བདག་ཡོད་པར་འདོད་པ་དེ་དང་གང་ཟག་རྫས་སུ་ཡོད་པར་ལྟ་བ་འདི་ཁྱད་མེད་པ་ནི་ཉེས་པ་གཉིས་པའོ། །ལམ་ལོག་པར་ཞུགས་པ་ཡིན་ཞེས་བྱ་བ། མྱང་འདས་དང་ཐར་པའི་ལམ་ནི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པར་བསྒོམ་པ་ཡིན་ཡང་། བདག་དང་གང་ཟག་ཏུ་ལྟ་བ་ནི་ཐར་བའི་ལམ་མ་ཡིན་པ་འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལམ་ལ་ཞུགས་པས་ལམ་ལོག་པར་ཞུགས་པ་ཡིན་པ་ནི་ཉེས་པ་གསུམ་པའོ། །སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་པ་ཡིན་ཞེས་བྱ་བ་སྟོང་པ་ཉིད་ནི་བདག་དང་བདག་གི་མེད་པ་ཡིན་ལ། གང་ཟག་རྫས་ཡོད་དུ་ལྟ་བ་དེ་དག་དེ་དང་རྣམ་པ་མི་མཐུན་པས་སྟོང་པ་ཉིད་ལ་དེའི་སེམས་མི་འཇུག་སྟེ་མི་ཉན་མི་སེམས་མི་བསྒོམ་པས་མི་དད་མི་གནས་མི་མོས་པ་ཞེས་གསུངས་པ་ཉེས་པ་བཞི་པའོ། ། དེའི་འཕགས་པའི་ཆོས་རྣམས་རྣམ་པར་བྱང་བར་མི་འགྱུར་པ་ཡིན། ཞེས་བྱ་བ་གང་ཟག་རྫས་ཡོད་དུ་ལྟ་བ་དེའི་འཕགས་པའི་ཆོས་མཐོང་བ་དང་བསྒོམ་པའི་ལམ་ལ་བརྟེན་ནས། ཉོན་མོངས་རྣམས་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་དུ་ཐོབ་པ་མི་འབྱུང་བ་ནི་ཉེས་པ་ལྔ་བའོ། །གང་ཟག་རྫས་ཡོད་དུ་སྨྲ་བ་རྣམས་ན་རེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས། ཀུན་ཤེས་པའི་གང་ཟག་དང་། ཤེས་པར་བྱེད་པའི་གང་ཟག་དང་ཁུར་བོར་བའི་གང་ཟག་དང་། དད་པའི་རྗེས་སུ་འབྲང་པའི་གང་ཟག་དང་། ཆོས་ཀྱི་རྗེས་སུ་འབྲང་པའི་གང་ཟག་ལ་སོགས་པ་གང་ཟག་གི་རྣམ་གྲངས་ཆེས་མང་པོ་ཞིག་གསུངས་ཏེ། གལ་ཏེ་གང་ཟག་རྫས་སུ་མེད་ན་དེ་ལྟར་གང་ཟག་མང་བོ་ཅི་སྟེ་གསུངས། དེ་ལྟར་གསུངས་པས་ན་གང་ཟག་རྫས་སུ་ཡོད་དོ་ཞེས་ཟེར་ན། གང་ཟག་གི་རྣམས་གྲངས་སྣ་ཚོགས་གསུངས་པ་དེ་ནི་དེ་ལྟ་བུའི་གང་ཟག་རྫས་སུ་ཡོད་པའི་དོན་མ་ཡིན་གྱི། ཀུན་ནས་ཉོན་མོངས་པའི་གནས་སྐབས་དང་། རྣམ་པར་བྱང་བའི་གནས་སྐབས་རྣམས་ཐ་དད་དུ་གོ་ཞིང་རྣམ་པར་འབྱེད་པའམ་གཅོད་པའི་བྱེ་བྲག་དང་། ཀུན་བྱང་གཉིས་ལ་དང་པོ་འཇུག་པ་དང་། དེའི་རྒྱུན་གྱི་བྱེ་བྲག་གི་ཁྱད་པར་དག་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་དེ་དག་སོ་སོར་གང་ཟག་གི་མིང་ངམ་ཐ་སྙད་དག་གིས་ནི་ཉེ་བར་བསྟན་པ་ཡིན་གྱི་དེ་དང་དེའི་གང་ཟག་རྫས་གཞན་དུ་ཡོད་པ་མ་ཡིན་ནོ། །གང་ཟག་གིས་མིང་ཇི་ལྟར་བཏགས་ན། ཕུང་པོ་ལྔའི་རྒྱུན་ཀུན་ཉོན་གྱི་ཆོས་དང་ལྡན་པའི་དུས་ན་ཀུན་ནས་ཉོན་མོངས་པ་དང་བཅས་པའི་གང་ཟག་ཅེས་པའི་མིང་གིས་དེའི་གནས་སྐབས་སུ་གྱུར་པའི་ཆོས་ཐམས་ཅད་བདེ་བླག་ཏུ་གོ་ནུས་པ་དེ་ཙམ་ལས་ཀུན་ཉོན་དང་ལྡན་པའི་ཕུང་པོའི་རྒྱུན་གྱི་ཆོས་དེ་རྣམས་མ་གཏོགས་པར་ཉོན་མོངས་པ་ཅན་གྱི་གང་ཟག་གཞན་རྫས་སུ་ཡོད་པ་ཉིད་བརྗོད་པ་ནི་མ་ཡིན་ནོ། ། དེ་བཞིན་དུ་རྣམ་བྱང་གི་ཆོས་དང་ལྡན་པ་ལ་རྣམ་བྱང་དང་ལྡན་པའི་གང་ཟག་དང་། ཀུན་ཉོན་གྱི་རྒྱུན་ལ་གནས་པ་དེ་ལ་ཡང་བྱེ་བྲག་དུ་མ་ཡོད་དེ་ཀུན་ཉོན་ཆུང་ངུ་ལ་གནས་པ་དང་འབྲིང་ལ་གནས་པ་དང་ཆེན་པོ་ལ་གནས་པའི་བྱེ་བྲག་གིས། གང་ཟག་འདི་ནི་འདོད་ཆགས་ཆུང་ངུ་ཞེས་དང་། དེ་བཞིན་འབྲིང་དང་། ཆེན་པོའི་ཐ་སྙད་ཀྱིས་བརྗོད་པ་དེ་བཞིན་ཞེ་སྡང་སོགས་ཉོན་མོངས་པའི་བྱེ་བྲག་གིས་དེ་ལྟར་དེ་དང་དེའི་གང་ཟག་ཅེས་བསྟན་པ་དང་། དེ་བཞིན་རྣམ་བྱང་ཆུང་འབྲིང་ཆེ་བ་ལ་གནས་པའི་དབང་གི་ས་ལམ་ཆུང་ངུ་ཐོབ་པའི་གང་ཟག་ཅེས་སོགས་དང་། དགེ་བའམ་མི་དགེ་བ་གང་རུང་མཐའ་གཅིག་ཏུ་སྤྱོད་པ་ལ་དེ་དང་དེའི་ཕྱོགས་སུ་ཆད་པའི་གང་ཟག་ཞེས་དང་། དེ་བཞིན་ཀུན་ཉོན་དང་རྣམ་བྱང་ལ་འཇུག་པའི་གང་ཟག་དང་། དེ་དག་དང་ལྡན་པའི་གང་ཟག་དང་། མི་ལྡན་པའི་གང་ཟག་དང་། དབང་པོ་རྣོ་མི་རྣོ་དང་། སྡུག་བསྔལ་དང་ཀུན་འབྱུང་གི་ཁུར་ཁྱེར་བའི་གང་ཟག་དང་། ལམ་གྱིས་འགོག་པ་ཐོབ་ནས་ཁུར་བོར་བའི་གང་ཟག་དང་། ཚོགས་ལམ་སོགས་ལ་གནས་པའི་གང་ཟག་དང་། མོས་སྤྱོད་དང་། སོ་སྐྱེ་དང་ཉན་རང་བྱང་སེམས་སངས་རྒྱས་དང་། དེ་དག་གི་ནང་གི་བྱེ་བྲག་གིས་འབྲས་བུ་བཞི་ལ་ཞུགས་པ་དང་ས་དང་པོ་ཐོབ་པ་སོགས་གང་ཟག་གི་རྣམ་གྲངས་སྣ་ཚོགས་པ་དག་གིས་མ་བསྟན་ན་ཆོས་དེ་དང་དེའི་བྱེ་བྲག་མི་འབྱེད་པས་རྣམ་པར་ཤེས་པ་གཙོ་བོར་གྱུར་པའི་ཕུང་པོ་ལྔའི་རྒྱུན་གྱི་བྱེ་བྲག་མི་འདྲ་བ་ཁྱད་པར་བྱེད་ཆོས་ཀྱི་མིང་དང་འབྲེལ་བའི་གང་ཟག་གི་མིང་གིས་བསྟན་པ་སོགས་ཡིན་པར་ཤེས་པར་བྱའོ། ། དེ་ལྟར་བཅོམ་ལྡན་འདས་ཀྱིས་གང་ཟག་གི་རྣམ་གྲངས་སྣ་ཚོགས་བསྟན་པའི་མིང་དེས་གང་ཟག་རྫས་སུ་ཡོད་ཅེས་བསྟན་པ་ཡིན་ན། ཚིག་དེས་བདག་ཏུ་ལྟ་བ་བསྐྱེད་པ་ཡིན་པར་འགྱུར་ལ། བདག་ཏུ་ལྟ་བ་ནི་བསྐྱེད་མི་དགོས་ཏེ་སེམས་ཅན་ཐམས་ཅད་ཡེ་ནས་བདག་ཏུ་ལྟ་བ་དང་ལྡན་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ཐོག་མ་མེད་པའི་དུས་ནས་ཡོད་ཀྱང་བདག་དེ་ཉིད་དག་པའི་ཆེད་དུ་བདག་ཅེས་དམིགས་ཤིང་བསྒོམས་ན་བདག་མཐོང་ནས་ཐར་བར་འགྱུར་བས་བདག་གོམས་པའི་ཕྱིར་གང་ཟག་རྫས་ཡོད་དུ་བསྟན་པ་ཡང་མ་ཡིན་ཏེ། བདག་གོམས་པ་ནི་ཐོག་མ་མེད་པའི་དུས་ཅན་ཡིན་པས་འཁོར་བ་པ་རྣམས་ཀྱིས་དེ་སྙེད་དུ་གོམས་ཀྱང་དེས་ཐར་བར་མི་འགྱུར་བར་མ་ཟད་འཁོར་བར་འཆིང་བའི་རྩ་བ་དེ་ཉིད་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་གང་ཟག་གི་མིང་གིས་བསྟན་པ་ནི་བདག་རྫས་ཡོད་དུ་ལྟ་བ་དང་། བདག་བསྒོམ་པ་གཉིས་ཀའི་ཕྱིར་ཡིན་པ་མི་རུང་བས་ཅིའི་ཕྱིར་གང་ཟག་རྫས་ཡོད་དུ་གསུངས་རིགས་ཏེ་དགོས་པ་མེད་པའི་ཕྱིར་རོ། ། བདག་ཏུ་ལྟ་བ་དེ་སངས་རྒྱས་ཀྱིས་སེམས་ཅན་ལ་བསྐྱེད་བྱ་ཞིག་ཡིན་ན་བདག་ལྟ་དེས་ཐམས་ཅད་འབད་མེད་དུ་ཐར་པའམ། བསྐྱེད་བྱ་མིན་པར་སངས་རྒྱས་ཀྱིས་བཀག་པར་མཛད་པ་ཞིག་ན་བདག་ཏུ་ལྟ་བ་ཅན་ལ་ཐར་བ་མེད་པ་གཉིས་ལས་འདའ་བ་མེད་པས། གལ་ཏེ་ངེས་པར་གང་ཟག་གམ་བདག་ཅེས་བྱ་བ་རྫས་སུ་ཡོད་པ་ཞིག་ཡིན་ན་དེ་ལྟར་ལྟ་བའི་སེམས་ཅན་ཐམས་ཅད་མ་འཁྲུལ་པ་ཡིན་པས་ཐོག་མ་ནས་ལམ་ལ་འབད་པ་མེད་པར་ཐར་བར་འགྱུར་རིགས་ན་ཡང་བདག་མེད་པར་མ་རྟོགས་བར་དུ་སུ་ཡང་མི་ཐར་བས་བདག་རྫས་ཡོད་དུ་ལྟ་བ་འདི་ནི་ཕྱིན་ཅི་ལོག་གི་འཆིང་བ་ཡིན་པས་དགག་པར་བྱ་བ་ཡིན་གྱི་སྒྲུབ་ཅིང་བསྐྱེད་པར་བྱ་བ་མ་ཡིན་ནོ། ། བདག་ངོ་བོ་ཉིད་གྱིས་ཡོད་པ་ཞིག་ཡིན་ན་དེ་སུས་ཀྱང་རིགས་པའི་ལམ་གྱིས་དགག་པར་མི་ནུས་ལ། བཀག་པ་མེད་པའི་བདག་དེ་ལ་བདག་ཏུ་འཛིན་པ་ལས་སུ་ཡང་ལྡོག་མི་སྲིད་ཅིང་། ཇི་སྲིད་བདག་འཛིན་ཡོད་པ་དེ་སྲིད་དུ་བདག་དང་བདག་གིར་འཛིན་པའི་ཕྱོགས་ལ་ཆགས་པ་དང་། གཞན་གྱི་ཕྱོགས་ལ་སྡང་བ་སོགས་ཉོན་མོངས་པ་ཐམས་ཅད་ལྡོག་པའི་ཐབས་མེད་ལ། ཉོན་མོངས་པའི་དབང་གིས་ལས་བསགས་ནས་ཁམས་གསུམ་གྱི་འཁོར་བར་ཟོ་ཆུའི་རྒྱུན་བཞིན་རྟག་ཏུ་འཁོར་བར་འགྱུར་གྱི་ནམ་ཡང་དེ་ལས་ཐར་བ་མེད་པས་ན། དེ་བཞིན་གཤེགས་པའི་གསུང་གིས་གང་ཟག་རྫས་ཡོད་དུ་བསྟན་པ་ནི་ནམ་ཡང་མི་སྲིད་ཅིང་། སངས་རྒྱས་ཀྱི་གསུང་ནི་འཁོར་བ་ལས་ཐར་བའི་ཐབས་སྟོན་པས་འཇིག་རྟེན་པ་དང་། མུ་སྟེགས་པའི་ལྟ་བ་ཐམས་ཅད་ལས་ཁྱད་པར་འཕགས་པའི་རྩ་བ་ལྟ་བའི་སྒོ་ནས་བདག་མེད་གཉིས་བསྟན་པ་འདི་ཡིན་པས་དེའི་གསུང་རབ་ལས་གང་ཟག་གམ་བདག་རྫས་ཡོད་དུ་བསྟན་པ་ནི་རྣམ་པ་ཀུན་དུ་མེད་པ་ཤེས་པར་བྱའོ། །ལེའུའི་མཇུག་བསྡུ་བ་ནི། དེ་ལྟར་ངོ་ཚ་ཤེས་པ་ནས་གང་ཟག་ལ་བདག་མེད་པར་བཤད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་བསྒོམས་པའི་ཡོན་ཏན་དེ་དག་དང་རྟག་ཏུ་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་དོན་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ཡང་མི་འདོར་ལ། སེམས་ཅན་རྣམས་སྤངས་རྟོགས་དེ་ལྟ་བུ་ལ་འགོད་པ་སོགས་ཀྱི་སྒོ་ནས་གཞན་གྱི་དོན་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་བྱང་ཆུབ་ཕྱོགས་དང་མཐུན་པའི་ལེའུ་སྟེ་བཅུ་དགུ་པ་རྣམ་པར་བཤད་པའོ།། །། ལྔ་པ་ཡོན་ཏན་གྱི་ལེའུ་འདིར་ནི། ཇི་སྐད་གོང་དུ་བཤད་པ་ལྟར་མོས་པ་ནས་བྱང་ཆུབ་ཕྱོགས་མཐུན་གྱི་ལེའུའི་བར་གྱིས་བསྟན་པའི་དོན་དེ་དག་ཉམས་སུ་བླངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བསྟན་པ་ལ་གཉིས་ཏེ། བསྒྲུབ་པའི་ཡོན་ཏན་དང་རབ་ཏུ་བསྔགས་པའི་ཡོན་ཏན་གཉིས་ལས། དང་པོ་ལ་ཡོན་ཏན་གསུམ་གྱི་སྒོ་ནས་སྤྱིར་བསྟན། ཕར་ཕྱིན་སྒྲུབ་པའི་རྣམ་གྲངས་ལན་དུ་ཕན་འདོགས་པ་ནས། གཙོ་བོར་བྱ་བའི་བར་གྱི་བཅུ་གཉིས་པོས་བྱེ་བྲག་ཏུ་བཤད། ཆོས་བཤད་པ་རྣམ་པར་བཞག་པའི་སྒོ་ནས་མཁས་པའི་ཡོན་ཏན་བསྟན་པ་དང་གསུམ་ལས། དང་པོ་ལ་རྒྱུ་མཐུན་པའི་ཡོན་ཏན་དང་། འབྲེལ་བའི་ཡོན་ཏན་དང་། སེམས་ཅན་ལ་མངོན་དུ་ལྟ་བའི་ཡོན་ཏན་གསུམ་ལས། དང་པོ་བསླབ་པའི་ལམ་དེ་དག་ལ་དུས་རིང་བོར་གོམས་པར་བྱས་པས་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུད་ལམ་གྱི་ངོ་བོར་གྱུར་ཏེ་ལམ་སྔར་སྐྱེས་པ་རྣམས་བརྟན་པ་དང་། མ་སྐྱེས་པ་རྣམས་སྐྱེ་ཞིང་འཕེལ་བར་གྱུར་པ་ཡིན་པ་དེ་བསྟན་པ་ནི། རང་གི་ལུས་དང་སོགས་ཚིགས་བཅད་གཉིས་དང་། འབྲེལ་བའི་ཡོན་ཏན་དེ་བཞིན་གཤེགས་རིགས་སྐྱེ་སོགས་ཚིགས་བཅད་གཅིག་གིས་བསྟན་པ་དང་ཚིགས་བཅད་གསུམ་པོ་འདི་ནི་ངོ་མཚར་བའི་ཡོན་ཏན་ནོ།། དེའི་རྗེས་ཀྱི་ཚིགས་བཅད་གཅིག་ནི་ངོ་མཚར་མེད་པ་ཡིན་ཏེ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་ཕྱིར་འབྲས་བུ་དེ་ལྟར་བྱུང་བ་ལ་ངོ་མཚར་མེད་པར་བསྟན་པས་བསྒྲུབ་པའི་རྒྱུ་ལ་བསྔགས་པ་ཡིན་པས་དེ་ཡང་ཡོན་ཏན་ཡིན་ནོ། །སེམས་ཅན་ལ་མངོན་དུ་ལྟ་བའི་ཡོན་ཏན་ལ་རྒྱུ་སེམས་མཉམ་པ་ཐོབ་པ་ནི། ཇི་ལྟར་བློ་ལྡན་སོགས་ཚིགས་བཅད་གསུམ་དང་། འབྲས་བུ་ཕན་འདོགས་པ། སྣོད་དུ་ཡང་ནི་བྱེད་པ་སོགས་ཚིགས་སུ་བཅད་པ་བཅུ་དྲུག་གིས་བསྟན་པ་ཡིན་ནོ། ། འདིར་བཤད་པ་ལ་འཇུག་པ་དེ་ཕྱིར་གཞུང་གི་བབ་ལྟར་ངོ་མཚར་བ་དང་། ངོ་མཚར་མེད་པ་དང་། སེམས་མཉམ་པ་དང་། ཕན་འདོགས་པ་དང་། ལན་དུ་ཕན་འདོགས་པ་དང་། རེ་བ་དང་། ཆུད་མི་ཟ་བ་དང་། ཡང་དག་སྦྱོར་བ་དང་། ཉམས་པ་དང་ཁྱད་པར་གྱི་སྐལ་པ་ཅན་དང་། གཟུགས་བརྙན་དང་ཡང་དག་པ་ཉིད་དང་། འདུལ་བ་དང་། ལུང་བསྟན་པ་དང་། ངེས་པ་དང་། གདོན་མི་ཟ་བར་བྱ་བ་དང་། རྟག་ཏུ་བྱ་བ་དང་། གཙོ་བོར་བྱ་བ་དང་། ཆོས་བཤད་པ་རྣམ་པར་བཞག་པ་དང་བཅུ་བདུན་པོ་རིམ་པར་བཤད་པའི། དང་པོ་ངོ་མཚར་བ་ནི་ཕར་ཕྱིན་དྲུག་བསྒྲུབ་པ་ལ་ངོ་མཚར་བ་སྟེ། ཇི་ལྟར་ངོ་མཚར་ན་སོ་སོའི་སྐྱེ་བོ་དང་ཉན་རང་རྣམས་ལ་དེ་ལྟ་བུའི་བསྒྲུབ་པ་མེད་པས་གཞན་ལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་ངོ་མཚར་བའོ། ། དེ་ཇི་ལྟ་བུ་ཞེ་ན་བཟའ་བ་དང་བགོ་བ་སོགས་ཀྱི་དངོས་པོ་སྤྱིན་པ་ཙམ་འཇིག་རྟེན་པ་དང་ཉན་རང་རྣམས་ལ་ཡང་ཡོད་མོད་ཀྱི་རང་གི་ལུས་ཆེས་མང་པོ་ཡོངས་སུ་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་ཀྱི་གཞན་ལ་མེད་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པའི་ཕྱིར་དུ་འཁོར་ལོས་སྒྱུར་བ་སོགས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་ཡང་མཆིལ་མའི་གོང་བུ་བཞིན་དུ་ཡོངས་སུ་གཏོང་ཞིང་བོར་ནས་རབ་ཏུ་ཕྱུང་བར་བྱེད་པ་དང་། མཐུ་དང་དབང་ཆེ་བའི་རྒྱལ་པོ་དང་བློན་པོ་ལ་སོགས་པ་ལྟ་བུ་མ་ཡིན་པས་རང་བས་ཉམ་ཆུང་བ་སྤྲང་པོ་དང་གདོལ་བུ་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་གཙེས་ཀྱང་ཡིད་མི་འཁྲུགས་ཤིང་བྱམས་པས་བཟོད་པ་དང་། རང་གི་ལུས་དང་སྲོག་ལ་ཡང་མི་ལྟ་བར་བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་དང་པོ་ལ་སོགས་པའི་བསམ་གཏན་བཞིའི་བདེ་བ་མཆོག་ཐོབ་ན་ཡང་དེ་ལ་རོ་མྱང་བ་མེད་པ་ཉིད་ཀྱིས་སླར་འདོད་པའི་ཁམས་ངན་སོང་གསུམ་གྱི་གནས་ཀྱི་བར་དུ་སྐྱེ་བ་འཛིན་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་ཀྱང་ཤེས་རབ་དང་ཆོས་དེ་དང་དེ་ལ་ནི་མཚན་མར་མི་རྟོག་པ་འདི་ལྟ་བུ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ངོ་མཚར་བ་ཡིན་ནོ། ། དེ་ལྟ་ཕར་ཕྱིན་ཁྱད་པར་ཅན་བསྒྲུབས་པའི་འབྲས་བུ། ས་དང་པོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཐོག་མར་ཐོབ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་སྐྱེ་བ་དང་། ས་བརྒྱད་པ་མི་རྟོག་པའི་ཡེ་ཤེས་འབད་མེད་ལྷུན་གྲུབ་ཏུ་ཐོབ་པས་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཐོབ་པ་དང་། ས་བཅུ་བར་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་པ་ཐོབ་པ་དང་གསུམ་ནི་སློབ་པའི་འབྲས་བུའོ། །སངས་རྒྱས་ཀྱི་སར་བླ་ན་མེད་པའི་བྱང་ཆུབ་རབ་ཏུ་ཐོབ་པ་ཡང་འཇིག་རྟེན་འདི་ན་གཞན་ཉན་རང་སོགས་སུ་ལ་ཡང་མེད་པས་ངོ་མཚར་ཆེ་བ་ཡིན་པར་འདོད་དོ། །གཉིས་པ་ངོ་མཚར་མི་ཆེ་བ་ནི་འཇིག་རྟེན་པ་དང་ཉན་རང་ལ་ལྟོས་ན་ཆེས་ངོ་མཚར་བ་ཡིན་མོད་ཀྱི་བསམ་པ་དང་སྤྱོད་པ་རླབས་པོ་ཆེ་མངའ་བའི་བྱང་སེམས་རྣམས་ལ་ལྟོས་ན་དེ་ལྟ་བུ་ཅིས་མི་ཐོབ་སྙམ་དུ་ངོ་མཚར་མེད་པའི་ཚུལ་དུ་བསྟན་པ་ནི། འཁོར་ལོས་སྒྱུར་བའི་ལོངས་སྤྱོད་སོགས་ལའང་མི་གཙང་བའི་འདམ་ལྟ་བུར་མཐོང་ནས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་འདོད་ཆགས་དང་བྲལ་བའི་ཕྱི་དང་ནང་གི་དངོས་པོ་གཏོང་བ་ལ་ཡང་ངོ་མཚར་བྱར་མེད་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་བརྩེ་བ་ཆེན་པོ་དང་ལྡན་པས་དེས་གཞན་གྱི་སྲོག་མི་གཅོད་ཀྱི་ཚུལ་ཁྲིམས་བསྲུང་བ་དང་། བདག་བས་གཞན་གཅེས་ཀྱི་བློ་འབྱོངས་པས་གཞན་ལ་བཟོད་པ་དང་། དེ་བཞིན་བུད་ཤིང་ལ་མེ་ཞུགས་པ་ལྟར་རྩོལ་བ་མེད་པར་ངང་གིས་འཇུག་པའི་བསྒོམ་པ་མཆོག་ཐོབ་པས་བརྩོན་འགྲུས་རྩོམ་པ་དང་། བདག་དང་སེམས་ཅན་དང་ཆོས་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཕྱིར་ན་གཞན་དོན་དུ་འཇུག་པ་དང་སྐྱོ་བ་མེད་པ་དང་། བསམ་གཏན་ལ་རོ་མྱང་བ་དང་། ཤེས་རབ་ཀྱིས་མཚན་མར་མི་རྟོག་པ་དེ་དག་ལ་སྦྱོར་བ་དང་དེའི་དབང་གིས་རིགས་སུ་སྐྱེ་བ་ནས་བླ་མེད་བྱང་ཆུབ་ཐོབ་པའི་བར་དུའང་ངོ་མཚར་ཆེ་བ་མ་ཡིན་ཏེ་ཡོན་ཏན་དེ་དག་དང་ལྡན་ན་བྱེད་ལས་དང་འབྲས་བུ་དེ་ལྟ་བུ་ཅིས་མི་ཐོབ་སྟེ་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། གསུམ་པ་སེམས་མཉམ་པ་ནི་ཇི་ལྟར་བློ་ལྡན་སེམས་ཅན་ཐམས་ཅད་ལ་རབ་ཏུ་བྱམས་པས་སྡུག་ཅིང་ཕངས་པར་གྱུར་པ་དེ་ལྟར་སེམས་ཅན་རྣམས་ནི་བདག་ལ་མི་བྱམས་ཏེ་རེས་འགའ་རྒྱུད་འཁྲུགས་ནས་རང་གིས་རང་གསོད་པ་དང་དུག་ཟ་བ་སོགས་བྱེད་པ་དང་། ཆུང་མ་དང་བུ་དང་གཉེན་བཤེས་ཀྱི་ཚོགས་ལའང་རེས་ཁྲོ་བས་བརྡེག་པ་སོགས་བྱེད་པ་དང་བྱམས་པ་ཚེ་ར བས་ཐམས་ཅད་དུ་མི་གཏོང་བ་མིན་པས་བྱང་ཆུབ་སེམས་དཔའི་བྱམས་པ་དེ་ལྟ་བུ་ཡོད་པ་མིན་ནོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་བྱམས་པ་ཐོབ་པའི་ཕྱིར་ན། རང་གི་ཉེ་དུ་སོགས་ལ་སྦྱིན་གྱི་གཞན་ལ་མི་སྦྱིན་པ་ལྟ་བུའི་ཕྱོགས་ལྷུང་མེད་པར། དངོས་པོ་དོན་དུ་གཉེར་བ་བྱུང་བ་ལ་མཛའ་མི་མཛའ་ཕོངས་པ་དང་མ་ཕོངས་པའི་ཁྱད་པར་མི་འབྱེད་པར་ཕྱོགས་མེད་དུ་སྦྱིན་པ་དང་། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསྲུང་བའི་ཚུལ་ཁྲིམས་ཕྲ་རགས་ཐམས་ཅད་ཁྱད་མེད་པར་དུས་རྟག་ཏུ་མ་ཉམས་པར་བསྲུང་བ་དང་། ཡུལ་དང་དུས་དང་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་བཟོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བརྩོན་འགྲུས་ཆེན་པོ་རྒྱུན་མི་འཆད་པར་རྩོམ་པ་དང་། དུས་རྟག་ཏུ་དག་པ་དང་ཟག་པ་མེད་པའི་བསམ་གཏན་དགེ་བ་ལ་གནས་པ་ལས་མི་ཉམས་པ་དང་། ཤེས་རབ་ཀྱིས་ཆོས་ཐམས་ཅད་མ་འདྲེས་པར་འབྱེད་ཀྱང་འཁོར་གསུམ་གྱི་དམིགས་པ་ཡོངས་སུ་དག་པའི་རྣམ་པར་མི་རྟོག་པ་ཉིད་ལས་མ་ཉམས་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་སྦྱོར་བ་ཕ་རོལ་དུ་ཕྱིན་པ་པ་དྲུག་པོ་དེ་དག་བསྒྲུབ་པ་ལ་མི་མཉམ་པ་དང་ཕྱོགས་སུ་ལྷུང་བ་མེད་པས་དེ་ལྟར་སེམས་མཉམ་པར་ཤེས་པར་བྱའོ། །བཞི་པ་ཕན་འདོགས་པ་ལ་ཕར་ཕྱིན་དྲུག་གི་སྒོ་ནས་ཕན་འདོགས་པ་དང་། ཕན་འདོགས་ཚུལ་གྱི་དཔེ་རྣམ་པ་བདུན་བསྟན་པ་གཉིས་ཀྱི་དང་པོ། སྦྱིན་པས་ནི་སེམས་ཅན་རྣམས་དགེ་བ་སྤྱོད་པའི་སྣོད་ཉིད་དུ་ནི་བྱེད་པ་སྟེ་བཟའ་བ་བགོ་བ་སོགས་ཀྱིས་ཕོངས་པས་ཆོས་བྱེད་མི་ནུས་པ་རྣམས་ལ་ཅི་འདོད་པ་བསྟབ་ཅིང་ཡིད་དགའ་ཞིང་མགུ་བར་བྱས་ནས་ཆོས་ལ་འགོད་པ་དང་། རང་གི་ཚུལ་ཁྲིམས་ལ་གནས་ནས་གཞན་ཚུལ་ཁྲིམས་དག་ལ་འགོད་པ་ཡིས་ཕན་འདོགས་པ་དང་། གཞན་གྱིས་གནོད་པ་ཅི་བྱས་ཀྱང་དེ་ལ་ནི་བཟོད་པ་དང་། གཞན་གྱི་དོན་དུ་འགྱུར་བའི་ལས་བྱེད་པར་ནི་རྣམ་པ་ཀུན་ཏུ་དཀའ་བ་མེད་པར་འགྲོ་བ་དང་། བསམ་གཏན་གྱི་སྟོབས་ཀྱི་རྫུ་འཕྲུལ་བསྟན་པ་སོགས་ཀྱིས་གདུལ་བྱ་རྣམས་ཡང་དག་པའི་བསྟན་པ་འདི་ལ་འཛུད་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་ཅིང་ཐེག་པ་གསུམ་གྱི་ཆོས་སྟོན་པར་བྱེད་པ་འདི་ནི་བློ་ལྡན་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཉིད་དུ་འདོད་པ་ཡིན་ནོ། ། དཔེ་བདུན་པོ་ནི་རིམ་པ་ལྟར་སྐབས་ཀྱི་ཚིག་གིས་གསལ་ཏེ། བྱང་ཆུབ་སེམས་དཔའ་གང་དག་གིས་རྟག་ཏུ་སེམས་ཅན་རྣམས། ཁྱད་མེད་པར་བྱམས་དང་སྙིང་རྗེའི་བསམ་པ་མཉམ་པས་ནམ་ཡང་མི་གཏོང་བར་འཁོར་བའི་མཐའི་བར་དུ་འཛིན་པར་བྱེད་པ་ནི་མས་བུ་མངལ་དུ་འཛིན་པ་ལྟ་བུ་ཉིད་དོ། །འཕགས་པའི་ས་ནི་ཐེག་པ་ཆེ་ཆུང་གི་མཐོང་ལམ་ནས་མི་སློབ་པའི་བར་རོ། །འཕགས་པའི་ས་དེ་ལ་སྐྱེད་པ་ནི་མས་བུ་མངལ་ནས་བཙས་པ་ལྟ་བུ་དང་། སེམས་ཅན་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་འཕེལ་བར་བྱེད་པ་ནི་མས་བུ་ལ་འོ་མ་དང་ཁ་ཟས་བྱིན་པ་དང་ཁྲུས་དང་བསྐུ་མཉེ་སོགས་ཀྱིས་སྐྱེད་བསྲིང་བ་ལྟ་བུ་དང་། སེམས་ཅན་རྣམས་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་དང་དེའི་རྒྱུ་ལས་ངན་བསགས་པའི་ཉེས་བྱས་ཐམས་ཅད་ལས་ནི་སྲུང་བར་བྱེད་པ་ནི་མས་བུ་ངམ་གྲོག་དང་གཡང་ས་སོགས་ལས་བསྲུང་བ་ལྟ་བུ་དང་། སེམས་ཅན་རྣམས་ལ་ཆོས་བསྟན་ནས་ཐོས་པ་བྱང་བར་བྱེད་པ་ནི་མས་བུ་ལ་མིང་དང་ཚིག་དང་བརྡ་དང་ཐ་སྙད་སློབ་པ་བཞིན་ནོ།། དེ་ལྟར་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་རྣམས་སེམས་ཅན་རྣམས་ཀྱི་མ་དང་འདྲ་བ་ཡིན་ནོ། །དེ་བཞིན་སེམས་ཅན་ཀུན་ལ་དུས་རྟག་པར་ནི། མཆོག་གསུམ་ལ་དད་པ་སྐྱེད་པར་བྱེད་པ་ནི་ཕས་ས་བོན་ལས་བུ་བསྐྱེད་པ་དང་འདྲ་བར་ཐེག་པ་གསུམ་གྱི་ལུས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང་། ལྷག་པའི་ཚུལ་ཁྲིམས་སོགས་ལྷག་པའི་བསླབ་པ་གསུམ་སློབ་པ་ནི། ཕས་བུ་ལ་རང་རང་གི་རིགས་དང་མཐུན་པའི་བཟོ་དང་ལུགས་སློབ་པ་ལྟ་བུ་དང་། འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ལ་སྦྱོར་བའི་ཕྱིར་ཕས་བུ་ཕོག་ནས་ཆུང་མ་བླངས་ཤིང་དགའ་བདེ་ལ་སྦྱོར་བ་ལྟ་བུའོ། །སེམས་ཅན་གྱི་ཆེད་དུ་སངས་རྒྱས་ལ་ནི་མྱ་ངན་ལས་མི་འདའ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཀྱི་གསོལ་བ་འདེབས་པ་ནི་ཕས་བུ་དེའི་སྲོག་དང་སྲིད་ལ་ཕན་ཕྱིར་རྗེ་བོ་དང་གྲོགས་པོ་སོགས་ལ་བཅོལ་གདམས་བྱེད་པ་ལྟ་བུ་དང་། སེམས་ཅན་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་ལས་བྱེད་པའི་ཕྱིར། ཕས་བུ་ཡི་ཁུར་དུ་འགྱུར་བའི་བུ་ལོན་ཆགས་པ་སོགས་སྦྱངས་ཏེ་མེད་པར་བྱེད་པ་ལྟ་བུ་སྟེ། དེ་ལྟར་ལས་ལྔ་དག་གིས་རྒྱལ་སྲས་རྣམས་སེམས་ཅན་རྣམས་ཀྱི་ཕ་དང་འདྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔས་སེམས་ཅན་བློ་ཆུང་བ་རྣམས་ལ་གང་དག་བསྟན་པར་མི་འོས་པ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དང་བསམ་གྱིས་མི་ཁྱབ་པའི་གནས་རྣམས་བསྟན་ན་སྐྲག་ཅིང་སྤོང་བར་འགྱུར་བས་དེ་རྣམས་སེམས་ཅན་དེ་དག་རྣམས་ལ་གསང་བར་བྱེད་ཅིང་མི་སྟོན་པ་ནི་འཇིག་རྟེན་ན་རྩ་ལག་སྟེ་གཉེན་ནམ་ཉེ་དུའི་ཚོགས་ཀྱིས་ཉེ་དུ་གཞན་གྱི་སྲོག་དང་སྲིད་ལ་གནོད་པར་འགྱུར་པའི་གཏམ་གསང་བར་བྱེད་པར་ལྟ་བུའོ། །གཞན་བསླབ་པ་གསུམ་ལས་ཉམས་པ་ལ་ཁྱོད་ཀྱི་འདི་ནི་མ་ལེགས་ཞེས་སྨོད་ཅིང་ཉེས་དམིགས་བསྟན་པ་ནི་རྩ་ལག་རྣམས་ཀྱིས་རང་གི་ཉེ་དུས་བྱ་བ་མི་རིགས་པ་བྱེད་པ་ལ་སྨོད་ཅིང་འགོག་པར་ལྟ་བུ་དང་། བསླབ་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་སེམས་ཅན་མཐོང་ན་དེའི་རྗེས་སུ་བསྔགས་པ་ཉིད་བྱེད་ཅིང་དེ་མགུ་ནས་ཡོན་ཏན་དེ་མི་གཏོང་བར་བྱེད་པ་ནི་གཉེན་རྣམས་ཀྱིས་ཉེ་དུ་དག་གིས་བྱ་བ་ལེགས་པ་བྱས་པ་ལ་དགའ་ཞིང་བསྟོད་པ་བྱེད་པ་ལྟ་བུ་དང་། སེམས་ཅན་རྣམས་ལ་འཕགས་པའི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དེའི་ཐབས་སུ་གྱུར་པའི་མན་ངག་གི་གནད་ཀྱི་གདམས་ངག་སྦྱིན་པར་བྱེད་པ་ནི་གཉེན་གྱིས་རང་གི་རྩ་ལག་རྣམས་ལ་ཕྱི་ནང་གི་བྱ་བའི་གྲོས་སྟོན་ཅིང་གྲོགས་བྱེད་པ་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་ལམ་ལ་བར་དུ་གཅོད་པའི་འདོད་ཡོན་གྱི་བསླུ་བྲིད་དང་མི་དགེ་བའི་གྲོགས་པོ་སོགས་བདུད་དང་བདུད་ཀྱི་ལས་རྣམས་འདི་དང་འདི་ཞེས་སྒྲོན་པར་བྱེད་པ་ནི། ཉེ་དུ་རྣམས་ཀྱིས་ཉེ་དུ་གཞན་ལ་དགྲ་བྱུང་བ་དང་བཙོན་དུ་བཟུང་བ་དང་། རྐུན་པོ་མཆུ་སོགས་ཀྱི་གནོད་པ་ལས་སྐྱབས་བྱེད་པ་ལྟ་བུ་སྟེ་ལས་ལྔ་དག་གིས་རྒྱལ་སྲས་རྣམས་སེམས་ཅན་རྣམས་ཀྱི་རྩ་ལག་དང་འདྲ་བ་ཡིན་ནོ། ། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དོན་དང་དོན་མ་ཡིན་པ་ཚུལ་བཞིན་ཤེས་པ་ནི། སྡུག་ཀུན་གྱིས་བསྡུས་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་འགོག་ལམ་གྱིས་བསྡུས་པ་རྣམ་བྱང་གི་ཕྱོགས་གཉིས་པོ་ལ། གང་དག་རང་གི་བློ་མ་འཁྲུལ་པར་ཕྱིན་ཅི་མ་ལོག་པར་ཤེས་ནས་སེམས་ཅན་རྣམས་ལ་དེ་ལྟར་འདོམས་པ་ནི་འཇིག་རྟེན་ན་སེམས་དང་མཐུན་པའི་གྲོགས་དག་གིས་གྲོགས་པོ་གཞན་གྱི་ཕན་པ་མི་ཕན་པའི་བྱ་བ་ཤེས་ནས་རང་གིས་ཇི་ལྟར་ཤེས་པ་དེ་གྲོགས་གཞན་ལ་སྟོན་པ་བཞིན་ནོ། ། སེམས་ཅན་རྣམས་ལ་འཇིག་རྟེན་པའི་ཕུན་ཚོགས་ཚངས་དབང་འཁོར་བསྒྱུར་སོགས་ཀྱི་བདེ་བ་དང་། འཇིག་རྟེན་པ་མིན་པ་ཡི་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་གོ་འཕང་གི་བར་གྱི་བདེ་བ་ཐམས་ཅད་ཟད་པར་སྟེ་མཐའ་དག་སྦྱིན་པར་བྱེད་པ་ནི་གྲོགས་པོས་གྲོགས་གཞན་ལ་སྲོག་དང་སྲིད་ལ་འཕྲལ་དང་ཡུན་དུ་ཕན་པའི་དངོས་པོ་སྟོབ་པ་བཞིན་ནོ། །སེམས་ཅན་གྱི་དོན་ལ་དུས་རྟག་ཏུ་སྐྱོ་བ་མེད་པས་གནས་པ་ནི་གྲོགས་པོས་གྲོགས་ཀྱི་དོན་བྱེད་པ་ལ་མི་སྐྱོ་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་བྱེད་པ་ལ་བདུད་དང་དཀའ་སྤྱད་སོགས་ཀྱིས་ནམ་ཡང་མི་ཕྱེད་ཅིང་མི་ཚུགས་པ་ནི། གྲོགས་པོ་ཡིད་བརྟན་དང་ལྡན་པ་ཕྲ་མ་སོགས་ཀྱིས་འབྱེད་པར་མི་ནུས་ཤིང་རྟག་ཏུ་མཛའ་བ་མི་ཕྱེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་རྟག་ཏུ་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱིས་ཕན་པ་དང་འཇིག་རྟེན་པའི་ཡོན་ཏན་གྱིས་བདེ་བར་འདོད་པ་ལས་མི་གཡོ་པ་ནི་གྲོགས་པོས་མཛའ་བ་གཞན་ལ་དུས་རྟག་ཏུ་ཡུན་དུ་ཕན་པ་དང་འཕྲལ་དུ་བདེ་བ་འདོད་པའི་སེམས་མི་གཏོང་བ་བཞིན་ནོ། ། དེ་ལྟར་ལས་ལྔ་དག་གིས་རྒྱལ་བའི་སྲས་རྣམས་སེམས་ཅན་ཐམས་ཅད་ཀྱི་ཡིད་མཛའ་བའི་གྲོགས་པོ་འདྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གང་དག་སྨིན་པར་བྱ་བ་ལ་དུས་རྟག་ཏུ་བརྩོན་པ་དང་ལྡན་ཞིང་། མི་གཡེལ་བ་ནི་འཇིག་རྟེན་ན་ཚུལ་བཞིན་བསྒོ་བ་ཉན་པའི་བྲན་རྣམས་རྗེ་བོའི་བྱ་བ་ལ་སྤྲོ་ཞིང་ལེ་ལོ་མེད་པར་འཇུག་པ་བཞིན་ནོ། །སེམས་ཅན་རྣམས་ལ་སྡུག་བསྔལ་ཀུན་ལས་ཡང་དག་པར་ངེས་པ་འབྱུང་བའི་ལམ་མ་ནོར་བར་སྨྲ་བ་ནི། བྲན་བཟང་པོ་དག་གིས་ཇི་ལྟར་མཐོང་བ་དང་ཐོས་པ་རྫུན་མེད་པར་རྗེ་བོ་ལ་སྨྲ་བ་བཞིན་ནོ། །སེམས་ཅན་རྣམས་ཀྱིས་གནོད་པ་སྣ་ཚོགས་བྱེད་པ་དང་། ཕར་ཕན་བཏགས་ཀྱང་ཚུར་གནོད་པ་བྱེད་པའི་ལོག་པར་སྒྲུབ་པ་རྣམས་ལ་བཟོད་པ་ནི་བྲན་རྣམས་རྗེ་བོས་བརྡུང་བརྡེག་དང་ཚིག་རྩུབ་མོས་གཤེ་ཡང་བཟོད་ལ་དེའི་ངག་དང་དུ་ལེན་པ་བཞིན་ནོ། །འཇིག་རྟེན་འདས་མ་འདས་ཀྱི་ཕུན་སུམ་ཚོགས་པ་གཉིས་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པ་ནི། བྲན་རྣམས་ཀྱིས་ཇོ་བོས་གང་དུ་བསྒོ་བ་ཡིད་བཞིན་དུ་སྒྲུབ་ཅིང་སྟོབ་པ་བཞིན་ནོ། །གཞན་སེམས་ཅན་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐོབ་པ་དེ་ཡི་ཐབས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ལ་མཁས་པ་ནི། བྲན་བཟང་པོ་དག་ཇོ་བོས་ཅི་དང་ཅི་བསྒོ་བའི་ལས་རྣམས་མྱུར་དུ་སྒྲུབ་པའི་ཐབས་ལ་མཁས་པ་བཞིན་ནོ། །དེ་ལྟ་བུའི་ལས་ལྔ་བོ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་བྲན་དང་འདྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་རང་གི་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སེམས་ཅན་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་པ་ནི་སློབ་དཔོན་རང་ཉིད་མང་དུ་ཐོས་ཤིང་ཤིན་ཏུ་མཁས་པ་དག་གིས་སློབ་མ་གཞན་རྗེས་སུ་འཛིན་པ་ལྟ་བུ་དང་། གདུལ་བྱའི་རྒྱུད་དང་མཐུན་པར་ཐེག་པ་གསུམ་གྱི་ཆོས་ཐམས་ཅད་སྟོན་པ་ནི་སློབ་དཔོན་མཁས་པས་སློབ་མས་ཅི་དང་ཅི་འདོད་པའི་ཆོས་སྟོན་པ་ལྟ་བུ་དང་། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གྲུབ་པར་བྱེད་པ་ལ་སྦྱོར་བ་ནི་སློབ་དཔོན་བཟང་པོས་སློབ་མ་ལ་དུས་མི་བརྒྱང་པར་མྱུར་དུ་སློབ་པ་བཞིན་ནོ། ། སེམས་ཅན་ཐམས་ཅད་ལ་དུས་རྟག་ཏུ་ཁྲོ་ཚུལ་དང་བསྡིག་སྤྱོད་མི་བྱེད་པར་བཞིན་གྱི་མདངས་འཛུམ་ཞིང་མཛེས་པར་སྟོན་པ་ནི་སློབ་དཔོན་སློབ་མ་ལ་བྱམས་པས་རྟག་ཏུ་བཞིན་འཛུམ་ཞིང་ཚིག་འཇམ་པོར་སྨྲ་བ་བཞིན་ནོ། །སེམས་ཅན་རྣམས་ཀྱི་དོན་བྱས་ཀྱང་ལན་དུ་རང་ཉིད་ལ་ཕན་འདོགས་པ་འདོད་པ་དང་། ཕན་བཏགས་པའི་རྣམ་པར་སྨིན་པ་རང་ཉིད་ལ་སྨིན་པ་ལ་མི་ལྟ་བ་ནི་སློབ་དཔོན་སློབ་མ་ལ་བྱམས་པས་ཆོས་བསྟན་པ་ཡང་ཟང་ཟིང་ལ་མི་ལྟ་བ་བཞིན་ནོ། ། དེ་ལྟར་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་དཔོན་འདྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཤིན་ཏུ་བརྩོན་པས་སེམས་ཅན་ཚོགས་གཉིས་མ་རྫོགས་པ་རྣམས་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ནི་མཁན་པོས་སློབ་བུ་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་སྦྱོང་གི་བསླབ་པ་བྱིན་ནས་རབ་ཏུ་འབྱིན་པར་བྱེད་པ་དང་འདྲའོ། །ཚོགས་བསགས་པ་རྣམས་མྱུར་དུ་འབྲས་བུའི་ས་ལ་རྣམ་པར་གྲོལ་བར་བྱེད་པ་ནི་མཁན་པོས་སློབ་བུ་རབ་ཏུ་བྱུང་ནས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ལྟ་བུའོ། །སེམས་ཅན་རྣམས་ལ་རྣམ་གྲོལ་མྱང་འདས་ཐོབ་པའི་ལམ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སྤོང་བར་བྱེད་དུ་འཇུག་ཅིང་འདུལ་བ་ནི་མཁན་པོས་སློབ་བུ་རྣམས་ལ་བསླབ་པའི་མི་མཐུན་ཕྱོགས་ཕམ་ལྷག་ལྟུང་བྱེད་སོགས་སྟོན་ཅིང་ཉེས་པ་སྤོང་དུ་འཇུག་པ་བཞིན་ནོ། ། སེམས་ཅན་རྣམས་འཇིག་རྟེན་དང་འཇིག་རྟེན་པ་མ་ཡིན་པའི་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ནི་མཁན་པོས་སློབ་བུ་ལ་ཟང་ཟིང་དང་ཆོས་ཀྱིས་ཕན་བཏགས་པ་བཞིན་ནོ།། དེ་ལྟར་མཁན་པོའི་ལས་སུ་བྱ་བ་ལྔ་དང་འདྲ་བར་ལས་ལྔ་དག་གིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་རྒྱལ་བའི་སྲས་པོ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་འདྲ་བ་ཡིན་པར་བརྗོད་དོ། །ལྔ་པ་ལན་དུ་ཕན་འདོགས་པ་ནི། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཕར་ཕྱིན་ལ་བཀོད་པས་སེམས་ཅན་ལ་ཕན་བཏགས་ན། སེམས་ཅན་དེ་དག་གིས་ཕར་ཕྱིན་མ་ཉམས་པར་བསྒྲུབ་པ་དེས་བྱང་ཆུབ་སེམས་དཔའ་ལ་ལན་དུ་ཕན་བཏགས་པ་ཡིན་པའི་ཚུལ་ནི། བྱང་ཆུབ་སེམས་དཔས་ཡོ་བྱད་རྣམས་བྱིན་ནས་སེམས་ཅན་རྣམས་ཡོ་བྱད་དང་ལྡན་པར་བྱས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བར་བྱེད་པ་དེ་བཞིན་དུ་སེམས་ཅན་ལོངས་སྤྱོད་དང་ལྡན་པར་གྱུར་པ་དེ་དག་གིས་ལོངས་སྤྱོད་རྣམས་ལ་མ་ཆགས་པར་སྦྱིན་པར་བྱས་ན་འདི་དག་གིས་སེམས་ཅན་རྣམས་ལ་ཕན་བཏགས་སོ་ཞེས་བྱང་ཆུབ་སེམས་དཔས་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ལ་བཀོད་པའི་སེམས་ཅན་དེ་དག་གིས་ཚུལ་ཁྲིམས་ཉམས་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་ལ་གནོད་པ་སྣ་ཚོགས་བྱས་ཀྱང་གནོད་པའི་བསམ་པ་མེད་པར་འདིས་བཟོད་པའི་རྒྱུ་བྱས་པས་བདག་ལ་ཕན་བཏགས་སོ་ཞེས་བྱས་པ་གཟོ་བ་དང་ལྡན་པའི་བཟོད་པ་ལ་གནས་པ་དེ་བཞིན་བཟོད་པ་དེ་ལ་བཀོད་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་བཟོད་པར་བྱས་པ་དང་། སེམས་ཅན་རྣམས་བརྩོན་འགྲུས་བསྒྲུབ་པ་དང་། བསམ་གཏན་བསྒྲུབ་པ་དང་ཤེས་རབ་སྒྲུབ་པ་ལ་བཀོད་ན་དེ་དག་བྱང་ཆུབ་སེམས་དཔའ་ལ་དྲིན་དུ་གཟོ་བ་ལྟར། བྱང་ཆུབ་སེམས་དཔས་དེ་གསུམ་བསྒྲུབ་པ་ལ་བཀོད་པ་དེ་དག་གིས་དེ་ལྟར་སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ལ་དྲིན་དུ་གཟོ་བར་བྱེད་དོ་ཞེས་འགྲེལ་བར་བཤད། དོན་དུ་ཕ་རོལ་ཕྱིན་པ་དྲུག་པོ་ལ་དེ་ལྟར་འཇུག་པའི་ལུས་ཅན་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི། རང་རང་ལ་བྱང་ཆུབ་སེམས་དཔས་ཕན་བཏགས་པ་དེ་བཞིན་བྱང་ཆུབ་སེམས་དཔའ་དེ་ལ་ལན་དུ་ཕན་འདོགས་པ་ཡིན་ཏེ། དེ་ལྟར་ཕར་ཕྱིན་བསྒྲུབ་པ་དེས་བྱ ང་ཆུབ་སེམས་དཔའ་ཐུགས་ཡོངས་སུ་མགུ་བར་འགྱུར་གྱི། ཟང་ཟིང་གི་ཕན་ལན་བྱེད་པ་སོགས་རྣམ་པ་གཞན་བྱང་ཆུབ་སེམས་དཔས་མི་འདོད་པས་སེམས་ཅན་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་བྱས་པ་གཟོ་བའི་སེམས་ཀྱིས་དེ་ལྟར་ཕར་ཕྱིན་སྒྲུབ་པ་བྱེད་ལ། བྱང་ཆུབ་སེམས་དཔས་ཀྱང་འདི་དག་གིས་བདག་ལ་ཕན་བཏགས་སོ་ཞེས་དགོངས་ཤིང་བྱས་པ་ཤེས་པར་མཛད་དོ། །ཞེས་སོ། །འདི་ཡང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་ཅན་ཡིན་ཏེ་ཟང་ཟིང་མེད་པའི་རེ་བའོ། །དྲུག་པ་རེ་བའི་རྣམ་པ་ནི། བྱང་ཆུབ་སེམས་དཔའི་རེ་བ་རྣམ་པ་ལྔ་ནི། རྟག་ཏུ་རང་གཞན་གྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་འཕེལ་བར་འགྱུར་ཞེས་རེ་ཞིང་འདོད་པ་དང་། ཕར་ཕྱིན་དྲུག་གི་མི་མཐུན་ཇི་ལྟར་ཉམས་ཤིང་འབྲི་བར་འགྱུར་ཞེས་རེ་ཞིང་འདོད་པ་དང་། སེམ་ཅན་རྣམས་དད་པ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་རྣམས་དགེ་བ་ལ་བཀོད་པ་དང་། དགེ་བ་བྱེད་པ་རྣམས་རབ་ཏུ་སྨིན་པར་བྱའོ་ཞེས་རེ་ཞིང་འདོད་པ་དང་། ས་དང་པོ་ཐོབ་ནས་གཉིས་པ་ཇི་ལྟར་ཐོབ་པར་བྱ་བ་ནས་ས་བཅུ་བའི་བར་དུ་དེ་ལྟར་ས་བཅུ་ལ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་རེ་ཞིང་འདོད་པ་དང་། ས་བཅུ་འདས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་རེ་ཞིང་འདོད་པ་ཡིན་ནོ། །རེ་བ་འདི་ལྔ་ལས་གཞན་འཇིག་རྟེན་པའི་ཕུན་ཚོགས་དང་། ཉན་རང་གི་ལམ་དང་འབྲས་བུ་ལ་རེ་བ་ཅུང་ཟད་ཀྱང་མི་སྐྱེ་བ་འདི་ནི་བསམ་པའི་རེ་བ འི་ཡོན་ཏན་ནོ། །བདུན་པ་སྦྱོར་བ་ཆུད་མི་ཟའི་ཡོན་ཏན་ནི། ཉན་རང་རྣམས་བདག་འབའ་ཞིག་གི་དོན་དུ་ཞུགས་པས་གཞན་གྱི་དོན་བྱེད་པ་མེད་པས་ཆུད་ཟོས་པ་དང་། འཇིག་རྟེན་པས་རེ་བའི་སྒོ་ནས་སྦྱོར་བ་བརྩམས་པ་ཕལ་ཆེར་འབྲས་བུ་མེད་པས་ཆུད་ཟོས་པར་འགྱུར་ན་ཡང་། བྱང་ཆུབ་སེམས་དཔའ་རེ་བ་ཕྱིན་ཅི་མ་ལོག་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ལས་སུ་ཅི་དང་ཅི་བྱས་པ་ཐམས་ཅད་དེ་བཞིན་འགྲུབ་ཅིང་ཆུད་མི་ཟ་བའི་ཡོན་ཏན་ནི། སྦྱོར་བ་རྣམ་པ་བཞི་ཆུད་མི་ཟ་བ་སྟེ། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་པར་གྱུར་ན་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོ་ལ་སྦྱོར་བ་ཆུད་ཟོས་པར་འགྱུར་ན་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་འཇིགས་པ་སྤང་ཞིང་གཞན་གྱི་སྐྲག་པའང་སེལ་བས་ན། ཐེག་ཆེན་ལ་སྦྱོར་བ་ཆུད་མི་ཟ་བ་དང་། གལ་ཏེ་འཇིག་རྟེན་པའི་ཕུན་ཚོགས་འདོད་པ་དང་ཉན་རང་གི་ལམ་འབྲས་འདོད་པའི་ཕྱིར་སེམས་བསྐྱེད་ན་ཐེག་ཆེན་གྱི་སྦྱོར་བ་ཆུད་ཟ་ན་ཡང་། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་མི་བསྐྱེད་ཀྱི་བདག་དང་སེམས་ཅན་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དག་པར་བསྐྱེད་པའི་ཕྱིར། བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་པ་ལས་མཉམ་པས་སྦྱོར་པ་ཆུད་མི་ཟ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་བྱང་ཆུབ་བསྒྲུབ་པའི་ཐབས་སོགས་མི་ཤེས་པས་ཐེ་ཚོམ་དུ་གྱུར་ན་སེམས་བསྐྱེད་ལས་ལོག་སྟེ་ཆུད་ཟ་བ་སྲིད་ཀྱང་། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ལ་ཐེ་ཚོམ་དག་ནི་གཅོད་པར་བྱེད་པ་ཡིན་པས་དེས་ན་སྦྱོར་བ་ཆུད་མི་ཟ་བ་དང་། གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་ཞི་ལྷག་གི་རྣལ་འབྱོར་གྱི་གདམས་ངག་བསྟན་པ་བཞིན་དུ་རང་ཉིད་ཀྱིས་མི་སྒྲུབ་ཅིང་གཞན་ལ་མི་སྟོན་ན་ཆུད་ཟ་ཡང་བྱང་ཆུབ་སེམས་དཔས་ནི། སྒྲུབ་པ་ཡི་ནི་གདམས་ངག་ཐོབ་པ་ལ་གདམས་པ་ཇི་ལྟ་བ་བཞིན་དུ་རང་གིས་ཉམས་སུ་ལེན་ཞིང་གཞན་ལ་སྟོན་པར་བྱེད་པས་སྦྱོར་བ་ཆུད་མི་ཟ་བ་ཡིན་ནོ། ། དེ་ལྟར་ཆོས་བཞི་པོ་འདི་ནི་རྒྱལ་སྲས་རྣམས་ཀྱི་རྟག་ཏུ་ཆུད་མི་ཟ་བ་ཡིན་ནོ། །བརྒྱད་པ་ཡང་དག་པར་སྤྱོར་བ་ནི། དེ་ལྟར་ཆུད་མི་ཟ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ལས་སུ་བྱེད་པ་རྣམས་མ་ནོར་བར་ཚུལ་བཞིན་ཡང་དག་པར་སྦྱོར་བར་བྱེད་པ་ནི། བྲེལ་ཞིང་ཕོངས་པ་རྣམས་ལ་སྦྱིན་པ་གསུམ་ཇི་ལྟར་འདོད་པ་རྫོགས་པར་བྱིན་ཡང་། ཚེ་འདིར་རང་ལ་ཕན་འདོགས་པའི་རེ་བ་དང་། ཚེ་རབས་གཞན་དུ་རང་ཉིད་ལོངས་སྤྱོད་ཆེན་པོར་འགྱུར་བའི་རེ་བ་མེད་པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་བ་དང་། དེ་བཞིན་དུ་འཁོར་བར་མངོན་མཐོའི་ཡང་སྲིད་མི་འདོད་པར་བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་དང་། གནོད་པ་བྱས་པ་ལ་ལུས་དང་ངག་གིས་གནོད་ལན་མི་བྱེད་པ་ཙམ་མིན་པར་ཡིད་ལ་ཁོང་ཁྲོ་གཏན་ནས་མི་སྐྱེ་བས་སྒོ་གསུམ་པོ་ཐམས་ཅད་ནས་བཟོད་པ་དང་། སེམས་ཅན་བཟང་ངན་སུས་གནོད་ཀྱང་བཟོད་པ་དང་གནོད་པ་ཆེ་ཆུང་ཅི་བྱས་ཀྱང་དེ་ཐམས་ཅད་ལ་ནི་བཟོད་པ་དང་། ཕ་རོལ་དུ་ཕྱིན་པ་འགའ་ཙམ་དང་། ཐེག་པ་འགའ་ཙམ་ལ་བརྩོན་པ་མ་ཡིན་པར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་བརྩོན་པ་དང་། ཐེག་པ་ཐམས་ཅད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་རྫོགས་པ་ཐེག་པ་ཆེན་པོའི་བརྩོན་པས་དགེ་བའམ་ཡོན་ཏན་ཀུན་འབྱུང་བའི་བརྩོན་འགྲུས་བརྩམས་པ་དང་། དེ་བཞིན་བསམ་གཏན་བཞི་དང་གཟུགས་མེད་བཞི་ཡི་ཏིང་འཛིན་ཐོབ་ཀྱང་། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མིན་པ་སྟེ་གཟུགས་མེད་དུ་སངས་རྒྱས་ཀྱི་ཆོས་རྫོགས་པ་དང་སེམས་ཅན་སྨིན་པར་མི་ནུས་པས་གཟུགས་ཁམས་དང་འདོད་པར་སྐྱེ་བ་དང་། ཁྱད་པར་དུ་འདོད་པའི་ཁམས་སུ་སྐྱེས་ནས་རྫོགས་སྨིན་རླབས་པོ་ཆེ་མཛད་པ་དང་། ཐབས་ཤེས་གང་རུང་དང་བྲལ་བ་དེ་བྱང་ཆུབ་སེམས་དཔའ་འཆིང་བ་ཡིན་པས་ཆོས་རྣམས་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཟུང་དུ་འབྲེལ་བ་ནི་ཤེས་རབ་ཐབས་དང་ལྡན་པ་ཡིན་ལ་དེ་ལྟ་བུ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚུལ་བཞིན་ཡང་དག་པར་སྦྱོར་བ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དང་། སྲིད་པའི་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་བཟོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་དང་། གཟུགས་མེད་པའི་ཁམས་ཀྱིས་མ་གོས་པའི་བསམ་གཏན་དང་། ཐབས་ལ་མཁས་པའི་བསྡུ་བའི་དངོས་པོ་བཞི་དང་རབ་ཏུ་ལྡན་པའི་ཐབས་ཀྱིས་ཡོངས་སུ་སྨིན་པའི་ཤེས་རབ་དང་། ཞེས་གསུངས་སོ། །དགུ་པ་ཉམས་པ་དང་ཁྱད་པར་གྱི་ཆོས་ཀྱི་དབྱེ་བ་ནི། གང་ལ་གནས་ནས་ཕར་ཕྱིན་དྲུག་ལས་ཉམས་པ་དང་། གང་ལ་གནས་ན་ཕར་ཕྱིན་རྣམས་འཕེལ་ཞིང་བོགས་ཐོན་པའི་ཁྱད་པར་གྱི་ཆོས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པའི་སྦྱོར་བ་གནས་པ་དེ་དག ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཉམས་ཤིང་འབྲི་བ་དང་། གཉེན་པོའི་ཆོས་རྣམས་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་འགྱུར་ཏེ་དེའི་ཉམས་དང་འཕེལ་བའི་དབྱེ་བ་བསྟན་པ་ལས་ཉམས་པ་ནི་འདོད་པའི་ལོངས་སྤྱོད་ལ་ཆགས་ན་སྦྱིན་པ་གཏོང་བ་མི་ནུས་པས་སྦྱིན་པའི་ཕར་ཕྱིན་ལས་ཉམས་པ་དང་། དེ་བཞིན་དུ་བསླབ་ཚིགས་ཕྲ་མོ་རལ་ཞིང་ཉམས་པ་དང་བཅས་ན་ཚུལ་ཁྲིམས་ཕར་ཕྱིན་ལས་ཉམས་པ་དང་། མཁན་སློབ་དང་གང་ཟག་ཡོན་ཏན་ཅན་ལ་སྒོ་གསུམ་མི་འདུད་པའི་ང་རྒྱལ་དང་ཉིད་ཀྱིས་གུས་པར་མི་བཟོད་པས་བཟོད་པ་ལས་ཉམས་པ་དང་འདོད་པ་བསོད་ཉམས་ཀྱི་མཐའ་ལ་ཞེན་ནས་གནས་པས་བརྩོན་འགྲུས་ལས་ཉམས་པ་དང་། བསམ་གཏན་གྱི་རོ་མྱང་བས་བསམ་གཏན་གྱི་ཕར་ཕྱིན་ལས་ཉམས་པ་དང་། རྫས་ཀྱི་དངོས་པོར་ཞེན་པའི་རྣམ་པར་རྟོག་པས་མཚན་མར་མི་དམིགས་པའི་ཤེས་རབ་ལས་ཉམས་པ་སྟེ། དེ་ལྟར་དྲུག་ནི་བརྟན་པ་བྱང་སེམས་རྣམས་ཀྱི་ཕར་ཕྱིན་ལས་ཉམས་པའི་རྒྱུའོ། ། གཉིས་པ་ཁྱད་པར་གྱི་ཆོས་ནི། དེ་དག་གི་གཉེན་པོ་ལོངས་སྤྱོད་ལ་མ་ཆགས་པ་དང་། ཚུལ་ཁྲིམས་མ་ཉམས་པ་དང་། ང་རྒྱལ་མེད་པ་དང་། བསོད་ཉམས་ལ་མ་ཞེན་པ་དང་། བསམ་གཏན་གྱི་རོ་མི་མྱང་བ་དང་། དངོས་པོ་ལ་མཚན་མར་མི་རྟོག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། ཉམས་པའི་ཕྱོགས་དེ་ལས་བཟློག་པའི་ཕྱིར། ཕར་ཕྱིན་དྲུག་འཕེལ་བའི་ཁྱད་པར་གྱི་སྐལ་པ་ཅན་ཡིན་པའི་ཆོས་སུ་ཤེས་པར་བྱའོ། །བཅུ་པ་གཟུགས་བརྙན་དང་ཡང་དག་པ་ཉིད་ཀྱི་དབྱེ་བ། ཕར་ཕྱིན་དྲུག་དངོས་ལས་ཉམས་ཏེ་གཟུགས་བརྙན་ཙམ་དུ་གྱུར་པ་ནི་ཕྱི་ནང་གི་དངོས་པོ་སྦྱིན་ནོ་ཞེས་སྨྲས་ནས་མི་སྦྱིན་པ། དངོས་སུ་སྦྱིན་ནས་ལྐོག་ཏུ་ལེན་པ་སོགས་སྦྱིན་པ་རྫུ་བྱེད་པ་སྦྱིན་ཚུལ་དུ་སྤྲུལ་པ་ལྟ་བུ་ནི་སྦྱིན་པའི་ཕར་ཕྱིན་གྱི་གཟུགས་བརྙན་ཙམ་དང་། དེ་བཞིན་བསྲུང་བྱའི་ཉེས་པ་རྣམས་ལ་རྒྱུན་དུ་སྤྱད་ཀྱང་གཞན་ངོར་ཚུལ་ཁྲིམས་བསྲུང་བ་ལྟར་ཚུལ་འཆོས་བྱེད་པ་དང་། གཞན་ལ་མི་བཟོད་པར་ཞེ་སྡང་ཡོད་ཀྱང་བཟོད་མདོག་གི་ལུས་ཀྱི་བཞིན་མཛེས་པ་ནི་སྟོན་པ་དང་ངག་འཇམ་པར་སྨྲ་བ་དང་། དེ་བཞིན་རྒྱུན་དུ་བརྩོན་པ་མེད་ཀྱང་མང་པོའི་ཁྲོད་སོགས་སུ་འཕྲལ་དང་འཕྲལ་ལ་བརྩོན་འགྲུས་ལ་འཇུག་པ་ཙམ་དང་ལུས་དབེན་པར་གནས་ཤིང་ཞི་བ་ལྟར་སྟོན་པ་དང་ངག་གི་སྨྲ་བ་སྤངས་ཏེ་ཞི་བ་ལྟར་གནས་ཀྱང་སེམས་བསམ་གཏན་ལ་མི་གནས་པར་རྣམ་གཡེང་གི་ངང་དུ་འཕྱན་པ་དང་། དེ་བཞིན་ཐེག་པ་གསུམ་གྱི་ཆོས་ཀྱི་དོན་ལེགས་པར་ཤེས་པའི་ཤེས་རབ་མེད་ཀྱང་། སྒྲའམ་གཏན་ཚིགས་སོགས་ཀྱི་དོན་ཅི་རིགས་ཤེས་པས་ཚིག་ལ་འཆེལ་ནས་འཐད་མི་འཐད་ཡིན་མིན་སོགས་ཀྱི་ཚིག་གི་སྨྲ་བ་མང་པོ་རྩོམ་པ་ལ་མཁས་པ་ཕུན་སུམ་ཚོགས་པ་ལྟར་བླུན་པོ་རྣམས་ཀྱི་ཁྲོད་དུ་སྟོན་པ་ནི་ཤེས་རབ་ཀྱི་གཟུགས་བརྙན་ཏེ། ཕར་ཕྱིན་དྲུག་གི་དོན་དེ་དག་ཚུལ་བཞིན་སྒྲུབ་པ་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་དག་གི འམ་རྣམས་ཀྱི་ནི། ཕར་ཕྱིན་དྲུག་ཡང་དག་པ་མིན་པ་གཟུགས་བརྙན་ཙམ་ཡིན་པ་ཉིད་དུ་བཤད་དོ། ། ཕར་ཕྱིན་ཡང་དག་པ་ནི། ཡང་དག་མིན་པ་གཟུགས་བརྙན་གྱི་ཆོས་དྲུག་པོ་དེ་ལས་བཟློག་པར་གྱུར་པའི། སྦྱིན་པ་ཡང་དག་པ་ནས། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་རབ་ཀྱི་བར་ལ་རབ་ཏུ་སྦྱོར་བ་རྣམས་ཀྱི། ཕར་ཕྱིན་དེ་དག་ནི་བཅོས་མ་མ་ཡིན་པ་ཡང་དག་པ་ཉིད་དུ་བཤད་དོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཚུལ་འཆོས་པ་དང་རྣམ་པ་ཙམ་གྱི་བཅོས་མའི་ཕར་ཕྱིན་ལ་སྤྱོད་པ་མ་ཡིན་གྱི། ཚུལ་འཆོས་པ་དང་ཟོལ་ཟོག་མེད་པར་ཕར་ཕྱིན་ཡང་དག་པ་ལ་སྤྱོད་པའི་ཡོན་ཏན་གསེར་སླད་མེད་ལྟ་བུ་ཡིན་ནོ། ། དེའི་ཕྱིར་ན་སྐྱོན་ཡོན་གཉིས་ཀྱི་ཆ་ནས་བསྟན་པ་དེ་དག་སྐྱོན་དེ་ལྟ་བུ་དང་མ་འདྲེས་པའི་གཉེན་པོའི་ཡོན་ཏན་བསྟན་པའི་སླད་དུ་ཡིན་པར་ཤེས་པར་བྱའོ། །བཅུ་གཅིག་པ་འདུལ་བ་ནི། ཕར་ཕྱིན་རྣམས་ཡང་དག་པར་སྒྲུབ་པའི་ཡོན་ཏན་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་གྱི་སེམས་རྒྱུད་ལ་ཡོད་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་རྣམས་འདུལ་བར་བྱེད་ནུས་ཏེ། གང་ཟག་གང་གིས་འདུལ་ན་བློ་ལྡན་བྱང་ཆུབ་སེམས་དེ་དག་གིས་སོ། །གནས་སྐབས་གང་ལ་གནས་ནས་འདུལ་ན། ས་བཅུ་པོའི་གནས་སྐབས་ཀུན་དུའོ། །ཐབས་གང་གིས་འདུལ་ན། སྦྱིན་པ་ལ་སོགས་ཕར་ཕྱིན་དྲུག་གི་ཆོས་རྣམས་ཉེ་བར་བསྒྲུབ་པས་སོ། །སུ་ཞིག་འདུལ་ན་སེམས་ཅན་རྣམས་ཀྱིའོ། །གང་འདུལ་ན་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་དང་། ཉམས་པ་དང་བཅོས་མ་རྣམས་འདུལ་བར་བྱེད་དོ། ། བཅུ་གཉིས་པ་གང་ཟག་ལུང་བསྟན་པ་རྣམ་པར་དབྱེ་བ་ནི། ཕར་ཕྱིན་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ལུང་བསྟན་པ་ཐོབ་པ་ནི་གང་ཟག་གི་བྱེ་བྲག་གིས་ལུང་སྟོན་པར་དང་དུས་ཀྱི་བྱེ་བྲག་གིས་ལུང་སྟོན་པ་སྟེ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བླ་མེད་བྱང་ཆུབ་ཐོབ་པར་ལུང་བསྟན་པ་ནི་དེ་ལྟར་རྣམ་པ་གཉིས་ཡོད་དོ། །དེ་ལ་གང་ཟག་གི་བྱེ་བྲག་གིས་ལུང་སྟོན་པ་ལ་རྣམ་པ་བཞི་ཡོད་དེ། རིགས་ལ་གནས་པའི་གང་ཟག་ལུང་བསྟན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལུང་བསྟན་པ་དང་། མངོན་དུ་གྱུར་པའི་གང་ཟག་ལུང་བསྟན་པ་དང་། མངོན་དུ་གྱུར་པ་མ་ཡིན་པའི་གང་ཟག་ལུང་བསྟན་པ་བཞིའི་དང་པོ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ཀྱང་རིགས་ལ་གནས་པ་ཕར་ཕྱིན་དྲུག་གི་རིགས་དང་ས་བོན་ཡོད་པ་ཞིག་ལ་དེ་ཉིད་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཞེས་ལུང་བསྟན་པའོ། །གཉིས་པ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་ནས་ལུང་བསྟན་པ་དང་། གསུམ་པ་སངས་རྒྱས་ཀྱི་འཁོར་དེར་དངོས་སུ་འདུས་པའི་གང་ཟག་ཞིག་ལ་ཆེ་གེ་མོ་འདི་མ་འོངས་པ་ན་སངས་རྒྱས་མཚན་འདི་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའོ། །བཞི་པ་འཁོར་དེར་མངོན་སུམ་དུ་གྱུར་པ་མིན་པ་ནི་སངས་རྒྱས་ཀྱི་ཞིང་གཞན་ན་གནས་པའི་བྱང་ཆུབ་སེམས་དཔའ་འདི་ཞེས་བྱ་བ་ལུང་བསྟན་པའོ། །མ་འོངས་པ་ན་གང་ཟག་འདི་ཞེས་བྱ་བ་འབྱུང་སྟེ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་པ། ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ་ལུང་བསྟན་པ་ལྟ་བུའོ། ། དུས་ཀྱི་བྱེ་བྲག་གིས་ལུང་བསྟན་པ་ལ་གཉིས་ཡོད་དེ། དུས་ཀྱི་ཚད་བཟུང་བ་བསྐལ་པའམ་ཚེ་རབས་འདི་ཙམ་ཞིག་གིས་བླ་མེད་བྱང་ཆུབ་ཐོབ་བོ་ཞེས་ལུང་བསྟན་པ་དང་། དུས་ཀྱི་ངེས་པ་མ་བཟུང་བར་མ་འོངས་པ་ནམ་ཞིག་ན་འཚང་རྒྱ་བར་ལུང་སྟོན་པའོ། །གཞན་ཡང་ལུང་བསྟན་པའི་རྣམ་གྲངས་གཉིས་ཏེ། སངས་རྒྱས་དེ་ཉིད་ཀྱིས་གང་ཟག་དེ་བྱང་ཆུབ་ཆེན་པོ་འཐོབ་པར་ལུང་སྟོན་པ་དང་། མ་འོངས་པ་ན་སངས་རྒྱས་ཆེ་གེ་མོ་ཞིག་གིས་ཁྱོད་ལུང་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་པ་ནི་ལུང་བསྟན་པས་ལུང་བསྟན་པ་ཞེས་བྱ་སྟེ་དེ་ལྟར་གཉིས་སོ། །གཞན་ཡང་ལུང་བསྟན་པ་ཆེན་པོར་བརྗོད་པ་ནི། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ནི། རློམ་པའི་ང་རྒྱལ་སྤངས་པ་དང་། མཚན་མའི་འབད་རྩོལ་སྤངས་པ་དང་། སངས་རྒྱས་རྣམས་དང་སྲས་བྱང་ཆུབ་སེམས་དཔའ་དག་པའི་ས་ལ་གནས་པ་རྣམས་དང་བཅས་པ་ཐམས་ཅད་དང་། རྒྱུད་ཐ་དད་ཀྱི་འཛིན་པ་མེད་པར་རང་བཞིན་ནམ་ངོ་བོ་གཅིག་ཏུ་གྱུར་པ་ལས་དེ་དག་ལུང་བསྟན་པ་ནི་ཆེན་པོར་ལུང་བསྟན་པ་ཞེས་བྱའོ། །ས་བརྒྱད་པ་ཐོབ་པ་དེས་བདག་ཉིད་གདོན་མི་ཟ་བར་འཚང་རྒྱ་བར་རྟོགས་ནས་བདག་ཉིད་འཚང་རྒྱ་བར་འགྱུར་རོ་ཞེས་བདག་ཉིད་ཀྱིས་བདག་ཉིད་ལུང་སྟོན་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་པས་ན་ལུང་བསྟན་པ་ཆེན་པོའམ་ཆེན་པོར་ལུང་བསྟན་པ་ཞེས་བྱའོ། །གཞན་ཡང་ལུང་བསྟན་པའི་རྣམ་གྲངས་ཀྱི་ཚུལ་ནི་བྱང་སེམས་དེ་ཡི་ཞིང་འདི་ཞེས་བྱ་བ་དང་། སངས་རྒྱས་པའི་དུས་ཀྱི་མཚན་གང་ཡིན་པའི་མིང་དང་ནི། དུས་ནམ་ཞིག་སངས་རྒྱ་བ་དང་། སངས་རྒྱས་དུས་ཀྱི་བསྐལ་པའི་མིང་དང་ནི། སངས་རྒྱས་དེའི་འཁོར་ཅི་ཙམ་པ་དང་། དེའི་དམ་པའི་ཆོས་དག་ཀྱང་ཅི་ཙམ་གནས་པའི་སྒོ་ནས་ལུང་བསྟན་པ་དེར་འདོད་དོ། །བཅུ་གསུམ་པ་གདོན་མི་ཟ་བར་ངེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་མེད་བྱང་ཆུབ་ཐོབ་པར་འདུན་པ་ལས་གནས་སྐབས་ཀྱི་ལོངས་སྤྱོད་སོགས་འདོད་པ་མ་ཡིན་ཡང་། མཐར་ཐུག་གི་བྱང་ཆུབ་ཆེན་པོ་མ་ཐོབ་པར་དེའི་བར་གྱི་ཚེ་རབས་ཐམས་ཅད་དུ་ཕར་ཕྱིན་དྲུག་གི་འབྲས་བུ་རྣམ་པ་དྲུག་ཀྱང་གདོན་མི་ཟ་བར་ཐོབ་པར་ངེས་ཏེ། གང་ཞེ་ན། བློ་ལྡན་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་དེ་སྐྱེ་བ་གང་དང་གང་དུ་སྐྱེས་པ་དེར་དུས་རྣམ་པ་ཐམས་ཅད་དུ། སྦྱིན་པའི་འབྲས་བུ་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་པ་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ངེས་པར་ཐོབ་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་ལྷ་དང་མི་སོགས་གང་དང་གང་དུ་སྐྱེ་བར་འདོད་པ་དེ་དག་ཏུ་སྐྱེ་བ་འཐོབ་པར་ངེས་པ་དང་། བཟོད་པའི་འབྲས་བུ་གཞན་དོན་དུ་སྡུག་བསྔལ་གྱིས་མི་སྐྱོ་བར་ངེས་པ་དང་། བརྩོན་པའི་འབྲས་བུ་དུས་རྟག་ཏུ་དགེ་བའི་ཆོས་ལ་ངེས་པར་སྒོམ་པའམ་གོམས་པར་བྱེད་པ་དང་། བསམ་གཏན་གྱི་འབྲས་བུ་ཏིང་ངེ་འཛིན་ཐོབ་པ་ལས་ནམ་ཡང་ཉམས་པ་མེད་པར་ངེས་པ་དང་། བསམ་གཏན་གྱི་མཐུས་རྫུ་འཕྲུལ་སོགས་ཀྱི་མངོན་པར་ཤེས་པའི་མཐུ་ཐོབ་ནས་སེམས་ཅན་གྱི་དོན་བྱ་བ་ངེས་པར་འགྲུབ་པ་དང་། ཤེས་རབ་ཀྱི་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་བཟོད་པ་འཐོབ་པ་ལ་ངེས་པར་འགྱུར་ཏེ། ལམ་འོག་མ་རྣམས་སུ་མི་རྟོག་ཡེ་ཤེས་རྩོལ་མེད་ཆ་འདྲ་དང་དངོས་ས་བརྒྱད་པ་ན་འཐོབ་པ་ལ་གདོན་མི་ཟ་བར་ངེས་པའོ། །བཅུ་བཞི་པ་གདོན་མི་ཟ་བར་བྱ་བ་རྣམ་པར་དབྱེ་བ་ནི། གང་མ་བྱས་ན་བླ་མེད་བྱང་ཆུབ་ཏུ་འཚང་མི་རྒྱ་བས་ངེས་པར་མི་བྱར་མི་རུང་བའི་ཆོས་ལ་གདོན་མི་ཟ་བར་བྱ་བ་ཞེས་བྱ་སྟེ། གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་དངོས་འབྱོར་དང་ཡིད་ཀྱིས་མོས་པའི་མཆོད་པ་ནི་མི་བྱར་མི་རུང་སྟེ་འདི་ནི་སྦྱིན་པའི་བྱེ་བྲག་གོ །བསླབ་པ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མ་ཉམས་པ་ནི་མི་བྱར་མི་རུང་བས་གདོན་མི་ཟ་བར་བྱ་བ་དང་། དེ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཡི་དབང་གིས་སྡུག་བསྔལ་བསལ་བར་འདོད་པས་བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་བསྒོམ་པ་དང་། དེ་བཞིན་དུ་བསམ་གཏན་ཐོབ་པའི་ཆེད་དུ་འདུ་འཛི་མེད་པའི་དགོན་པར་གནས་ཤིང་བག་ཡོད་པ་ལ་གནས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པའི་ཆེད་དུ་དགེ་བའི་བཤེས་གཉེན་བསྟེན་ཅིང་མདོ་སྡེ་སོགས་གསུང་རབ་ཀྱི་ཆོས་ཐོས་པའི་དོན་ལ་ངོམས་མི་ཤེས་པ་ཉིད་ནི་ས་རྣམས་ཀྱི་གནས་སྐབས་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའ་ཡི། གདོན་མི་ཟ་བར་བྱ་དགོས་པ་ཉིད་དོ། །བཅོ་ལྔ་པ་རྟག་པར་རྒྱུན་དུ་བྱ་བ་ནི། དུས་རེས་འགའ་མ་ཡིན་པར་རྣམ་པ་ཀུན་དུ་བྱ་བ་དྲུག་ནི་ཕར་ཕྱིན་དྲུག་རྫོགས་པའི་ཆེད་དུ་ཡིན་ཏེ། སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཆེད་དུ་རྟག་ཏུ་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་ཉེས་དམིགས་ཤེས་པ་སྟེ། སྲིད་པའི་འདོད་ཡོན་རྣམས་ནི་མི་རྟག་པ་སྤྲིན་དང་གློག་ལྟ་བུ། དེ་ལ་ཆགས་ན་སྡུག་བསྔལ་བའི་གནས་སུ་གྱུར་པ་དུག་ཅན་གྱི་ཟས་དང་མེ་འབར་བའི་རླུབས་དང་། རལ་གྲིའི་སོ་དང་། སྦྲུལ་གྱི་ཚང་ལྟ་བུ་དང་། ཡིད་བརྟན་མེད་པ་སྒྱུ་མ་དང་རྨི་ལམ་ལྟར་ཡང་ཡིད་ལ་བྱ་བ་རྒྱུན་དུ་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཆེད་དུ་རང་གི་ལུས་ངག་ཡིད་ཀྱི་ཀུན་སྤྱོད་ངན་པའི་འཁྲུལ་བ་དག་ལ་རྟོག་ཅིང་བག་ཡོད་པར་བྱ་བ་དང་། སེམས་ཅན་རྣམས་ལས་ཉོན་གྱི་དབང་གིས་རང་དབང་ཅུང་ཟད་མེད་པར་སྡུག་བསྔལ་གསུམ་གྱི་རྦ་ཀློང་དུ་འཁྱམས་པའི་ཚུལ་ཡང་ཡང་བསམས་ནས་སྙིང་རྗེ་ཆེན་པོ་དང་གོ་ཆ་བགོས་ཏེ་དེའི་དོན་དུ་སྡུག་བསྔལ་སྣ་ཚོགས་ར ང་གིས་དང་དུ་ལེན་པ་ཉིད་ལ་གོམས་པར་བྱ་བ་དང་། ལེ་ལོ་ཅན་གྱིས་འཇིག་རྟེན་གྱི་བྱ་བའང་མི་འགྲུབ་ན་འཇིག་རྟེན་ལས་འདས་པའི་དོན་ལྟ་ཅི་སྨོས། བརྩོན་འགྲུས་བརྩམས་ན་སངས་རྒྱས་ཀྱི་གོ་འཕང་ཡང་འཐོབ་ན་གཞན་ཅི་ཞིག་སྨོས། བརྩོན་འགྲུས་ནི་དགེ་བའི་ཆོས་ཀུན་གྱི་རྩ་བ་མེད་དུ་མི་རུང་བར་བསམས་ནས་རྒྱུན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་དག་ནི་སྒོམ་ཞིང་སྒྲུབ་པར་བྱེད་པ་དང་། སེམས་རྣམ་པར་གཡེང་བས་དགེ་བའི་ཆོས་ཐོབ་པར་མི་ནུས་པ་བསམ་གཏན་མེད་དུ་མི་རུང་ཡང་བསམ་གཏན་གྱི་བདེ་བ་ལ་རོ་མྱང་ཞིང་ཞེན་ན་དེས་ཀྱང་འཆིང་བར་འགྱུར་བས་བསམ་གཏན་བསྒོམས་ཀྱང་དེའི་བདེ་བ་ལ་རོ་མྱང་བ་མེད་པ་ཉིད་རྟག་ཏུ་བྱས་པས་བསམ་གཏན་ལས་མི་ཉམས་པར་འགྱུར་བ་དང་། ཇི་ལྟར་ཇི་སྙེད་ཀྱི་ཆོས་ཤེས་པའི་ཤེས་རབ་ནི་ཕར་ཕྱིན་རྣམས་ཀྱི་ཡང་གཙོ་བོ་ཡིན་པས་མེད་དུ་མི་རུང་ཡང་། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གང་ལ་ཡང་རང་གི་གཤིས་སམ་རང་བཞིན་གྱིས་མཚན་མར་གྲུབ་པ་གང་ཡང་མེད་པས་ན། ཆོས་གང་ལའང་དངོས་པོ་དང་མཚན་མར་ཞེན་ན་ཆོས་ཉིད་ཀྱི་དོན་མ་རྟོགས་ནས་ཤེས་བྱའི་རང་བཞིན་ལ་སྒྲིབ་པའི་དྲི་མ་དང་བཅས་པའི་ཕྱིར་ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་མཚན་མ་ཉིད་དུ་རྣམ་པར་མི་རྟོག་པ་དང་ལྡན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། དེ་ལྟར་ཆོས་དྲུག་པོ་དེ་ནི་ས་རྣམས་ཀུན་ལ་ཁྱད་མེད་པར་བརྟན་པ་བྱང་ཆུབ་སེམས་དཔའ་ཡི། དུས་རྟག་ཏུ་བྱ་བ་དག་ཡིན་ནོ། །བཅུ་དྲུག་པ་གཙོ་བོར་བྱ་བའམ་མཆོག་ཏུ་བྱ་བ་ནི། ཕར་ཕྱིན་དྲུག་སོ་སོའི་ནང་ན་ཡང་མཆོག་གམ་དམ་པར་གྱུར་པའི་དངོས་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རྒྱུ་དེ་ཉིད་ཀྱིས་མཆོག་དང་དམ་པ་ཉིད་དུ་འགྱུར་ཏེ། གང་ཞེ་ན་སྦྱིན་པའི་དབྱེ་བ་གསུམ་གྱི་ནང་ནས་ཆོས་ཀྱི་སྦྱིན་པ་གཙོ་བོའམ་མཆོག་ཡིན་ཏེ། ཟང་ཟིང་དང་སྐྱབས་ཀྱི་སྦྱིན་པས་ནི་འཇིག་རྟེན་པའི་བདེ་བ་སྒྲུབ་ལ། ཆོས་ཀྱི་སྦྱིན་པས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཡང་འགྲུབ་པར་བྱེད་པའི་ཕྱིར་རོ། ། དེའི་ཕྱིར་འཕགས་པ་རྡོ་རྗེ་གཅོད་པ་སོགས་ལས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་པ་བས། གང་གི་མདོ་འདི་ལས་ཚིགས་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་བསྟན་ཅིང་བཤད་ན་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ་ཞེས་གསུངས་པ་བཞིན་ནོ། །སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པ་གསུམ་གྱི་ནང་ནས། ཟག་མེད་ཀྱི་སྡོམ་པ་མཆོག་གམ་གཙོ་བོ་ཡིན་ཏེ། དེ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། ། བཟོད་པ་གསུམ་གྱི་ནང་ནས་ཆོས་ལ་ངེས་པར་རྟོག་པའི་བཟོད་པའི་རིགས་སུ་གཏོགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཉིད་གཙོ་བོ་དང་། འཇིག་རྟེན་པ་དང་ཉན་རང་གི་བརྩོན་འགྲུས་ཐམས་ཅད་ཀྱི་ནང་ན་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བསྒོམ་པའི་སྒོ་ནས་བརྩོན་འགྲུས་རྩོམ་པ་ནི་མཆོག་དང་གཙོ་བོ་ཡིན་ནོ། ། བསམ་གཏན་བཞི་ཡི་ནང་ནས་ཞི་ལྷག་ཆ་སྙོམས་པ་རབ་ཀྱི་མཐའ་བསམ་གཏན་བཞི་བ་ཡིན་ཞིང་དེ་ལ་བརྟེན་ནས་སྙིང་རྗེ་ཚད་མེད་དང་ལྡན་པ་ལ་གནས་པ་ནི། བསམ་གཏན་ཐམས་ཅད་ཀྱི་མཆོག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕར་ཕྱིན་སྔ་མ་ལྔ་ཡི་ནང་ནས་མཆོག་གམ་གཙོ་བོ་ཡིན་ཏེ། ཡུམ་ལས། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པར་གསུངས་པ་བཞིན་ནོ། ། དེ་ལྟར་བློ་ལྡན་བྱང་སེམས་རྣམས་ཀྱི་ཕ་རོལ་ཕྱིན་པའི་གཙོ་བོར་འདོད་པ་ཡིན་ནོ། ། བཅུ་བདུན་པ་ཆོས་བཤད་པ་རྣམ་པར་བཞག་པ་ལ་བཤད་བྱའི་ཆོས་ཀྱི་རྣམ་གྲངས་རྣམ་པར་བཞག་པ། དེའི་དོན་ཡོངས་སུ་ཤེས་པར་བྱ་བ་རྣམ་པར་བཞག་པ། བཤད་པ་པོ་བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་རྣམ་པར་བཞག་པ། དེ་ལྟར་བཤད་པའི་འབྲས་བུ་རྣམ་པར་བཞག་པ། ཐེག་པ་ཆེན་པོའི་ཆོས་དང་བསྡུ་བ་རྣམ་པར་བཞག་པ་ལྔ་ལས། དང་པོ། སེམས་ཅན་གྱི་དོན་བྱེད་པ་ལ་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་རྣམ་པ་མི་འདྲ་བ་མང་དུ་ཡོད་ཀྱང་། གཙོ་བོ་ནི་སེམས་ཅན་རྣམས་ལ་ཆོས་བསྟན་པས་རྒྱུད་གྲོལ་བར་བྱེད་པས་ཆོས་རྣམ་པར་བཞག་པ་འདི་ནི། བྱང་ཆུབ་སེམས་དཔའ་རང་ཉིད་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་མང་དུ་ཐོས་ཤིང་དེའི་དོན་ལ་ངེས་པ་ཚུལ་བཞིན་སྐྱེས་ནས་མཁས་པའི་ཡོན་ཏན་དང་ལྡན་པ་དགོས་ཀྱི། དེ་ལྟ་བུ་མིན་ན་སེམས་ཅན་སྣ་ཚོགས་ཀྱི་ཁམས་དབང་བསམ་པ་དང་མཐུན་པའི་ཆོས་འཆད་མི་ནུས་ཏེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། དེ་འཆད་པ་ནི་དཀའ་བ་ཡིན་ཞེས་གསུངས་པ་ལྟར། ཐབས་ལས་བྱུང་བ་འགོག་བདེན་དང་། དེའི་རྒྱུ་ལམ་བདེན་དག་རང་གི་མ་ཤེས་པར་ལྐོག་ཏུ་གྱུར་པ་དག་གིས་ཐར་བའི་ལམ་དང་འབྲས་བུ་འདི་དང་འདིའོ་ཞེས་འཆད་མི་ནུས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བཤད་པ་རྣམ་པར་བཞག་པ་བཞི་སྐབས་འདིར་གསུངས་པ་ཡིན་ནོ།། འདི་ཆོས་ཚོལ་གྱི་སྐབས་དང་ཆོས་བཤད་པའི་སྐབས་སུ་བཤད་ཟིན་པ་མ་ཡིན་ནམ་ཅིའི་ཕྱིར་སླར་ཟློས་སྟེ་བཤད་སྙམ་ན་སྐབས་འདིར་བྱང་ཆུབ་སེམས་དཔའ་རྣམས་ཆོས་བཤད་པའི་རྣམ་བཞག་བཞི་ལ་མཁས་པའི་ཡོན་ཏན་བསྟན་པའི་སྐབས་ཡིན་པ་དང་། གོང་དུ་བཤད་པ་རྣམས་དང་དོན་གཞན་དུ་མ་གྱུར་ཀྱང་རྣམ་བཞག་བྱེད་ཚུལ་མི་འདྲ་ཞིང་ཤེས་བྱའི་དོན་བསྡུ་བའི་རྣམ་གྲངས་ཁྱད་པར་ཅན་གྱི་སྒོ་ནས་བསྟན་པས་ཟློས་སྐྱོན་མེད་པར་མ་ཟད་དོན་ཆེན་པོ་ཡོད་པ་ཡིན་ནོ། ། གོང་དུ་བཤད་པ་ལྟར་ལམ་ཕར་ཕྱིན་རྣམས་བསྒྲུབ་པའི་ཡོན་ཏན་མཆོག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག སེམས་ཅན་འདུལ་བའི་ཐབས་ཤེས་ཤིང་། ཐབས་དེ་ཤེས་པས་སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར་རོ། །སྟོན་པར་གྱུར་ནས་ཆོས་འཆད་པ་ལ་མཁས་པས་ཆོས་བཤད་པ་རྣམ་པ་བཞི་འཆད་དོ། །བཞི་གང་ཞེ་ན། ཆོས་རྣམ་པར་བཞག་པ་འཆད་པ་དང་། བདེན་པ་རྣམ་པར་བཞག་པ་འཆད་པ་དང་། རིགས་པ་རྣམ་པར་བཞག་པ་འཆད་པ་དང་། ཐེག་པ་རྣམ་པར་བཞག་པ་འཆད་པ་ལས། དང་པོ་ཆོས་རྣམ་པར་བཞག་པ་འཆད་པ་ནི། མདོ་ཡི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པའི་བྱེ་བྲག་གིས་ནང་རིག་པ་དང་སྒྲ་དང་ཚད་མ་དང་བཟོ་དང་གསོ་བའི་རིག་པའི་གནས་ལྔ་ནི་རྣམ་པར་བཞག་པ་དེ་ནི་ས་རྣམས་ཏེ་མོས་སྤྱོད་དང་འཕགས་པའི་ས་བཅུ་པོ་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའ་ཡི་ཆོས་རྣམས་རྣམ་པར་བཞག་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། ། རྣམ་པར་བཞག་པ་ཞེས་བྱ་བའི་དོན་གང་ཡིན་སྙམ་ན། དཔེར་ན་སྒྲ་རིག་པ་ལ་མཚོན་ན་ཡི་གེ་འདུས་པ་ལས་བྱུང་བའི་མིང་གི་རང་བཞིན་གང་ལ། རྐྱེན་རྣམ་དབྱེ་སོགས་སྦྱར་བས། རྣམ་པ་གཞན་དང་གཞན་དུ་འགྱུར་པའི་རྣམ་བཞག་སྣ་ཚོགས་བརྡ་སྤྲོད་པའི་གཞུང་དུ་སྔོན་དུ་སངས་རྒྱས་དང་བྱང་སེམས་དྲང་སྲོང་ཆེན་པོ་རྣམས་ཀྱིས་རྣམ་པར་བཞག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་དང་དེའི་རྣམ་བཞག་གི་སྒོ་ནས་གཞན་ལ་འཆད་ཅིང་རྣམ་བཞག་བྱེད་པ་བཞིན་དུ། གཏན་ཚིགས་ཀྱིས་རིག་པ་ལའང་མངོན་རྗེས་ལུང་གི་ཚད་མ་གསུམ་གྱི་བསྒྲུབ་བྱ་མངོན་གྱུར་དང་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གསུམ་གཞལ་ཚུལ་གྱི་རྣམ་བཞག་དང་། གསོ་བའི་རིག་པ་ལ་ལུས་མིན་པར་གནས་པའི་ཐབས་དང་། ན་བར་གྱུར་ན་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ཚུལ་བཞིན་བརྟེན་ཚུལ་གྱི་རྣམ་བཞག་དང་། བཟོ་ཡི་གནས་སྣ་ཚོགས་པ་དག་ཀྱང་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཇི་ལྟར་བྱང་ཞིང་གོམས་པར་བྱ་བའི་རྣམ་བཞག་དང་། དེའི་བྱེ་བྲག་གྲངས་ཀྱི་རྩིས་དང་། སྐར་མའི་རྩིས་དང་། བརྟག་པ་བརྒྱད་ལ་སོགས་པས་མཚོན་ནས་བཟོ་ཡི་གནས་སྣ་ཚོགས་པའི་རྣམ་བཞག་ཤེས་པ་དང་། སྒྲའི་རིག་པའི་ཡན་ལག་ཚིགས་བཅད་དང་། ལྷུག་པ་དང་། སྤེལ་མ་གསུམ་གྱི་རྒྱན་ལ་ཚིག་དང་དོན་གྱི་སྙན་པའི་ཉམས་དང་ལྡན་པར་བྱེད་པའི་སྙན་དངགས་ཀྱི་གཞུང་དང་། ཚིགས་སུ་བཅད་པ་ལ་ཡི་གེ་ལྕི་ཡང་གི་སྡེབ་སྦྱོར་བསྒྲིག་པ་དང་། སྐད་རིགས་སྣ་ཚོགས་སྤེལ་བའི་དབྱངས་གར་འཆམ་གྱི་སྟབས་དང་བཅས་པའི་ཟློས་གར་དང་། དོན་གཅིག་ལ་ཡང་མིང་གི་རྣམ་གྲངས་སྣ་ཚོགས་ཡོད་པ་ཤེས་པར་བྱེད་པའི་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ཀྱི་གཞུང་ལས་ཇི་ལྟར་གྲགས་པའི་རྣམ་བཞག་ཚུལ་བཞིན་ཤེས་པ་དང་། ནང་རིག་པ་ཐེག་པ་གསུམ་སོ་སོའི་ལམ་དང་འབྲས་བུའི་རྣམ་བཞག་ཇི་ལྟར་ཡིན་པ་མ་ནོར་བར་རྣམ་པར་བཞག་ཅིང་སྟོན་པ་ནི་ཆོས་རྣམ་པར་བཞག་པ་ཞེས་བྱའོ། ། དེ་ལ་མདོ་སྡེ་སོགས་གསུང་རབ་ཡན་ལག་བཅུ་གཉིས་ནི་ནང་རིག་པ་མ་ཡིན་ནམ། དེ་བཤད་པས་རིག་གནས་གཞན་ཇི་ལྟར་རྣམ་པར་བཞག་པ་འཆད། མི་འཆད་ན། མདོ་སོགས་རྣམ་པའི་བྱེ་བྲག་གིས། རིག་པའི་གནས་ནི་རྣམ་བཞག་པ། ཞེས་མདོ་སོགས་ཀྱི་ནང་དུ་རིག་པའི་གནས་ལྔ་འདུས་པར་བསྟན་པ་ཇི་ལྟར་ཡིན་སྙམ་ན་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་རྣམས་གཙོ་བོ་ནང་རིག་པ་སྟོན་པའི་གཞུང་ཡིན་མོད་ཀྱི། དེའི་ཡན་ལག་ཏུ་རིག་པའི་གནས་ལྔ་གཞན་བཞི་ཡང་ཡོད་པས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་ནི་ཇི་ལྟར་ཇི་སྙེད་ཀྱི་ཆོས་ཀུན་གྱི་གནས་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་པས་ཐེག་པ་ཆེན་པོའི་མདོ་སྡེ་ལས་རིག་པའི་གནས་ལྔ་མི་སྟོན་པ་ནི་རྣམ་པ་ཀུན་དུ་མ་ཡིན་ཏེ་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེན་པོའི་མདོ་སྡེའི་ཚད་འདི་ཙམ་ཞེས་ནམ་ཡང་གཟུང་དུ་མེད་དོ། །དེས་ན་རིག་པའི་གནས་ལྔ་ཀ་ཡང་སངས་རྒྱས་ཀྱི་བཀས་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་བཞག་ཅིང་བཤད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་དུ་བཟུང་ནས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུས་དུས་སུ་དྲང་སྲོང་དང་བྲམ་ཟེ་ཆེན་པོ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་ཚུལ་དུ་སྤྲུལ་ནས་བསྟན་པ་ཡང་གྲངས་མེད་དེ། དཀོན་མཆོག་སྒྲོན་མེའི་མདོ་ལས། འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིང་། །སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོས་ཆོས་ཚོང་ཐབས་དང་། །སྣ་ཚོགས་བཟོ་རྣམས་འཇིག་རྟེན་རྗོད་པར་བྱེད། །འཚེ་མེད་གནོད་པ་མེད་པའི་སྦྱོར་བ་གང་། ། སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ། །རིགས་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །གང་ལ་ལྷར་བཅས་འཇིག་རྟེན་རྨོས་འགྱུར་བ། །དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན་དང་། ། བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་མཆོག་ཀུན་ཀྱང་། །མཁས་པ་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །དེ་དག་སྤྱོད་ཅན་ཀུན་ཏུ་མུ་སྟེགས་ཅན། །གདུང་པ་གཽ་ཏ་མ་དང་མི་སྨྲར་སྤྱོད། །གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །ཞེས་དང་། དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས།། འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །གཞན་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་འཁོར་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱིན་སྡོང་པོ་དང་། །ལམ་གོལ་དོགས་པ་རྣམས་ལ་ལམ་སྟོན་འགྱུར། ། ཞེས་སོགས ་གསུངས་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་ཚད་མེད་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མུ་མེད་པར་ཡང་། རིག་པའི་གནས་ལྔས་བསྡུས་པའི་བསྟན་བཅོས་ཕྱིན་ཅི་མ་ལོག་པ་རྣམས་ནི་སངས་རྒྱས་བྱང་སེམས་ཀྱི་མཐུས་བཤད་པ་ཡིན་ཏེ། རྒྱུད་བླ་མ་ལས། མདོར་ན་མ་ལུས་འཇིག་རྟེན་ཁམས་ཀུན་ཏུ། །ལྷ་དང་སར་གནས་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་ཅེས། སངས་རྒྱས་ཀྱི་གསུང་གི་དབྱངས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་བསྟན་པ་བཞིན་ནོ། ། དེས་ན་སྒྲ་རིག་པ་ལ་སོགས་སངས་རྒྱས་ཀྱི་གསུང་ལ་མེད་ཀྱི། ཕྱི་རོལ་པའི་ལུགས་འབའ་ཞིག་ཏུ་འཛིན་པ་ནི་ཤིན་ཏུ་བློ་གྲོས་རྒྱ་ཆུང་བ་སྟེ། སྡོན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྟན་པའི་རྗེས་སུ་ཕྱི་རོལ་པ་དང་ནང་བའི་མཁས་པ་རྣམས་ཀྱིས་ཀྱང་བརྡ་སྤྲོད་པ་སོགས་ཀྱི་གཞུང་བརྩམས་པ་ནི་མང་དུ་ཡོད་མོད་ཀྱི། རྩོམ་པ་པོ་དེ་ཕྱི་རོལ་པ་ཡིན་ན་རིག་པ་དེ་ཕྱི་རོལ་པའི་ལུགས་དང་། ནང་བ་ཡིན་ན་ནང་པའི་ལུགས་ཡིན་པར་ངེས་པ་ག་ལ་ཡོད་དེ། རིག་པའི་གནས་བཞི་ནི་ཐུན་མོང་གི་རིག་གནས་ཡིན་པས་དེ་ལ་ཕྱི་པ་དང་ནང་བའི་ལུགས་ཀྱི་དབྱེ་བ་མི་འོས་མོད་ཀྱི། ཚད་མ་མདོ་དང་སྡེ་བདུན་ལྟ་བུ་སྟོན་པ་དང་བསྟན་པ་ཚད་མར་བསྒྲུབ་ཚུལ་སོགས་དང་། དེ་བཞིན་གཤེགས་པའི་གསང་བའི་བརྡ་སྔགས་ལས་བཤད་པ་དང་། བདུད་རྩི་སྙིང་པོའི་རྒྱུད་ལྟ་བུ་འབྱུང་བ་ལུས་འཁྲུག་གི་གེགས་སེལ་སྔགས་ཀྱི་སྨིན་གྲོལ་དང་འབྲེལ་བ་དང་། གསང་སྔགས་ཆོ་གའི་གར་དང་དབྱངས་དང་སྐུ་གཟུགས་ཀྱི་ཆ་ཚད་སོགས་བཟོ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཕྱི་འཇིག་རྟེན་ལེའུའི་སྐར་རྩིས་ཀྱི་གཟའི་རྐང་པ་དང་དབུ་མའི་དབུགས་ཀྱི་གྲངས་སྦྱར་བ་ལྟ་བུའི་རྣམ་བཞག་རྣམས་ནི་ཕྱི་རོལ་པ་རྣམས་ལ་མ་གྲགས་པས་ནང་པའི་རིག་གནས་ཀྱི་ཁྱད་ཆོས་ཡིན་པ་སྨྲོས་མ་དགོས་སོ། །ཕྱི་རོལ་བའི་ལུགས་ཀྱི་ནང་རིག་པ་ནི་བསམ་གཟུགས་ཀྱི་ཏིང་འཛིན་བསྒོམ་པ་དང་། དབང་ཕྱུག་པའི་རླུང་གི་རྣལ་འབྱོར་བསྒོམ་པ་དང་། གཅེར་བུ་པས་དེ་ཁོ་ན་ཉིད་ནཱ་ད་བསྒོམ་པ་དང་བདག་གི་དེ་ཉིད་བསྒོམ་པ་སོགས་ཡིན་ཡང་དེ་དག་ལ་བདག་མེད་རྟོགས་པ་མེད་པའི་ཕྱིར་གནས་སྐབས་ཀྱི་རྫུ་འཕྲུལ་ལ་སོགས་པ་ཅུང་ཟད་འགྲུབ་མོད་ཀྱི། ཐར་པའི་ལམ་མིན་པས་ཡང་དག་པའི་ནང་རིག་པ་ནི་རྣམ་པ་ཀུན་དུ་མེད་པས་འཇིག་རྟེན་ལས་མ་འདས་པ་ལ་སངས་རྒྱས་ཀྱི་གསུང་ནི་འཇིག་རྟེན་ལས་འདས་པའི་ལམ་སྟོན་པས་ནང་རིག་པ་ཡང་དག་པ་ཡིན་ནོ། ། དེས་ན་ནང་རིག་པ་ནི་ཇི་ལྟར་ཇི་སྙེད་ཀྱི་ཆོས་ཀུན་གཏན་ལ་འབེབས་པ་ཡིན་པས་ཇི་སྙེད་པའི་ཆོས་ཤེས་པར་བྱེད་པ་པའི་ཡན་ལག་ཏུ་བརྡ་སྤྲོད་པ་སོགས་རིག་པའི་གནས་ཀུན་ཀྱང་དེའི་ཡན་ལག་ཡིན་ནོ། །སངས་རྒྱས་ཀྱི་གསུང་ལ་ཚད་དང་མཐའ་མེད་ཀྱང་དེང་སང་འཕགས་བོད་དུ་ཇི་ལྟར་སྣང་བའི་མདོ་འདི་རྣམས་ནའང་སྒྲ་རིག་པ་སོགས་ཅི་རིགས་སུ་སྣང་བ་ནི། དགོངས་པ་ངེས་པར་འགྲེལ་བའི་མདོ་ལ་སོགས་པ་ལས། ལྟོས་པ་དང་བྱ་བ་བྱེད་པ་སོགས་རིག་པ་བཞི་གསུངས་པ་འདིས་རྒྱུའམ་གཏན་ཚིགས་ཀྱི་རིག་པ་མ་ལུས་པ་བསྟན་པ་ཡིན་ལ། སྒྲའི་རིག་པ་ཡང་མདོ་སྡེ་རྣམས་ལས། ཐོགས་པ་དང་བཅས་པའི་ཕྱིར་གཟུགས་སོ། །མྱོང་བའི་བདག་ཉིད་ཀྱི་ཚོར་བའམ། ཞེས་སོགས་སྒྲའི་ངེས་ཚིག་དང་། ངེས་པའི་ཚིག་སོ་སོ་ཡང་དག་པ་ཡང་ལེགས་སྦྱར་འབའ་ཞིག་ཤེས་པ་ཙམ་དུ་མ་ཟད་སེམས་ཅན་ཐམས་ཅད་ཀྱི་སྐད་མཐའ་ཡས་པའི་ངེས་པའི་ཚིག་ཤེས་པ་ཡིན་པ་དང་། དེ་བཞིན་གཤེགས་པའི་གསུང་ཚིག་འབྲུ་བཟང་པོ་ཞེས་པའང་མིང་དང་རྐྱེན་གྱི་རྣམ་དབྱེ་ཚུལ་བཞིན་སྦྱར་བའི་ངེས་པའི་ཚིག་བཟང་བ་ཡིན་པ་དང་། དཔེ་རྒྱན་དང་ཉམས་ལྡན་ཕུལ་བྱུང་དང་གཟུགས་ཅན་ལ་སོགས་པའི་རྒྱན་དུ་གྱུར་པའི་སྙན་ངག་གི་ཉམས་ཕུན་སུམ་ཚོགས་དང་ལྡན་པའི་གསུང་རེ་རེ་ནས་སྙན་དངགས་ཀྱི་དཔེར་བརྗོད་དུ་འོས་པ་ཚད་མེད་པ་སྣང་བ་དང་དུས་ཀྱི་འཁོར་ལོའི་རྒྱུད་ལས་སྐར་རྩིས་ཀྱི་ཆོ་ག་དངོས་སུ་བསྟན་པ་དང་། གར་དང་གླུ་དང་སྒྱུ་རྩལ་དང་བརྟག་པ་སྣ་ཚོགས་ཀྱང་མདོ་རྣམས་ལས་ཞར་དང་ཞར་ལ་ཐོན་པ་དང་བྱང་ཆུབ་སེམས་དཔའ་བཟོ་ཡི་གནས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་ཆེར་རོལ་པ་ལ་སོགས་ལས་གསུངས་པ་དང་། གསོ་བ་རིག་པ་ཡང་གསེར་འོད་དམ་པའི་མདོ་ལས་གསུངས་པ་ལྟ་བུས་མཚོན་ནས་སངས་རྒྱས་ཀྱི་གསུང་རབ་ལ་ནང་རིག་པ་འབའ་ཤིག་ལས་རིག་གནས་མི་འབྱུང་བ་མ་ཡིན་པས། ཐེག་པ་ཆེན་པོའི་མདོ་སྡེའི་ནང་དུ་རིག་པའི་གནས་ཐམས་ཅད་འདུས་པར་ཤེས་པར་བྱ་སྟེ། གདུལ་བྱ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བྱེད་པ་གང་ཅི་ཡང་རུང་བ་གདུལ་བྱའི་རྐྱེན་དང་འཕྲད་ནས་ཞུས་ན་སངས་རྒྱས་ཀྱིས་མི་མཁྱེན་པ་དང་མི་གསུང་བ་མེད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་བརྗེད་པའི་གཟུངས་སུ་བཟུང་ནས་དུས་དང་དུས་སུ་སྟོན་པའི་ཕྱིར་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་ངོ་། ། གཉིས་པ་བདེན་པ་རྣམ་པར་བཞག་པ་ནི། དེ་བཞིན་ཉིད་རྣམ་པ་བདུན་ལ་བརྟེན་ནས་བདེན་པ་རྣམ་པར་བཞག་པ་ཡིན་ནོ། །དེ་བཞིན་ཉིད་བདུན་ནི། འཇུག་པའི་དེ་བཞིན་ཉིད་ནི་འཁོར་བར་རྒྱུན་གྱིས་འཇུག་པ་སྟེ། ཇི་ལྟར་འཇུག་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གཅིག་གིས་གཅིག་བསྐྱེད་ནས་རྒྱུན་མི་འཆད་པར་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་རྒྱུན་གྱིས་འཇུག་པའོ། ། མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་ཀུན་བརྟགས་དང་གཞན་དབང་ཡོངས་གྲུབ་གསུམ་གྱི་མཚན་ཉིད་དེ། གཟུང་འཛིན་གཉིས་སུ་ཀུན་བརྟགས་པ་དེ་ལྟར་མེད་པ་དང་། གཟུང་འཛིན་གཉིས་སུ་སྣང་བའི་ཕྱིན་ཅི་ལོག་གི་རྒྱུའམ་གཞི་གཞན་དབང་ཐ་སྙད་དུ་ཡོད་པ་དང་། གཞན་དབང་ལ་གཟུང་འཛིན་གཉིས་མ་གྲུབ་པས་གཉིས་སྟོང་གི་ཆོས་ཉིད་ཡོངས་གྲུབ་བོ། ། རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སེམས་ལས་གཞན་དུ་ཡོད་པ་མ་ཡིན་པས། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། ། ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སེམས་ལ་སྣང་བ་ཙམ་དུ་ཟད་པས་རྣམ་པར་རིག་པ་ཉིད་དུ་གྲུབ་པའོ། །གནས་པའི་དེ་བཞིན་ཉིད་ནི་སྡུག་བསྔལ་གསུམ་གྱི་རང་བཞིན་ལ་རྟག་ཏུ་གནས་པ་འཁོར་བའི་ཆོས་རྣམས་སོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་ཅན་ཀུན་འབྱུང་གི་བདེན་པ་སྟེ་དེས་སྡུག་བསྔལ་བའི་རང་བཞིན་ཕྱིན་ཅི་ལོག་པར་སྒྲུབ་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ནི་འགོག་པའི་བདེན་པ་སྟེ་སྡུག་བསྔལ་དང་ཀུན་འབྱུང་གི་ཉེས་པ་རྣམ་པར་དག་པའི་ཕྱིར་རོ། །ཡང་དག་པར་བསྒྲུབ་པའི་དེ་བཞིན་ཉིད་ནི་ལམ་གྱི་བདེན་པ་སྟེ། དེས་འགོག་པའི་བདེན་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་རོ། །འཇུག་པ་དང་གནས་པ་དང་ལོག་པར་སྒྲུབ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་འདྲ་ཞིང་མཉམ་མོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་དབང་དང་། ཡོངས་གྲུབ་ཀྱི་མཚན་ཉིད་གཉིས་ཀྱི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདྲ་ཞིང་མཉམ་སྟེ། གཞན་དབང་གི་ཁོངས་སུ་རྣམ་པར་རིག་པའི་དེ་བཞིན་ཉིད་ཀྱང་འདུའོ། །མདོ་དགོངས་འགྲེལ་ལས་མཚན་ཉིད་ཀྱི་དེ་བཞིན་ཉིད་བདག་མེད་གཉིས་ཁོ་ན་ལ་གསུངས་ཏེ་དེ་ལྟར་ན་ཡོངས་གྲུབ་བོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་ཉན་རང་སངས་རྒྱས་གསུམ་གྱི་བྱང་ཆུབ་འདྲ་ཞིང་མཉམ་མོ་ཞེས་འགོག་བདེན་ཐོབ་པ་ཙམ་ལ་འདྲ་བས་སོ། །ཡང་དག་སྒྲུབ་པས་ཡང་དག་པའི་དོན་གྱི་ཆོས་ཉན་པ་དང་སེམས་པ་དང་བསྒོམ་པའི་ཆོས་ཐམས་ཅད་འདྲ་ཞིང་མཉམ་མོ། ། ཞེས་དེ་དེ་ལྟར་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་སོ། ། དེ་ལྟར་ན་འཁོར་བར་འཇུག་པ་དང་གནས་པ་ནི་མི་རྟག་སོགས་རྣམ་པ་བཞི་ལྡན་སྡུག་བསྔལ་གྱི་བདེན་པའོ། །ལོག་པར་སྒྲུབ་པ་ཀུན་འབྱུང་རབ་སྐྱེ་སོགས་ཀྱི་རྣམ་པ་བཞི་ལྡན་ཀུན་འབྱུང་བའི་བདེན་པའོ། །ཡོངས་སུ་གྲུབ་པའི་རང་བཞིན་གློ་བུར་གྱི་དྲི་མ་དང་བྲལ་བ་འགོག་ཞི་སོགས་རྣམ་པ་བཞི་ལྡན་འགོག་པའི་བདེན་པ་དང་། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི། ལམ་རིགས་པ་སོགས་རྣམ་པ་བཞི་ལྡན་ལམ་གྱི་བདེན་པ་སྟེ་བདེན་པ་བཞིའོ། །རྣམ་པར་རིག་པ་ནི་རྣམ་ཤེས་ཚོགས་བརྒྱད་དེ་འདི་ལ་མ་དག་པའི་གཞན་དབང་ནི་ཀུན་བརྟགས་ལ་དམིགས་ནས་རྟེན་འབྲེལ་ལུགས་འབྱུང་གི་ཚུལ་གྱིས་འཁོར་བར་གནས་པའི་ཆ་ནི་སྡུག་བསྔལ་དང་། འཇུག་པའི་ཆ་ལོག་པར་སྒྲུབ་པ་ཀུན་འབྱུང་དུ་གཏོགས་ལ། ཡོངས་གྲུབ་ལ་དམིགས་ནས་ལམ་སྒྲུབ་པ་དག་པའི་གཞན་དབང་གི་ཆ་ནས་ཡང་དག་སྒྲུབ་པར་གཏོགས་པ་ཡིན་པས་དབུས་མཐའ་ལས་རྣམ་པར་རིག་པའི་དེ་བཞིན་ཉིད་ཡོངས་གྲུབ་ཏུ་བསྡུས་སོ།། གློ་བུར་གྱི་དྲི་མ་དང་བྲལ་བའི་དེ་བཞིན་ཉིད་ཡོངས་གྲུབ་འགོག་བདེན་ནོ། །སྐབས་འདིར་རྩ་འགྲེལ་གང་ལས་མ་གསུངས་ཀྱང་། ཆོས་ལྔ་ཡང་མཚན་ཉིད་གསུམ་ལས་ཕྱེ་བ་ཡིན་ཏེ། ཆོས་ལྔ་ནི་མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ལྔའི། མིང་ནི་ཀ་བུམ་སོགས་ཀྱི་མིང་གིས་བཏགས་ཏེ་དེ་དང་དེ་དེར་འཛིན་པ་ཀུན་བརྟགས་པའོ། །རྒྱུ་མཚན་ནི་གཞན་དབང་གཟུང་ཆར་སྣང་བ་ལྟོ་ལྡིར་བ་སོགས་ཆོས་དེ་དང་དེར་སྣང་བ་མིང་འདོགས་པའི་མཚན་མའམ་རྒྱུ་མཚན་དུ་སྣང་བའོ། །རྣམ་པར་རྟོག་པ་ནི་འཛིན་པའི་ཆར་སྣང་བའི་རྣམ་ཤེས་ཚོགས་བརྒྱད་དོ། །དེ་བཞིན་ཉིད་ནི་འགྱུར་མེད་ཡོངས་གྲུབ་བོ། །ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་ཞེས་ཡུལ་གྱི་མིང་ཡུལ་ཅན་ལ་བརྟགས་པ་སྟེ་གནས་སྣང་མཐུན་པའི་དབང་གིས་སོ། ། དེ་ལྟར་ན་ལང་ཀར་གཤེགས་པ་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །བདག་མེད་དོན་ནི་རྣམ་གཉིས་སུ། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་གསུངས་པ་ལྟར་འདི་དག་ཆོས་ཀྱི་སྤྱི་སྡོམ་ཆེན་པོ་ཡིན་ནོ། །རིགས་པ་དང་ཐེག་པ་རྣམ་པར་བཞག་པ་ནི་རིམ་པ་ལྟར་རྣམ་པ་བཞི་དང་། རྣམ་པ་གསུམ་ཉིད་དོ་ཞེས་མདོར་བསྟན་ནས། རིགས་པ་བཞི་ནི། བྱ་བ་བྱེད་པའི་རིགས་པ་ནི་རྒྱུ་གང་གིས་འབྲས་བུ་གང་སྐྱེད་པར་ཤེས་པ་དང་། ལྟོས་པའི་རིགས་པ་ནི་འབྲས་བུ་གང་རྒྱུ་གང་ལ་ལྟོས་པ་ཡིན་པ་ཤེས་པའོ། །མེ་ཚ་བ་དང་ཆུ་གཤེར་བ་ལྟ་བུ་ཀུན་རྫོབ་ཀྱི་ཆོས་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་དོན་དམ་པའི་ཆོས་ཉིད་དོ། །འཐད་པ་སྒྲུབ་པའི་རིགས་པ་ནི་མངོན་རྗེས་ཀྱི་ཚད་མས་དངོས་པོའི་གནས་ཚུལ་དང་མཐུན་པར་གཞལ་བའོ། །དེ་ལ་བྱ་བ་བྱེད་པ་དང་ལྟོས་པའི་རིགས་པ་ནི། མོས་སྤྱོད་དུ་བདག་མེད་གཉིས་ཀྱི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མཐོང་ལམ་དུ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཡང་དག་པའི་ལྟ་བ་འདྲེན་པས་འབྲས་བུ་དང་བཅས་པ་ཡིན་པ་དང་། མཐོང་ལམ་གྱི་ཡང་དག་པའི་ལྟ་བ་ནི་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་འབྲས་བུ་དང་ལྡན་པ་ཡིན་པ་དེ་དག་ནི། རྒྱུ་དེ་དག་གིས་འབྲས་བུ་དེ་དག་བསྐྱེད་པའི་བྱ་བ་བྱེད་པ་དང་འབྲས་བུ་དེ་དག་རང་རང་གི་རྒྱུ་དེ་ལ་ལྟོས་པ་ཡིན་པའི་ཆ་ནས་བྱ་བ་བྱེད་པའི་རིགས་པ་དང་། ལྟོས་པའི་རིགས་པ་གཉིས་སོ། །དེ་ལྟར་རྒྱུ་འབྲས་བུ་འབྲེལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་བསླུ་བ་མེད་པ་ཡིན་ཏེ་ས་བོན་གྲུང་པོ་ལས་མྱུ་གུ་སྐྱེ་བ་བཞིན་དུ་རྒྱུའི་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་རྒྱུ་ཡོད་ན་འབྲས་བུ་ཡོད་པའི་རྗེས་འགྲོ་དང་། འབྲས་བུ་རྒྱུ་ལ་ལྟོས་པའི་རྒྱུ་མེད་ན་འབྲས་བུ་ལྡོག་པའི་ཕྱིར། དེ་ལྟར་འོས་ཤིང་རིགས་པ་ཡིན་པར་ཚད་མས་རྣམ་པར་འབྱེད་པའམ་རྟོགས་པ་ནི་འཐད་པ་བསྒྲུབ་པའི་རིགས་པའོ། ། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ལ་བསླུ་བ་མེད་ཀྱང་དོན་དམ་པར་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚད་མར་དམིགས་སུ་མེད་པ་ནི་དོན་དམ་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པ་ནི་ཆོས་ཉིད་ཀྱི་རིགས་པའོ། །འདི་ནི་ཡང་དག་པའི་ལམ་འབའ་ཞིག་ལ་སྦྱར་བའི་རིགས་པ་བཞིའོ། །ཚུལ་འདིས་མཚོན་ནས་དོན་གཞལ་ཚུལ་ཐམས་ཅད་རིགས་པ་བཞིར་ནི་འདུས་པ་ཤེས་པར་བྱའོ། །ཐེག་པ་གསུམ་རྣམ་པར་བཞག་པ་ནི། བསམ་པ་ལ་སོགས་པ་ཆོས་ལྔ་པོ་ཆུང་བ་དང་། འབྲིང་དང་ཆེན་པོའི་དབྱེ་བས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་གསུམ་དུ་འགྱུར་ཏེ། ཉན་ཐོས་རྣམས་གང་ཟག་གི་བདག་མེད་ཙམ་རྟོགས་པར་འདོད་པ་དང་། མྱུར་དུ་རང་ཉིད་ཐར་བར་འདོད་པ་ཙམ་གྱི་བསམ་པ་ཆུང་བ་དང་ནི། དེའི་བསམ་པ་མཐུན་པ་དེ་བཞིན་གཤེགས་པས་ཀྱང་གང་ཟག་གི་བདག་མེད་པ་དང་། འཁོར་བ་སྡུག་བསྔལ་པ་སོགས་བདེན་བཞིའི་ཆོས་ཆུང་ངུ་བཤད་པ་ཉིད་དང་། ཆོས་ཆུང་ངུ་བཤད་པ་དེ་དག་ལ་ཉན་ཐོས་རྣམས་ཀྱིས་ཚེ་གསུམ་དང་བདུན་དུ་གོམས་པར་བྱེད་པས་སྦྱོར་བ་ཆུང་བ་དང་ནི། ཇི་ལྟར་སྦྱོར་བ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཀྱང་ཆུང་བ་དང་། ཚོགས་ཆུང་བ་བཞིན་དུ་འབྲས་བུ་ཡང་ཉན་ཐོན་ཀྱི་བྱང་ཆུབ་ཆུང་ངུ་འགྲུབ་པའི་རབ་ཏུ་དབྱེ་བ་ཡིས་ཉན་ཐོས་ཀྱི་ཐེག་པ་རྣམ་པར་བཞག་གོ །རང་རྒྱལ་ནི་དབང་པོ་འབྲིང་ཡིན་པས་བདག་མེད་ཕྱེད་གཉིས་རྟོགས་ནུས་པ་དང་བསྐལ་པ་བརྒྱར་གོམས་པ་བསྲིང་ནུས་ཀྱི་ཉན་ཐོས་ལྟ་བུ་མ་ཡིན་པས་དབང་པོ་དང་བསམ་པ་འབྲིང་དུ་གྱུར་པ་ལ་དེ་བཞིན་གཤེགས་པས་དེ་དང་མཐུན་པར་རྟེན་ཅིང་འབྲེལ་འབྱུང་ལུགས་འབྱུང་ལྡོག་དང་གཟུང་བ་སྒྱུ་མ་ལྟ་བུ་ཆོས་བཤད་པ་དང་། དེ་དག་དེ་ལ་སྦྱོར་བ་དང་ཚོགས་ཀྱང་ཉན་ཐོས་ལས་བཟང་བའི་བར་མ་བསགས་པ་དང་། འབྲས་བུ་ཡང་མྱ་ངན་ལས་འདས་པ་ལ་བྱེ་བྲག་མེད་ཀྱང་མངོན་ཤེས་ལ་ཁྱད་ཡོད་དེ་ཉན་ཐོས་དགྲ་བཅོམ་པའི་འཕྲུལ་གྱི་མིག་གིས་སྟོང་གཉིས་པ་ལས་མི་མཐོང་ལ། རང་རྒྱལ་དགྲ་བཅོམ་པས་འཕྲུལ་གྱི་མིག་དང་རྣ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཀྱི་སྒོ་ནས་ཉན་ཐོས་ལས་དབང་པོ་རྣོ་ཞིང་རྟོགས་པ་དང་རྫུ་འཕྲུལ་ཆེ་བའི་ཕྱིར་འབྲས་བུ་ལ་ཁྱད་ཞུགས་པ་རང་རྒྱལ་གྱི་ཐེག་པ་རྣམ་པར་བཞག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དབང་པོ་མཆོག་ཏུ་གྱུར་ནས་བདག་མེད་གཉིས་རྟོགས་ནུས་པའི་ཤེས་རབ་དང་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཕྱིར་བདག་གཞན་གཉིས་ཀའི་དོན་སྒྲུབ་ནུས་པའི་ཕྱིར་བསམ་པ་རྒྱ་ཆེ་ལ། དེ་དང་མཐུན་པ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བཤད་པ་དང་། ཇི་སྐད་བཤད་པ་དེ་བཞིན་ལུས་ངག་ཡིད་ཀྱི་སྒོ་ནས་དོན་གཉིས་བསྒྲུབ་པ་ལ་སྦྱོར་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འགྲུབ་པའི་འབྲས་བུ་རྒྱ་ཆེ་བས་དེ་ལྟར་ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་རྣམ་པར་བཞག་པ་སྟེ། དེ་ལྟར་ཐེག་པ་རྣམ་པ་གསུམ་དུ་འདོད་དོ། །ཐེག་པ་ཆེན་པོ་དེའི་ཆེ་བ་བདུན་དང་། ཐེག་པ་ཆེན་པོ་བསྡུ་བའི་འོག་ཏུ་འཆད་དོ། །གཉིས་པ་ཆོས་ཀྱི་དོན་ཡོངས་སུ་ཤེས་པ་རྣམ་པར་བཞག་པ་ནི། དེ་ལྟར་རྣམ་པར་བཞག་པ་བཞི་བཤད་པ་ལ་མཁས་པ་དེས། ཚིག་གི་སྒོ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཁས་པར་བྱས་ནས་ཆོས་ཀྱི་དོན་ནམ་མཚན་ཉིད་གང་ཡིན་པ་འཚོལ་ཞིང་ཤེས་པར་བྱེད་དེ། ཆོས་རྣམ་པ་བཞིའི་མིང་ཡོངས་སུ་ཚོལ་བ་དང་། དོན་ནམ་དངོས་པོ་ཡོངས་སུ་ཚོལ་བ་དང་། ངོ་བོ་ཉིད་བཏགས་པ་ཡོངས་སུ་ཚོལ་བ་དང་། ཁྱད་པར་དུ་བཏགས་པ་ཡོངས་སུ་ཚོལ་བ་བཞིའི་སྒོ་ནས་མོས་པ་སྤྱོད་པའི་སའི་དུས་ན་ཚོལ་བར་བྱེད་པ་རིག་པར་བྱའོ། ། དེ་ཡང་མིང་ཀ་བ་དང་སྣམ་བུ་ཞེས་པ་དང་། དོན་ནི་ཆུ་བླུག་པའི་སྣོད་ལྟོ་ལྡིར་བ་དང་། སྣལ་མ་འདུས་པའི་བགོ་བའི་དངོས་པོར་རུང་བ་དེ་གཉིས། བྱིས་པ་རྣམས་ཀྱིས་མིང་ལ་དོན་དང་དོན་ལ་མིང་དུ་བཟུང་སྟེ་མིང་དོན་ངོ་བོ་ཉིད་ཀྱིས་འབྲེལ་པ་ལྟར་འཛིན་ཀྱང་། བློ་དང་ལྡན་པས་མིང་དང་དངོས་པོ་དག་ཕན་ཚུན་དུ། དོན་ལ་མིང་གློ་བུར་དུ་རྣམ་པར་རྟོག་པས་བཏགས་པ་དང་། མིང་ལ་དོན་དུ་གློ་བུར་བའི་རྣམ་པར་རྟོག་པས་བཏགས་པ་བརྟགས་པའི་གློ་བུར་བ་བརྙན་མའམ་གཡར་པོ་འདྲ་བ་ཉིད་དུ་ཡོངས་སུ་བཙལ་པའམ་བརྟག་པར་བྱ་སྟེ། དོན་ལ་མིང་གློ་བུར་དུ་བཏགས་པ་མིན་པར་དོན་བྱུང་བ་ཙམ་ནས་མིང་བྱུང་ཞིང་འབྲལ་མི་ཤེས་པར་རང་བཞིན་གཅིག་ཡིན་ན་དོན་བུམ་པ་ལྟ་བུ་ཞིག་ནས་མེད་པའི་ཚེ་བུམ་པ་ཞེས་པའི་མིང་ཡང་ཞིག་ནས་མེད་པར་རིགས་ཀྱང་། བུམ་པ་ཆགས་ཀྱང་མིང་ཕྱི་ནས་ཡོད་པ་དང་། དེ་བཞིན་ཁྱིམ་པ་སོགས་ཀྱི་མིང་རབ་ཏུ་བྱུང་བའི་དུས་ན་མིང་གཞན་དུ་འགྱུར་ཀྱང་དངོས་པོ་མི་འགྱུར་བ་དང་། མིང་གང་ཡང་དོན་གང་ལ་བརྟགས་སུ་མི་རུང་བ་མེད་པས་གློ་བུར་བརྡ་བྱེད་པའི་ཆེད་དུ་བཏགས་པ་ཙམ་ལས་མིང་དོན་ངོ་བོ་འབྲེལ་བ་མེད་པར་ཤེས་པའོ།། དེ་ལྟར་རྟོགས་པ་ན་ངོ་བོ་དང་ཁྱད་པར་དུ་འདོགས་པ་བུམ་པ་ཞེས་པའི་མིང་གིས་བུམ་པའི་ངོ་བོ་ལྟོ་ལྡིར་བ་གོ་བ་དང་། བུམ་པ་རིང་པོ་དང་བུམ་པ་མི་རྟག་པ་ལྟ་བུ་བུམ་པའི་ཁྱད་པར་སྟོན་པའི་ཚིག་གིས་འདོགས་པ་དེ་གཉིས་ཀྱང་གློ་བུར་བར་ཤེས་པའམ། བློ་བརྟན་འབྲེལ་པ་ན། ས་སྲ་བ་ཆུ་གཤེར་བ་སོགས་ཀྱི་རང་མཚན་དུ་བཏགས་པ་དང་། ས་དང་ཆུ་སོགས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཟག་བཅས་ཟག་མེད་སོགས་སུ་ཁྱད་པར་ཕྱེ་སྟེ་བཏགས་པ་དེ་གཉིས་ཀ་མིང་ཙམ་ཚིག་ཙམ་དུ་བཏགས་པ་ལས་དེ་དང་དེའི་རང་བཞིན་དུ་གྲུབ་པ་མེད་པ་ཤེས་པ་ནི་ངོ་བོ་དང་ཁྱད་པར་དུ་འདོགས་པའོ་ཞེས་གསུངས། གང་ལྟར་ཀྱང་ངོ་བོ་དང་། ཁྱད་པར་འདོགས་པ་རྣམ་པ་གཉིས་པོ་འདིར་ཡང་། དེ་ལྟར་གློ་བུར་དུ་བཏགས་པ་ཙམ་ཉིད་དུ་ཡོངས་སུ་འཚོལ་བའོ། །འདིའི་གནད་ནི་མིང་དོན་གློ་བུར་དུ་བློས་སྤྲེལ་ནས་བཏགས་པ་དང་། བཏགས་དོན་ལ་དཔྱད་ན་བུམ་པ་ཞེས་པ་རིལ་པོ་བའི་རྫས་གཅིག་མེད་དེ་ཁ་ཁྱེར་དང་ལྟོ་བ་སོགས་ཀྱི་ཆ་ལས་བཏགས་པ་དང་། ཆ་ཡང་རྡུལ་ཕྲ་རབ་ཀྱི་བར་དུ་གསིལ་ཏེ་ཕྱོགས་ཆས་གཞིག་ན་ཁྱད་པར་ཡང་མི་འགྲུབ་པ་དེ་བཞིན་དུ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ཆོས་གང་ཡང་མིང་གིས་བཏགས་པ་ཙམ་ལས་དོན་གྱི་ངོ་བོ་མེད་པར་བཏགས་ཡོད་ཙམ་དུ་རྟོགས་པའོ། ། དེ་ལྟར་བཙལ་བས་ཡོངས་སུ་ཤེས་པ་བཞི་འབྱུང་བ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་སོགས་ཚིགས་བཅད་བཅུས་བསྟན་ཏེ། དེ་ལྟར་མོས་སྤྱོད་དུ་ཡོངས་སུ་ཚོལ་བ་བཞི་བཙལ་བ་ལ་བརྟེན་ནས་མཐོང་ལམ་དུ་ཡོངས་སུ་ཤེས་པ་བཞི་འབྱུང་བ་ནི། མིང་དང་དོན་ངོ་བོ་དང་ཁྱད་པར་བཞི་པོ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་རྣམ་པ་བཞི་འབྱུང་བ་ནི། མིང་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དོན་ནམ་དངོས་པོ་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་ཇི་ལྟ་བ་བཞིན་ཏུ་ཤེས་པ་དང་། རང་བཞིན་ནམ་ངོ་བོ་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཁྱད་པར་ཡོངས་སུ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། ། དེ་ལ་མིང་ཐམས་ཅད་དངོས་པོ་མེད་ཅིང་སྟོང་ལ་དམིགས་སུ་མེད་པར་ཤེས་པ་ནི་ངོ་བོའོ། །དེ་བཞིན་དུ་བུམ་སོགས་དངོས་པོ་ཐམས་ཅད་དང་། དངོས་པོ་རྣམས་རང་རང་གི་ངོ་བོའམ་རང་མཚན་དང་། དེའི་ཁྱད་པར་སྐྱེ་འགགས་ལ་སོགས་པའི་ཆོས་རྣམས་རང་བཞིན་མེད་ཅིང་སྟོང་ལ་དམིགས་སུ་མེད་པར་ཤེས་པར་ནི་ཡོངས་སུ་ཤེས་པ་བཞི་སྟེ། དེ་ནི་ས་བཅུ་པོ་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའ་ཡི་སྤང་བྱ་སྤོང་བ་དང་རྟོགས་བྱ་རྟོགས་པའི་དོན་ནམ་རང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་པར་འགྱུར་རོ། །ཚིགས་བཅད་ཕྱེད་ཀྱིས་ཡོངས་ཤེས་ཀྱི་མཚན་ཉིད་དང་། ཕྱེད་ཕྱི་མས་ལས་བསྟན་ནོ་ཞེས་འགྲེལ་བར་གསུངས་པ་ལྟར་རོ། །ཡང་ན་ལས་ཀྱི་འཆིང་པ་ལས་དགྲོལ་བ་ཡིན་པས་དེ་བཤད་པ་ལ། གང་གིས་བཅིང་བར་བྱེད་པ་ནི་འཆིང་བ་ཡི་ནི་རྟེན་ནམ་གནས་སུ་གྱུར་པ་སྣོད་ཀྱི་འཇིག་རྟེན་གྱི་མཚན་མ་ཀུན་གཞིའི་རྣམ་ཤེས་ཀྱིས་དམིགས་པའི་ཡུལ་དུ་སྣང་བ་དག་དང་། ལོངས་སྤྱོད་ཀྱི་མཚན་མ་ནི་ཡུལ་དྲུག་ལ་རྣམ་ཤེས་དྲུག་ལོངས་སྤྱོད་པ་དང་། ས་བོན་གྱི་རྒྱུ་མཚན་ནམ་མཚན་མ་ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལྟར་མཚན་མའམ་འཆིང་བའི་རྒྱུ་མཚན་གསུམ་གྱིས་བཅིང་ངོ་། །དེ་རྣམས་ཀྱིས་གང་བཅིངས་ན། འཁོར་བ་འདི་ཞེས་སམ་འདིར་ཞེས་ཉེ་ཚིག་གིས་བསྟན་པ་ལྟར་འཆིང་བྱེད་གསུམ་དང་ལྷན་ཅིག་པའི། སེམས་རྣམ་ཤེས་ཚོགས་བརྒྱད་དང་། སེམས་བྱུང་ཚོར་འདུ་རེག་པ་སོགས་ལྔ་བཅུ་ང་གཅིག་རྣམས་དང་། རྟེན་ནི་མིག་དབང་ནས་ཡིད་དབང་བར་དྲུག་དང་བཅས་པའི་ལུས་དབང་རྟེན་ཁོག་པ་དང་བཅས་པ་ནི་གཟུགས་ཀྱི་ཕུང་པོ་སྟེ་དེ་ལྟར་ཕུང་པོ་ལྔ་པོ་བཅིང་ངོ་། །ཇི་ལྟར་བཅིངས་ན་ས་བོན་དང་བཅས་ཏེ་བཅིངས་ཞེས་པ། ས་བོན་ལྡན་པས་བཅིངས་པའི་དོན་ཏེ། གནས་དང་ལོངས་སྤྱོད་ཀྱི་མཚན་མའི་བག་ཆགས་སམ་ས་བོན་ཀུན་གཞི་ལ་བསགས་ནས་ལྡན་པ་དེ་མ་སྤང་གི་བར་དེ་སྲིད་དུ་མི་ཐར་ཞིང་བཅིངས་སོ། ། དེ་ལྟར་འཆིང་བ་ངོས་བཟུང་ནས་དེ་ལས་གྲོལ་བའི་ཐབས་བཤད་པ་ནི། སྡོན་ཆོས་མཉན་བསམ་བསྒོམ་པའི་སྦྱོར་བ་ལ་བརྟེན་ནས་རང་གི་བློ་ཡི་མདུན་ན་བཞག་པའི་མཚན་མ། རྣམ་པར་བམ་པ་དང་ཀེང་རུས་ལ་སོགས་པ་མདོར་ན་བློས་དམིགས་པའི་མཚན་མ་གང་ཡིན་པ་དང་། དེ་ལྟར་ཆེད་དུ་བློས་དམིགས་ནས་མདུན་དུ་བཞག་པ་མ་ཡིན་ཡང་སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པའི་དུས་ནས་མཚན་མར་རྟོག་པ་གོམས་པས་ཆེད་དུ་བསྒྲིམ་མི་དགོས་པར་ཀ་བ་དང་བུམ་པ་སོགས་ཆོས་སྣ་ཚོགས་ཀྱི་མཚན་མ་བདག་ཉིད་འདུག་པ་སྟེ་བློ་ཡི་ཡུལ་ན་རང་བཞིན་གྱིས་ཡོད་པ་གང་ཡིན་པ་སྟེ། དེ་ལྟར་བློས་བརྟགས་པའི་མཚན་མ་དང་། མ་བརྟག་པར་སྣང་བའི་མཚན་མ་གཉིས་པོ་མེད་པར་ཤེས་ནས། མཚན་མའི་དམིགས་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་བློ་ལྡན་གྱིས་འཆིང་བ་ཀུན་བཅད་ནས་བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར་རོ། །མཚན་མ་གཉིས་འཇིག་པར་བྱེད་པའི་ཚུལ་ཡང་། དང་པོ་བློས་བརྟགས་པའི་མཚན་མ་ཀེང་རུས་ལ་སོགས་པའི་རྣམ་པར་སྣང་བའི་མཚན་མ་འདི་དག་སེམས་ལ་སྣང་བར་ཟད་ཀྱི། དེ་དང་དེའི་རྣམ་པར་གྲུབ་པའི་དོན་གྱི་ངོ་བོ་མེད་པར་གཞིག་ནས། དེ་བཞིན་དུ་བདག་ཉིད་འདུག་པ་བུམ་སོགས་ཀྱི་དངོས་པོ་ཐམས་ཅད་ཀྱང་སེམས་དང་སེམས་བྱུང་ལ་སྣང་བར་ཟད་ཀྱི། རང་བཞིན་ནམ་རང་གི་ངོ་བོས་གྲུབ་པ་མེད་པར་ཤེས་ནས་དེ་ལྟར་བསྒོམ་པར་བྱའོ། ། དེ་ལ་ཡང་ཉན་རང་རྣམས་ཀྱིས་ཕུང་པོ་ལ་གཙང་བདེ་རྟག་བདག་ཏུ་རྟོགས་པ་བཤིག་སྟེ་མི་གཙང་མི་རྟག་སྡུག་བསྔལ་བ་དང་གང་ཟག་གི་བདག་མེད་པར་བསྒོམས་པས་ཉན་རང་གི་བྱང་ཆུབ་ཐོབ་བོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཟག་དང་ཆོས་ཀྱི་ངོ་བོ་ཉིད་མི་དམིགས་པར་སྟོང་བར་བཤིགས་ཏེ་བསྒོམས་པས་བླ་མེད་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ལྟར་བསྒོམས་པས་མཚན་མའི་འཆིང་བ་ལས་ཐར་ཞིང་གྲོལ་བའི་ཚུལ་ནི། ངོ་བོ་ཉིད་གསུམ་གྱི་མཚན་ཉིད་ཡོངས་སུ་ཤེས་པས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཡོད་པར་སྤངས་ནས་ཐར་བར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཤེས་པའམ་ཡེ་ཤེས་ཀྱིས་ཡོངས་གྲུབ་ཀྱི་མཚན་ཉིད་མངོན་སུམ་དུ་བྱེད་པ་དང་། གཟུང་བ་དང་འཛིན་པ་གཉིས་སུ་འཛིན་པའམ། གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་འཛིན་པ་རྣམ་པར་སྤང་པས་ཀུན་བརྟགས་ཀྱི་མཚན་ཉིད་མངོན་སུམ་དུ་བྱེད་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་གྱི་ལུས་སམ་ཚོགས་པ་དང་ལྡན་པ་ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་གྱུར་པ་ན་གཞན་དབང་མངོན་སུམ་དུ་གྱུར་པའོ། །བློ་ལྡན་བྱང་སེམས་རྣམས་ཀྱིས་དེ་ལྟར་མཚན་ཉིད་གསུམ་མངོན་དུ་བྱས་ནས་ཀུན་གཞིའི་རྣམ་པར་ཤེས་པ་གཞན་དབང་གི་མཚན་ཉིད་ལ་ཡོད་པའི་ཉོན་ཤེས་ཀྱི་སྒྲིབ་པ་མཐའ་དག་ཟད་པར་གྱུར་ནས་འཆིང་བ་ཀུན་ལས་གྲོལ་བ་ཡིན་པར་འདོད་དོ། ། གལ་ཏེ་འཕགས་པ་ཉན་ཐོས་རྣམས་ལ་ཡང་ཕྱིན་ཅི་ལོག་བཞིའི་མཚན་མ་བཤིག་པའི་ཡང་དག་པའི་ཤེས་པ་ཡོད་པ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བདག་གཉིས་སུ་དམིགས་པའི་མཚན་མ་བཤིགས་པའི་ཡང་དག་པའི་ཤེས་པ་དང་ཁྱད་ཅི་ཡོད་སྙམ་ན། ཉན་ཐོས་རྣམས་ཀྱིས་མཚན་མ་མེད་པ་བསྒོམས་པ་ལས། བྱང་ཆུབ་སེམས་དཔའི་མཚན་མེད་བསྒོམ་པ་ཁྱད་དུ་འཕགས་ཚུལ་ནི། བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ན་འཁོར་བ་དང་མྱང་འདས་ཐ་དད་པའི་མཚན་མར་མི་དམིགས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཡེ་ནས་མྱ་ངན་ལས་འདས་པ་ཡིན་པས། འཁོར་བ་སྤང་བྱ་དང་མྱང་འདས་བླང་བྱའི་རྣམ་པ་གཉིས་སུ་ཐ་དད་མེད་པར་རྟོགས་ནས། འཁོར་བ་ཉིད་མྱང་འདས། ཆོས་ཐམས་ཅད་ནི་སྟོང་པ་ཡིན་པ་ཡོངས་སུ་ཤེས་ནས་བསྒོམ་པས་ཉན་ཐོས་ཀྱི་མཚན་མེད་སྒོམ་པ་ལས་ཁྱད་པར་འཕགས་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། ཆོས་ཀྱི་དབྱིངས་དང་འཁོར་བའི་ཁམས་དང་མྱ་ངན་ལས་འདས་པའི་ཁམས་དང་སེམས་ཅན་གྱི་ཁམས་དང་། ཆོས་ཐམས་ཅད་ཀྱི་ཁམས་དེ་ནི་མཚུངས་སོ། །ཅིའི་ཕྱིར་མཚུངས་ཞེ་ན་སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་སོ་ཞེས་གསུངས་པ་ལྟར་རོ། །ཉན་ཐོས་རྣམས་ཀྱིས་མཚན་མ་འཁོར་བ་དང་། མཚན་མེད་མྱང་འདས་ཐ་དད་དུ་དམིགས་ནས། འཁོར་བ་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་དང་བཅས་པས་མ་ཞི་བའི་མཚན་མར་བལྟས་ནས་སྤོང་བ་འདོད། མྱ་ངན་འདས་པ་སྡུག་བསྔལ་ཐམས་ཅད་དང་ཉེས་པའི་མཚན་མ་ཐམས་ཅད་མེད་པས་ཞི་བའི་རྣམ་པར་བལྟས་ནས་མངོན་སུམ་དུ་བྱ་བར་འདོད་དོ། ། དེ་ལྟར་བྱང་ཆུབ་སེམས་དཔས་མཚན་མ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་བསྒོམས་ཤིང་བསྒོམ་པ་ཡོངས་སུ་གྲུབ་པའི་ཚེ། ཡེ་ནས་ཡོད་པ་གཉིས་སྟོང་གི་རང་བཞིན་ཡོངས་སུ་གྲུབ་པ་མངོན་སུམ་དུ་མཐོང་ཞིང་ཡེ་ནས་གཟུང་འཛིན་ཀུན་བརྟགས་ཀྱི་མཚན་མ་མེད་པའི་དོན་ཀྱང་མངོན་སུམ་དུ་གྱུར་པས་ན། ཡོད་པ་དང་མེད་པ་མངོན་སུམ་དུ་གྱུར་པའི་ཡང་དག་པའི་ཤེས་པ་ཐོབ་པ་དེའི་ཚེ། སེམས་ཀྱིས་གང་དང་ཅི་བསམ་པ་དེ་དང་དེ་བཞིན་འགྲུབ་སྟེ་ནམ་མཁའ་སྟོང་པ་ལས་ཀྱང་ཡོ་བྱད་ཀྱི་ཆར་འབབ་པར་གྱུར་ཅིག་ཅེས་བསམས་ན་ཡང་ཡོ་བྱད་ཀྱི་ཆར་འབས་པས། རྣམ་པར་རྟོག་པ་ལ་དབང་བསྒྱུར་བའམ་དབང་འབྱོར་བ་ཉིད་ཅེས་བྱའོ། །གལ་ཏེ་འཁོར་བ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ན། སེམས་ཅན་ཐམས་ཅད་ཡེ་ནས་མྱ་ངན་ལས་འདས་པར་ཅིས་མི་འགྱུར་ཞེས་བརྒལ་བ་ལ། འཁོར་བ་ཉིད་ཀྱི་རང་བཞིན་མྱ་ངན་ལས་འདས་པ་ཡིན་ཡང་། བྱིས་པ་སོ་སོའི་སྐྱེ་བོ་རྣམ་བདག་དང་ཆོས་སུ་ཞེན་པའི་བག་ཆགས་ཀྱི་སྒྲིབ་པས་ཡང་དག་པ་གདོད་ནས་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་བསྒྲིབས་ནས། ཡང་དག་མ་ཡིན་པ་གཉིས་སྣང་འཁོར་བའི་རང་བཞིན་ཀུན་དུ་སྣང་ཏེ། རབ་རིབ་ཅན་གྱི་སྐྲ་ཤད་དང་། འཁྲུལ་པའི་བློ་ཐག་པ་སྤྲུལ་དུ་མཐོང་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་བདག་དང་ཆོས་ཀྱི་ངོ་བོར་འཛིན་པ་མེད་པས། གཟུང་འཛིན་གཉིས་སུ་སྣང་བ་དེ་བསལ་ནས་གཉིས་སུ་མེད་པའི་དེ་བཞིན་ཉིད་ཡང་དག་པ་ནི་ཀུན་དུ་སྣང་སྟེ། མིག་སྐྱོན་དག་པས་རབ་རིབ་མེད་པར་མཐོང་བ་དང་། ཡིད་ཤེས་མ་འཁྲུལ་བས་ཐག་པ་ལ་ཐག་པར་ཤེས་པ་བཞིན་ནོ། །དེའི་ཕྱིར་བྱིས་པ་རྣམས་ནི་བསྒྲིམ་མི་དགོས་པར་ཡོད་པ་མི་མཐོང་མེད་པར་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་བསྒྲིམ་མི་དགོས་པར་རང་གིས་དོན་མེད་པ་གཟུང་འཛིན་གྱི་མཚན་མ་དང་། དོན་ཡོད་པ་དེ་བཞིན་ཉིད་དག རིམ་བཞིན་མི་སྣང་བ་དང་། སྣང་བ་ཡིན་པར་ཤེས་པར་བྱ་སྟེ། ཡོད་པ་སྣང་གི་མེད་པ་མི་སྣང་བ་ཡིན་ནོ། ། དེ་ལྟ་བུ་ནི་གཞན་དབང་གི་རང་བཞིན་ཀུན་གཞི་རྣམ་ཤེས། གནས་གཞན་དུ་གྱུར་པ་ཞེས་བྱ་སྟེ། གནས་གཞན་དུ་གྱུར་པ་དེ་ཉིད་མཚན་མའི་འཆིང་བ་ཀུན་དང་བྲལ་བས་ངང་གི་སེམས་རང་དབང་དུ་གྱུར་ནས་འདོད་དགུར་སྤྱོད་ཕྱིར་ཐར་བ་ཞེས་བྱ་བ་ཡིན་ཏེ། དཔེར་ན་སྐྱེ་བོ་བཅིངས་པ་ལས་ཐར་བ་དག་རང་ཅི་དགར་སྤྱོད་ཆོག་པ་ལྟར་གནས་གྱུར་པའི་སེམས་དེ་ཡང་ནམ་མཁའ་ལྟར་ཆགས་སོགས་ཉོན་མོངས་པའི་གཞན་དབང་དང་བྲལ་བའི་ཕྱིར་འདོད་དགུའམ་ཅི་དགར་སྤྱོད་པ་ཡིན་ནོ། །དེ་ལྟར་སེམས་འཆིང་བ་ཀུན་ལས་གྲོལ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོར་སྣང་བ་འདི་ཇི་ལྟར་ལྡོག་སྟེ་གནས་ཀྱི་མཚན་མ་ཟད་པར་མི་ནུས་སུ་སྙམ་ན་སངས་རྒྱས་ཀྱི་ཞིང་སྦྱང་བའི་ཚུལ་བཤད་པ་ནི། ཕྱི་རོལ་སྣོད་ཀྱི་རྣམ་པར་སྣང་བ་འདི་ཡང་ཀུན་གཞིའི་ཁམས་ལ་ཡོད་པའི་སྣོད་ཀྱི་བག་ཆགས་གཟུང་ཆའི་རྣམ་པ་སྣོད་ལྟར་སྣང་བ་ལ་ནང་གི་ཀུན་གཞིའི་རྣམ་པར་ཤེས་པས་དམིགས་པས་གཟུང་འཛིན་དུ་སྣང་བ་ཙམ་ལས་གཞན་པའི་ཕྱི་རོལ་དོན་གྱི་དངོས་པོར་གྱུར་བའི་སྣོད་གཞན་ཡོད་པ་མ་ཡིན་ཏེ། རྨི་ལམ་གྱི་སྐབས་སུ་སྣོད་ཀྱི་སྣང་བ་ཤར་བ་བཞིན་ནོ། །དེས་ན་ཕྱི་རོལ་གྱི་དོ༵ན་དུ་སྣང་བ་རྒྱ་ཆེ༵ན་པོ་སྣོད་ཉིད། དུས་རྣམ་པ་ཐམས་ཅད་དུ་བར་མ་ཆད་པ་ལྟ་བུར་སྣང་བ་ནི་ཀུན་གཞིའི་རྣམ་ཤེས་སྐད་ཅིག་མ་རྒྱུན་ཆགས་པ་ལས་དེ་ལྟར་ས་གཞི་ལ་སོགས་པའི་སྣོད་ཉིད་དུ་སྣང་ངོ་། ། དེ་ལྟར་སྣང་བའི་མཚན་མ་ཡོད་པ་དང་དེ་ལ་དེ་ཉིད་དུ་ཞེན་ཅིང་ཆགས་པ་ཡོད་པ་དེ་སྲིད་དུ། སངས་རྒྱས་ཀྱི་ཞིང་དག་པ་ཉིད་དུ་མི་སྣང་སྟེ་ཐ་མལ་བར་སྣང་བར་འགྱུར་ཞིང་ཞིང་སྦྱོང་པ་ལ་བར་ཆོད་བྱེད་པ་ཡིན་ནོ། །གལ་ཏེ་ས་ཆེན་པོ་སོགས་སྣོད་ཀྱི་འཇིག་རྟེན་འདི་ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་རེ་རེའི་སེམས་ལ་སྣང་བ་ཡིན་གྱི་ཕྱི་དོན་དུ་མེད་ན། སེམས་ཅན་སྣོད་དེ་ན་གནས་པ་རྣམས་ཀྱི་སྤྱོད་ཡུལ་དུ་རྟག་ཏུ་བརྟན་པར་གནས་ཤིང་སྔར་མཐོང་བ་དང་ཕྱིས་མཐོང་བ་ཁྱད་མེད་པ་འདི་ཇི་ལྟར་ཡིན་ཞེས་བརྒལ་བ་ལ་ལན་དུ། དེ་ནི་ས་གཞི་སོགས་སྣོད་རྣམས་སྐད་ཅིག་མ་ཡིན་ཡང་སྔ་ཕྱིའི་སྐད་ཅིག་གཞན་དང་གཞན་རིགས་མཐུན་པར་སྣང་བ་ལ་འདྲ་བའི་སྒོ་ནས་གཅིག་ཏུ་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་སྣོད་འདིར་སྐྱེས་པ་རྣམས་ལས་མཐུན་པའི་བག་ཆགས་ཅན་ཡིན་པས་བག་ཆགས་དེའི་མཐུས་གཞན་དང་གཞན་ཀུན་ལའང་མཐུན་པར་སྣང་ཞིང་མི་འདྲ་བར་མི་སྣང་ལ། སེམས་ཀྱི་བག་ཆགས་འགྱུར་ན་སྣོད་ཀྱང་རྣམ་པ་གཞན་དང་གཞན་དུ་འགྱུར་བར་སྣང་སྟེ་ས་འོག་ལ་སྤྱོད་པ་གྲུབ་པ་རྣམས་ཀྱིས་ས་ལ་འཇུག་པའི་བུག་པ་ཡོད་པ་སོགས་སུ་མཐོང་བ་བཞིན་ནོ།། དེས་ན་ཇི་སྲིད་ཕྱི་རོལ་གྱི་སྣོད་རང་མཚན་པ་སྣང་ཞེན་ཡོད་པ་དེ་སྲིད་དུ་དེ་ཉིད་ཞིང་ཡོངས་སུ་དག་པར་སྦྱོང་བ་ལ་བར་ཆད་བྱེད་པ་ཡིན་ནོ། ། འོ་ན་ཇི་ལྟར་བྱས་པས་སངས་རྒྱས་ཀྱི་ཞིང་དག་པར་འགྱུར་ཞེ་ན། ཇི་སྲིད་སེམས་ལ་ས་ཆེན་པོ་སོགས་སྣོད་དུ་སྣང་བ་རང་མཚན་ཡོད་པ་དང་དེར་ཞེན་པ་དེ་ཉིད་ཞིང་ཡོངས་སུ་དག་པར་སྦྱོང་བའི་བར་ཆད་ཡིན་པ་དེ་ལྟ་བས་ན། བར་ཆད་དེ་ཡོངས་སུ་ཤེས་པར་བྱས་ནས་སྣོད་ཀྱི་མཚན་མ་དང་། དེ་ལ་དེར་ཞེན་པ་དེ་སྤངས་ནས་མཚན་མ་མེད་པའི་དེ་བཞིན་ཉིད་ལ་གནས་པར་བྱས་པས་སངས་རྒྱས་ཀྱི་ཞིང་གཞི་དང་རྒྱན་ལ་སོགས་པའི་བཀོད་པ་ཕུན་སུམ་ཚོགས་དང་ལྡན་པའི་རྣམ་པར་དག་པ་ཡོངས་སུ་སྦྱོང་བ་འགྲུབ་བོ། །གསུམ་པ་ཆོས་བཤད་པ་པོ་བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་རྣམ་པར་བཞག་པ་རྣམ་པ་ལྔ་ནི་དེ་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་མཚན་མའི་འཆིང་བ་ལས་གྲོལ་པའི་བྱང་ཆུབ་སེམས་དཔའ་དེས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཡོངས་སུ་སྨི༵ན་པར་བྱ་བ། ཉན་རང་བྱང་སེམས་ཀྱི་རིགས་ཅན་གསུམ་སོ་སོ་རང་རང་གི་ཐེག་པས་སྨིན་པར་བྱ་བ་དང་། མ་ངེས་པའི་རིགས་ཅན་རྣམས་ཐེག་གསུམ་གང་རུང་གིས་སྨིན་པར་བྱ་བ་དང་། རིགས་ཆད་རྣམས་དགེ་བཅུ་ལ་བཀོད་དེ་མངོན་མཐོར་སྨིན་པར་བྱེད་པས། ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་ཞེས་བྱའོ། ། རྣམ་པར་སྦྱང་བར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་ནི། སྣོད་ཀྱི་འཇིག་རྟེན་ཏེ་དེ་དག་ཀྱང་ངམ་གྲོག་དང་ཚེར་མ་ལྗན་ལྗིན་སོགས་མ་དག་པའི་དངོས་པོ་ཀུན་ནས་མེད་པར་རིན་པོ་ཆེའི་གཞི་བདུད་རྩིའི་ཆུ་ཀླུང་དང་དཔག་བསམ་གྱི་ཤིང་ལ་སོགས་པས་བཀོད་པས་མཛེས་ཤིང་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་ཡོངས་སུ་སྦྱང་བ་ཡིན་ལ། འཇིག་རྟེན་གྱི་ཁམས་ཀྱང་ནམ་མཁའི་གཏོས་ཀུན་དུ་ཟ་འོག་གི་གུར་བཞིན་དུ་གནས་པས་ན་དཔག་ཏུ་མེད་པ་དང་། ཐོབ་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་ནི། དགེ་མི་དགེའི་དངོས་པོ་གཉིས་ལས་མི་དགེ་བ་རྣམས་སྤངས་ནས། དགེ་བའི་ཆོས་ཟག་པ་མེད་པ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་དབང་བཅུ་ལ་སོགས་པ་མངོན་དུ་བྱ་བའི་ཆོས་དཔག་ཏུ་མེད་པ་ནི་ཐོབ་པར་བྱ་བའོ།། སྨིན་པར་བྱ་རུང་པའི་དངོས་པོ་དཔག་ཏུ་མེད་པ་ནི། རིགས་ཆད་མ་གཏོགས་པའི་རིགས་ཅན་བཞི་ཐེག་པ་གསུམ་གྱིས་སྨིན་པར་བྱ་རུང་བའི་དངོས་པོ་ཡིན་ལ། དེ་དག་ཀྱང་དཔག་ཏུ་མེད་པའོ། །སྨིན་པར་བྱ་བའི་དངོས་པོ་དང་འདི་ལ་ཁྱད་ཅི་ཡོད་ན། རིགས་ཡོད་མེད་ཐམས་ཅད་སྨིན་པར་བྱ་བའི་དངོས་པོ་ཡིན་ཡང་། གཏན་དུ་སྨིན་པར་བྱ་རུང་བ་ནི་ཐར་པར་སྨིན་པ་ཡིན་པའི་ཆ་ནས་ཕྱེ་བ་ཙམ་གྱི་ཁྱད་པར་དུ་བཤད་དོ། །ཡང་དག་པར་བསྟན་པར་བྱ་བའམ་བཤད་པའི་དངོས་པོ་དཔག་ཏུ་མེད་པ་ནི། གདུལ་བྱའི་སེམས་ཅན་དེ་དག་འདུལ་བའི་ཐབས་ཀྱི་ཆོས་བསྟན་པ་ཡང་། ཆགས་པ་ཅན་ལ་མི་སྡུག་པ། ཞེ་སྡང་ཅན་ལ་བྱམས་པ་སོགས་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་ཕྱིར་དཔག་ཏུ་མེད་པའོ། ། དེ་ལྔ་ཡང་རིམ་པ་བཞིན་དུ། སྣོད་གང་ལ་གནས་ནས། ཐོབ་བྱ་གང་དང་ལྡན་པས། རིགས་ཡོད་པ་གང་ཞིག་ཆོས་བཤད་པ་གང་གིས་སྨིན་པར་བྱེད་པ་ཞེས་སྦྱར་རོ། །དེ་ལྟར་དངོས་པོ་ལྔ་བསྟན་པ་དེ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔའོ། །བཞི་བ་ཆོས་བཤད་པའི་འབྲས་བུ་རྣམ་པར་བཞག་པ་ལ་རྣམ་པ་བརྒྱད་ཡོད་དེ། ཐེག་ཆེན་གྱི་ཆོས་བཤད་པས་གང་ཟག་གཞན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་ནི་བསྐྱེད་པ་དང་། མི་སྐྱེ་བའི་དོན་ལ་བཟོད་པ་ཉིད་ཐོབ་པ་ནི་ཐེག་ཆེན་གྱི་ཆོས་བསྟན་པས་གང་ཟག་ལ་ལ་མོས་སྤྱོད་ཀྱི་དུས་ན་མི་སྐྱེ་བའི་ཆོས་ལ་དོན་སྤྱིའི་ཚུལ་གྱིས་བཟོད་པ་ཐོབ་པ། བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་སྟེ་འདི་ནི་བཟོད་པ་ཆུང་ངུའོ། །ས་དང་པོ་ཐོབ་ནས་གཟུང་འཛིན་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་རྟོགས་ནས་མི་སྐྱེ་བའི་དོན་ལ་བཟོད་པ་དངོས་སུ་ཐོབ་པ་ནི། ས་བརྒྱད་པ་ལ་ལྟོས་ནས་བཟོད་པ་འབྲིང་པོའོ། །ས་བརྒྱད་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་སྟེ། མདོ་རྣམས་ལས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་གང་ཟག་འདི་ཙམ་ཞིག་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པ་དང་། འཕགས་ལམ་ཐོབ་པ་དང་། མི་སྐྱེ་བའི་བཟོད་པ་ཐོབ་པར་གསུངས་པ་བཞིན་ནོ། །ཉན་ཐོས་ཀྱི་ཆོས་བསྟན་པས། ཆོས་རྣམས་ལ་ཆོས་ཀྱི་མིག་དྲི་མ་མེད་པ་ཐེག་པ་ཆེན་པོའི་མཐོང་ལམ་ལས་དམན་པ་ཐོབ་པ་དང་། མཐར་ཐུག་ཟག་པ་ཐམས་ཅད་ཟད་པ་དགྲ་བཅོམ་པ་ཐོབ་པ་གཉིས་སོ། །དེ་ལ་ཆོས་ཀྱི་མིག་ཐོབ་པ་ནི་ཉན་ཐོས་ཀྱི་མཐོང་ལམ་སྟེ། བདེན་པ་བཞི་མཐོང་བའི་ཆོས་ཀྱི་མིག་ལྟ་བུའི་ཡེ་ཤེས་སྐྱེས་པས་སོ།། དེ་ཡང་བཟོད་པ་བརྒྱད་གཉེན་པོ་ཡིན་པས་ཉོན་མོངས་པའི་རྡུལ་མེད་པ་དང་། ཤེས་པ་བརྒྱད་མཐོང་སྤངས་ལས་གྲོལ་བའི་དྲི་མ་མེད་པ་ཞེས་བྱ་སྟེ། དེ་ལྟར་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པ་ནི་མཐོང་སྤང་ལས་གྲོལ་བའི་རྒྱུན་དུ་ཞུགས་པའོ། ། དེ་ལྟར་ཉན་ཐོས་ཀྱི་མཐོང་ལམ་ཐོབ་པ་དེས་ཆོས་ལ་བརྟེན་ནས་བསྒོམ་པའི་སྤང་བྱའི་ཉོན་མོངས་ཁམས་གསུམ་གྱི་སས་བསྡུས་པ་རྣམས་སྤངས་ནས་ཟག་པ་ཐམས་ཅད་ཟད་ནས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཐོབ་པ་དགྲ་བཅོམ་པ་ཐོབ་པར་འགྱུར་རོ།། དེ་ལྟར་ཡང་མདོ་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་གང་ཟག་ཁ་ཅིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་སྐྱེས་སོ་ཞེས་དང་། གང་ཟག་ཁ་ཅིག་ལེན་པ་མེད་པར་ཟག་པ་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་གསུངས་པ་བཞིན་ནོ། །ཐེག་པ་ཆེ་ཆུང་གི་ཆོས་གང་བཤད་ཀྱང་། ཆོས་སྨྲ་བ་གཅིག་ལས་གཞན་འཕེལ་ཏེ་འཇིག་རྟེན་འདིར་དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྔོན་མ་ཤེས་པ་ཤེ༵ས་ཤིང་། ཐེ་ཚོམ་དུ་གྱུར་པ་རྣམས་གཅོ༵ད་པར་བྱེད་པ་དང་། མི་ཤེས་པ་དང་ཐེ་ཚོམ་མེད་པར་ཆོས་ཀྱི་དོན་ངེས་པར་གྱུར་ནས་དམ་པའི་ཆོས་ཀྱི་དགའ་བ་ཁ་ན་མ་ཐོ་བ་མེད་པའི་གནས་ལ་ལོངས་སྤྱོད་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི། ཆོས་སྟོན་པ་དེ་ལ་ཞུགས་པ་བློ་ལྡན་གྱི་ཆོས་བཤད་པའི་འབྲས་བུ་ཡི༷ན་པ༷ར་ཤེ༷ས་པར་བྱའོ། །ལྔ་པ་ཐེག་པ་ཆེན་པོའི་ཁྱད་ཆོས་དང་བསྡུ་བ་རྣམ་པར་བཞག་པ་ནི། ཐེག་པ་ཆེན་པོ་ནི་ཐེག་པ་ཆུང་ངུ་ལས་ཁྱད་པར་བདུན་གྱིས་འཕགས་ཏེ། དམིགས་པ་ཆེ་བ་ནི། ཉན་ཐོས་རྣམས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་དམིགས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་པའི་སྡེ་སྣོད་དཔག་ཏུ་མེད་པ་ཉིད་ལ་དམིགས་པ་དང་ནི། དེ་བཞིན་དུ་བསྒྲུབ་པ་ཆེན་པོ་ནི་ཉན་ཐོས་རྣམས་བདག་གི་དོན་ཙམ་སྒྲུབ་ལ། བྱང་ཆུབ་སེམས་དཔས་བདག་དང་གཞན་གྱི་དོན་སྒྲུབ་པ་གཉིས་དང་ལྡན་པ་དག་དང་། ཡེ་ཤེས་ཆེན་པོ་ནི་ཉན་ཐོས་རྣམས་གང་ཟག་གི་བདག་མེད་ཙམ་རྟོགས་ཤིང་བྱང་ཆུབ་སེམས་དཔས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་དང་། ཉན་ཐོས་རྣམས་ཚེ་གསུམ་མམ་བདུན་ཙམ་དུ་བརྩོན་འགྲུས་རྩོམ་ལ། བྱང་ཆུབ་སེམས་དཔས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བརྩོན་འགྲུས་རྩོམ་པས་བརྩོན་འགྲུས་རྩོམ་པ་ཆེ་བ་དང་། ཉན་ཐོས་རྣམས་འཁོར་བས་འཇིགས་ནས་དེ་སྤངས་པའི་ཞི་བདེ་དོན་དུ་གཉེར་བས་ཐབས་མཁས་པ་དང་མི་ལྡན་ལ་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེས་འཁོར་བ་ཡོངས་སུ་མི་གཏོང་ཡང་ཤེས་རབ་ཀྱིས་ཉོན་མོངས་པས་མི་གོས་པ་པདྨོ་འདམ་ལས་སྐྱེས་པ་ལྟ་བུའི་ཐབས་ལ་མཁས་པར་གྱུར་པ་དང་ལྔ་ནི་འདིས་འདེགས་པ་རྒྱུའམ་ལམ་གྱི་ཐེག་པའི་ཁྱད་པར་རོ། །ཉན་ཐོས་རྣམས་དགྲ་བཅོམ་པའི་འབྲས་བུ་དང་ཟད་པར་ཟིལ་གནོན་མངོན་ཤེས་དྲུག་ཙམ་ཐོབ་ནས་ཕུང་པོ་ལྷག་མེད་དུ་ཟད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པས་འབྲས་བུ་སྟོབས་དང་མི་འཇིགས་པ་སོགས་དཔག་ཏུ་མེད་པ་དག་ནམ་ཡང་མི་ཟད་པ་ཡང་དག་པར་འགྲུབ་པ་ཆེན་པོ་དང་། ཉན་ཐོས་རྣམས་དགྲ་བཅོམ་ཐོབ་ཀྱང་མངོན་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མི་བྱེད་ཀྱི། བྱང་སེམས་རྣམས་མངོན་པར་སངས་རྒྱས་ནས་འོག་མིན་གྱི་ཕོ་བྲང་ན་བཞུགས་པ་དང་། ལྷུམས་སུ་ཞུགས་པ་དང་མངོན་པར་བྱང་ཆུབ་པ་སོགས་ཀྱི་མཛད་པ་སེམས་ཅན་གྱི་མཐའི་བར་དུ་སྟོན་པའི་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ་འདི་གཉིས་འདིར་འདེགས་པ་འབྲས་བུའི་ཐེག་པའི་དབང་དུ་བྱས་པའོ། ། དེ་ལྟར་ཆེན་པོ་བདུན་པོ་འདི་དང་ལྡན་པའི་ཕྱིར། ཐེག་ཆེན་ཞེས་ནི་ངེས་པར་བརྗོད་དོ། །ཐེག་པ་ཆེན་པོ་བསྡུ་བ་རྣམ་པར་བཞག་པ་ནི། ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་དང་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་དཔག་ཏུ་མེད་པ་རྣམས་ཀྱི་དོན་བརྗོད་ན་མཐའ་ལས་འདས་ཀྱང་ཐེག་ཆེན་ཐམས་ཅད་ཀྱི་དོན་བསྡུས་ན་རྣམ་བཞག་རྣམ་པ་བརྒྱད་དམ་བཅུ་པོ་འདིར་འདུས་པས་ན། དེ་དག་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་གང་ཞེ་ན་ཐེག་པ་ཆེན་པོའི་རིགས་སམ་ཁམས་ཡོད་པ་དང་། རིགས་ལ་བརྟེན་ནས་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། དེ་བཞིན་དུ་མོས་པའི་དབང་གིས་བླ་མེད་བྱང་ཆུབ་ཏུ་སེམས་ནི་བསྐྱེད་པ་གསུམ་ནི་རིགས་ལ་གནས་པའི་སྐབས་ཀྱིས་སོ། ། དེ་ལྟར་སེམས་བསྐྱེད་ནས་མོས་སྤྱོད་ཀྱི་སར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་། དེ་ལས་ས་དང་པོར་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་སྐྱེས་ནས་འཇིག་རྟེན་ལས་འདས་པ་འཕགས་པའི་ས་སྐྱོན་མེད་ལ་འཇུག་པ་ཉིད་དང་། ས་གཉིས་པ་ནས་བདུན་པའི་བར་དུ་བྱང་ཕྱོགས་དང་ཕ་རོལ་དུ་ཕྱིན་པའི་ཆོས་ཀྱིས་སེམས་ཅན་མ་དད་པ་རྣམས་དད་པར་བྱེད་ཅིང་དད་པ་རྣམས་དགེ་བ་ལ་ཡོངས་སུ་སྨིན་པར་བྱེད་པ་དང་དྲུག་གོ །དག་པའི་ས་གསུམ་དུ་སྣོད་དང་བཅུད་དག་པར་བསྒྲུབ་པ་སྟེ་སངས་རྒྱས་ཀྱི་ཞིང་ནི་རྣམ་པར་སྦྱོང་བ་དང་ཤེས་རབ་ཀྱིས་འཁོར་བར་མི་གནས་ལ། སྙིང་རྗེས་ཞི་བར་མི་གནས་པའི་མྱ་ངན་ལས་འདས་པ་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའི་སྦྱོར་བ་གཉིས་གཅིག་ཏུ་བརྩིས་པ་དང་། དེ་ནས་ས་བཅུ་འདས་ནས་སངས་རྒྱས་ཀྱི་སར་སྐུ་གསུམ་ཐོབ་པ་ནི་བྱང་ཆུབ་མཆོག་ཐོབ་པ་དང་བྱང་ཆུབ་ཐོབ་ནས་སེམས་ཅན་ཇི་སྲིད་དུ་སངས་རྒྱས་ཀྱི་མཛད་པ་མངོན་པར་བྱང་ཆུབ་པ་སོགས་ཀྱི་ཕྲིན་ལས་སྟོན་པ་འདི་གཉིས་གཅིག་ཏུ་བརྩིས་ན་དེ་ལྟར་བརྒྱད་ཡིན་ལ། ཕྱི་མ་བཞི་སོ་སོར་བགྲངས་ན་རྣམ་གྲངས་བཅུར་རྣམ་པར་བཞག་པའོ། །དེ་ཡན་ཆད་ཀྱིས་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཡོན་ཏན་ངོ་མཚར་པ་ནས་རྣམ་པར་བཞག་པའི་བར་གྱི་རྣམ་གྲངས་བཅུ་བདུན་བཤད་ནས། གཉིས་པ་རབ་ཏུ་བསྔགས་པའི་ཡོན་ཏན་ལ། བསྔགས་ཡུལ་བྱང་ཆུབ་སེམས་དཔའི་དབྱེ་བ་དང་། བསྔགས་པ་དངོས་གཉིས་ལས། དང་པོ་ས་བཅུ་དང་མོས་པའི་སྤྱོད་པའི་ས་བཅས་ས་བཅུ་གཅིག་ལ་གནས་པ་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་ལ། དེ་ཡང་གནས་སྐབས་ཀྱི་རྣམ་གྲངས་ལྔས་བསྡུས་ཏེ། གཅིག་སྟེ་མོས་སྤྱོད་ཀྱི་ས་ལ་གནས་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་མངོན་དུ་མ་བྱས་ཀྱང་། ཆོས་ཀྱི་དབྱིངས་ལ་དད་ཅིང་ཡིད་ཆེས་པ་ཡིན་པའི་ཕྱིར་མོས་པ་དང་ལྡན་པ་ཞེས་བྱའོ། །ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་ཞེས་བྱ་སྟེ་ཆོས་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་ནས་བདག་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་པས་གཞན་དོན་ཁུར་འཁྱེར་གྱི་ལྷག་བསམ་མཐོང་སྤང་གི་སྒྲིབ་པ་རྣམ་པར་དག་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་རྣམ་གྲངས་སྔ་མ་ལས་གཞན་གཉིས་སོ། །ས་གཉིས་པ་ནས་དྲུག་པའི་བར་ལ་གནས་པ་ནི་མཚན་མ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ས་གཉིས་པ་ཉན་རང་བྱང་སེམས་ཀྱི་ཐེག་པ་སྣ་ཚོགས་སུ་འབྱེད་པའི་མཚན་མ་ལ་སྤྱོད་པའི་ཕྱིར་དང་ནི། ས་གསུམ་པར་ལྷན་སྐྱེས་ཀྱི་འཇིགས་ཚོགས་ལ་ལྟ་བའི་མཚན་མ་དང་། བཞི་པར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་གནོད་པའི་མཚན་མར་མཐོང་བ་དང་། འགོག་ལམ་གྱི་བདེན་པར་ཞི་བའི་མཚན་མར་མཐོང་བ་དང་། ས་ལྔ་པར་བཟོའི་ལས་ཀྱི་གནས་སྣ་ཚོགས་ལ་འཇུག་ཅིང་དེའི་མཚན་མའི་རྟོག་པ་དང་། ས་དྲུག་པར་རྟེན་ཅིང་འབྲེལ་འབྱུང་ལུགས་འབྱུང་ལྡོག་གི་མཚན་མར་རྟོག་པའི་ཕྱིར་རོ། །ས་བདུན་པ་ལ་གནས་པ་ལ་མཚན་མ་མེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ་ས་དྲུག་པ་མན་ཆད་དུ་འབྱུང་བའི་མཚན་མ་ཐམས་ཅད་སྤངས་པའི་ཕྱིར་དང་། ཕྱིར་མི་ལྡོག་པའི་ས་བརྒྱད་པ་དང་དགུ་པ་དང་བཅུ་པ་གསུམ་ལ་གནས་པ་ལ་མངོན་པར་འདུ་བྱེད་མེད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པས་བདག་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ། ། དེ་ལྟར་བྱང་ཆུབ་སེམས་དཔའི་གནས་སྐབས་ལྔ་པོ་འདི་དག་ས་ཀུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡི། ཁྱད་པར་ཡིན་པ་ཤེས་པར་བྱའོ། །གཉིས་པ་བྱང་ཆུབ་སེམས་དཔའ་ལྔ་པོ་དེའི་མཚན་ཉིད་ལ་བསྔགས་པ་ནི། རྒྱུ་ཕར་ཕྱིན་རྣམས་སྒྲུབ་པ་ལ་སྙིང་སྟོབས་མི་བཟློག་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྒྲ་དོན་གྱི་བསྔགས་པ་དང་། འབྲས་བུ་བྱང་ཆུབ་རྟོགས་པའི་ཆ་ནས་བྱང་ཆུབ་སེམས་དཔའི་སྒྲ་དོན་གྱི་སྒོ་ནས་བསྔགས་པ་གཉིས་ལས། དང་པོ་ལ་བྱང་ཆུབ་དགའ་ལྡན་སོགས་རྣམ་གྲངས་དགུས་བསྔགས་པ་དང་། བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་བསྟན་པ་གཉིས་ལས། དང་པོ་འདོད་ལ་མ་ཆགས་སོགས་ཚིགས་བཅད་དགུས་བསྟན་ཏེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་མ་ཆགས་པར་ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕར་ཕྱིན་བསྒྲུབ་པ་དང་། ཚུལ་ཁྲིམས་ལ་ལུས་ངག་ཡིད་ཀྱི་ལས་གསུམ་མི་དགེ་བ་མེད་པས་རྣམ་པར་དག་པ་དང་། བཟོད་པ་ལ་གནས་ནས་ཁྲོ་བ་ཟིལ་གྱིས་གནོན་པ་དང་། བརྩོན་འགྲུས་ཀྱི་འཇིག་རྟེན་ལས་འདས་པའི་དགེ་བའི་ཡོན་ཏན་མཆོག་གྱུར་ལེན་པ་དང་། བསམ་གཏན་གྱིས་རྩེ་གཅིག་ཏུ་གནས་པའི་ཆོས་ལས་མི་གཡོ་བ་དང་། ཤེས་རབ་ཀྱིས་བདག་མེད་གཉིས་ཀྱི་དེ་ཉིད་ཟབ་མོ་མཐོང་བ་སྟེ་དེ་ལྟར་ཕར་ཕྱིན་དྲུག་སྒྲུབ་པ་ཡང་འབྲས་བུ་བྱང་ཆུབ་ཆེན་པོ་འཐོབ་པ་ལ་དགའ་བ་དང་ལྡན་ཞིང་དེའི་ཆེད་དུ་བསྒྲུབ་ཅིང་དེར་བསྔོ་བའི་ཕྱིར་བྱང་ཆུབ་ལ་དགའ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡིན་ཞེས་ཚིགས་བཅད་འདིས་ཕར་ཕྱིན་དྲུག་རྣམ་པར་དག་པའི་ཡོན་ཏན་ལ་བསྔགས་པའོ། ། དེ་བཞིན་དུ་སྦྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པར་འདོད་པ་དང་། ཚུལ་ཁྲིམས་ཀྱིས་གཞན་གྱི་སྲོག་དང་ལོངས་སྤྱོད་ཆུང་མ་ལ་གནོད་པ་དང་། རྫུན་གྱིས་བསླུ་བ་སོགས་ཀྱི་སྒོ་གསུམ་གྱི་གནོད་པ་གང་ཡང་མེད་པར་ལྟ་བའམ་འདོད་པ་དང་བཟོད་པས་གཞན་གྱི་གནོད་པ་དང་དུ་ལེན་པ་དང་། བརྩོན་འགྲུས་ལས་མི་ལྡོག་པར་བརྟན་པ་ཉིད་དུ་གྱུར་པའི་བརྩོན་འགྲུས་རྩོམ་པ་དང་། དགོན་པར་གནས་ཤིང་རྣམ་གཡེང་མེད་པ་དང་བསམ་གཏན་གྱི་རོ་ལ་མ་ཆགས་པའི་བག་ཡོད་པའི་བསམ་གཏན་དང་། དམ་པའི་ཆོས་མང་དུ་ཐོས་པ་ལྡན་པའི་ཤེས་རབ་ཀྱི་སྒོ་ནས་སེམས་ཅན་གཞན་གྱི་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕར་ཕྱིན་བསྒྲུབ་པ་ཐམས་ཅད་ཀྱིས་གནས་སྐབས་སུ་སེམས་ཅན་གྱི་དོན་བྱེད་པ་དང་མཐར་ཐུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་རོ། ། འདིས་གཞན་དོན་བྱེད་པའི་ཡོན་ཏན་གྱི་ཆ་ནས་བྱང་སེམས་ཡིན་པར་བསྔགས་པའོ།། ལོངས་སྤྱོད་རྣམས་རང་གིས་ཡོངས་སུ་བཟུང་པའི་ཉེས་དམིགས་ནི་སྙིང་པོ་མེད་པ་དང་། མི་རྟག་པ་དང་། སྡུག་བསྔལ་དང་། སྒྱུ་མ་ལྟ་བུ་ཡིན་པ་དང་ལོངས་སྤྱོད་ལ་ཆགས་པའི་སྐྱོན་གྱིས་ངན་སོང་དུ་སྐྱེ་བ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པའི་གེགས་སུ་གྱུར་བ་སོགས་ཉེས་པ་ཤེས་ནས་སྦྱིན་པ་གཏོང་བ་དང་། འདོད་པའི་ལོངས་སྤྱོད་ལ་མ་ཆགས་པར་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་བསྲུང་བ་དང་། གཞན་གྱི་གནོད་པ་བྱས་པ་ཞེ་ལ་ཁོན་དུ་མི་འཛིན་པར་བཟོད་པ་དང་། ཐེག་པ་ཆེན་པོའི་ཞི་ལྷག་གི་རྣལ་འབྱོར་ལ་བརྩོན་པ་དང་། ནམ་རྩེ་གཅིག་པའི་ཏིང་འཛིན་བསྒོམ་པ་ན་ཞི་གནས་ཀྱི་མཚན་མ་དང་། གཟེངས་བསྟོད་པའམ་རབ་ཏུ་འཛིན་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་སྟེ་རྒྱུ་མཚན་གསུམ་ལ་མཁས་པ་དང་། བདག་ལྟ་སོགས་ལྟ་བ་ངན་པ་མེད་པའི་ཤེས་རབ་དང་ལྡན་པས་ནང་དུ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཚུལ་དེས་ནང་དུ་ཡང་དག་འཇོག་ལ་རབ་ཏུ་གནས་པའི་ཆ་ནས་བསྔགས་པའོ། །སེམས་ཅན་སྡུག་བསྔལ་ཅན་ལ་སྙིང་བརྩེ་བ་དང་ལྡན་པ་དེས་སྦྱིན་པ་བྱེད་པ་དང་། ངོ་ཚ་བའི་ཡོན་ཏན་ལ་གནས་པས་ཚུལ་ཁྲིམས་བསྲུང་བ་དང་། གཞན་གྱིས་གནོད་པ་སོགས་སྡུག་བསྔལ་དང་དུ་ལེན་པར་བཟོད་པ་དང་། གཉིད་དང་སྙོམ་ལས་སོགས་རང་གི་བདེ་བ་ལ་མ་ཆགས་པར་གཞན་དོན་དུ་བརྩོན་འགྲུས་རྩོམ་པ་དང་། རྟག་ཏུ་དྲན་པ་དང་ལྡན་པ་གཙོ་བོར་གྱུར་པས་རྣམ་གཡེང་གི་དབང་དུ་མི་འགྱུར་བ་དང་། ཆོས་ཐམས་ཅད་ཡོད་མེད་ཀྱི་མཐའ་དང་བྲལ་བར་མཉམ་པ་ཉིད་ཀྱི་ཤེས་རབ་དང་རྟག་ཏུ་ལྡན་པས་ཤིན་ཏུ་མཉམ་པར་བཞག་པའི་བདག་ཉིད་ཡིན་པས། ཐེག་པ་ཆེན་པོ་ལས་སེམས་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། འདིས་ཐེག་པ་ཆེན་པོའི་ལམ་ལས་མི་འཁྲུགས་པའི་ཡོན་ཏན་གྱི་ཆ་ནས་བསྔགས་པའོ། །བློ་བརྟན་འགྲེལ་པས་སྐབས་འདི་ཐམས་ཅད་དུ་རྐང་པ་སྔ་མ་གསུམ་གྱིས་ཕར་ཕྱིན་དྲུག་བ སྒྲུབ་པ་དང་། རྐང་པ་བཞི་པས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་བསྟན་པར་གསུངས་སོ། །སྦྱིན་པས་གཞན་གྱི་ཕོངས་པའི་སྡུག་བསྔལ་སེལ་བ་དང་། ཚུལ་ཁྲིམས་ཀྱིས་སྲོག་གཅོད་པ་དང་རྐུ་བ་སོགས་ཀྱིས་སེམས་ཅན་སྡུག་བསྔལ་བར་མི་བྱེད་པ་དང་། རང་གི་སྡུག་བསྔལ་ཐམས་ཅད་བཟོད་པ་དང་། གཞན་དོན་དུ་འཁོར་བར་འཇུག་ཅིང་སེམས་ཅན་གྱི་དོན་ལ་བརྩོན་པ་ལ་སྡུག་བསྔལ་གྱིས་འཇིགས་པ་མེད་པ་དང་། བསམ་གཏན་གྱི་ཏིང་འཛིན་ཐོབ་པས་འདོད་ཁམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ལས་རྣམ་པར་གྲོལ་བ་དང་། ཤེས་རབ་ཀྱིས་སྡུག་བསྔལ་གྱི་མཚན་མར་མི་རྟོག་པའི་དེ་ལྟ་བུ་སྡུག་བསྔལ་ཁས་ལེན་པའམ་དང་དུ་ལེན་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འདིས་སྡུག་བསྔལ་ཅན་གྱི་འཁོར་བ་མི་སྤོང་བ་དང་། སྡུག་བསྔལ་གྱིས་སྐྱོ་བ་མེད་པའི་ཆ་ནས་བསྔགས་པའོ། །སེར་སྣས་མི་གཏོང་བའི་ཆོས་ལ་མི་དགའ་བ་དང་། ཉེས་པ་མེད་ཅིང་ཡོན་ཏན་གྱི་རང་བཞིན་དུ་གྱུར་པའི་ཚུལ་ཁྲིམས་ཀྱི་ཆོས་ལ་དགའ་བ་དང་། ཁོང་ཁྲོའི་ཆོས་ལ་སྨོད་ཅིང་དགེ་བའི་ཆོས་ལ་མངོན་པར་བརྩོན་པ་དང་། ཆོས་ལ་དབང་བ་ཏིང་ངེ་འཛིན་གྱི་མཐུས་སེམས་ཀྱི་དབང་ཐོབ་པ་དང་། ཆོས་ཀུན་ལ་རྨོངས་པའི་མུན་པ་མེད་པའི་ཤེས་རབ་དང་ལྡན་པ་དེའི་ཕྱིར། ཡང་དག་པའི་ཆོས་གཙོ་བོར་བྱེད་པ་ཡི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འདིས་ཟང་ཟིང་གཙོ་བོ་མི་བྱེད་པར་དམ་པའི་ཆོས་གཙོ་བོར་བྱེད་པའི་ཆ་ནས་བསྔགས་པའོ། ། ལོངས་སྤྱོད་ཡོད་ཀྱང་གཞན་ལ་མི་གཏོང་བར་བསགས་སྲུང་བྱེད་པ་དེ་དག་བག་མེད་པ་སྟེ་མཐར་ལོངས་སྤྱོད་ཆུད་ཟ་བའི་ཕྱིར་རོ། །དེས་ན་ལོངས་སྤྱོད་དོན་ཡོད་པར་བྱ་ཕྱིར་གཞན་ལ་གཏོང་བ་ནི་ལོངས་སྤྱོད་ལ་བག་ཡོད་པ་དང་། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་བསྲུང་བ་ནི་བག་མེད་པ་ཡིན་ལ། གང་དག་ཚུལ་ཁྲིམས་དང་ལྡན་པས་སྒོ་གསུམ་དུལ་ཞིང་བཅས་རང་གི་ཉེས་པ་མ་གོས་པ་ནི་དུལ་བ་ལ་བག་ཡོད་པ་ཞེས་བྱ་སྟེ་དེས་ཁ་ཅིག་ཏུ་དེས་ལ་བག་ཡོད་ཞེས་འདུག་ཀྱང་བློ་བརྟན་འགྲེལ་བའི་འགྱུར་ལྟར་དུལ་བྱས་ན་ལེགས་སོ། །ཁ་ཅིག་ངོས་ལ་བག་ཡོད་ཅེས་འབྲུ་མནན་པ་ནི་ཡིག་ནོར་བྱུང་བ་ཟད་དོ། ། གཞན་གནོད་ལ་མི་བཟོད་པར་གནོད་ལན་བྱེད་པ་ནི་རང་གཞན་གཉིས་ཀའི་སེམས་མ་བསྲུང་བས་བག་མེད་པ་ཡིན་ལ། བྱང་ཆུབ་སེམས་དཔས་གཞན་གནོད་བྱས་པ་ལ་རྒྱུད་མི་འཁྲུགས་ཤིང་གནོད་ལན་མི་བྱེད་པར་སླར་ཕན་འདོགས་པ་ན་རང་གཞན་གཉིས་ཀ་བསྲུང་བ་ལ་བག་ཡོད་པ་བཟོད་པ་དང་། ལེ་ལོའི་དབང་གིས་དགེ་ཆོས་མི་སྒྲུབ་པའི་བག་མེད་མ་ཡིན་པར། འཇིག་རྟེན་དང་འཇིག་རྟེན་འདས་པའི་དགེ་བ་བསྒྲུབ་པ་ལ་བག་ཡོད་པར་བརྩོན་འགྲུས་དང་། བསམ་གཏན་གྱི་བདེ་བ་ཐོབ་པ་ལ་རོ་མྱང་བའི་སྲེད་པ་མེད་པ་ནི་བདེ་བ་ལ་བག་ཡོད་པ་དང་། ཆོས་རྣམས་ལ་རྟག་པས་བདེ་བ་དང་བདག་དང་མི་སྟོང་པར་འཛིན་པ་ནི་བག་མེད་པ་ཡིན་ལ། མི་རྟག་པ་ལ་སོགས་པར་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་ཆོས་ལ་བག་ཡོད་པའི་ཤེས་རབ་སྟེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཚུལ་བཞིན་ཡིད་ལ་བྱེད་པའི་བག་ཡོད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འདིས་བག་ཡོད་དང་ལྡན་པའི་ཕར་ཕྱིན་དྲུག་བསྒྲུབ་པའི་ཡོན་ཏན་གྱི་ཆ་ནས་བསྔགས་པའོ། །སློང་བ་བྱུང་ཡང་སྦྱིན་པ་མི་བྱེད་པའམ་བཞིན་འགྱུར་ཞིང་གཤེ་བ་དང་བཅས་ནས་མ་གུས་པར་སྦྱིན་པ་ལ་ངོ་ཚ་བ་སྟེ་འཇིག་རྟེན་ན་ཡང་ཕྱུག་པོ་དག་ལ་སློང་བ་བྱུང་ན་ཅུང་ཟད་མི་སྦྱིན་ཅིང་གཤེ་པར་བྱེད་པ་ནི་ངོ་ཚ་བ་ཡིན་ལ་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེས་གཞན་དོན་དུ་དངོས་པོ་ཐམས་ཅད་གཏོང་པར་ཁས་ལེན་པ་ཡིན་པས་སློང་བ་བྱུང་ན་མི་དགའ་ཞིང་བརྒྱད་དེ་འདུག་པ་ནི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་པས་ངོ་ཚའོ། །བྱང་ཆུབ་སེམས་དཔའ་རྣམས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་འཇིགས་པར་བལྟ་ཞིང་འཛེམ་པ་ཡིན་པས་ཉེས་པ་ཆུང་ངུ་བྱུང་བ་ལ་ཡང་ངོ་ཚ་བ་དང་། བྱང་ཆུབ་སེམས་དཔའ་ནི་གནོད་པ་དང་སྡུག་བསྔལ་ཐམས་ཅད་བཟོད་པར་བྱེད་པ་ཡིན་པས་གཞན་གྱིས་གནོད་པ་བྱས་པ་ལ་མི་གཟོད་ཅིང་རྒྱུད་འཁྲུགས་ན་ངོ་ཚ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་རླབས་པོ་ཆེ་རྒྱུན་མི་འཆད་པར་རྩོམ་པ་ཡིན་ན་དགེ་བའི་ཆོས་བསྒྲུབ་པ་ལས་ཡོངས་སུ་ཉམས་ནས་ལེ་ལོ་བྱེད་པ་ནི་ངོ་ཚ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་སྙོམས་འཇུག་དང་ཏིང་ངེ་འཛིན་ཚད་མེད་པའི་སེམས་ཀྱི་དབང་ཐོབ་པར་བྱེད་པ་ཡིན་ན་ལུས་འདུ་འཛིའི་ཁྲོད་དུ་གནས་ཏེ་སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྲོ་ཞིང་གཡེང་བ་ལ་གནས་པ་ནི་ངོ་ཚའོ། ། བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་གྱིས་ཤེས་རབ་དང་ལྡན་ཞིང་ཐེག་པ་ཆེན་པོའི་ཆོས་ལས་བསྟན་པའི་བདག་མེད་གཉིས་རྟོགས་པའི་ཤེས་རབ་ཅན་ཡིན་ན། ལྟ་བ་ཆུང་ངུ་གང་ཟག་གི་བདག་མེད་པ་ཙམ་དང་། ཆོས་ལ་མཚན་མར་ལྟ་བ་དང་མ་བྲལ་ན་ངོ་ཚ་བ་དང་ལྡན་པ་ཡིན་པས། ཐེག་པ་གཞན་ཉན་རང་གི་ཐེག་པ་མི་འཇུག་ཅིང་བསྒྲུབ་པ་ལ་ངོ་ཚ་བའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །འདིས་ཐེག་པ་གཞན་མི་འདོད་པའི་ཆ་ནས་བསྔགས་པའོ། །དེ་ལྟར་ཕར་ཕྱིན་བསྒྲུབ་པ་དེ་ཐམས་ཅད་གཞན་དོན་གཙོ་བོར་བྱེད་པའི་སྒོ་ནས་གཞན་ལ་ཕན་འདོགས་པ་ཡིན་པའི་ཡོན་ཏན་གྱི་སྒོ་ནས་བསྔགས་པ་ནི། སྦྱིན་པས་བྲེལ་ཕོངས་རྣམས་ལ་ལོངས་སྤྱོད་བྱིན་པས་ཚེ་འདི་ལ་ཕན་འདོགས་པ་དང་སྦྱིན་པ་སོགས་ཀྱིས་བསྡུས་ཏེ་ཚུལ་ཁྲིམས་ལ་བཀོད་པས་འཇིག་རྟེན་ཕ་རོལ་དུ་ཕན་འདོགས་པ་དང་། བཟོད་པས་རྒྱུད་མི་འཁྲུགས་ཤིང་གནོད་ལན་མི་བྱེད་པར་བཏང་སྙོམས་སུ་འདོགས་པའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་དང་། གཞན་གྱི་བྱ་བ་ལ་གྲོགས་བྱེད་པའི་བརྩོན་པའམ་འདུ་བྱེད་དང་ལྡན་པས་ཕན་འདོགས་པ་དང་། བསམ་གཏན་གྱིས་མངོན་ཤེས་སོགས་ཀྱི་ཡོན་ཏན་ལ་དབང་འབྱོར་བ་ཉིད་ཐོབ་པའི་སྒོ་ནས་གཞན་ལ་ཕན་འདོགས་པ་དང་། ཤེས་རབ་ཀྱིས་རིག་པའི་གནས་ལྔ་དང་། ཁྱད་པར་ནང་རིག་པ་ཐེག་པ་གསུམ་གྱི་ཆོས་ཐམས་ཅད་གང་ལ་གང་མོས་པ་དེ་བཞིན་མཚུངས་པར་སྟོན་པའི་སྒོ་ནས་ཕན་འདོགས་པ་དང་། དེ་ལྟར་ཕར་ཕྱིན་བསྒྲུབ་པའི་འབྲས་བུ་ཆེན་པོ་སངས་རྒྱས་ཉིད་ཐོབ་པ་ཡིས། སེམས་ཅན་རྣམས་ལ་ནམ་མཁའ་ཇི་སྲིད་དུ་ཕན་འདོགས་པ་ཡིན་པས་དེ་ལྟར་རྒྱུ་དང་འབྲས་བུའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ལ་འཇུག་པ་ཡིན་ནོ། །བློ་བརྟན་འགྲེལ་པར་ཚིགས་བཅད་འདི་གོང་མ་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པར་བཞེད་དོ། །གཉིས་པ་བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་བསྟན་པ་འདི་དག་ཀྱང་ཡོན་ཏན་གྱི་སྒོ་ནས་དོན་དང་མཐུན་པའི་མིང་ཡིན་པས་ཡོན་ཏན་གྱི་རྣམ་གྲངས་སུ་ཡང་འགྲོའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་ཡི་མིང་དུ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམ་གྲངས་བཅུ་དྲུག་པོ་འདི་ལྟར་བསྒྲགས་སོ། །བདག་མེད་གཉིས་ཀྱི་རང་བཞིན་ཤེས་བྱ་ཟབ་མོ་ལ་སེམས་གཅིག་ཏུ་དད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་ལ། ཡང་ན་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་བསམ་པ་བརྟན་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ནི་མཐུ་ཆེན་པོ་ལ་མངའ་དབང་འབྱོར་བ་སྟེ་བ་སྤུའི་བུ་ག་གཅིག་ཏུའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འཇིག་པའི་བསྐལ་བ་སྟོན་པ་ལ་སོགས་པའོ། ། ཡང་ན་བདག་བླ་མེད་བྱང་ཆུབ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་དང་། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདས་པ་ལ་བཞག་པར་འདོད་པས་སེམས་དཔའ་ཆེན་པོ་ཞེས་དང་། ཡང་ན་ཤེས་རབ་ཆེན་པོས་འཁོར་བར་གནས་ཀྱང་འཁོར་བའི་ཉེས་པས་མ་གོས་པའི་ཆ་ནས་བྱང་ཆུབ་སེམས་དཔའ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བརྩོན་འགྲུས་མཐའ་ཐུག་པ་མེད་པ་རྩོམ་པས་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཡང་ན་བླ་མེད་བྱང་ཆུབ་བསྒྲུབ་པར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་། དེ་ཡང་ཆེན་པོ་བདུན་དང་ལྡན་པ་གོང་དུ་བཤད་པ་ལྟ་བུ་དང་ལྡན་པས་སེམས་དཔའ་ཆེན་པོའོ། །ཚུལ་དེ་དག་ལྟར་ན་ལྡོག་པས་དབྱེ་བ་ཙམ་ལས་བྱང་ཆུབ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་གཉིས་ཀ་བྱང་ཆུབ་སེམས་དཔའ་སྤྱིའི་མིང་དུ་འགྱུར་བ་ལ་ཁྱད་མེད་དོ། ། ཡང་ས་དང་ས་ལ་ལྟོས་ནས་སྔ་མ་སྔ་མ་བྱང་ཆུབ་སེམས་དཔའ་དང་། ཕྱི་མ་ཕྱི་མ་རྣམས་སེམས་དཔའ་ཆེན་པོ་དང་། མོས་སྤྱོད་དུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའ་དང་། འཕགས་ས་ཐོབ་པ་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། མ་དག་ས་བདུན་པ་རྣམས་བྱང་ཆུབ་སེམས་དཔའ་དང་། དག་པའི་ས་ལ་གནས་པ་རྣམས་སེམས་དཔའ་ཆེན་པོའོ། །གང་ལྟར་ཀྱང་བླ་མེད་བྱང་ཆུབ་ཀྱི་རྒྱུ་བསྒྲུབ་པར་དཀའ་བ་ཕར་ཕྱིན་རྣམས་ཚད་མེད་པ་བསྒྲུབ་པ་དང་། འབྲས་བུ་ཐོབ་པར་དཀའ་བ་བླ་མེད་བྱང་ཆུབ་ཐོབ་པར་བྱེད་ལ་སྙིང་སྟོབས་ཞུམ་པ་མེད་པས་བྱང་ཆུབ་སེམས་དཔའ་ཞེས་བཏགས་པ་ཡིན་ནོ། །ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་བློ་དང་ལྡན་པས་བློ་ལྡན་དང་། ཟབ་མོའི་དོན་གྱི་དགོངས་པ་འགྲེལ་ཞིང་ཕྱོགས་བཅུར་ཆོས་ཀྱི་སྣང་བ་འགྱེད་པས་གསལ་བའི་མཆོག་གམ་གཟི་བརྗིད་མཆོག་ཅེས་བྱའོ། །དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆད་པར་འཛིན་ཞིང་སངས་རྒྱས་ཀྱི་རིགས་སུ་སྐྱེས་པས་རྒྱལ་བའི་སྲས་ཞེས་བྱའོ། ། སངས་རྒྱས་ཉིད་དུ་འགྱུར་བའི་རྒྱུ་ཡིན་པས་རྒྱལ་བའི་གཞི་ཞེས་བྱ་བ་དང་ནི། དེ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་སངས་རྒྱས་ཀྱི་ཆོས་སྐུ་གསུམ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་འདབ་མ་དང་མེ་ཏོག་དང་འབྲས་བུ་ལྟ་བུ་རྣམས་ཀྱི་རྒྱུར་གྱུར་པས་རྒྱལ་བའི་མྱུ་གུ་དང་། བདུད་འདུལ་ཞིང་མ་རིག་བག་ཆགས་ཀྱི་ས་ལས་བརྒལ་ནུས་པས་དཔའ་བོ་གཅིག་པུ་མཐུ་དང་རྩལ་ལྡན་པ་དང་ནི་འཇིག་རྟེན་པ་ཐམས་ཅད་ལས་ངོ་མཚར་མཆོག་ཏུ་གྱུར་པས་འཕགས་མཆོག་དང་། འཁོར་བའི་རྒྱ་མཚོར་ཆུད་པ་རྣམས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་དེད་དཔོན་དང་ནི། ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་ཡོན་ཏན་གྱི་སྒྲ་སྙན་པར་གྲགས་པས་གྲགས་པ་ཆེན་པོའམ་གྲགས་པ་མཆོག་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སྙིང་རྗེ་ཆེན་པོ་དང་ལྡན་པས་ཐུགས་རྗེའམ་སྙིང་རྗེ་ཅན་དང་། སྦྱིན་སོགས་ཀྱི་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་པས་བསོད་ནམས་ཆེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཀུན་ལ་དབང་འབྱོར་བས་དབང་ཕྱུག་དང་། དེ་བཞིན་དུ་ཁ་ན་མ་ཐོ་བ་མེད་པ་ཟག་པ་མེད་པའི་ཆོས་དང་ལྡན་པ་ཞེས་བྱའོ། ། དེ་ལྟར་མཚན་གྱི་གཙོ་བོ་ཡོངས་སུ་གྲགས་པ་བཅུ་དྲུག་གིས་མཚོན་ནས་འཇིགས་པ་མེད་པ་དང་། དཔའ་བོ་དང་བརྟན་པ་དང་། སེམས་ཅན་གྱི་མཆོག་ལ་སོགས་པའི་རྣམ་གྲངས་སྣ་ཚོགས་ཀྱིས་བརྗོད་པ་ཡིན་ནོ། །གཉིས་པ་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུ་རྟོགས་པའི་ཆ་ནས་བྱང་ཆུབ་སེམས་དཔའི་སྒྲ་དོན་དང་མཐུན་པར་བསྔགས་པའི་ཡོན་ཏན་ལ་དངོས་དང་། དེའི་དབྱེ་བ་གཉིས་དང་པོ་ཚིགས་བཅད་ལྔས་བསྟན་ཏེ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་དེ་ཉིད་བཟང་པོ་རྟོགས་པ་དང་། བདག་དང་གཞན་གྱི་དོན་ཆེན་པོ་འགྲུབ་པར་བྱ་བ་རྟོགས་པས་དོན་ཆེན་པོ་ལེགས་པར་རྟོགས་པ། འདུས་བྱས་དང་འདུས་མ་བྱས་ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་ཤེས་བྱའི་དོན་ཐམས་ཅད་ཀུན་ནས་རྟོགས་པ་དང་། བར་འགའ་རྟོགས་ཀྱང་ནམ་ཞིག་ཟད་པར་འགྱུར་བ་མ་ཡིན་པར་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མཁྱེན་པ་མི་འཛད་པས། རྟག་པར་དུས་ཀུན་དུ་རྟོགས་པ་དང་། གདུལ་བྱ་འདུལ་བ་ལ་སྤྲུལ་པ་ཅི་ལྟ་བུ་དང་ཆོས་ཇི་ལྟ་བུ་བསྟན་པ་སོགས་གདུལ་བའི་ཐབས་མཐའ་ཡས་པའི་ཐབས་རྣམས་མཐའ་དག་རྟོགས་པར་འགྱུར་བའི་ཡོན་ཏན་ལྔ་པོ་དེ་ཡིས་ཁྱད་པར་དུ་གྱུར་བའི་རྒྱུ་མཚན་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བོ་དྷི་ནི་ཁོང་དུ་ཆུད་པའི་དོན་དང་། ས་ཏྭ་ནི་སེམས་དང་ལྡན་པའི་དོན་གྱིས་ཅི་ཞིག་སེམས་ཤིང་ཁོང་དུ་ཆུད་པའི་ངེས་ཚིག་དང་མཐུན་པའི་ཡོན་ཏན་བསྔགས་པ་འདི་ནི་སྤྱིར་བསྟན་པའོ། །གཞན་ཡང་རྟོགས་པའི་རྣམ་གྲངས་བཞི་སྟེ། སེམས་དང་ཡིད་དང་རྣམ་ཤེས་གསུམ་ལས་སེམས་ནི་ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ལས་གནས་སྣོད་དང་དོན་ཡུལ་དང་། ལུས་ཀྱི་སྣང་བ་ཐམས་ཅད་འབྱུང་བར་ཤེས་པའམ་རྟོགས་པ་དེ་ནི་བདག་རྗེས་སུ་རྟོགས་པ་ཞེས་བྱ་སྟེ། བདག་ཅེས་བྱ་བའི་དངོས་པོ་གཞན་མེད་དེ་རང་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་སྐད་ཅིག་མ་རྒྱུན་ཆགས་པ་ལ་ཉོན་ཡིད་ཀྱིས་ཁ་ནང་དུ་བལྟས་ནས་བདག་ཏུ་དམིགས་པ་ཙམ་ཡིན་པར་ཤེས་པ་དང་། ཡིད་ཅེས་བྱ་བ་ཉོན་ཡིད་དེ། དེས་ཀུན་གཞི་ལ་དམིགས་ནས་བདག་གོ་ཞེས་འཛིན་པ་འཁོར་ཀུན་འགྲོ་ལྔ་དང་བདག་ལྟ་བདག་ཆགས་བདག་ཏུ་རྨོངས་པ་བདག་ཏུ་ང་རྒྱལ་བ་བཞི་དང་ལྡན་པ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཀྱི་གནས་སྐབས་ཀུན་དུ་འགྲོ་བ་མ་བསྒྲིབ་ལུང་མ་བསྟན་དེ་ལྟ་བུ་ཇི་ལྟ་བར་རྟོགས་པ་ནི་ལྟ་བ་ཕྲ་བ་རྟོགས་པ་ཞེས་བྱ་སྟེ། འཇིགས་ཚོགས་ལ་ལྟ་བ་ནི་ལྟ་བ་ངན་པ་དང་ཉོན་མོངས་པ་ཀུན་ཀྱི་རྒྱུ་ཡིན་པས་ལྟ་བའི་རྩ་བ་ཕྲ་བ་དེ་ངོས་ཟིན་པའི་ཕྱིར་རོ། ། རྣམ་རིག་སྣ་ཚོགས་རྣམ་པར་རྟོགས་དང་ཞེས་པ་རྣམ་པར་ཤེས་པ་ཚོགས་དྲུག་གི་རང་བཞིན་ཤེས་པ་སྟེ། ཡུལ་དབ ང་ཡིད་བྱེད་གསུམ་ལས་སྐྱེས་པའི་མིག་ཤེས་ནས་ཡིད་ཤེས་ཀྱི་བར་དྲུག་པོས་གཟུགས་སོགས་ཡུལ་དྲུག་ལ་དམིགས་ཤིང་། འཁོར་སེམས་བྱུང་རྣམས་དང་བཅས་ཏེ་དགེ་མི་དགེ་ལུང་མ་བསྟན་གསུམ་དང་། ཚོར་བ་དང་ཅི་རིགས་སུ་ལྡན་པའི་སྣ་ཚོགས་པར་གྱུར་པ་དེ་ཡི་རང་བཞིན་ཤེས་པ་ནི། རྣམ་རིག་སྣ་ཚོགས་རྣམ་པར་རྟོགས་པ་ཞེས་བྱ་བ་དང་། དེ་ལྟར་རྣམ་ཤེས་ཚོགས་བརྒྱད་པོ་དེ་དག་ཐམས་ཅད་ཀུན། གཟུང་འཛིན་གཉིས་སུ་མེད་ཀྱང་གཟུང་འཛིན་གཉིས་སུ་རྟོག་པ། ཡང་དག་མིན་པའི་རྟོག་པ་གཞན་དབང་གི་རང་བཞིན་ཙམ་སྒྱུ་མ་དང་། རྨི་ལམ་ལྟ་བུ་ཡིན་པར་རྟོགས་པའི་རྒྱུ་མཚན་བཞི་པོ་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདི་ནི་ཀུན་རྫོབ་ཀྱི་སྣང་ཚུལ་རྟོགས་པའི་ཚུལ་ལོ། ། འཇིག་རྟེན་པས་སྔར་མ་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་མེད་པ་ནམ་མཁའ་ལྟ་བུ་སོ་སོར་རྟོགས་པ་ནི། མ་རྟོགས་པ་རྟོགས་པ་དང་། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་མཉམ་པར་རྟོགས་པ་དེ་སོ་སོར་རྟོགས་པ་ནི། རྗེས་སུ་རྟོགས་པ་རྟོགས་པའོ། །ཡང་ན་མ་རྟོགས་པ་མ་རིག་པ་སོགས་ལུགས་འབྱུང་གི་ཚུལ་ཤེས་པ་མ་རྟོགས་པ་རྟོགས་པ ་དང་། མ་རིག་པ་འགགས་ན་འདུ་བྱེད་འགགས་པ་སོགས་རྟེན་འབྲེལ་ལུགས་ལྡོག་ཤེས་པ་ནི་རྗེས་སུ་རྟོགས་པ་སོ་སོར་རྟོགས་པ་ཞེས་བྱའོ། ། རང་མཚན་གྱི་དངོས་པོ་མེད་པ་ཀུན་བརྟགས་རྟོགས་པ་ནི་དངོས་པོ་མེད་པ་སོ་སོར་རྟོགས་པ་དང་། གཟུང་བ་དང་འཛིན་པར་སྣང་བ་ཐམས་ཅད་གཞན་དབང་སྐད་ཅིག་མའི་ཚུལ་གྱིས་རབ་ཏུ་འབྱུང་བར་ཤེས་པ་ནི། རབ་ཏུ་སྐྱེ་བ་སོ་སོར་རྟོགས་པ་དང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྔར་མ་ཤེས་པ་ཆོས་ཉིད་གཉིས་སྟོང་ཡོངས་གྲུབ་ཤེས་པ་ནི། མ་ཤེས་པའམ་མ་རྟོགས་པ་སོ་སོར་རྟོགས་པ་ཞེས་བྱའོ། ། དེ་ལྟར་དོན་ལྔ་པོ་དེ་སོ་སོར་རྟོགས་པའི་རྒྱུ་མཚན་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདི་ཡང་བདེན་པ་གཉིས་རྟོགས་ཚུལ་གྱི་སྒོ་ནས་སོ། །ཡང་བདེན་གཉིས་རྟོགས་ཚུལ་གྱི་རྣམ་གྲངས་གཞན་ལྔ་ནི། གཞན་དབང་གི་རྣམ་ཤེས་ལས་ཁམས་གསུམ་གྱི་གཟུང་འཛིན་དུ་སྣང་བ་ཐམས་ཅད་བྱུང་ཞིང་དེ་ལ་ཞེན་པས་སྡུག་བསྔལ་རྒྱུན་དུ་མྱོང་ཡང་། གཟུང་བ་དང་འཛིན་པའི་དོན་དུ་གྲུབ་པ་མེད་པར་རྟོགས་པ་ནི་དོན་མེད་པར་རྟོགས་པ་དང་། གཉིས་སྟོང་གི་རང་བཞིན་ཡོངས་གྲུབ་རྟོགས་པ་ནི་དོན་དམ་རྟོགས་པ་དང་། གཉིས་སུ་སྣང་བ་ཐམས་ཅད་ཀུན་བརྟགས་པ་ཙམ་ལས་མེད་པར་རྟོགས་པ་ནི་གཟུང་འཛིན་དུ་སྣང་བའི་དོན་ཀུན་རྟོགས་པ་དང་། ཕུང་ཁམས་སྐྱེ་མཆེད་སོགས་ཇི་སྙེད་པས་བསྡུས་པའི་ཆོས་མཐའ་དག་རྟོག་པ་ནི་ཀུན་རྫོབ་རྟོགས་པ་དང་། རྟོགས་པར་བྱ་བའི་ཡུལ་དང་རྟོགས་པའི་གཞི་རྟོགས་པ་པོ་དང་། རྟོགས་པ་སྟེ་འཁོར་གསུམ་མི་དམིགས་པར་རྟོགས་པ་ནི་དོན་དམ་རྟོགས་པའོ། །དེ་ལྟར་མཚན་ཉིད་གསུམ་དང་བདེན་པ་གཉིས་ཏེ་ཆོས་ལྔ་པོ་དེ་དག་རྟོགས་པའི་རྒྱུ་མཚན་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། ཡང་རྣམ་གྲངས་ལྔ་ཤེས་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་གྲུབ་པར་གྱུར་པ་རྟོགས་པ་ནི་འོག་མིན་ཆེན་པོར་སྐུ་གསུམ་མངོན་དུ་བྱ་བ་རྟོགས་པ་དང་། གནས་རྟོགས་པ་ནི་སྲིད་པ་ཐ་མ་པའི་བྱང་སེམས་ཀྱི་ཚུལ་དུ་དགའ་ལྡན་གྱི་གནས་སུ་གནས་ཤིང་ལྷ་རྣམས་ལ་ཕན་གདགས་པར་བྱ་བ་ཤེས་པའོ།། ལྷུམས་རྗེས་སུ་རྟོགས་པ་ནི་འཛམ་བུའི་གླིང་དུ་ཡུམ་གྱི་ལྷུམས་སུ་འཇུག་པ་དང་དེར་སེམས་ཅན་སྨིན་པར་བྱ་བ་ཤེས་པ་དང་། རིམ་པ་རྟོགས་པ་ནི་ལྷུམས་ནས་འབྱུང་བ་དང་། ཕོ་བྲང་གི་སླས་སུ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་། ཁབ་ནས་ཕྱུང་ཞིང་རབ་ཏུ་འབྱུང་བ་དང་། དཀའ་བ་སྤྱད་པ་དང་། རྡོ་རྗེའི་གདན་ལ་སྤྲུལ་པའི་སྐུས་མངོན་པར་བྱང་ཆུབ་པ་བསྟན་པ་ཤེས་པའོ། །སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བསལ་བར་བྱེད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྟོགས་པ་ཡི། རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འདི་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔས་འོག་མིན་དུ་ལོངས་སྐུའི་རྟེན་ལ་བྱང་ཆུབ་ཆེན་པོ་མངོན་དུ་མཛད་ནས་སྤྲུལ་པའི་སྐུས་འཛམ་བུའི་གླིང་དུ་བྱང་ཆུབ་ཆེན་པོ་སྟོན་པའི་ཚུལ་མཁྱེན་པའི་ཆ་ནས་བསྟན་པའོ། །གཉིས་པ་ཤེས་པའི་དབྱེ་བ་བཅུ་གཅིག་གིས་སྒོ་ནས་བྱང་ཆུབ་སེམས་དཔར་བསྟན་པ་ནི། ཤེས་པའི་རྣམ་གྲངས་བཅུ་གཅིག་ཤེས་ཤིང་རྟོགས་པས་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དེ། རྣམ་གྲངས་བཅུ་གཅིག་ནི། འདས་མ་འོངས་ད་ལྟ་གསུམ་དང་། ནང་དང་ཕྱི། རྩིང་པ་དང་ཞིབ་པ། ཐ་མ་དང་བཟང་པོ། ཉེ་བ་དང་རིང་བར་ཤེས་པའོ། །དེ་ཡང་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེས་འདས་པའི་ཆོས་ཤེས་པའི། བློ་ལ་ཐོབ་པའམ་རྙེད་པ་ཤེས་པ་ཞེས་བྱ་སྟེ། འདས་པའི་ཆོས་དེ་དག་སྔར་རང་རང་གི་དངོས་པོ་ཐོབ་ཟིན་པའི་ཕྱིར་རོ། ། མ་འོངས་པ་ན་འབྱུང་འགྱུར་གྱི་ཆོས་རྟོགས་པ་ནི་མ་ཐོབ་པ་ཤེས་པ་ཞེས་བྱ་བ་ཆོས་དེ་དག་ད་ལྟ་རང་གི་དངོས་པོར་མ་གྲུབ་པའམ་མ་ཐོབ་པའི་ཕྱིར་རོ། །ད་ལྟ་བའི་ཆོས་རྟོགས་པ་ནི་རབ་ཏུ་གནས་པ་ཞེས་བྱ་སྟེ་བྱུང་ནས་མ་འགགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རང་གི་བློས་མི་རྟག་སྡུག་བསྔལ་སོགས་རྟོགས་པ་ནི་ནང་ཤེས་པ་སྟེ་ནང་རང་གི་བློ་རྟོགས་པའི་ཕྱིར་དང་དགེ་བའི་བཤེས་གཉེན་གཞན་གྱིས་བསྟན་པའི་རྒྱུ་ལས་ཤེས་པ་ནི་ཕྱིའི་རྐྱེན་དེའི་རྗེས་སུ་རྟོགས་པ་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སོ་སོར་འཆད་པའི་བློ་ནི་མིང་ཚིག་ཡི་གེ་ལ་བརྟེན་པའི་རགས་པའོ། །ནང་དུ་མཉམ་པར་བཞག་པའི་བློ་ནི་ངག་ཏུ་བརྗོད་པ་མེད་པར་རྟོག་མེད་ལ་གནས་པའི་ཞིབ་པའོ། །ས་བདུན་པ་མན་ཆད་ངར་འཛིན་གྱི་རྒྱུ་བ་ཕྲ་མོ་དང་བཅས་པའི་ཕྱིར་ང་ཅན་གྱི་བློ་གྲོས་ཏེ་ཐ་མལ་ལམ་དམན་པའོ། །ས་བརྒྱད་པ་ཡན་ཆད་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་ངར་འཛིན་གྱི་རྒྱུ་བ་ཕྲ་མོ་ཡང་མེད་པས་ང་བཅོམ་པའི་བློ་སྟེ་བཟང་པོའོ། །ཡང་ན་ང་ཅན་མོས་སྤྱོད་ཀྱི་སའི་རྟོགས་པ་སྟེ་གཟུང་འཛིན་དུ་རྟོག་པར་མ་སྤངས་པའི་ཕྱིར་རོ། །འཕགས་པའི་སར་གཟུང་འཛིན་རྟོག་པ་སྤངས་པས་ང་བཅོམ་པ་ཞེས་བྱའོ། ། བློ་གྲོས་མ་སྨིན་པ་ནི། ས་བདུན་པ་མན་ཆད་ཀྱི་བློ་གྲོས་ཏེ་མི་རྟོག་པའི་ཡེ་ཤེས་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་མ་ཐོབ་པའི་ཕྱིར་རོ། །འདི་ནི་རིང་པའི་བློའོ། །ས་བརྒྱད་པ་ཡན་ཆད་ཀྱི་བློ་གྲོས་ནི་ཡང་དག་པར་སྨིན་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་ཡེ་ཤེས་འབད་རྩོལ་མི་དགོས་པར་ལྷུན་གྱིས་གྲུབ་པའི་ཕྱིར་འདི་ནི་ཉེ་བའི་བློ་གྲོས་ཏེ་སངས་རྒྱས་ཀྱི་ས་ལ་ཉེ་བའི་ཕྱིར་རོ། །ཡང་ན་མོས་སྤྱོད་ཀྱི་ས་དང་། འཕགས་པའི་ས་ལ་མ་སྨིན་པ་དང་སྨིན་པ་ཞེས་བྱའོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཡོན་ཏན་གྱི་ལེའུ་སྟེ་ཉི་ཤུ་པ་རྣམ་པར་བཤད་པའོ།། །། དྲུག་པ་སྤྱོད་པ་དང་མཐར་ཐུག་གི་ལེའུ་འདི་ལ། བྱང་ཆུབ་སེམས་དཔའི་རྟགས་དང་། སྐྱེ་བ་བཞེས་པའི་ཚུལ་དང་། ས་ཐོབ་པའི་ཚུལ་དང་། མཐར་ཐུག་གི་ཡོན་ཏན་བསྟོད་པའི་སྒོ་ནས་བསྟན་པ་བཞི་ལས། དང་པོ་དུ་བའི་རྟགས་སམ་མཚན་མ་ལས་མེར་ཤེས་པ་བཞིན་དུ་གང་བྱང་ཆུབ་སེམས་དཔའ་ཡིན་པ་དེ་ལ་ཕར་ཕྱིན་དྲུག་བསྒྲུབ་པ་དང་རྗེས་སུ་མཐུན་པའི་མཚན་མ་ལྔ་སྣང་བར་འགྱུར་ཏེ། མཚན་མ་དེ་དག་ལས་འདི་ནི་བྱང་ཆུབ་སེམས་དཔའ་འོ་ཞེས་ཤེས་པར་གྱུར་ནས་བྱང་ཆུབ་སེམས་དཔའི་གྲངས་སུ་བགྲང་བར་བྱེད་དོ། །མཚན་མ་ལྔ་ནི་སྙིང་བརྩེ་བ་དང་ལྡན་པས་སེམས་ཅན་ཡོངས་སུ་འཛིན་པ་དང་། འཇིག་རྟེན་དང་ཆོས་ཀྱི་གཏམ་ལེགས་པར་སྙན་པར་སྨྲ་བ་དང་ལྡན་པ་དང་། གཞན་དོན་དུ་འཇིགས་པ་དང་སྡུག་བསྔལ་གང་གིས་ཀྱང་མི་ཞུམ་པར་བརྟན་པ་ཉིད་དང་། དངོས་པོ་ཐམས་ཅད་སྦྱིན་པ་ལ་རྟག་ཏུ་བག་མི་འཁུམ་པར་ལག་བརྐྱང་སྟེ་གཏོང་བ་ཉིད་དང་། གསུང་རབ་ཀྱི་དགོངས་པ་ངེས་པར་འགྲེལ་བ་དང་རྣམ་པ་ལྔ་པོ་འདི་དག་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟགས་ཡིན་ནོ། །དེ་ཡང་སྙིང་རྗེས་སེམས་ཅན་ཡོངས་སུ་གཟུང་བ་དང་། སྙན་པར་སྨྲ་བས་མོས་པ་ཐོབ་པ་དང་། བརྟན་པས་སྡུག་བསྔལ་གྱིས་མི་སྐྱོ་བ་དང་། ལག་བརྐྱང་བ་དང་དགོངས་ཟབ་འགྲེལ་བ་གཉིས་ཀྱི་སྒོ་ནས་ཟང་ཟིང་དང་ཆོས་ཀྱིས་སེམས་ཅན་རྣམས་བསྡུ་པའི་ཕྱིར་ན། དང་པོ་བསམ་པ་དང་ནི་ཕྱི་མ་བཞི་སྦྱོར་བ་ཡིན་པ་ལས་རྟགས་ལྔར་རྣམ་པར་ཤེས་པར་བྱའོ། །དེ་ལ་སྙིང་རྗེའི་རང་བཞིན་ནི་བསམ་པ་དང་ལྡན་པ་དང་བསྒྲུབ་པ་དང་ལྡན་པ་གཉིས་ལས། བསམ་པ་ལ་མི་དགེ་བ་ལས་བསླངས་ཏེ་དགེ་བ་ལ་བཞག་པ་ཕན་པའི་བསམ་པ། ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་བསལ་ནས་མཐོ་རིས་ཀྱི་བདེ་བ་བཞག་པ་བདེ་བའི་བསམ་པའོ། །སྒྲུབ་པ་དང་ལྡན་པ་ནི་ཕན་བདེའི་བསམ་པ་དེ་ལྟ་བུ་ལ་བརྟེན་ནས་སྒོ་གསུམ་གྱི་སྒོ་ནས་སེམས་ཅན་ཕན་བདེ་ལ་འགོད་པའོ། །དེ་ལྟ་བུ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་ཞེས་བྱའོ། །སྙན་པར་སྨྲ་བའི་རང་བཞིན་ལ་ཡང་གཉིས་ཏེ་འཇིག་རྟེན་ཐ་སྙད་ཀྱི་གཏམ་དང་ཆོས་འཆད་པའི་གཏམ་གྱི་རང་བཞིན་གཉིས་ལས་དང་པོ་ལའང་གཉིས་ཏེ་ཀུན་དགའ་བར་བྱེད་པའི་གཏམ་ནི་བཞིན་འཛུམ་ཞིང་ཁམས་བདེ་བ་སོགས་འདྲི་ཞིང་དགའ་བར་བྱེད་པའོ། །ཡང་དག་པར་དགའ་བར་བྱེད་པ་ནི་བུ་ཚ་དང་གཉེན་གཤེས་དར་བར་བྱེད་པའམ། གཏེར་དང་འབྲུ་སྤེལ་བ་སོགས་ལ་དེ་དང་མཐུན་པར་དགའ་བའི་གཏམ་བྱེད་པའོ། །ཆོས་ཀྱི་གཏམ་ནི་ཕར་ཕྱིན་དང་བྱང་ཕྱོགས་སོགས་ཀྱི་ཆོས་བཤད་པས་སེམས་ཅན་རྣམས་མཐོ་རིས་དང་ཐར་བ་ཐོབ་པར་བྱེད་པའོ། །བརྟན་པ་ནི་ཏིང་ངེ་འཛིན་དང་བརྩོན་འགྲུས་ཤེས་རབ་གསུམ་གྱི་མཐུས་བརྟན་ཞིང་བཟོད་པའི་ངང་ཚུལ་ཅན་དུ་གྱུར་པས་སྡུག་བསྔལ་དང་འཇིགས་པ་གང་ལས་མི་སྐྲག་མི་ཞུམ་ཞིང་མཐུ་དང་ལྡན་ལ་མི་ལྡོག་པའོ། །ལག་བརྐྱང་བའི་རང་བཞིན་ནི། རྒྱ་ཆེན་པོ་སྦྱིན་པ་དང་། ཉོན་མོངས་མེད་པར་སྦྱིན་པ་གཉིས་ལས། དང་པོ་ནང་གི་དངོས་པོ་མགོ་དང་རྐང་ལག་སོགས་དང་ཕྱིའི་དངོས་པོ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཀྱང་སྦྱིན་ན་དངོས་པོ་གཞན་ལྟ་ཅི་སྨོས་ཏེ་ཆུང་ངུ་མིན་པར་རྒྱ་ཆེན་པོ་སྦྱིན་པའོ། །གཉིས་པ་འདི་དག་གཞན་དུ་གནོད་པའི་དུག་དང་མཚོན་ཆ་སོགས་མི་སྦྱིན་གྱི་དངོས་པོ་དག་པ་དང་སེར་སྣ་མེད་པ་དང་ལན་ལ་མི་ལྟ་བར་སྦྱིན་པའོ། །དགོངས་པ་ཟབ་མོ་འགྲེལ་བའི་རང་བཞིན་ནི། སོ་སོ་ཡང་དག་རིག་པ་བཞི་དང་ལྡན་པས་དགོངས་པ་དང་ལྡེ མ་དགོངས་སོགས་ཚུལ་བཞིན་རྟོགས་པ་དང་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པར་འཆད་པའོ། ། སྙིང་རྗེའི་ཡུལ་ལྔ་ནི། སྡུག་བསྔལ་བ་དང་། སྲོག་གཅོད་སོགས་ལོག་པར་སྤྱོད་པ་དང་། བག་མེད་པ་དང་། ལྟ་བ་ལོག་པར་ཞུགས་པ་དང་། ཉོན་མོངས་པ་བག་ཉལ་མ་སྤངས་པའི་སེམས་ཅན་སོ་སོ་སྐྱེ་བོ་ཐམས་ཅད་ལའོ། །སྙན་པར་སྨྲ་བའི་རྟེན་ནམ་ཡུལ་ཡང་ལྔ་སྟེ་ཁམས་བདེ་སོགས་འདྲི་བ་ཡང་དག་པར་སྨྲ་བ་དང་། གཉེན་དང་ལོངས་སྤྱོད་ཀྱི་ཚོགས་འཕེལ་བའི་གཏམ་ནི་དགའ་བར་བྱེད་པ་དང་། འཇིགས་པ་ལས་བསྐྱབས་པའི་ཚིག་སྨྲ་བ་ནི་དབུགས་འབྱིན་པར་བྱེད་པ་དང་། ཆེད་དུ་མ་གསོལ་བར་ཡང་དོན་དང་ལས་སུ་བྱ་བའི་གྲོགས་བྱེད་པར་ཁས་ལེན་པ་ནི། སྐབས་འབྱེད་པར་བྱེད་པ་དང་། མཐོ་རིས་དང་ཐར་པའི་ཐབས་སུ་གྱུར་པའི་ཆོས་སྟོན་པ་ཡང་དག་པར་ལུང་སྟོན་པའོ། །བརྟན་པའི་རྟེན་ནམ་ཡུལ་ཡང་ལྔ་སྟེ། འཁོར་བའི་སྡུག་བསྔལ་དང་། སེམས་ཅན་རྣམས་ཀྱིས་ལོག་སྒྲུབ་དང་། དུས་ཡུན་རིང་པོ་དང་། ཕས་ཀྱི་རྒོལ་བས་བརྒལ་བ་དང་། བསླབ་བྱ་རྒྱ་ཆེན་པོ་ལ་སློབ་པའོ། །ལག་བརྐྱང་གི་གནས་དང་རྟེན་ཀྱང་ལྔ་སྟེ། དངོས་པོ་རྒྱ་ཆེ་བ་གོང་ལྟར་སྦྱིན་པ་དང་། ཕྱོགས་ལྷུང་མེད་པར་སྦྱིན་པ་དང་། གུས་པར་བྱས་ཏེ་སྦྱིན་པ་དང་། ཉོན་མོངས་མེད་པར་སྦྱིན་པ་དང་། ལན་དང་རྣམ་སྨིན་ལ་མི་བརྟེན་པར་སྦྱིན་པའོ། ། དགོངས་པ་ཟབ་མོ་འགྲེལ་པའི་རྟེན་ནམ་ཡུལ་ཡང་ལྔ་སྟེ། དེ་བཞིན་གཤེགས་པའི་མདོ་སྡེ་ཟབ་མོ་ཟབ་པར་སྣང་བ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་འབྱུང་དང་ལུགས་ལས་ལྡོག་པ་རྟེན་དང་པོ་དང་། འདུལ་བ་ལ་ཡང་ལྟུང་བ་དང་། ལྟུང་བ་སློང་བ་ལ་མཁས་པ་རྟེན་གཉིས་པ་དང་། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གསུམ་པ་དང་། མདོ་རྣམས་ཀྱི་དགོངས་པ་དང་བཅས་པའི་མིང་ཚིག་རྣམ་པར་འབྱེད་པ་བཞི་པ་དང་། ཆོས་རྣམས་ཀྱི་ཚིག་ཐ་དད་པར་དབྱེ་བ་ནི་ལྔ་པའོ།། སྙིང་རྗེ་དང་ལྡན་པའི་འབྲས་བུ་ཚེ་འདིར་དགྲ་མེད་ཅིང་བདེ་བར་གནས་པ་དང་། ཚེ་རབས་གཞན་དུ་བདེ་འགྲོ་སྐྱེ་བའོ། །སྙན་སྨྲའི་འབྲས་བུ་ངག་གི་མི་དགེ་བཞི་སྤངས་བས་ཚེ་རབས་ཀུན་ཏུ་ཚིག་བཙུན་པ་དང་། དེའི་ཚིག་གཟུང་བར་འོས་པའོ། །བརྟན་པའི་འབྲས་བུ་ཚེ་འདིར་ཚུལ་ཁྲིམས་བླངས་བ་ལས་མི་ཉམས་པ་དང་། བཟོད་པས་བདག་གཞན་རྗེས་སུ་འཛིན་པ་དང་། ཚེ་རབས་གཞན་དུ་བྱང་ཆུབ་སེམས་དཔའི་རྩོམ་པ་མཐར་ཕྱིན་ཅིང་མི་ལྡོག་པའོ། །ལག་བརྐྱང་གི་འབྲས་བུ་ཚེ་འདིར་གཞན་ལ་ཕན་འདོགས་པ་དང་། དེའི་འབྲས་བུ་ཚེ་རབས་གཞན་དུ་རང་ཉིད་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་ཅིང་བྱང་ཆུབ་ཀྱི་ཚོགས་རྫོགས་པའོ། །དགོངས་ཟབ་འགྲེལ་བའི་འབྲས་བུ་ཚེ་འདིར་ཡང་སྡེ་སྣོད་གསུམ་བཤད་པས་གཞན་གྱི་མ་རྟོགས་ལོག་རྟོགས་ཐེ་ཚོམ་སེལ་བ་དང་ཚེ་རབས་གཞན་དུ་ཡང་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་རོ། ། རྟགས་ལྔ་པོ་གོ་རིམས་དེ་ལྟར་བཤད་པ་ནི། ཐོག་མར་སྙིང་རྗེའི་རྒྱུ་ལས་སྙན་པར་སྨྲ་བ་དང་། སྙིང་རྗེས་ལེགས་པར་སྨྲ་བ་དེ་དག་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་དང་། བརྟན་པ་ལྡན་པས་ཟང་ཟིང་གིས་བསྡུས་ནས་ཆོས་ཀྱི་དགོངས་པ་འགྲེལ་ཞིང་བཤད་ནས་སྨིན་པར་བྱེད་པས་སོ། །ལྔ་པོ་འདི་དག་ཕར་ཕྱིན་གང་དང་གང་གིས་བསྡུས་ཞེ་ན་སྙིང་རྗེའི་རིགས་ཀྱི་ས་བོན་ལ་བརྟེན་ཏེ་ཚད་མེད་བཞི་གོམས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་སོ། །སྙན་སྨྲ་ནི་ཚིག་རྩུབ་སོགས་སྤངས་པའི་ཚུལ་ཁྲིམས་ཕར་ཕྱིན་དང་། ཆོས་ཀྱི་གཏམ་སྨྲ་བ་ཤེས་རབ་ཀྱིས་བསྡུས་སོ། ། བརྟན་པ་བརྩོན་འགྲུས་དང་བཟོད་པ་དང་ཤེས་རབ་ཕར་ཕྱིན་གྱིས་བསྡུས་སོ། ། ལག་བརྐྱང་སྦྱིན་པའི་ཕར་ཕྱིན་དང་། དགོངས་ཟབ་འགྲེལ་བ་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་གྱིས་བསྡུས་སོ། །ལས་ལྔ་ནི་གཞུང་ལས་བསྟན་པ་ལྟར་གོང་དུ་བཤད་ཟིན་ཏོ། ། དེ་ལྟར་སྙིང་རྗེ་ལ་སོགས་པ་སྔ་མ་གསུམ་དང་ལྡན་པའི་སྒོ་ནས་ཕྱི་མ་གཉིས་ལ་སེམས་ཅན་ལ་ལྷག་པའི་བསམ་པ་ཡིན་ལ་ལྷག་བཅས་ཀྱི་མྱང་འདས་ལ་བཞག་པར་བྱའོ་སྙམ་དུ་སེམས་པས་ཕན་པ་ལྷག་པའི་བསམ་པ་ཞེས་བྱ་སྟེ་ཉོན་མོངས་པས་གཙེ་བ་མེད་པའི་ཕན་པ་དང་ལྡན་པས་སོ། །ལྷག་མེད་ཀྱི་མྱང་འདས་ལ་བཞག་པར་བྱ་ཞེས་སེམས་བདེ་བ་ལྷག་པའི་བསམ་པ་སྟེ། དེ་ཚེ་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་བ་དང་ལྡན་པས་སོ། །དེས་ན་སྙིང་རྗེ་ལ་སོགས་པ་ལྔ་ནི་ཕན་པ་དང་བདེ་བའི་ལྷག་བསམ་དུ་བསྡུས་ཏེ་བསྟན་ལ། ལྷག་བསམ་དེའི་དབྱེ་བ་ནི་འོག་ཏུ་མ་དག་རྣམ་དག་སོགས་དང་། ལྷག་བསམ་གྱི་བྱེད་ལས་འཁོར་སྡུད་པ་པ་རྣམས་ཀུན་ལ་བློ་ལྡན་པའི་སོགས་ཀྱིས་བསྟན་པ་བཞིན་ནོ། །གཉིས་པ་བྱང་སེམས་རྣམས་སེམས་ཅན་གྱི་སྐྱེ་བ་འཛིན་ཚུལ་བཤད་པ་ནི། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་ལྷག་བསམ་བརྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་བཞིན་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོག་པ་མ་ཡིན་པར། འཁོར་བ་ཡོངས་སུ་མི་གཏོང་ཞིང་སེམས་ཅན་གྱི་དོན་དུ་སྐྱེ་བ་ཡང་ཡང་བཞེས་ནས་སེམས་ཅན་རྣམས་སྨིན་པར་བྱེད་དེ། རྟེན་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་གཙོ་བོར་གྱུར་པའི་སྐྱེ་བ་སྣ་ཚོགས་སུ་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་ལ་ལར་རྟག་ཏུ་ན། ཁྱིམ་པ་འཁོར་ལོས་སྒྱུར་པ་རྣམས་སུ་བརྒྱུད་མར་གྱུར་ནས་སྐྱེ་བ་དེ་དག་ཐམས་ཅད་དུ། སེམས་ཅན་རྣམས་དགེ་བ་ལ་སྨིན་པར་བྱེད་པ་ཉིད་ཀྱི་དོན་བྱེད་དོ། ། ས་དང་པོ་ལ་སོགས་པའི་ས་རྣམས་ཀུན་ལ་ཡང་རབ་ཏུ་བྱུང་བ་མཁན་སློབ་ལས་གསོལ་བ་དང་བཞིའི་ལས་ཀྱིས་ལེན་པས་ཐོབ་པ་དང་། ཆོས་ཉིད་ཀྱིས་ནི་ཐོབ་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་དང་གཞན་སྤྲུལ་པའི་ལུས་ཀྱིས་རབ་ཏུ་བྱུང་བ་ཉིད་དུ་སྟོན་པར་བྱེད་པ་དང་གསུམ་ཡིན་ནོ། །ཁྱིམ་ན་གནས་པ་རྣམས་གཡེང་བ་དང་ཆགས་སྡང་ལ་སོགས་པའི་ཉོན་མོངས་དང་སྡུག་བསྔལ་ཤིན་ཏུ་མང་ཞིང་། རབ་ཏུ་བྱུང་བའི་ཕྱོགས་དག་ནི། གང་གི་ཉེས་པ་ལས་བཟློག་པའི་ཡོན་ཏན་ཚད་མེད་པ་རྣམས་དང་ལྡན་ཏེ། འདམ་རྫབ་ལས་བརྒལ་བ་དང་ཆུ་ཀླུང་ལས་བརྒལ་བ་དང་མི་གཙང་བའི་གནས་དང་མེའི་འོབ་ལས་བརྒལ་བ་ལྟ་བུའི་རྣམ་གྲངས་སྣ་ཚོགས་ཀྱིས་བསྔགས་པ་སངས་རྒྱས་ཀྱིས་གསུངས་པ་བཞིན་ནོ། ། དེ་ལྟ་བུས་ན་སྡོམ་བརྩོན་ཅན་གྱི་བྱང་སེམས་ནི། ཁྱིམ་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ལས་རྟེན་ཁྱད་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འཁོར་བར་སྐྱེ་བ་བཞེས་པའི་རྒྱུ་ནི་སེམས་ཅན་ཕན་བདེ་འདོད་ཀྱི་ལྷག་བསམ་ཡིན་པས་དེ་བཤད་པ། མོས་སྤྱོད་དང་ས་བཅུ་ཡིས་རྣམས་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའ་ཡི། སེམས་ཅན་གཞན་འཇིག་རྟེན་ཕ་རོལ་ལམ་ཚེ་རབས་ཕྱི་མ་རྣམས་སུ་སྡུག་ཅིང་ཡིད་དུ་འོང་བའི་འབྲས་བུ་བདེ་བ་ལ་སྦྱོར་བ་ནི། བདེ་བའི་བསམ་པ་དང་། ཚེ་འདི་ལ་ཉོན་མོངས་མེད་པའི་དགེ་བ་ལ་འཇུག་པར་འདོད་པ་ཕན་པའི་བསམ་པ་དང་། མཐར་ཐུག་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པར་འདོད་པ་ཡང་གོང་བཤད་ལྟར་ཕན་བདེའི་བསམ་པ་སྟེ། བདེ་བ་ལ་བཞག་པར་འདོད་པ་བདེ་བ འི་ལྷག་བསམ་དང་། ཉོན་མོངས་མེད་པར་བྱ་བར་འདོད་པ་ཕན་པའི་ལྷག་བསམ་སྟེ། མདོར་ན་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འདོད་པ་ནི་ལྷག་པའི་བསམ་པ་ཞེས་བྱ་སྟེ། ལྷག་བསམ་དེའི་དབྱེ་བ་ཡང་མོས་སྤྱོད་ན་ཆོས་ཉིད་མངོན་དུ་མ་རྟོགས་པས་མཐོང་བའི་སྤང་བྱའི་གཟུང་འཛིན་དུ་ཞེན་པས་མ་དག་པའི་ལྷག་བསམ་ཞེས་བྱ་ཞིང་། ས་དང་པོ་ནས་བདུན་པའི་བར་དུ་རྣམ་པར་དག་པའི་ལྷག་བསམ་དང་། ཕྱིར་མི་ལྡོག་པ་དག་པའི་ས་གསུམ་དུ་རབ་ཏུ་དག་པའི་ལྷག་བསམ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་དེ་ལྟར་ལྷག་པའི་བསམ་པར་འདོད་དོ། །ས་བརྒྱད་པ་སོགས་ལ་ཕྱིར་མི་ལྡོག་པའི་ས་ཞེས་བཤད་པ་ནི་ས་བརྒྱད་པ་ཐོབ་ཕན་ཆད་འབད་རྩོལ་གྱི་མཚན་ཉིད་ཅན་དུ་ཕྱིར་ལྡོག་པ་མི་སྲིད་པའི་ཕྱིར་རོ།། དེ་ལྟར་སེམས་ཅན་གྱི་དབང་དུ་བྱས་ནས། ཕན་པའི་ལྷག་བསམ་དང་། བདེ་བའི་ལྷག་བསམ་གཉིས། བདག་གི་རྒྱུད་ཀྱི་དབང་དུ་བྱས་ཏེ། མ་དག་རྣམ་དག་རབ་དག་གསུམ་སྟེ་ལྷག་པའི་བསམ་པའི་དབྱེ་བ་ལྔའོ། །ལྷག་པའི་བསམ་པ་དེ་ལ་རྟེན་ནས་སེམས་ཅན་སྡུད་པ་ནི་ལྷག་བསམ་གྱི་བྱེད་ལས་ཏེ། དེ་ཡང་སྨོན་ལམ་གྱིས་ཡོངས་སུ་སྡུད་པ་ནི་མོས་སྤྱོད་ཀྱི་ས་ན་སེམས་ཅན་ཐམས་ཅད་མྱ་ངན་འདས་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་སེམས་བསྐྱེད་ཅིང་སྨོན་ལམ་གྱིས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་དང་། ས་དང་པོ་ཐོབ་ནས་བཟུང་བདག་དང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཐོབ་པས་སེམས་མཉམ་པས་ཡོངས་སུ་སྡུད་པའི་འཛིན་པ་དང་། བདག་པོར་གྱུར་པས་ཡོངས་སུ་སྡུད་པ་ནི། འཁོར་བསྒྱུར་སོགས་ཡུལ་གྱི་བདག་པོ་དབང་དང་མཐུ་ཡོད་པར་གྱུར་ནས་སེམས་ཅན་རྣམས་ལ་ཟང་ཟིང་གིས་ཕན་བཏགས་པ་དང་དགེ་བཅུའི་ལས་ལ་འགོད་ཅིང་ཡོངས་སུ་སྡུད་པ་དག་དང་ནི ། ཚོགས་རྣམ་པར་འདྲེན་པས་ཡོངས་སུ་སྡུད་པ་ནི། ཚོགས་ཀྱི་སློབ་དཔོན་དང་མཁན་པོ་ཉིད་དུ་གྱུར་ནས་ཆོས་བསྟན་པའི་སྒོ་ནས་འཁོར་སློབ་མའི་ཚོགས་སྡུད་པ་ཡིས། སེམས་ཅན་རྣམས་རྗེས་སུ་འཛིན་པ་ཡིན་ཏེ་དེ་ལྟར་སྡུད་པ་རྣམ་པ་བཞི་ཡིས་སོ། །བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་བཞེས་པའི་རྒྱུ་ནི་རྣམ་པ་བཞི་སྟེ། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ནི་མོས་པའི་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱི་སྐྱེ་བ་ཕལ་ཆེར་ལས་ཀྱི་རྒྱུ་ལས་སྐྱེ་སྟེ། དེ་དག་སེམས་ལ་དབང་མ་ཐོབ་པས་གང་དུ་བསམས་ཤིང་སྨོན་ལམ་བཏབ་པ་དེ་གདོན་མི་ཟ་བར་སྐྱེ་ངེས་པ་མེད་ལ། རེས་འགའ་སྨོན་པ་ལྟར་སྐྱེ་བའང་ཡོད་མོད་ཀྱི། གཙོ་ཆེར་བསོད་ནམས་ཀྱི་ཚོགས་བསགས་པའི་ལས་ཀྱིས་བདག་དང་གཞན་ལ་ཕན་པར་འགྱུར་བའི་གནས་སུ་སྐྱེ་བ་དང་ནི་གཞན་ཡང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ནི་ས་དང་པོ་དང་གཉིས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་དབང་གིས་ལྷ་དང་མི་དང་བྱོལ་སོང་དང་ཡི་དྭགས་དང་དམྱལ་བའི་གནས་གང་དང་གང་དུ་སེམས་ཅན་གྱི་དོན་བྱེད་པ་དེར་སྨོན་ལམ་བཏབ་པ་བཞིན་སྐྱེ་སྟེ། ལོ་ཉེས་ཆེན་པོ་བྱུང་བའི་དུས་སུ་སེམས་ཅན་རྣམས་ཀྱི་བསྐྲེས་སྐོམ་བསལ་པའི་ཕྱིར་ཉ་དང་གླང་པོ་ཆེ་ལ་སོགས་པའི་ལུས་བླངས་ནས་རང་གི་ཤས་སེམས་ཅན་ཚིམ་པར་བྱེད་པ་དང་། ནད་ཀྱི་བསྐལ་བ་བར་མ་སོགས་ཀྱིས་ཚེ་དེ་དག་གི་ནད་སེལ་བའི་སེམས་ཅན་གྱི་ལུས་བླངས་ནས་དེའི་ཤ་ཟོས་པས་ནད་ལས་ཐར་བར་བྱེད་པ་དང་། རིག་སྔགས་གྲུབ་པ་དང་། སྨན་པ་ཆེན་པོའི་ལུས་སུ་གྱུར་ནས་སེམས་ཅན་གྱི་ནད་སྣ་ཚོགས་ཞི་བར་བྱེད་པ་སོགས་སྐྱེ་བ་སྣ ་ཚོགས་འཛིན་ཏེ། དེ་བཞིན་གཤེགས་པའི་སྐུའི་གསང་བ་བསྟན་པའི་མདོ་ལ་སོགས་པ་ལས་གསུངས་བ་བཞིན་ནོ། ། ས་གསུམ་པ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱིས་སྐྱེ་བ་འཛིན་པ་སྟེ། དེ་དག་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ལས་སུ་རུང་བས་བསམ་གཏན་བཞི་ཐོབ་ཀྱང་དེས་འབྲས་བུ་གཟུགས་ཁམས་སུ་མི་སྐྱེ་བར་འདོད་ཁམས་སུ་སྐྱེ་བ་དང་། གང་དང་གང་དུ་བསམ་པར་ཏིང་ངེ་འཛིན་གྱིས་སྐྱེ་བ་འཛིན་ཏོ།། ས་བརྒྱད་པ་དང་དགུ་པ་དང་བཅུ་པ་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གནས་གང་དང་གང་དུ་སྐྱེ་བ་ཅི་དང་ཅི་ལྟ་བུ་སྟོན་པ་ལ་རང་དབང་ཡོད་པ་ཡིན་པས་དབང་འབྱོར་བའི་དབང་གིས་སྐྱེ་བར་འདོད་པ་ཡིན་ཏེ། དེ་དག་གིས་སྤྲུལ་པའི་སྐུ་དགའ་ལྡན་ནས་ལྷུམས་སུ་གཤེགས་པ་ལ་སོགས་པ་ཡང་སྟོན་ཅིང་སྐྱེ་བ་སྣ་ཚོགས་སུ་སྟོན་ཏོ། །དེ་ལྟར་མདོ་སྡེ་ས་བཅུ་པ་ལས། ས་བརྒྱད་པ་བཤད་པའི་སྐབས་སུ། དེས་ལུས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་དེ་ལྟ་བུ་རབ་ཏུ་ཐོབ་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་བྱིན་གྱིས་བརླབས་པའི་ཕྱིར་ཚེའི་དབང་རབ་ཏུ་ཐོབ་བོ། ། ཏིང་ངེ་འཛིན་ཤིན་ཏུ་རྟོགས་པའི་ཡེ་ཤེས་ལ་འཇུག་པར་བྱ་བའི་ཕྱིར་སེམས་ཀྱི་དབང་རབ་ཏུ་ཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་དུ་མས་རབ་ཏུ་བརྒྱན་ཅིང་ཤིན་ཏུ་ཀླུབས་པའི་བྱིན་གྱི་རླབས་ཡང་དག་པར་བསྟན་པའི་ཕྱིར་ཡོ་བྱད་ཀྱི་དབང་རབ་ཏུ་ཐོབ་བོ། །ལས་ཀྱི་རྣམ་པར་སྨིན་པའི་ཕྱིར ་བྱིན་གྱི་རླབས་དུས་བཞིན་དུ་མངོན་པར་བསྟན་པའི་ཕྱིར་ལས་ཀྱི་དབང་རབ་ཏུ་ཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་བསྟན་པའི་སྐྱེ་བའི་དབང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་གང་དང་དུས་གང་དུ་ཅི་དགའ་བར་མངོན་པར་འཚང་རྒྱ་བ་ཡང་དག་པར་བསྟན་པའི་ཕྱིར་སྨོན་ལམ་གྱི་དབང་རབ་ཏུ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཡང་དག་པར་བསྟན་པའི་ཕྱིར་མོས་པའི་དབང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་དང་རྣམ་པར་འཁྲུལ་བ་ཡང་དག་པར་བསྟན་པའི་ཕྱིར་རྫུ་འཕྲུལ་གྱི་དབང་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་མངོན་པར་འཚང་རྒྱ་བར་ཡང་དག་པར་བསྟན་པའི་ཕྱིར་ཡེ་ཤེས་ཀྱི་དབང་རབ་ཏུ་འཐོབ་བོ། །མཐའ་དང་དབུས་མེད་པའི་ཆོས་ཀྱི་སྣང་པ་ཡང་དག་པར་བསྟན་པའི་ཕྱིར་ཆོས་ཀྱི་དབང་རབ་ཏུ་འཐོབ་བོ། ། ཞེས་དབང་བཅུ་ཐོབ་པར་གསུངས་པ་བཞིན་ནོ། །དེ་ལྟར་བྱང་སེམས་མོས་སྤྱོད་པ་རྣམས་ལའང་སྨོན་ལམ་གྱི་དབང་གིས་སྐྱེ་བའང་ཡོད་མོད་ཀྱི་ཕལ་ཆེར་ལས་ཀྱི་དབང་གིས་སྐྱེའོ། །ས་དང་པོ་དང་གཉིས་པ་ལ་ཞུགས་པ་དག་ཀྱང་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ཡོད་མོད་ཀྱི་ཕལ་ཆེར་སྨོན་ལམ་གྱི་དབང་གིས་སྐྱེའོ། །ས་གསུམ་པ་ནས་བདུན་པའི་བར་རྣམས་ཏིང་ངེ་འཛིན་དང་། དག་ས་པ་རྣམས་དབང་བཅུ་ཐོབ་པས་དབང་འབྱོར་བའི་དབང་གིས་སྐྱེ་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བའི་རྒྱུ་བཞིས་སྐྱེ་གནས་རྣམ་པ་སྣ་ཚོགས་སུ་སྐྱེ་བ་བཟུང་བའི་ཚེ་ན་སེམས་དག་པ་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་བ་ནི་ས་ཡི་གོ་རིམས་ཀྱི་དབང་གིས་དེ་ལྟར་འགྱུར་རོ། ། གསུམ་པ་བྱང་ཆུབ་སེམས་དཔའ་རྣམས་གང་ལ་གནས་པའི་ས་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་། དང་པོ། ས་བཅུ་ནི་དོན་རྣམ་པ་བརྒྱད་ཀྱིས་བཤད་དེ་གང་ཞེ་ན། སའི་མཚན་ཉིད་དང་། གང་ཟག་དང་། བསླབ་པ་དང་། ཕུང་པོ་དང་། གྲུབ་པ་དང་། མཚན་མའམ་རྟགས་དང་ནི་ངེས་པའི་ཚིག་དང་། འཐོབ་པ་བརྒྱད་པོ་ཡིས། གང་ལ་གནས་པ་དང་ནི་ས་ཉིད་བཤད་དོ། །གང་ལ་གནས་པའི་གཞི་ས་ཆེན་པོའི་སྟེང་དུ་སེམས་ཅན་དང་སེམས་ཅན་མ་ཡིན་པར་རྩྭ་ཤིང་ལ་སོགས་པ་སྐྱེ་ཞིང་གནས་པ་ལ་ས་ཞེས་བརྗོད་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དག་པ་ཆུང་འབྲིང་ཆེན་པོའི་ཁྱད་པར་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེ་ཞིང་འབྱུང་བས་ན་ས་ཞེས་བརྗོད་དོ། །རྒྱས་བཤད་ལ་བརྒྱད་ལས། དང་པོ་སའི་མཚན་ཉིད་ནི། ས་དང་པོར་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་མངོན་སུམ་རྟོགས་པའི་ཕྱིར་སྟོང་པ་ཉིད་ནི་མཆོག་རྟོགས་པ་དེས་ནི་ས་དང་པོའི་མཚན་ཉིད་དོ། །དེ་ལྟར་ས་དང་པོ་ཐོབ་པ་ལ་ས་བཅུ་པའི་མདོ་ལས་བསམ་པ་དང་ལྷག་པའི་བསམ་པ་བརྟན་པ། སེམས་ཀྱི་སྟོབས་དང་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཞེས་གསུངས་ཏེ། གང་ཟག་ལ་བདག་མེད་པར་རྟོགས་པས་བསམ་པ་རབ་ཏུ་བརྟན་པ། ཆོས་ལ་བདག་མེད་རྟོགས་པས་ལྷག་པའི་བསམ་པ་རབ་ཏུ་བརྟན་པ། ཡང་གང་ཟག་ལ་བདག་མེད་རྟོགས་པས་སེམས་ཀྱི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་འབྱེད་པ། ཆོས་ལ་བདག་མེད་རྟོགས་པའི་ཤེས་རབ་དང་ལྡན་པས་བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ། དུས་གསུམ་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་མཚན་ཉིད་དུ་རྟོགས་པས་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཞེས་བྱའོ། ། དེ་ལྟར་ས་དང་པོ་ཐོབ་ནས་ས་གཉིས་པ་ཐོབ་པ་ན། ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་སྨིན་འགྲུབ་པ་ཆུད་མི་ཟ་བར་གནས་པ་གཟིགས་ནས་དུས་ཐམས་ཅད་དུ་དགེ་བ་བཅུའི་ལས་ལམ་འབའ་ཞིག་ལས་མི་དགེ་བའི་ལས་ལམ་རྨི་ལམ་ན་ཡང་མི་སྤྱོད་པས། ས་གཉིས་པ་ནི་ལས་རྣམས་ཆུད་མི་ཟ་བའི་མཚན་ཉིད་དུ་བཞག་གོ །དེ་ལྟར་ས་གཉིས་པ་པ་དེ་སྲོག་གཅོད་པ་སོགས་ཀྱི་ལས་རྣམས་ལས་རྣམ་པ་ཀུན་ཏུ་ཕྱིར་ལྡོག་སྟེ་གནོད་པའི་སེམས་ཀྱི་རྟོག་པ་ཙམ་ཡང་མི་སྐྱེ་ན་དངོས་སུ་ལུས་ཀྱིས་ལྟ་ཅི་སྨྲོས། སེམས་ཅན་ཐམས་ཅད་ངན་སོང་ན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་མི་དགེ་བཅུའི་ལས་ལམ་ལས་བྱུང་བས་ན་བདག་ནི་འདི་ལྟར་དགེ་བ་ཡང་དག་པར་སྒྲུབ་པ་ལ་གནས་ཏེ། གཞན་རྣམས་ཡང་དག་པར་སྒྲུབ་པ་ལ་དགོད་པར་བྱའོ་སྙམ་ནས་སོགས་མདོ་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །ས་གསུམ་པའི་མཚན་ཉིད་ནི་བསམ་གཏན་བཞིའི་རབ་ཏུ་བདེ་བའི་གནས་ནས་ནི། བསམ་གཏན་དེ་ལས་མ་ཉམས་བཞིན་དུ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་དེ་ཡི་འོག་ཏུ་འདོད་པར་སྐྱེ་བའོ། །མདོ་ལས། དེས་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལྟར་ཆད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདུ་བྱེད་དུ་གྱུར་པ་དེ་ལྟར་གནོད་པ་མང་པོ་དང་ལྡན་པར་ཡོངས་སུ་རྟོགས་པ་ན། སེམས་ཅན་རྣམས་ལ་དེ་བས་ཤས་ཆེར་སེམས་ཀྱི་བསམ་པ་བཅུ་ཉེ་བར་བཞག་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་མགོན་མེད་པ་དང་། རྟེན་མེད་པའི་སེམས་ཅན་གྱི་བསམ་པ་དང་ཞེས་སོགས་ནས། ཆོས་དེ་དག་ཐོས་ནས་ཀྱང་རང་གི་སེམས་ལ་ངེས་པར་རྟོག་ནས་གཅིག་པུ་དབེན་པར་སོང་སྟེ་སོགས་ནས་བསམ་གཏན་དང་པོ་དང་གཉིས་པ་གསུམ་པ་བཞི་བ་རྣམས་འགྲུབ་པ་དང་། བསམ་གཏན་དང་རྣམ་ཐར་སོགས་བསྐྱེད་པར་རྒྱས་པར་གསུངས་པ་བཞིན་ནོ། ། དེ་ནས་ས་བཞི་པའི་མཚན་ཉིད་ནི་ཤེས་རབ་ཀྱིས་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་མངོན་དུ་བྱས་ནས། སྙིང་རྗེས་འཁོར་བ་དག་ཏུ་ཡོངས་སུ་བསྔོ་བའི་མཚན་ཉིད་ཅན་ནོ། །གཞན་དག་ན་རེ། བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཡིན་ན། དེ་ཉིད་འཁོར་བར་ཡོངས་སུ་བསྔོ་ཞིང་འཁོར་བའི་རྒྱུར་ཇི་ལྟར་འགྱུར་ཞེས་བརྒལ་བ་ལ་ལན་དུ། དཔེར་ན་ཐབས་ཀྱིས་མ་ཟིན་པའི་དུག་ནི་འཆི་བའི་རྒྱུར་འགྱུར་ལ། ཐབས་ཀྱིས་ཟིན་པའི་དུག་ནི་སྨན་དུ་འགྱུར་བ་ལྟར། ཐབས་སྙིང་རྗེ་ཆེན་པོས་ཡོངས་སུ་མ་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་འཁོར་བ་ལས་འབྱུང་བའི་རྒྱུ་འགྱུར་ལ། སྙིང་རྗེ་ཆེན་པོས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་འཁོར་བར་སྐྱེ་བའི་རྒྱུར་འགྱུར་ཏེ། འཁོར་བ་ལ་རྒྱབ་ཀྱིས་མི་ཕྱོགས་པའི་བྱང་སེམས་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ཡང་སྙིང་རྗེ་ཆེན་པོས། སེམས་ཅན་གྱི་དོན་དུ་བསྒོམ་པས་བྱང་ཆུབ་ཀྱི་ཕྱོགས་དེ་དག་འཁོར་བ་ལ་རྒྱབ་ཀྱིས་ལྟ་བར་མི་བྱེད་ཀྱི་འཁོར་བ་ལ་མངོན་དུ་ལྟ་བའི་རྒྱུར་འགྱུར་བས་འཁོར་བར་ཡོངས་སུ་བསྔོས་པ་ཞེས་འགྲེལ་པ་ལས་གསུངས་སོ། །མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཀུན་དུ་སྦྱོང་བ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་གྱུར་ནས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཅན་ལ་གནས་སོ་སོགས་ནས། དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་བཅས་པའི་སྔོན་གྱི་སྨོན་ལམ་ཡང་དག་པར་བསྒྲུབ་པས་ཉེ་བར་རྟེན་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་བྱམས་པ་ཆེན་པོ་དང་ལྡན་པ་ཞེས་སོགས་གསུངས་པ་བཞིན་ནོ། །ས་ལྔ་པའི་མཚན་ཉིད་ནི། སེམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་ནི། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ཉིད་དུ་བཞག་གོ །དེ་ཡང་ས་འདིར་ཉོན་མོངས་པའི་གཉེན་པོར་འཕགས་པའི་བདེན་པ་བཞི་བསྒོམ་པ་དང་ལྡན་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མེད་པར་གཙུག་ལག་དང་བཟོའི་གནས་སྣ་ཚོགས་ལ་མཁས་ཤིང་ཐེག་པ་གསུམ་ཀྱི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། མདོ་ལས། དེ་དྲན་པ་དང་བློ་གྲོས་དང་རྟོགས་པའི་བློའི་སྟོབས་བསྐྱེད་པས་ཡིད་ལ་བྱ་བའི་ཕྱིར་མི་ལྡོག་པར་གྱུར་ནས་དེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་སོགས་དང་། ཁྱད་པར་ཅན་གྱི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པས། དེ་གང་འདིའི་འཇིག་རྟེན་ན། ཡི་གེ་དང་གཙུག་ལག་དང་རྩིས་དང་། ཁྲིམས་ཐབས་ལ་སོགས་པ་ཡོད་པ་དེ་དག་མངོན་པར་སྒྲུབ་བོ། ། འབྱུང་ཁུངས་ཀྱི་དཔྱད་དང་། གསོ་བའི་དཔྱད་དང་། སྐེམས་པ་དང་རྗེད་བྱེད་དང་འབྱུང་པོའི་གདོན་བསལ་བ་དང་། དུག་དང་རོ་ལངས་ཀྱི་སྦྱོར་བ་བསལ་བ་དང་། སྡགས་དང་གར་དང་། གཏམ་དང་། རོལ་མོ་དང་། སྒྲུང་གཏམ་གྱི་རབ་ཏུ་དགའ་བར་བྱ་བ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཡོད་པར་གྱུར་པ་དེ་དག་སྙིང་རྗེ་དང་ལྡན་པས་མཐར་གྱིས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་འགོད་པའི་ཕྱིར་མངོན་པ་སྒྲུབ་པའོ། །ཞེས་གསུངས་སོ། །ས་དྲུག་པའི་མཚན་ཉིད་ནི། སེམས་ཅན་གྱི་དོན་དུ་ཆེད་དུ་བསམས་ཏེ་འཁོར་བའི་གནས་སུ་སྐྱེ་བ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བསྒོམ་པས་ཀུན་ནས་ཉོན་མོངས་པ་རྗེས་སུ་སྲུང་ཞིང་མི་གོས་པར་རྣམ་པར་བཞག་གོ །དེ་ཡང་ས་དྲུག་པ་ལ་གནས་པའི་བྱང་སེམས་རྣམས་ཁམས་གསུམ་དུ་སྐྱེ་བ་ནི་ལས་ཉོན་གྱི་དབང་གིས་རང་དབང་མེད་པར་སྐྱེ་བ་མ་ཡིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཟིན་པས་དྲན་པ་དང་ཤེས་བཞིན་མ་ཉམས་པར་སེམས་ཅན་གྱི་དོན་དུ་གནས་འདི་དང་འདིར་སྐྱེ་བར་བྱའོ། །ཞེས་ཆེད་དུ་བསམས་ནས་བསམ་བཞིན་དུ་སྐྱེ་ཞིང་། རྟེན་འབྲེལ་བསྒོམས་པ་ལ་ལན་མང་དུ་གནས་པས་ཉོན་མོངས་པ་རྗེས་སུ་སྲུང་ཞིང་མི་གོས་པའོ། །མདོ་ལས། དེ་ཆོས་ཐམས་ཅད་ལ་དེ་ལྟར་རྟོག་པའི་ཚེ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་འཇིག་རྟེན་འབྱུང་བ་དང་འཇིག་པ་ལ་ལྟ་ཞིང་། དེ་ཐམས་ཅད་ཚུལ་མིན་ཡིད་བྱེད་བདག་ཏུ་མངོན་པར་ཞེན་པས་ལས་འདུ་བྱེད་པ་སོགས་ཀྱི་ཚུལ་རྒྱས་པར་གསུངས་པ་བཞིན་ནོ། །ས་བདུན་པའི་མཚན་ཉིད་ནི། བགྲོད་པ་གཅིག་པའི་ལམ་དང་འབྲེལ་ཞིང་མཚན་མ་མེད་པར་གཅིག་ཏུ་ངེས་པ་ཉིད་དུ་རྣམ་པར་བཞག་པའོ། །དེ་ལ་བགྲོད་པ་གཅིག་པའི་ལམ་ནི་ས་བརྒྱད་པ་སྟེ། ས་དེ་ལ་མ་ཕྱིན་གྱི་བར་དུ་བྱང་ཆུབ་སེམས་དཔའ་སོ་སོའི་རྒྱུད་ཀྱི་འབད་རྩོལ་སོགས་ཐ་དད་པས་བགྲོད་པ་མི་གཅིག་ལ། ས་བརྒྱད་པ་ཐོབ་ནས་མི་རྟོག་ཡེ་ཤེས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པས་འབད་རྩོལ་དང་རྒྱུད་ཐ་དད་ཀྱི་མཚན་འཛིན་མེད་པས་བགྲོད་པ་གཅིག་པ་ནི་ཇི་ལྟར་ཆུ་བོ་རྣམས་རྒྱ་མཚོ་ཆེན་པོ་རོ་གཅིག་པ་བཞིན་ནོ། །བགྲོད་པ་གཅིག་པའི་ལམ་དང་འབྲེལ་པ་ནི་ས་བདུན་པ་སྟེ། དེ་ཡིས་རྗེས་ཐོགས་སུ་ས་བརྒྱད་པ་ཐོབ་པའི་ཕྱིར་རོ། །ས་བདུན་པ་ཐོབ་པ་དེའི་ཚེ་ན་མདོ་སོགས་ཆོས་རྣམས་ཀྱི་དོན་དང་མཚན་མ་མེད་པར་རོ་གཅིག་པར་ཁོང་དུ་ཆུད་ནས་རྣམ་པ་ཀུན་དུ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་ཡིན་ནོ། །མདོ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཀུན་ནས་ཉོན་མོངས་ཤིང་རྣམ་པར་མ་དག་པའི་འཇིག་རྟེན་གྱི་ཁམས་དང་། ཤིན་ཏུ་རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་གཉིས་ཀྱི་བར་ནི། སྨོན་ལམ་དང་ཐབས་དང་ཤེས་རབ་དང་མངོན་པར་ཤེས་པའི་སྟོབས་དང་ཤུགས་ཆེན་པོ་མ་གཏོགས་པར་འདོད་འདོད་དུ་བརྒལ་བ་མི་ནུས་སོ། ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདྲེས་པ་དང་ཡོངས་སུ་དག་པའི་བར་ཡང་། སྨོན་ལམ་དང་ཐབས་དང་ཤེས་རབ་དང་མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་སྟོབས་དང་ཤུགས་ཆེན་པོ་མ་གཏོགས་པར་འདོད་འདོད་བརྒལ་བར་མི་ནུས་སོ་ཞེས་གསུངས་པ་འདི་ནི་ས་བདུན་པ་དེ་བགྲོད་གཅིག་ལམ་དང་འབྲེལ་པའི་དོན་ཏོ། །མཚན་མ་མེད་པར་ཕྱོགས་གཅིག་ཏུ་ངེས་པའི་དོན་ནི། མདོ་ལས། དེ་ལྟར་ས་བདུན་པ་ལ་གནས་པའི་ཚེ་ལུས་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བ་རབ་ཏུ་འབྱུང་ངོ་། །ངག་གི་ལས་ཚད་མེད་པ་མཚན་མ་དང་བྲལ་བར་རབ་ཏུ་འབྱུང་ངོ་། །ཡིད་ཀྱི་ལས་ཚད་མེད་པ་མཚན་མ་དང་བྲལ་བར་ཤིན་ཏུ་རྣམ་པར་སྦྱངས་བ་མི་སྐྱེ་བའི་ཆོས་ཀྱི་བཟོད་པས་སྣང་བར་གྱུར་པ་ཚད་མེད་པ་རབ་ཏུ་འབྱུང་ངོ་ཞེས་གསུངས་སོ། །ས་བརྒྱད་པའི་མཚན་ཉིད་ནི། མཚན་མ་མེད་པ་ལྷུན་གྱིས་གྲུབ་ཅིང་འབད་རྩོལ་གྱིས་གཡོ་བ་མེད་པ་དང་། སངས་རྒྱས་ཀྱི་ཞིང་ཡང་རྣམ་པར་སྦྱོང་བ་སྟེ་ཚུལ་དེས་དེའི་མཚན་ཉིད་རྣམ་པར་བཞག་གོ །ས་བརྒྱད་པ་ལ་གནས་པའི་དུས་ན་མཚན་མ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། སངས་རྒྱས་ཀྱི་ཞིང་སྣོད་དང་བཅུད་དག་པ་ཡོངས་སུ་སྦྱང་བར་བྱེད་པ་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ཐོབ་མ་ཐག་ཏུ། བྱང་ཆུབ་སེམས་དཔའི་གནས་ཟབ་མོ་ཤེས་པར་དཀའ་བ་མ་འདྲེས་པ། མཚན་མ་ཐམས་ཅད་དང་བྲལ་བ། འདུ་ཤེས་ཀྱི་འཛིན་པ་ཐམས་ཅད་ལས་ཕྱིར་ལོག་པ་ཚད་མེད་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོག་པ་དབེན་པ། དབེན་པ་ཐམས་ཅད་མངོན་དུ་གྱུར་པ་ཐོབ་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་དགེ་སློང་རྫུ་འཕྲུལ་དང་ལྡན་པ་སོགས་རྒྱ་ཆེར་གསུངས་ཏེ། འགོག་པ་ལ་སྙོམས་པར་ཞུགས་པ་གཡོ་བའི་རྣམ་རྟོག་དང་འདུ་ཤེས་མེད་པ་བཞིན་དུ་འདུ་ཤེས་ཀྱི་འབད་རྩོལ་དང་བྱ་བ་ཐམས་ཅད་དང་བྲལ་བ་དང་། མི་གཉིད་ཀྱིས་ལོག་པ་ཆུ་ཀླུང་ཆེན་པོས་ཁྱེར་བ་རྨིས་པ་ལས་དེ་ལས་ཐར་བའི་འབད་རྩོལ་ཆེན་པོ་བརྩམས་པས་སད་པར་གྱུར་ན་དེ་མ་ཐག་རྩོལ་བ་དེ་དང་བྲལ་བ་བཞིན་དུ་ཉོན་མོངས་བའི་ཆུ་ཀླུང་བཞིས་ཁྱེར་བའི་སེམས་ཅན་རྣམས་བསྒྲལ་བར་སེམས་ནས་འབད་རྩོལ་ཆེན་པོ་བརྩམས་པ་ཡང་། ས་བརྒྱད་པ་ཐོབ་མ་ཐག་ཏུ་ཆེད་དུ་བྱ་བའི་འབད་རྩོལ་གྱི་རྒྱུ་བ་ཐམས་ཅད་བྲལ་བ་དང་རྒྱ་མཚོར་འགྲོ་བའི་གྲུ་རྒྱ་མཚོར་མ་ཕྱིན་གྱི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་ལ་རྒྱ་མཚོ་ཕྱིན་ནས་རླུང་གི་དཀྱིལ་འཁོར་གྱི་བསྡུ་བས་ཆེད་དུ་བསྐྱོད་མི་དགོས་པར་རྒྱ་མཚོའི་ཁོར་ཡུག་ཏུ་འགྲོ་བ་བཞིན་དུ་ས་བརྒྱད་པར་ཕྱིན་ནས་རྩོལ་མེད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འཇུག་པ་དེ་ལྟ་བུ་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་འགྲུབ་མི་ནུས་པར་གསུངས་སོ། ། དེ་ལྟར་ན་ཡང་མི་རྟོག་པའི་ཏིང་འཛིན་ལྷུན་གྱིས་གྲུབ་པའི་མཐུས་འབད་རྩོལ་མེད་པར་ཞིང་སྦྱང་བ་སོགས་བྱེད་པ་ནི། མདོ་ལས། སྐྱེ་བ་མངོན་པར་སྒྲུབ་པ་ཚད་མེད་པ་དང་། ཞིང་ཡོངས་སུ་སྦྱང་བ་ཚད་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་དང་། ཞེས་སོགས་གསུངས་པ་བཞིན་ནོ། །ས་བརྒྱད་པ་ཐོབ་པ་དེ་ཡི་འོག་ཏུ་ས་དགུ་པའི་མཚན་ཉིད་ནི། སོ་སོ་ཡང་དག ་རིག་པ་བཞི་ཐོབ་པས་ཆོས་བསྟན་པ་ལ་ཐོགས་པ་མེད་པས་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་པ་འགྲུབ་པར་འགྱུར་བ་ཉིད་ཀྱིས་རྣམ་པར་བཞག་གོ །དེ་ལྟར་ཡང་མདོ་ལས། བྱང་ཆུབ་སེམས་དཔའི་ས་ལེགས་པའི་བློ་གྲོས་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི་ནི། ཆོས་སྨྲ་བ་ཆེན་པོ་བྱེད་ཅིང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་སྲུང་ངོ་། །དེ་ཆོས་སྨྲ་བའི་ཚུལ་དང་ལྡན་པའི་ཡེ་ཤེས་ལ་མཁས་པ་ཚད་མེད་པ་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཚིག་སོ་སོ་ཡང་དག་པར་རིག་པ་བཞིས་མངོན་པར་བསྒྲུབ་པས་ཆོས་སྟོན་ཏོ། །དེ་ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིགས་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་མ་འདྲེས་པར་བསྟན་པར་རབ་ཏུ་ཤེས་སོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཆོས་རྣམས་ཀྱི་མཐུན་པའི་རྒྱུན་མི་འཆད་པར་རབ་ཏུ་ཤེས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ས་བཅུ་པའི་མཚན་ཉིད་ནི། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཚད་མེད་པ་རྣམས་ཐོབ་པ་ཉིད་དུ་རྣམ་པར་བཞག་སྟེ། ས་བཅུ་པ་ཐོབ་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་དང་། ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་ཐོབ་ཅིང་ཏིང་ངེ་འཛིན་དེ་དག་མངོན་པར་ཤེས་པ་སོགས་ཡོན་ཏན་མང་པོ་འབྱུང་བའི་རྒྱུའམ་གནས་སུ་གྱུར་པའི་སྒོ་ཞེས་བྱའོ། ། དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་དང་། སྒོ་མཐའ་ཡས་པའི་གཟུངས་ལ་སོགས་པ་གཟུངས་ཀྱི་སྒོ་ཚད་མེད་པ་ཐོབ་སྟེ། གཟུངས་དེ་དག་སངས་རྒྱས་ཀྱིས་གསུངས་པའི་ཚིག་དང་དོན་མི་བརྗེད་པར་འཛིན་པ་དང་། སེམས་ཅན་རྣམས་ལ་ཆོས་སྣ་ཚོགས་སྟོན་པའི་རྒྱུར་གྱུར་པས་ན་སྒོ་ཞེས་བྱའོ། །མདོ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ཞིང་དབང་བསྐུར་བ་ཐོབ་པ་དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་མེད་པ་ཞེས་བྱ་བ་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ད་ལྟར་བྱུང་བའི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ་ཞེས་བྱ་བ་སོགས་དང་། ས་བཅུ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་སྒོ་དེ་དག་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པ་རབ་ཏུ་འཐོབ་བོ། །དེ་བཞིན་དུ་ཏིང་ངེ་འཛིན་བརྒྱ་སྟོང་སོགས་དང་། གཟུངས་བརྒྱ་སྟོང་གྲངས་མེད་འཐོབ་བོ། །ཞེས་གསུངས་སོ། །ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་མཚན་ཉིད་དུ་རྣམ་པར་བཞག་གོ །དགོངས་པ་ངེས་འགྲེལ་ལས། ཤུན་པ་ཡོད་པའི་གནས་ངན་ལེན་སྤངས་ནས་ས་དང་པོ་དང་གཉིས་པའོ། །སྤྲི་ལ་ཡོད་པ་སྤངས་པས་ནི་གསུམ་པ་ཡན་ཆད་དོ། །སྙིང་པོ་ལ་ཡོད་པའི་གནས་ངན་ལེན་རབ་ཏུ་སྤངས་པ་དེའི་བག་ལ་ཉལ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་གནས་ཏེ། ངས་སངས་རྒྱས་ཀྱི་སར་བཤད་དོ། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་བཞག་པ་འདི་དག་གིས། ས་དང་པོ་ནས་སངས་རྒྱས་ཀྱི་ས་ཡི་བར་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཤེས་པར་བྱའོ། །གཉིས་པ་ས་བཅུ་པོ་ལ་གནས་པའི་གང་ཟག་རྣམ་པར་བཞག་པ་ནི། ས་དང་པོ་ལ་གནས་པའི་གང་ཟག་ནི། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག་པ་ཞེས་བྱ་སྟེ། བདག་མེད་གཉིས་རྟོགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཐོབ་པའི་ཕྱིར་རོ། །ས་གཉིས་པ་ལ་གནས་པ་དེ་ལ་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའི་གང་ཟག་ཅེས་བྱ་སྟེ་ཉེས་ལྟུང་ཕྲ་མོ་ཡང་མི་འབྱུང་བའི་ཕྱིར་རོ། ། དེ་བཞིན་དུས་གསུམ་པ་ལ་གནས་པ་ནི་རྟག་ཏུ་མཉམ་པར་བཞག་པའི་གང་ཟག་ཡིན་ཏེ་ཚེ་རབས་གར་སྐྱེས་ཀྱང་བསམ་གཏན་དང་ཏིང་འཛིན་ཐོབ་པ་ལས་མི་མཉམ་པའི་ཕྱིར་རོ། །ས་བཞི་པ་ལ་གནས་པ་ནི་ཆོས་ལ་ང་རྒྱལ་སྤངས་བའི་གང་ཟག་སྟེ། དེ་ཡང་ས་གསུམ་པའི་དུས་ན་ཆོས་ལ་གུས་ཤིང་ཡོངས་སུ་ཚོལ་བ་ནི་འདི་ལྟར་ལྷག་པར་ཤིན་ཏུ་བརྟགས་པའི་ཤེས་རབ་དང་ལྡན་པས་ཉིན་མཚན་ཀུན་ཏུ་ཆོས་ཉན། ཆོས་ཚོལ། ཆོས་སེམས། ཆོས་ཀྱི་རྗེས་སུ་བསྒྲུབས་ཏེ། ཆོས་ཀྱི་ཕྱིར་ཕྱི་དང་ནང་གི་དངོས་པོ་མི་གཏོང་བ་ཅུང་ཟད་ཙམ་ཡང་མེད་དོ། །ཆོས་སྨྲ་བ་བཀུར་སྟི་རིམ་འགྲོ་ཉམས་སུ་མི་ལེན་པ་ཅི་ཡང་མེད་དོ། །ཆོས་དང་ཆོས་སྨྲ་བ་ལ་རྙེད་དཀའ་ཞིང་དཀོན་པའི་འདུ་ཤེས་ཀྱིས་ཤིན་ཏུ་གུས་ཤིང་དང་དུ་ལེན་པ་ལས་མི་གུས་པ་དང་རྒྱགས་པའི་རྣམ་པ་ཅུང་ཟད་ཀྱང་མེད་དོ། །དཔེར་བྱ་ན་གལ་ཏེ་ལ་ལ་ཞིག་གིས་ཁྱོད་མེའི་འོབས་ཆེན་པོས་ཀུན་དུ་འབར་ཞིང་རབ་ཏུ་འབར་བའི་མེ་ལྕེ་གཅིག་ཏུ་གྱུར་པ་འདིའི་ནང་དུ་ལུས་བོར་ཏེ་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་ལེན་པ་ལྟ་ན། ངས་ཁྱོད་ལ་ཆོས་ཀྱི་ཚིགས་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བ་འདི་བཤད་པར་བྱའོ་ཞེས་སྨྲ་ན། བྱང་ཆུབ་སེམས་དཔའ་དེས་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་ཚིག་གཅིག་གི་དོན་དུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཚངས་པའི་འཇིག་རྟེན་ནས་བདག་དོར་བར་འདོད་ན། མེའི་འོབས་ཐ་མལ་པར་ལྟ་ཅི་སྨྲོས་ཏེ། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་ཀྱང་བདག་གིས་ཆོས་བཙལ་བར་བྱ་ན་མེའི་སྡུག་བསྔལ་དང་འགྲོགས་པ་ལྟ་ཅི་སྨོས་ཞེས་གསུངས་པ་ལྟར་ཡིན་ལ་ས་བཞི་པ་ཐོབ་པ་འདིའི་དུས་ན་དེ་ལྟར་ཆོས་ལ་བསམ་པ་དྲག་པོས་ཚོལ་བ་འདི་ཡང་གཡེང་བ་དང་སེམས་ང་རྒྱལ་ཅན་དུ་བྱེད་པ་ཡིན་པས་ཆོས་ཀྱི་དོན་བྱང་ཆུབ་ཕྱོགས་ཀྱི་ཆོས་བསྒོམ་པ་ལ་གཙོ་བོར་བྱེད་པས་ངས་ཆོས་ལ་ནན་ཏན་བཙལ་ལོ་སྙམ་པའི་ང་རྒྱལ་ལྡོག་པས་ན་ཆོས་ལ་ང་རྒྱལ་སྤངས་པའི་གང་ཟག་གོ །ས་ལྔ་པ་ལ་གནས་པ་ནི་རྒྱུད་ཐ་དད་ཀྱི་ང་རྒྱལ་མེད་པའི་གང་ཟག་ཅེས་བྱ་སྟེ། དེའི་ཚེ་སེམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་ཐོབ་པས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་རྒྱུད་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་དང་། ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུད་དང་དེའི་ཆོས་རྣམས་རྣམ་པར་དག་པའི་མཚན་ཉིད་དུ་ཐ་དད་མེད་པར་ཁོང་དུ་ཆུད་པའི་ཕྱིར། རྒྱུད་ཀྱི་བྱེ་བྲག་ལ་ང་རྒྱལ་མེད་པའི་གང་ཟག་གོ ། བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུ་ནི། ས་བཅུ་པའི་མདོས་ལྔ་པ་བཤད་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་སའི་ལམ་ཡོངས་སུ་རྫོགས་པར་བྱས་པ་དེ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལས་འཇུག་སྟེ་རྣམ་པར་དག་པ་ལ་སེམས་ཀྱི་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་ཀྱི་བསམ་པ་རྣམ་པར་དག་པ་ཉིད་དང་། དེ་བཞིན་དུ་མ་བྱོན་པའི་སངས་རྒྱས་ཀྱི་ཆོས་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་དང་། ཚུལ་ཁྲིམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཀྱི་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལྟ་བ་དང་ནེམ་ནུར་དང་དོགས་པ་བསལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། དེ་བཞིན་དུ་ལམ་དང་ལམ་མ་ཡིན་པར་ཤེས་པས་བསམ་པ་དང་། ནན་ཏན་སྤོང་པར་ཤེས་པས་བསམ་པ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་གོང་ནས་གོང་དུ་རྣམ་པར་བསྒོམ་པས་བསམ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་བསམ་པ་སྟེ། དེ་བཞིའི་མཐར་རྣམ་པར་དག་པ་མཉམ་པ་ཉིད་ཅེས་སྦྱར་བ་དེ་ལྟར་བཅུར་གསུངས་ཏེ། དེའི་དོན་ཀྱང་འདས་པའི་སངས་རྒྱས་ལ་སོགས་པས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པར་གྱུར་པ་དེ་བཞིན་དུ་ས་ལྔ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བདག་ཅག་གིས་དེ་དང་འདྲ་བར་སངས་རྒྱས་ཀྱི་ཆོས་བསླབ་པ་གསུམ་ལ་སོགས་པ་རྣམས་རིང་པོར་མི་ཐོགས་པར་ཆོས་དེ་དག་དག་པར་འགྱུར་རོ་ཞེས་དེ་ལྟ་བུའི་བསམ་པ་ཐོབ་པའོ། ། ས་དྲུག་པ་ལ་གནས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐ་དད་པའི་ང་རྒྱལ་མེད་པའི་གང་ཟག་ཅེས་བྱ་སྟེ། ས་དེ་ལ་གནས་པའི་ཚེ་ཆོས་མཉམ་པ་ཉིད་བཅུ་ཐོབ་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོང་པ་ཉིད་རྟོགས་པའི་ཕྱིར། སྟོང་པ་ཉིད་ལ་མ་རིགས་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ནག་པོའི་ཕྱོགས་སུ་བཞག་པ་དང་། མ་རིག་པ་འགགས་པ་སོགས་དཀར་པོའི་ཕྱོགས་སུ་བཞག་པ་རྣམ་པ་གཉིས་མེད་ཀྱི་ཐམས་ཅད་ཀྱང་མ་སྐྱེས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་རོ་གཅིག་པར་རྟོགས་པས་ཀུན་ཉོན་དང་རྣམ་བྱང་ཐ་དད་པའི་ང་རྒྱལ་ལམ་འཛིན་སྟངས་མེད་པས་སོ། །དེ་ལས་དྲུག་པ་དེ་ཆོས་མཉམ་པ་ཉིད་བཅུས་འཇུག་པར་གསུངས་པ་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་མཚན་ཉིད་མེད་པར་མཉམ་པ་ཉིད་དང་དེ་བཞིན་དུ་ཆོས་ཐམས་ཅད་མི་སྐྱེ་བ་དང་། མ་བྱུང་བ་དང་། དབེན་པ་དང་། གདོད་ནས་རྣམ་པ་དག་པ་དང་། སྤྲོས་པ་མེད་པ་དང་། བླང་དོར་མེད་པར་དང་། སྒྱུ་མ་རྨི་ལམ་མིག་ཡོར་སྒྲ་བརྙན་ཆུ་ཟླ་གཟུགས་བརྙན་སྤྲུལ་པ་དང་མཉམ་པ་དང་། དངོས་དངོས་མེད་གཉིས་ཀ་མ་ཡིན་པར་མཉམ་པ་ཉིད་དོ། །ཞེས་སོ། །ས་བདུན་པ་ལ་གནས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས་རྣམས་སྐད་ཅིག་གཅིག་ལ་བསྒོམ་པའི་བློ་ཐོབ་པའི་གང་ཟག་ཅེས་བྱ་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་དུ་ཕྱིན་པ་བཅུ་པོ་དེ་ལྟར་ཡོངས་སུ་རྫོགས་པར་འགྱུར་ཏེ། བསྡུ་པའི་དངོས་པོ་བཞི་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །གནས་བཞི་དང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་བའི་སྒོ་གསུམ་དང་། མདོར་བསྡུ་ན་བྱང་ཆུབ་ཡན་ལག་གི་ཆོས་ཐམས་ཅད་སྐད་ཅིག་ཏུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བཏང་སྙོམས་པར་གནས་ཤིང་ཞིང་རྣམས་རྣམ་པར་སྦྱོང་བའི་གང་ཟག་ཅེས་བྱ་སྟེ། མཚན་མ་གང་དུ་ཡང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ལ་གནས་པས། འབད་རྩོལ་མེད་པའི་བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡོངས་སུ་སྦྱོང་བའི་ཕྱིར་ཏེ། རྒྱ་མཚོར་ཞུགས་པའི་གྲུའི་དཔེས་འབད་རྩོལ་མེད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཤིན་ཏུ་ཀླུབ་པའི་བྱིན་གྱིས་རློབས་པ་སྟོན་པར་མདོ་ལས་གསུངས་པ་བཞིན་ནོ། །ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། སེམས་ཅན་སྨིན་པར་བྱེད་པར་མཁས་པའི་གང་ཟག་ཅེས་བྱ་སྟེ། སོ་སོ་ཡང་དག་པ་རིག་པ་བཞི་ཐོབ་པས་སེམས་ཅན་ཀུན་ལ་ཆོས་སྨྲ་བ་ཆེན་པོར་གྱུར་ནས་སྨིན་པར་བྱེད་པ་ལ་མཁས་པས་སོ། ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མངོན་པར་ཤེས་པའི་མཐུ་ཆེན་པོ་ཐོབ་པ་དང་། ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་གཟུངས་དང་ཏིང་ངེ་འཛིན་གྱི་ལུས་ཡོངས་སུ་རྫོགས་པ་དང་། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་དང་ལྷུམས་སུ་གཤེགས་པ་ནས་མངོན་པར་བྱང་ཆུབ་པ་སོགས་སངས་རྒྱས་ཀྱི་མཛད་པ་ངེས་པར་སྟོན་པ་ལ་མཁས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་པ་ཡི་གང་ཟག་ཞེས་བྱ་བ་ཡིན་ནོ། །མདོ་ལས་མངོན་པར་ཤེས་པས་མངོན་པར་བསྒྲུབ་པ་བརྒྱ་སྟོང་རབ་ཏུ་ཐོབ་བོ། །འདོད་ན་འཇིག་རྟེན་གྱི་ཁམས་དོག་པ་ཡངས་བར་དང་ཡངས་པ་དོག་པར་བྱིན་གྱིས་རློབ་བོ་ཞེས་སོགས་དང་། རྣམ་པར་ཐར་པའི་སྒོ་བཅུ་པོ་དེ་དག་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱ་སྟོང་གྲངས་མེད་པ་དང་། དེ་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཐོབ་པ་དང་། ཆོས་ཀྱི་སྤྲིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་གཅིག་ན། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང་གཤེགས་པ་དང་། ལྷུམས་སུ་ཞུགས་པ་དང་སོགས་ནས་མངོན་པར་བྱང་ཆུབ་པ་དང་། བསྐུལ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ས་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབས་སོ་ཞེས་དང་། གཞན་ཡང་དེ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་ཐ་གྲུ་དང་མཉམ་པའི་རིན་པོ་ཆེའི་པདྨོ་ཆེན་པོའི་རྒྱལ་པོ་ལས་བྱུང་བ་ཞེས་སོགས་འཁོར་ལོ་སྒྱུར་བའི་བུ་ཐུ་བོ་མཚན་དང་ལྡན་པ་གསེར་གྱི་ཁྲི་ལ་བཞག་ནས། རྒྱན་སྣ་ཚོགས་པ་བཀྲམ་ཞིང་། གླུ་དབྱངས་རོལ་མོ་བཅས་གསེར་གྱི་བུམ་པས་རྒྱ་མཚོའི་ཆུས་སྤྱི་བོ་ནས་དབང་སྐུར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་གྲངས་སུ་འགྲོ་བ་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་ལའང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་མངོན་པར་བསྐུར་བས་དབང་བསྐུར་བ་ཞེས་བྱའོ། ། དེས་སྟོབས་བཅུ་ཡོངས་སུ་རྫོགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །གསུམ་པ་ས་བཅུ་པོ་རྣམས་སུ་བསླབ་པ་གསུམ་ལ་བསླབ་པ་རྫོགས་པར་བྱེད་པའི་ཚུལ་ནི། ས་དང་པོར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་རྟོགས་པ་ནི་བསླབ་པ་ཐམས་ཅད་དག་པར་བྱེད་པའི་གཞི་རྟེན་ནོ། །དེ་ནས་ས་གཞན་གྱི་སྐབས་འདིར་ས་གཉིས་པ་ལ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པར་བྱེད་དེ། རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་རྣམ་པ་མི་རྨིས་ན་དངོས་སུ་ལྟ་ཅི་སྨོས་སོ། །དེ་ལྟར་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །ས་གསུམ་པ་ལྷག་པ་སེམས་ཀྱི་བསླབ་པ་ལ་སློབ་སྟེ་བསམ་གཏན་དང་ཏིང་ངེ་འཛིན་ཉམས་པ་མེད་པ་ཐོབ་པས་སོ། །ས་བཞི་པ་དང་ལྔ་པ་དང་དྲུག་པ་གསུམ་ལ་ལྷག་པའི་ཤེས་རབ་ལ་གཙོ་བོར་སློབ་སྟེ། བཞི་པར་བྱང་ཕྱོགས་སོ་བདུན་བསྒོམས་པའི་ཤེས་རབ་ཁྱད་པར་ཅན་དང་། བྱང་ཕྱོགས་བསྒོམ་པའི་ཤེས་རབ་ཀྱི་སྤྱོད་ཡུལ་དེ་ཡ ང་རྣམ་པ་གཉིས་ཡིན་ཏེ། ཆོས་ཀྱི་དེ་བཞིན་ཉིད་དང་འཕགས་པའི་བདེན་པ་བཞི་ལས་ལྔ་པར་སློབ་པ་དང་། ས་དྲུག་པ་དེ་ནི་རྟེན་འབྲེལ་ཀྱི་དོན་མི་ཤེས་པ་མ་རིག་སོགས་ལུགས་འབྱུང་དང་། ཤེས་པ་ཡེ་ཤེས་ཀྱི་སྟོབས་ཀྱིས་མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་ལུགས་ལས་བཟློག་པའི་དོན་ལ་ཤེས་རབ་ཀྱིས་ཚུལ་བཞིན་འཇུག་པ་ཉིད་དེ། ཤེས་རབ་ཀྱི་སྤྱོད་ཡུལ་བདེན་བཞི་དང་རྟེན་འབྲེལ་གཉིས་ཡིན་པ་དེ་ལྟ་བས་ན། དེ་གཉིས་ནི་ས་ལྔ་པ་དང་དྲུག་པ་གཉིས་ལ་རྣམ་པར་གནས་པ་ཡིན་ནོ། །རྗེས་ཐོབ་ཏུ་བསླབ་པ་རྣམས་ལ་སློབ་པ་དང་མཉམ་བཞག་ཏུ་མི་རྟོག་ཡེ་ཤེས་བསྒོམ་པ་ཡིས། འབྲས་བུ་གཞན་ནི་རྣམ་པ་བཞི་སྟེ། མཚན་མ་མེད་པ་ལ་གནས་ཀྱང་འདུ་བྱེད་དང་བཅས་པར་གནས་པ་ས་བདུན་པ་ནི་འབྲས་བུ་དང་པོ་ཡིན་ནོ། ། མཚན་མ་མེད་པ་དེ་ཉིད་མངོན་པར་འདུ་བྱེད་པ་མེད་པར་ལྷུན་གྱིས་གྲུབ་པ་དང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྦྱོར་བ་ས་བརྒྱད་པ་ནི་འབྲས་བུ་གཉིས་པར་འདོད་པ་ཡིན་ནོ། །ས་དགུ་པར་སོ་སོ་ཡང་དག་རིག་པ་བཞིས་ཆོས་བསྟན་པས་སེམས་ཅན་སྨིན་པར་བྱེད་པ་འགྲུབ་པ་ཉིད་ནི་འབྲས་བུ་གསུམ་པའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་མཆོག་ནི་འགྲུབ་པ་ས་བཅུ་པ་ནི་འབྲས་བུ་བཞི་པ་སྟེ་ས་ཀུན་གྱི་རྩེ་མོར་གྱུར་པའི་འབྲས་བུ་དམ་པ་ཡིན་ནོ། ། དེ་ལྟར་འབྲས་བུ་རྣམ་པ་འདི་བཞི་ནི། ས་བདུན་པ་ནས་བཅུ་པའི་བར་གྱི་ས་བཞི་པོ་ལ་ཡང་དག་པར་བརྟེན་པ་ཡིན་ནོ། །བཞི་པ་ཟག་པ་མེད་པའི་ཕུང་པོ་ལྔ་ས་རྣམས་སུ་ཇི་ལྟར་སྦྱོང་བའི་ཚུལ་ནི། ས་དང་པོར་ཆོས་ཉིད་རབ་ཏུ་རྟོགས་པ་ན་ཟག་མེད་ཀྱི་ཕུང་པོ་ཀུན་གྱི་རྟེན་ཡིན་པས་དེ་ལྟར་རྟོགས་པར་བྱས་ནས་འདིར། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པར་སྦྱོང་ངོ་། །ས་གཉིས་པ་དེ་ཡི་འོག་ཏུ་ས་གསུམ་པར་ཏིང་ངེ་འཛིན་དང་། བཞི་པ་ལྔ་པ་དྲུག་པ་གསུམ་ལ་ཤེས་རབ་ཀྱི་ཕུང་པོ་རྣམ་པར་སྦྱོང་བ་གོང་བཞིན་ནོ། །ས་དེ་དག་ལས་གཞན་པ་ས་བདུ ན་པ་བརྒྱད་པ་དགུ་པ་བཅུ་པ་བཞི་པོ་དག་ལ་ནི། སྒྲིབ་པ་རྣམ་པ་བཞི་ལས་གྲོལ་བའི་རྣམ་པར་གྲོལ་བའི་ཕུང་པོ་སྦྱང་སྟེ། ས་བདུན་པ་ལ་སོགས་པ་བཞི་པོ་ལ་མཚན་མེད་དང་། འདུ་བྱེད་མེད་པ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། གཟུངས་ཏིང་འཛིན་ཐོབ་པ་འབྲས་བུ་རྣམ་པ་བཞི་བཤད་མ་ཐག་པ་དེ་ལྟ་བུ་ཐོབ་པ་ལ་གེགས་སུ་གྱུར་པ་ནི་མཚན་མ་ཕྲ་མོ་འབྱུང་བ་དང་། འབད་རྩོལ་དང་། སེམས་ཅན་སྨིན་པར་བྱེད་པའི་ཡང་དག་རིག་པ་མ་ཐོབ་པ་དང་། གཟུངས་དང་ཏིང་ངེ་འཛིན་ལ་དབང་མ་ཐོབ་པ་བཞི་པོ། རིམ་པ་ལྟར་ས་བདུན་པ་སོགས་བཞི་པོ་ཐོབ་པ་ན། མི་མཐུན་ཕྱོགས་སྒྲིབ་པ་དེ་དག་ལས་རྣམ་པར་གྲོལ་ནས་མཚན་མ་ཕྲ་མོ་ཡང་མི་འབྱུང་བ་སོགས་ཡིན་པས་དེ་བཞི་རྣམ་པར་གྲོལ་བའི་ཕུང་པོ་སྦྱོང་བ་དང་། སངས་རྒྱས་ཀྱི་ས་རྡོར་ཏིང་བར་ཆད་མེད་ལམ་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་བ་གཉིས་སྣང་འཁྲུལ་བའི་བག་ཆགས་བཅོམ་པས། ཤེས་བྱའི་ཆོས་ཐམས་ཅད་ལ་ཐོགས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཕྱིར། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་སྦྱོང་བ་ཡིན་ནོ། ། དེ་ལྟར་ས་བདུན་པ་ནས་བཅུ་པའི་བར་དུ་རྣམ་གྲོལ་གྱི་ཕུང་པོ་དང་། སངས་རྒྱས་ཀྱི་ས་ལ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་སྦྱང་བར་བཞག་གོ །རྣམ་པར་གྲོལ་བ་ནི་སྒྲིབ་པ་སྤངས་པའི་བརྟག ་འགོག་འདུས་མ་བྱས་ཡིན་ན་དེ་ཕུང་པོར་ཇི་ལྟར་བཞག་རིགས་ཞེས་བརྒལ་བ་ལ་བི་མུཀྟི་ཞེས་པ་རྣམ་པར་གྲོལ་བ་སྟེ། སྒྲ་འདི་སྤངས་པ་དང་། མོས་པའི་མཚན་ཉིད་གཉིས་ལ་འཇུག་པས་སྐབས་འདིར་མོས་པ་ལ་འཇུག་པས་དེ་ཉིད་ཕུང་པོར་བཞག་པ་ཡིན་ནོ་ཞེས་འགྲེལ་པར་གསུངས། འདུ་བྱེད་འཇུག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཡང་། ཡེ་ཤེས་བྱ་རྩོལ་མེད་པ་ལྷུན་གྱིས་གྲུབ་པ་ཡོད་པས་སྤང་བྱ་ཟད་པའི་མེད་དགག་ཆད་སྟོང་དང་མི་འདྲ་བས་སྒྲིབ་པ་ལས་གྲོལ་བའི་ཡེ་ཤེས་ཉིད་ཀྱི་སྤང་པའི་ཡོན་ཏན་གྱི་ཆ་ནས་ཕུང་པོར་རུང་ངོ་། ། ལྔ་པ་ཡོན་ཏན་གྲུབ་པ་དང་མ་གྲུབ་པའི་ཚུལ་རྣམ་པར་བཞག་པ་ནི། མོས་སྤྱོད་ཀྱི་ས་དང་ས་བཅུ་སྟེ་བཅུ་གཅིག་ཡོད་པའི་ས་རྣམས་ཐམས་ཅད་ནི། མ་གྲུབ་པ་དང་གྲུབ་པ་ཡིས་གཉིས་སུ་འདུ་བར་ཤེས་པར་བྱ་སྟེ། གང་ཞེ་ན་མོས་སྤྱོད་ཀྱི་ས་ལ་ནི་ས་ཡི་མིང་བཏགས་ཀྱང་འཕགས་པའི་སར་མ་ཆུད་པས་ས་མ་གྲུབ་པའམ། མ་གྲུབ་པའི་ས་ཞེས་བྱ་སྟེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་མ་རྟོགས་པས་བདེན་པ་མཐོང་བར་མ་གྲུབ་པའི་ཕྱིར་རོ། །ས་དང་པོ་ཡན་ཆད་གྲུབ་པ་དག་ཏུ་ཤེས་པར་བྱ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་བས་འཇིག་རྟེན་ལས་འདས་པའི་འཕགས་པ་ཉིད་དུ་གྲུབ་ཅིང་ས་སོ་སོའི་རྟོགས་བྱ་ཡང་མངོན་དུ་བྱས་ནས་གྲུབ་པའི་ཕྱིར་རོ། །གྲུབ་པ་ས་བཅུ་པོ་དེ་དག་ཀྱང་ཡོན་ཏན་ཆེ་ཆུང་ལ་ལྟོས་ནས་མ་གྲུབ་པ་དང་གྲུབ་པ་དག་ཏུ་ཡང་འདོད་དེ། མ་དག་ས་བདུན་རྣམས་འབད་རྩོལ་དང་བཅས་པས་མཚན་མ་མེད་པའི་རྣལ་འབྱོར་ལྷུན་གྱིས་གྲུབ་པ་མ་ཡིན་པས་མ་གྲུབ་པ་དང་། དག་པའི་ས་གསུམ་ནི་མཚན་མེད་ཀྱི་རྣལ་འབྱོར་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཕྱིར་གྲུབ་པ་ཡི་ས་ཞེས་བྱའོ། །འཕགས་པའི་ས་དང་ས་དེ་དག་གྲུབ་པ་ཉིད་དུ་བྱེད་པ་ནི། འདི་ལྟར་ས་རེ་རེ་བཞིན་དུ། ས་དེའི་ཡོན་ཏན་གང་ཡིན་པ་དང་། སའི་སྤང་བྱ་སྐྱོན་གང་ཡིན་པ་དང་། ས་དེར་བསྒོམ་པར་བྱ་བའི་ཆོས་གང་ཡིན་པ་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ། དེ་སེམས་ལ་གསལ་བར་སྣང་ལ། ས་གོང་མའི་ཡོན་ཏན་ཅི་ལྟ་བུ་ཡིན་པ་དང་། དེ་ཐོབ་པར་བྱེད་པའི་ཆོས་གང་ཡིན་པ་དག་ཀྱང་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དཔེར་ན་ས་དང་པོ་གྲུབ་པར་བྱ་བ་ལ། ས་དང་པོའི་ཡོན་ཏན་དང་དེས་བསྒོམ་པར་བྱ་བ་དག་ཀྱང་ཡིད་ལ་བྱེད་པ། ས་དེ་ལ་ཡོད་པའི་ས་གཉིས་པ་ཐོབ་པར་བྱ་བའི་རྒྱུའི་ཆོས་རྣམས་ཀྱང་ཡིད་ལ་བྱེད་པ་ནི་རྣམ་བཞག་ཡིད་ལ་བྱེད་པའོ། །ས་དང་པོའི་ཡོན་ཏན་ཡིད་བྱེད་ཀྱང་། མདོ་ལས་ཀྱེ་རྒྱལ་བའི་སྲས་དག་དེ་ལ་སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་པ་སྤྱད་པ། ཚོགས་ཤིན་ཏུ་བསགས་པ་ལ་སོགས་པ་ཞེས་གསུངས་པ་བཞིན་ནོ། །ས་དང་པོ་པ་དེ་ས་གཉིས་པ་ཐོབ་པར་བྱ་བའི་རྒྱུ་ཡིད་ལ་བྱེད་པ་ནི། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཤིན་ཏུ་སྦྱང་བར་བྱས་པ་དེ་ས་གཉིས་པ་ལ་མངོན་པར་མོས་པ་ཡིན་ཏེ་དེའི་སེམས་ཀྱི་བསམ་པ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན་འདི་ལྟ་སྟེ། དྲང་པོའི་བསམ་པ་དང་། འཇམ་པའི་བསམ་པ་དང་། ལས་སུ་རུང་བའི་བསམ་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཡང་ན་ས་རེ་རེའི་དོན་རྟོགས་པར་བྱ་བའི་ཕྱིར་མིང་ཚིག་ཡི་གེའི་ཚོགས་རྣམས་ཀྱིས་ཇི་ལྟར་བཤད་པ་སེམས་ཤིང་ཡིད་ལ་བྱེད་པ་ནི་ཇི་ལྟར་རྣམ་བཞག་ཡིད་ལ་བྱེད་པའོ། ། དེ་ལྟར་ས་ཇི་ལྟར་རྣམ་པ་བཞག་པ་ཡིད་ལ་བྱེད་པས་ས་གྲུབ་པར་བྱེད་པ་དེ་ཡི་ཚེ་ན། ས་དང་དེའི་རྣམ་བཞག་ཐམས་ཅད་རང་གི་སེམས་ཉིད་དེ་དང་དེར་སྣང་བ་ཙམ་ལས་གཞན་པའི་དོན་དུ་གྲུབ་པ་མེད་པའི་ཕྱིར། ས་དེ་དག་ཀྱང་རང་གི་རྣམ་པར་བརྟག་པའི་རྟོག་པར་ཤེས་པའི་ཕྱིར་གཟུང་བ་མེད་པ་དང་། གཟུང་བ་མེད་ན་འཛིན་པ་དེ་ཉིད་ལ་ཡང་དེ་ལྟར་གྲུབ་པ་མེད་པར་ཤེས་ནས་འཛིན་པར་རྣམ་པར་མི་རྟོག་པའི་ཕྱིར། གཟུང་འཛིན་མེད་པར་རྣམ་པར་ཤེས་པར་བྱའོ། ། དེ་ལྟར་ས་སོ་སོའི་ཡིད་བྱེད་དང་དེའང་རང་སེམས་ཙམ་དང་གཟུང་འཛིན་མེད་པར་ཤེས་པས་ས་དང་པོ་འགྲུབ་པ་སོགས་གཞན་ཀུན་ལ་ཡང་དེ་ལྟར་བསྒོམ་པས་སོ་སོའི་ས་གྲུབ་པ་ཤེས་པར་བྱའོ། །དེ་ལྟར་ས་བསྒོམ་པ་དང་གྲུབ་པ་ཕལ་པས་བསམ་གྱིས་མི་ཁྱབ་སྟེ། ས་རྣམས་ནི་འཕགས་པས་དེ་དང་དེ་ཐོབ་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་དང་། ས་དེ་དག་གི་རྣམ་པར་བཞག་པ་ཡང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི་ཆོས་ཡིན་པ་དེའི་ཕྱིར། ས་རྣམས་ཀུན་ལ་དེ་དང་དེ་བསྒོམ་པ་དང་། བསྒོམ་པ་མཐར་ཕྱིན་ཏེ་ས་གྲུབ་པ་ཡང་ནི་སོ་སྐྱེ་དང་ཉན་རང་རྣམས་ཀྱི་ས་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱ་སྟེ། ཕལ་པོ་ཆེ་ལས། ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་བལྟ་དཀའ་སྨྲ་བར་མི་ནུས་པ། །དེ་བཞིན་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། ། ཞེས་གསུངས་པ་བཞིན་ནོ། །དྲུག་པ་ས་ཐོབ་པའི་རྟགས་ལ་རྟགས་དངོས་དང་རྟགས་ཅན་ས་ཡི་ཡོན་ཏན་བཤད་པ་གཉིས་ལས་དང་པོ། ཆུ་སྐྱར་ལས་ཆུ་དང་དུ་བ་ལས་མེར་ཤེས་པ་ལྟར། རྟགས་སམ་མཚན་མ་གང་གི་ས་ཐོབ་པར་ཤེས་པ་བཤད་པ་སྟེ། གོང་དུ་རྟགས་ལྔ་ནི་ས་ཐོབ་པ་དང་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྤྱིའི་རྟགས་ཡིན་ལ་འདིར་ནི་ས་ཐོབ་པ་རྣམས་ཀྱི་རྟགས་བཅུ་བཤད་པ་ཡིན་ནོ། །ས་གང་དང་གང་ཐོབ་པ་དེའི་སྤང་བྱ་དང་བླང་བྱ་དང་བསྒོམ་པའི་ཆོས་རྣམས་སེམས་ལ་མངོན་སུམ་དུ་གསལ་བར་སྣང་བ་དང་བཅས་པ་དང་། ས་གོང་མ་དག་ཐོབ་པར་བྱ་བ་ལ་མོས་ཤིང་འདོད་པ་ནི་མཚན་མའམ་རྟགས་དང་པོ་དང་། བདེན་པ་མཐོང་བས་ན་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མི་སྐྲག་ཅིང་མ་ཞུམ་པ་ནི་གཉིས་པ་དང་། ཚ་གྲང་ངལ་དུབ་སོགས་དང་མགོ་དང་ཡན་ལག་གཏོང་བ་སོགས་ཀྱི་དཀའ་སྤྱད་དང་སྡུག་བསྔལ་གྱི་རྣམ་པ་གང་ལའང་སེམས་མི་དམན་པ་ཉིད་ཀྱིས་སྐྱོ་བ་མེད་པ་ཡོངས་སུ་ལྡོག་པ་མེད་པ་ནི་གསུམ་པ་དང་། ཚོགས་གཉིས་ཀྱི་སྟོབས་ལས་རང་གིས་ཆོས་ཉིད་རྟོགས་ཟིན་ཀྱང་ས་སོ་སོ་གང་དང་གང་གྲུབ་པ་དེ་ལ་གཞན་གྱིས་བསྟེན་མི་དགོས་པས་དེའི་རྣམ་བཞག་འཆད་པ་དང་དོན་བསྒོམ་པ་ལ་གཞན་གྱི་དྲིང་ལ་མི་འཇོག་བའི་བདག་ཉིད་ནི། བཞི་བ་དང་། ས་དང་པོ་ཐོབ་པའི་དུས་ན་ཡང་ས་ལྷག་མ་ཐམས་ཅད་འགྲུབ་པའི་རྣམ་བཞག་ཐམས་ཅད་རབ་ཏུ་རྟོགས་པ་ལ་མཁས་པ་ཐོབ་སྟེ། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ས་ལྷག་མ་རྣམས་འགྲུབ་པར་འགྱུར་བའི་ཐབས་ཤེས་པ་ཡིན་པས་ན་ས་རང་རང་གི་གོང་མ་དག་འགྲུབ་པར་བྱེད་པའི་ཐབས་ས་དང་པོ་པས་གཉིས་པར་འཇུག་པའི་ཐབས་དྲང་བ་དང་འཇམ་པ་སོགས་བཅུ་དང་། གཉིས་པ་ས་གསུམ་པར་འཇུག་པའི་ཐབས། དག་པའི་བསམ་པ་དང་མི་གཡོ་བའི་བསམ་པ་སོགས་བཅུ་གསུངས་པ་སོགས་དེ་བཞིན་ས་ཀུན་ལ་ས་གོང་མ་འགྲུབ་པའི་ཐབས་རྣམ་པར་བཞག་པ་ལ་ཤིན་ཏུ་མཁས་པ་ནི་ལྔ་པ་དང་། སེམས་ཅན་མཐའ་ཡས་ཀུན་ལ་བདག་དང་ཐ་དད་དུ་བྱ་བ་མེད་པའི་སེམས་ནི་མཉམ་པ་ཐོབ་པ་ནི་དྲུག་པ་དང་། བཀྲི་བ་མེད་པ་ནི་སར་ཞུགས་པ་རྣམས་བསོད་ནམས་ཀྱི་ཚོགས་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཡེ་ཤེས་ཀྱི་ཚོགས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་གང་ལ་ཡང་ཆགས་པ་དང་ལྡང་བ་མེད་པས། བསྔགས་པ་དང་བདེ་བས་མི་འགྱིང་ཞིང་། མི་བསྔགས་པ་དང་སྡུག་བསྔལ་གྱིས་སེམས་ཞུམ་པའམ་སྲོ་ཤི་བ་མེད་པས་རྐྱེན་གང་གི་དབང་དུ་མི་འགྱུར་བ་ནི་དྲངས་པའམ་བཀྲི་བར་བྱར་མེད་པ་ནི་མཚན་མ་བདུན་དང་། ས་ལ་ཞུགས་པ་རྣམས་འཇིག་རྟེན་ལས་འདས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འབྱོར་བ་ཕུན་ཚོགས་དང་ལྡན་པས། ཚངས་པ་དང་རྒྱ་བྱིན་འཁོར་ལོས་སྒྱུར་བ་སོགས་ཀྱི་ལོངས་སྤྱོད་ལ་ཡང་མི་གཙང་བ་ལྟར་མཐོང་ནས་རྗེས་སུ་ཆགས་པ་མེད་པས་དེ་དག་སྤངས་ནས་གཞན་ལ་གཏོང་བ་དང་རབ་ཏུ་བྱུང་བར་བྱེད་པ་ནི་བརྒྱད་པ་དང་། བྱང་ཆུབ་བླ་མེད་པ་འགྲུབ་པའི་ཐབས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་ཤེས་པ་ནི། དགུ་པ་དང་སེམས་ཅན་གྱི་དོན་དུ་སྨོན་ལམ་གྱི་དབང་གིས་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་མ་གཏོགས་པར། ཚེ་རབས་ཀུན་དུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་ནི་མཚན་མ་བཅུ་པ་སྟེ། དེ་ལྟར་རྟགས་བཅུ་པོ་འདི་ནི་ས་བཅུ་པོ་ཀུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྤྱི་ཡི་རྟགས་སུ་འདོད་པ་ཡིན་ནོ། །རྟགས་བཅུ་པོ་དེར་མ་ཟད་ས་རེ་རེ་ལ་ཡང་ཕར་ཕྱིན་བཅུ་ཐོབ་པའི་མཚན་མ་བཅུ་དྲུག་འབྱུང་བ་ནི། ས་ཀུན་དུ་ཡང་ཕ་རོལ་དུ་ཕྱིན་པ་བཅུ་བསྒྲུབ་པ་ལ་འདུན་པ་མེད་པ་མ་ཡིན་ཏེ། འདུན་པ་མཆོག་ཏུ་ཡོད་པ་ནི་སྤྱིར་བསྟན་པའོ། །བྱེ་བྲག་ཏུ་ས་དང་པོར་སྦྱིན་པའི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས་ལུས་ལོངས་སྤྱོད་ལ་ཆགས་པ་མེད་པ་དང་། ས་གཉིས་པར་ཚུལ་ཁྲིམས་རྣམ་པར་དག་པས་མི་དགེ་བཅུ་རྨི་ལམ་དུ་མི་སྤྱོད་པས་གཞན་ལ་གནོད་པ་འཁུ་བའི་སྙིང་ངམ་སེམས་མེད་པ་དང་། ས་གསུམ་པར་བཟོད་པའི་ཕར་ཕྱིན་ཡོངས་སུ་དག་པས་ཁྲོ་བ་གཏན་ནས་མེད་པ་དང་། ས་བཞི་པར་བརྩོན་འགྲུས་ཀྱི་ཕར་ཕྱིན་ཡོངས་སུ་དག་པས་ལེ་ལོ་མེད་པ་དང་། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པས་ཚད་མེད་བཞི་ལྷག་པར་ལྡན་པས་བྱམས་དང་སྙིང་རྗེ་མིན་པའི་བསམ་པ་མེད་པ་དང་། ས་དྲུག་པར་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་དག་པས་བློ་གྲོས་ངན་པ་གཙང་བདེ་རྟག་བདག་ཏུ་རྟོག་པ་ལྟ་བུའི་ངན་པ་རྟོག་པའམ་ཕྱིན་ཅི་ལོག་གི་རྟོག་པ་དང་དངོས་ཞེན་གྱི་རྣམ་རྟོག་གིས་ཡོངས་སུ་འཕྲོག་པ་མེད་པའོ། ། དེ་ལྟར་ས་དྲུག་དང་ཕར་ཕྱིན་དྲུག་སྦྱར་ཏེ་མཚན་མ་དྲུག་གོ །ས་བཅུ་པོ་རྣམས་སུ་སྦྱིན་པ་ནས་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར་དེ་དག་ཤས་ཆེ་བས་ལྷག་པར་བརྗོད་ཀྱིས་ཐམས་ཅད་དུ་ཕར་ཕྱིན་བཅུ་ཆར་བསྒྲུབ་པ་ཡོད་དོ། །འདི་མན་ཆད་ཀྱི་དྲུག་ཇི་ལྟར་བགྲང་བའི་གསལ་ཁ་འགྲེལ་ཆེན་དུ་ཆེར་མི་སྣང་བས་འགྲེལ་པ་གཞན་ལས་བརྩི་ཚུལ་མི་འདྲ་བ་འགའ་སྣང་ཡང་། ས་བདུན་པར་ཐབས་མཁས་པའི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས། ཉན་རང་གི་ཡིད་ཀྱིས་རྣམ་པར་གཡེང་བ་མེད་པ་དང་། ས་བརྒྱད་པར་སྟོབས་ཀྱི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས། བདེ་བ་ལ་ཆགས་པས་མི་འཕྲོག་བ་དང་སྡུག་བསྔལ་དག་གིས་གནོད་པ་མེད་དེ་མཉམ་པ་ཉིད་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལས་མ་གཡོས་བཞིན་དུ་ཚངས་པ་དང་བརྒྱ་སྦྱིན་འཁོར་ལོས་བསྒྱུར་པ་སོགས་སུ་སྟོན་པ་དང་། ལུས་ཞིང་གི་རྡུལ་སྙེད་སྐད་ཅིག་ལ་བཏང་ཡང་རྣམ་རྟོག་མེད་པའོ། །ས་དགུ་པར་སྨོན་ལམ་གྱི་ཕར་ཕྱིན་གྱིས། སངས་རྒྱས་བྱང་སེམས་དགེ་བའི་བཤེས་གཉེན་ཉེ་བར་བསྟེན་ཅིང་ཆོས་ཀྱི་སྒོ་ཐམས་ཅད་ཐོས་པ་ལྷུར་ལེན་ཅིང་ཕྱོགས་བཅུའི་ཞིང་མཐའ་དག་གི་སྟོན་པ་སངས་རྒྱས་རྣམས་ལ་མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་རྣམ་གྲངས་ཚད་མེད་པས་མཆོད་པ་བྱེད་པ་ལ་བརྩོན་པ་དང་། ས་བདུན་པར་སངས་རྒྱ་བར་བྱེད་པའི་ཐབས་མཆོག་ཤེས་པ་གང་ཞིག་དུས་གསུམ་དུ་རང་གཞན་གྱིས་བསགས་པའི་བསོད་ནམས་ཐམས་ཅད་གཅིག་ཏུ་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་པོ་ཀུན། གཞན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ཉིན་གཅིག་བཞིན་དུ་ཡང་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་ཞིང་། སྨོན་ལམ་གྱི་དབང་གིས་བཟང་པོའི་གནས་སུ་སྐྱེས་པ་དང་། སྟོབས་ཀྱི་ཕར་ཕྱིན་གྱིས་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་རྟག་ཏུ་དགེ་བ་འབའ་ཞིག་བྱེད་པ་དེ་གསུམ་གཙོ་བོར་ས་བདུན་པ་དང་དགུ་པ་བརྒྱད་པའི་ཕྱོགས་ལ་སྦྱར་རྒྱུ་ཡིན་ཡང་། བཟང་པོའི་གནས་སུ་སྐྱེས་པ་དང་རྟག་ཏུ་དགེ་བ་བྱེད་པ་རྟེན་གཅིག་ལ་བསྡུས་ཏེ་གཅིག་ཏུ་བརྩིས་པ་དང་། ས་བཅུ་བར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་མངོན་པ་ཤེས་པའི་ཡོན་ཏན་རྣམས་ཀྱིས་རྩེན་པ་སྟེ། རྡུལ་ཕྲ་མོ་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱམས་ཁྱབ་པས་ཆེན་པོར་སྟོན་པ་དང་། འཇིག་རྟེན་གྱི་ཁམས་རབ་འབྱམས་དག་ཀྱང་རྡུལ་ཕྲ་མོ་གཅིག་གི་ཁོངས་སུ་ཆུད་པར་བསྡུས་པས་ཆུང་ངུ་སྟོན་པ་སོགས་རྣམ་པར་རོལ་པ་སྣ་ཚོགས་པས་རྩེན་པ་སངས་རྒྱས་ཀྱི་སྲས་ས་བཅུ་པ་དེ་ནི་གཟུངས་དང་ཏིང་ངེ་འཛིན་སོགས་ཀྱི་ཡོན་ཏན་རྒྱ་ཆེ་བས་བྱང་ཆུབ་སེམས་དཔའ་གཞན་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གྱི་གཏེར་དུ་ཤེས་པར་བྱའོ། ། དེ་ལྟར་ས་སོ་སོ་ཕར་ཕྱིན་དེ་དང་དེ་དག་ཤས་ཆེ་བས་ཕར་ཕྱིན་དེ་དག་གི་ཡོན་ཏན་གྱི་རྟགས་ཀྱང་དེ་ལྟར་གཙོ་ཆེར་སྦྱངས་ཀྱང་། ས་བཅུ་པོ་ཐམས་ཅད་དུ་ཡང་ཕར་ཕྱིན་བཅུ་བསྒྲུབ་པ་ཡོད་པས་མཚན་མ་བཅུ་དྲུག་པོའི་ཆ་ཡོད་པ་ཤེས་པར་བྱའོ། ། གཉིས་པ་རྟགས་ཅན་སའི་ཡོན་ཏན་ནི། འཕགས་པའི་ས་བཅུ་པོ་ཀུན་ལ་རྣམ་པ་ཀུན་དུ་བློ་ལྡན་བྱང་སེམས་རྣམས་ཀྱི་ས་དེ་དང་དེའི་ཕན་ཡོན་ནི། ཞི་གནས་ལ་བརྟེན་པའི་ཕྱོགས་གཉིས་དང་ལྷག་མཐོང་ལ་བརྟེན་པའི་ཕྱོགས་གཉིས་དང་། ཞི་ལྷག་གཉིས་ཀ་ལ་བརྟེན་པ་ཐུན་མོང་བའི་ཕྱོགས་གཅིག་སྟེ། ལྔ་པོའི་བདག་ཉིད་དག་ཏུ་འདོད་དོ། །ཞི་གནས་ལ་བརྟེན་པའི་ཕྱོགས་གཉིས་ནི་ཞི་གནས་ཀྱི་སེམས་ལས་སུ་རུང་བའི་མཐུས་ཉོན་ཤེས་ཀྱི་སྒྲིབ་པའི་བག་ཉལ་དུ་གྱུར་པ་གནས་ངན་ལེན་ཀྱི་རྟེན་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡང་འཇོམས་ཤིང་ཟད་པར་བྱེད་པ་ནི་ཕན་ཡོན་དང་པོའོ། །མོས་སྤྱོད་ཀྱི་ཞི་ལྷག་གིས་ཀྱང་གནས་ངན་ལེན་གྱི་མཚན་མ་ཉམས་པར་བྱེད་ཀྱི་རྩད་ནས་འཇོམས་མི་ནུས་ལ། ས་དང་པོ་ཕན་ཆད་དུ་སྐད་ཅིག་རེ་རེ་ལ་རྩད་ནས་འཇོམས་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ཅན་གཟུགས་མེད་འདུས་བྱས་འདུས་མ་བྱས་སོགས་ཆོས་ཐ་དད་ཀྱི་འདུ་ཤེས་སྣ་ཚོགས་དང་བྲལ་ཏེ་སེམས་རྩེ་གཅིག་པར་མཚན་མ་མེད་པ་ལ་གནས་པའི་ཆོས་ཀྱི་དགའ་བ་རབ་ཏུ་མྱོང་བ་ནི་ཕན་ཡོན་གཉིས་པའོ། ། འདི་གཉིས་ཞི་གནས་ཀྱི་ཕྱོགས་སུ་གྱུར་པའི་ཡོན་ཏན་ནོ། །ལྷག་མཐོང་གི་ཕྱོགས་སུ་གྱུར་པའི་ཡོན་ཏན་གཉིས་ནི། ཆོས་ཐམས་ཅད་མཚན་མ་མེད་པར་རོ་གཅིག་ཀྱང་ཕྱོགས་བཅུ་དུས་གསུམ་གྱི་ཤེས་བྱའི་ཆོས་ཀྱི་སྣང་བ་ལུང་གི་ཆོས་རྣམས་ཀྱི་རྣམ་པར་བཞག་པ་ཚད་མེད་རིས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཐོབ་པ་དང་། རྣམ་པ་མ་བརྟག་པར་ཡང་རྣམ་པར་དག་པའི་སྐབས་དང་མཐུན་པའི་རྒྱུ་མཚན་རྣམས་མངོན་དུ་སྣང་བའོ། །ཞི་ལྷག་གཉིས་ཀར་གཏོགས་པ་ནི་སྤང་བ་རྣམ་པར་གྲོལ་བ་དང་རྟོགས་པ་ཆོས་ཀྱི་སྐུའི་རྒྱུ་གོང་ནས་གོང་དུ་འཛིན་པ་དང་ལྔ་སྟེ། འདི་ལྔའི་ངོ་བོ་སྔར་ཡང་བཤད་ཟིན་ཏོ། །ཕན་ཡོན་ལྔ་པོ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནང་རང་གིས་ཉམས་སུ་མྱོང་བས་རིག་པར་བྱ་བ་ཡིན་པས་ས་ཡི་རྟགས་སུ་བྱས་ཀྱང་རུང་ངོ་། །བློ་བརྟན་འགྲེལ་པར་ཕན་ཡོན་གསུམ་པ་བཤད་ནས་དེ་མན་ཆད་ཀྱིས་མཇུག་མ་ཚང་ངོ་། །བདུན་པ་སའི་ངེས་ཚིག་ནི་རང་དོན་དུ་བླ་མེད་བྱང་ཆུབ་ཐོབ་པ་ལ་ནི་ཉེ་བ་སྟེ་ཐོབ་ངེས་པར་གྱུར་པ་དང་། གཞན་སེམས་ཅན་གྱི་དོན་སྒྲུབ་ནུས་པར་མཐོང་བ་ལ། རབ་ཏུ་དགའ་བ་སྐྱེ་བར་འགྱུར་ཏེ་དེ་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བརྗོད་དོ། །ས་གཉིས་པ་ལ་ནི་འཆལ་བའི་ཚུལ་ཁྲིམས་དང་། ཐེག་པ་དམན་པ་ཡིད་བྱེད་རྩོལ་བའི་དྲི་མ་དང་བྲལ་བའི་ཕྱིར། དྲི་མ་མེད་པའི་ས་ཞེས་བྱའོ། །ས་གསུམ་པ་ལ་ཏིང་ངེ་འཛིན་གྱིས་སྟོབས་ཀྱིས་ཆོས་ཚད་མེད་པ་ཐོབ་ཅིང་གཞན་ལ་ཡང་ཆོས་ཀྱི་སྣང་བ་ཆེན་པོ་ནི་བྱེད་པའི་ཕྱིར་ན་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ལ་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་སྲེག་པར་བྱེད་པའི་འོད་ལྟ་བུ་དེ་དང་ལྡན་པའི་ཕྱིར་ས་དེ་ནི་སྒྲིབ་པ་གཉིས་པོ་སྲེག་པས་འོད་འཕྲོ་བ་ཅན་ཞེས་བྱའོ། །ས་ལྔ་པ་ལ་བདེན་པ་བཞི་རྟོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱིས་ལོག་སྒྲུབ་བཟོད་ཅིང་རང་གི་སེམས་ཀྱང་བསྲུང་བའི་ཕྱིར། དེ་གཉིས་བགྱིད་དཀའ་བ་ཡིན་པས། བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ་དང་དུ་ལེན་པ་དེ་ཕྱིར་སྦྱང་དཀའ་བ་ཞེས་བྱའོ། །ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། རྟེན་འབྲེལ་ལུགས་འབྱུང་གིས་འཁོར་བ་དང་ནི་ལུགས་ལས་ལྡོག་པས་མྱ་ངན་ལས་འདས་པ་གཉིས་ཀྱི་རང་བཞིན་ས་འདིར་མངོན་དུ་གྱུར་ནས་འཁོར་འདས་ལ་མི་གནས་པའི་ཕྱིར། མངོན་དུ་གྱུར་པའི་ས་ཞེས་བཤད་དོ། ། ས་བདུན་པ་ནི་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་བ་སྟེ་དེ་དང་ཉེ་བ་སྔ་ལོགས་དེ་མ་ཐག་པ་ཡིན་པའི་ཕྱིར་འབད་རྩོལ་གྱི་བསྒྲུབ་པའི་མཐར་ཕྱིན་པའི་ཕྱིར་རིང་དུ་སོང་བའི་སར་འདོད་དོ།། ས་བརྒྱད་པ་ལ་ས་དྲུག་པ་ཡན་ཆད་ཀྱི་མཚན་མའི་འདུ་ཤེས་དང་། བདུན་པའི་མཚན་མེད་ཀྱི་འབད་རྩོལ་དང་བཅས་པའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བར་མི་རྟོག་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར། མི་གཡོ་བ་ཞེས་བརྗོད་དོ། །ས་དགུ་པ་ལ་སོ་སོ་ཡང་དག་རིག་པ་བཞིའི་བློ་གྲོས་ཁྱད་པར་འཕགས་པ་བཟང་པོ་དང་ལྡན་པའི་ཕྱིར་དེས་ནི་ལེགས་པའི་བློ་གྲོས་ཞེས་བྱ་བ་ཡིན་ནོ། །ས་བཅུ་པ་ལ་དཔེར་ན་སྤྲིན་ཆེན་པོ་ནམ་མཁའ་ལ་ཁྱབ་པ་བཞིན། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་སྤྲིན་ཆེན་པོ་ལྟ་བུས་སེམས་ཀྱི་རྒྱུད་ཀྱི་ཆོས་ཀྱི་དབྱིངས་ནམ་མཁའི་ཆོས་སམ་གཏོས་ཀུན་ལ་ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་བཅུ་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་པ་ཡིན་པའི་གནས་པའི་དོན་ཇི་ལྟར་ཡིན་ཞེ་ན། ས་དེ་དང་དེའི་བསྡུས་པའི་ཚོགས་གཉིས་ཀྱི་དགེ་བ་ཚད་མེད་པ་སྣ་ཚོགས་བསྒྲུབ་པ་ལ། སེམས་རབ་ཏུ་དགའ་བས་དུས་རྟག་པར་ཐམས་ཅད་དུ་གནས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཡི། ས་རྣམས་ནི་གནས་པ་ཞེས་བྱ་བ་ཡིན་པར་འདོད་དོ། །ཅིའི་ཕྱིར་ས་ཞེས་བྱ་ཞེ་ན་བྷཱུ་མི་ཞེས་པའི་སྒྲ་ནི་འཇིག་རྟེན་ན་འབྱུང་པོ་སེམས་ཅན་དང་རྩི་ཤིང་ནགས་ཚལ་སོགས་ས་དཔག་ཏུ་མེད་པའི་རྟེན་ཡིན་པས་དེས་བརྟེན་ནས་ལྷུང་བའི་འཇིགས་པ་མེད་པ་དང་། ཡུལ་དང་སྤྱོད་ཡུལ་གཞན་དུ་བགྲོད་པའི་གཞིར་གྱུར་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ས་རྣམས་ཀྱང་འབྱུང་པོ་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པའི་རྟེན་གནས་སུ་གྱུར་ཏེ་འཇིགས་པ་མེད་པར་བྱེད་པའི་གནས་ཡིན་པའི་ཕྱིར་དང་། ས་གོང་མ་གོང་མ་དག་གི་ཡོན་ཏན་དཔག་ཏུ་མེད་པ་ཡི་གནས་སྐབས་དེ་དག་ལ་ཕྱི་ཕྱིར་གོང་ནས་གོང་དུ་འགྲོ་བའམ་བགྲོད་པར་བྱ་བའི་རྟེན་དུ་གྱུར་པ་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གནས་པ་དེ་དག་ཉིད་ནི་སར་འདོད་དོ། ། བརྒྱད་པ་ས་འཐོབ་པ་རྣམ་པ་བཞི་སྟེ་ཐེག་ཆེན་གྱི་དོན་ལ་མོས་པ་ཐོབ་པ་མོས་སྤྱོད་ཀྱི་ས་དང་། སྤྱོད་པ་ཐོབ་པ་མོས་སྤྱོད་ཀྱི་ས་དེ་ཉིད་དུ་ཆོས་སྤྱོད་པ་བཅུ་པོ་དག་ལ་འཇུག་པ་དང་། རྟོགས་པ་ཐོབ་པ་ས་དང་པོ་ནས་བདུན་པའི་བར་ཏེ་ཆོས་ཀྱི་དོན་རྟོགས་པའི་ཕྱིར་དང་། འགྲུབ་པ་ཐོབ་པ་ནི་དག་པའི་ས་གསུམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་རྩོལ་མེད་དུ་འགྲུབ་པའི་ཕྱིར་རོ། ། དེ་ལྟར་མོས་པ་དང་སྤྱོད་པ་དང་རྟོགས་པ་དང་འགྲུབ་པའི་སྒོ་ནས་ས་འཐོབ་ཚུལ་གྱི་རྣམ་གྲངས་རྣམ་པ་བཞི་ཡིན་ནོ། །བྱང་ཆུབ་ཕྱོགས་དང་མཐུན་པའི་སྤྱོད་པ་རྒྱས་པར་ཕྱེ་ན་ཚད་མེད་ལ། མདོར་བསྡུས་ན་ལུས་ཅན་ཐེག་པ་ཆེན་པོ་ལ་མོས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་། ཐེག་པ་དམན་པ་ལ་མོས་པ་ལ་གཙོ་བོར་བྱང་ཕྱོགས་སོ་བདུན་གྱི་སྤྱོད་པ་དང་། དེ་གཉིས་ཀ་མཐུའི་སྒོ་ལ་འདུན་པར་བྱ་བའི་ཕྱིར་མངོན་ཤེས་ཀྱི་སྤྱོད་པ་དང་། གདུལ་བྱ་རྣམས་གདུལ་ཞིང་སྨིན་པར་བྱ་བའི་ཕྱིར་ནི་བསྡུ་དངོས་བཞིའི་སྤྱོད་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་བཞི་པོ་དེ་ནི་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་བཞིན་དུ། བསྟན་བཅོས་འདིར་ཡང་མདོ་དེའི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ནོ། །ཞེས་ས་ལམ་གྱི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་བསྟན་པའི་སྐབས་བསྡུས་ནས། སྡར་བཤད་པའི་འབྲས་བུ་བྱང་ཆུབ་ཆེན་པོའི་ཡོན་ཏན་རྣམས་ལ་བསྔགས་པའི་ཚིགས་སུ་བཅད་པ་རྣམས་ནི་ས་བཅུ་བསྒྲོད་ནས་འབྲས་བུའི་ཡོན་ཏན་ཐོབ་ཚུལ་ཡིན་ཏེ། ཚད་མེད་བཞི་ནས་ཕར་ཕྱིན་དྲུག་གི་ཡོན་ཏན་གྱི་བར་དང་། སངས་རྒྱས་ཀྱི་སའི་མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་བཅད་གཉིས་ཀྱི་བར་གྱིས་བསྟན་ཏེ། སངས་རྒྱས་ཀྱི་ཚད་མེད་པ་བཞིའི་ཡོན་ཏན་ལ་བསྔགས་པ་ནི། སེམས་ཅན་རྣམས་ལ་རྣམ་པ་ཀུན་དུ་ཐུགས་བརྩེ་བ་ཅན་ཞེས་པས་སྤྱིར་བསྟན། བྱེ་བྲག་ཏུ་བྱམས་པ་ཚད་མེད་ནི་སེམས་ཅན་བདེ་བ་དང་ཕྲད་པར་འདོད་པའི་དགོངས་པ་དང་། སྙིང་རྗེ་ཚད་མེད་སྡུག་བསྔལ་དང་བྲལ་བའི་དགོངས་པ་ཅན་དང་། དགའ་བ་ཚད་མེད་པ་བདེ་བ་མི་འབྲལ་བ་ཡི་དགོངས་པ་ཅན་ཡིན་ལ་དེ་གསུམ་སེམས་ཅན་རྣམས་ལ་བདེ་བའི་དགོངས་པ་དང་། བཏང་སྙོམས་ཚད་མེད་ནི། ཆགས་སྡང་གི་ཉོན་མོངས་མེད་པར་བཏང་སྙོམས་ལ་གནས་པར་བཞེད་པའི་དགོངས་པ་ཅན་ཡིན་པས། དེ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དགོངས་པ་ཅན་སངས་རྒྱས་ཁྱོད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་སོ། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནས། འགོག་པའི་རྣམ་པར་ཐར་བའི་བར་རྣམ་ཐར་བརྒྱད་དང་། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཟིལ་གནོན་སོགས། དབྱིབས་དང་ཁ་དོག་ཟིལ་གནོན་བརྒྱད་དང་། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་སྔོ་སེར་དཀར་དམར་བཅས་ཟད་པ་བཅུ་པོ་འདི་དག་ཏིང་ངེ་འཛིན་གྱི་སྤྲུལ་པ་འབྱོར་བར་བྱེད་པའི་ལམ་ཡིན་པས། རྣམ་ཐར་གྱིས་རྩོམ། ཟིལ་གནོན་གྱིས་སྦྱོར། ཟད་པར་གྱིས་གྲུབ་པ་ལྟ་བུ་ཡིན་ལ་སངས་རྒྱས་ཀྱི་དེ་གསུམ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་ཅིང་འཇིག་རྟེན་པ་དང་ཉན་རང་གི་དེ་དག་བསྒོམ་པ་ལས་ཆོས་ཁྱད་པར་དུ་འཕགས་པ་ཡིན་ལ། ཐུབ་པ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་རྣམ་ཐར་བརྒྱད་ནི་རང་རང་སོ་སོའི་མི་མཐུན་ཕྱོགས་ལས་རྣམ་པར་ཐར་པ་ཙམ་དུ་མ་ཟད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཀུན་ལས་ངེས་པར་གྲོལ་བ་དང་། དེ་བཞིན་དུ་ཟིལ་གནོན་བརྒྱད་ནི་དབྱིབས་ཁ་དོག་ཙམ་ཟིལ་གྱིས་གནོན་པར་མ་ཟད་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཟད་པར་གྱིས་ས་སོགས་ཀྱི་སྣང་བས་ཡུལ་ཉི་ཙེ་བར་ཁྱབ་པ་བྱེད་པ་ཙམ་དུ་མ་ཟད། རྒྱལ་བ་ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པས། ཐུགས་སྙོམས་འཇུག་དང་ཉོན་ཤེས་ཀྱི་སྒྲིབ་པ་ལས་གྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་མེད་པ་ནི་ཉན་རང་རྣམས་ཀྱིས་རང་ལ་དམིགས་ནས་སེམས་ཅན་རྣམས་ཀྱི་ཉོན་མོངས་མི་སྐྱེ་བར་རྗེས་སུ་བསྲུང་བ་ཙམ་ཡིན་ལ། དེ་བཞིན་གཤེགས་པའི་ཉོན་མོངས་མེད་པས་ནི། སེམས་ཅན་དག་ནི་ཐམས་ཅད་ཀྱི་ཉོན་མོངས་པ་མ་ལུས་འཇོམས་པར་ནུས་པ་དང་། ཉོན་མོངས་སྐྱེས་པའི་སེམས་ཅན་དེའི་ཆེད་དུ་གཤེགས་ཏེ་ཉོན་མོངས་པ་འཇོམས་པར་མཛད་པ་དང་། ཉོན་མོངས་པ་ཅན་གྱི་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བཅས་པ་ཁྱོད་ལ་ཕྱག་འཚལ་ལོ། ། སྨོན་ནས་ཤེས་པ་ནི་ཉན་ཐོས་རྣམས་ལ་གཞན་གྱིས་དྲིས་པ་སོགས་ཀྱི་ཚེ་ཆེད་དུ་བསམས་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྒོ་ནས་ཅི་རིགས་ཤེས་ཀྱི། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་ཤེས་པ་ཡང་མ་ཡིན་ཞིང་། རྟག་ཏུ་མཉམ་པར་བཞག་པ་ཡང་མ་ཡིན་ལ་འདྲི་བ་ཐམས་ཅད་ཀྱི་ལན་ལྡོན་པར་ནུས་པའམ་མ་ཡིན་ནོ།། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་དེ་ལས་ལྡོག་པའི་ཁྱད་པར་ལྔ་དང་ལྡན་ཏེ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་ཅིང་ཉོན་མོངས་བའི་བག་ཆགས་མི་མངའ་བའམ། སྙོམས་འཇུག་ལ་ལྟོས་མི་དགོས་པས་ཆགས་པ་མི་མངའ་བ་དང་། ཤེས་སྒྲིབ་སྤངས་བས་ཤེས་བྱ་གང་ལ་ཡང་ཐོགས་པ་མི་མངའ་བ་དང་། རྟག་ཏུ་མཉམ་པར་བཞག་པ་ལས་གཡོ་བ་མེད་ཅིང་། སེམས་ཅན་རྣམས་ཀྱིས་གང་དང་གང་དྲིས་པའི་འདྲི་བ་ཀུན་གྱི་ལན་ལྡོན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སོ། །སོ་སོ་ཡང་དག་རིག་པ་བཞི་ནི། རྟེན་ཆོས་དང་བརྟེན་པ་དོན་གཉིས་ནི་གང་བཤད་པར་བྱ་བ་དང་། གསུང་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་གོ་བའི་ངེས་པའི་ཚིག་དང་། ཤེས་བྱ་མཐའ་དག་མཁྱེན་པའི་སྤོབ་པ་མཐའ་གཏུགས་པ་མེད་པ་གཉིས་ནི་འཆད་པར་བྱེད་པ་ལ། བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བ་འགྱུར་བ་ཡི་སྒོ་ནས། དམ་པའི་ཆོས་ལེགས་པར་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ། །མངོན་པར་ཤེས་པ་དྲུག་ནི། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་གནས་པ་དེར་གཤེགས་ནས། གཞན་སེམས་ཤེས་པས་དེའི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་མཁྱེན་པ་མཛད་དེ། ལྷའི་རྣ་བའི་མངོན་ཤེས་ཀྱི་སྟོབས་ཀྱིས་སེམས་ཅན་དེ་དག་སོ་སོའི་སྐད་ཀྱིས། སྡོན་གནས་ཤེས་པས་སེམས་ཅན་རྣམས་གང་ནས་འདིར་འོང་བ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་མ་འོངས་པ་ན་སྐྱེ་བའི་གནས་གང་དུ་འགྲོ་བ་དང་། ཟག་ཟད་ཀྱི་མངོན་ཤེས་ཀྱིས་འཁོར་བ་ལས་ངེས་པར་འབྱུང་བའི་ཚུལ་ལ། ལེགས་པར་གདོམས་པ་ཁྱོད་ལ་ཕྱག་འཚལ་ལོ། ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ནི། ལུས་ཅན་ཀུན་གྱིས་ཁྱོད་ཀྱི་སྐུ་མཐོང་བ་དང་། འདི་ནི་སྐྱེས་བུ་ཆེན་པོ་ཞིག་ཡིན་ནོ་ཞེས། སྐྱེས་བུ་དམ་པ་ཡིན་པ་ལེགས་པར་འཚལ་བའམ་ཤེས་པར་འགྱུར་ཞིང་། མཐོང་བ་ཙམ་གྱིས་ཡིད་རབ་ཏུ་དང་བར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཡོངས་སུ་དག་པ་བཞི་ནི། རྟེན་ནམ་གནས་སམ་ལུས་ཡོངས་སུ་དག་པས་རྟེན་གསར་དུ་ལེན་པ་དང་། རྟེན་དེས་ཇི་སྲིད་དུ་གནས་པ་དང་། ཚེའི་འདུ་བྱེད་གཏོང་བ་ལ་བཞེད་པ་བཞིན་དུ་དབང་འབྱོར་བ་དང་དམིགས་པ་དག་པས་སྔོན་མེད་གསར་དུ་སྤྲུལ་པ་དང་། སྡར་ཡོད་པ་རྣམ་པ་གཞན་དུ་ཡོངས་སུ་སྒྱུར་བ་ལ་མངའ་བརྙེས་པ་དང་། སེམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ལ་མངའ་བརྙེས་པ་དང་། ཤེས་རབ་ཡོངས་སུ་དག་པས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྒྱུ་དང་རྒྱུ་མིན་ཤེས་པས་བདེ་འགྲོ་དང་ངན་འགྲོར་སྐྱེ་བའི་རྒྱུའམ་ཐབས་ལ་བསླུ་བའི་བདུད་འཇོམས་ཏེ། བདེ་འགྲོའི་རྒྱུ་མིན་པ་འཚེ་བ་ཅན་གྱི་མཆོད་སྦྱིན་ལ་སོགས་པ་བདེ་འགྲོ་ཐོབ་པའི་ཐབས་ལ་བསླུ་བ་དེ་ལྟ་བུ་འཇོམས་པ་དང་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ཀྱིས། ལས་ཀྱི་དབང་མ་གཏོགས་པར་དབང་ཕྱུག་སོགས་ཀྱིས་རང་དབང་དུ་སྐྱབས་བྱེད་མི་ནུས་པར་བསྟན་པས་སྐྱབས་ལ་བསླུ་བའི་བདུད་འཇོམས་པ་དང་། ཀུན་ཉོན་དང་རྣམ་བྱང་གི་བསམ་གཏན་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་བསམ་གཟུགས་ཐོབ་པ་ཙམ་གྱིས་འཁོར་བ་ལས་ཐར་ཞིང་དག་པར་ལྟ་བའི་དག་པ་ལ་བསླུ་བའི་བདུད་འཇོམས་པ་དང་། སྟོབས་ལྷག་མ་བདུན་གྱིས། ཐེག་པ་ཆེན་པོའི་སྒོ་ནས་ངེས་པར་འབྱུང་བ་ལ། སེམས་ཅན་རྣམས་ལ་རབ་ཏུ་བསླུ་བའི་བདུད་འཇོམས་ཏེ། ཁམས་ཐམས་ཅད་མཁྱེན་པའི་སྟོབས་ཀྱི་རིགས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་དད་པ། དབང་པོ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱིས་གདུལ་བྱའི་དད་སོགས་ཀྱི་དབྱེ་བ་ལས་སྣོད་ཀྱི་ཁྱད་པར་མཁྱེན་ནས། སྡོན་གནས་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་མཁྱེན་པའི་སྟོབས་གཉིས་ཀྱིས་ལམ་གྱི་རྟེན་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ལམ་གྱི་ངོ་བོ་དང་། ཟག་ཟད་མཁྱེན་པའི་སྟོབས་ཀྱིས་ངེས་པར་འབྱུང་བའི་འབྲས་བུ་མཁྱེན་ནས་གདུལ་བྱ་རྣམས་ལ་དེ་ལྟར་བསྟན་པས་ཐེག་པ་ཆེན་པོའི་ལམ་གྱིས་ངེས་པར་འབྱུང་བ་ལས་གཞན་དུ་བསླུ་བར་བྱེད་པའི་བདུད་འཇོམས་པ་སྟེ། དེ་ལྟ་བུའི་སྟོབས་བཅུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མི་འཇིགས་པ་བཞི་ནི་རང་དོན་དུ་རྟོགས་པ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་དང་། སྤངས་པ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པ་དང་། གཞན་དོན་དུ་ལམ་སྟོན་པ་ལ་མི་འཇིགས་པ་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཡང་དག་པ་སྟོན་པ་དང་། ལམ་གྱི་གེགས་སྟོན་པ་ལ་མི་འཇིགས་པ། ལམ་ལ་བར་དུ་གཅོད་པའི་བགེགས་སམ་གེགས་བྱེད་པ་བདག་ལྟ་དང་ཆགས་སོགས་ཉོན་མོངས་རྣམས་ཀྱིས་འཁོར་བ་ལས་ཐར་བའི་གེགས་བྱེད་པ་ཡིན་ནོ་ཞེས་པར་བདེན་པའི་གསུང་ཚད་མ་དང་ལྡན་པར་སྟོན་པར་མཛད་པ་ལ། ལྷའམ་བདུད་དམ་ཚངས་པའམ་དགེ་སྦྱོང་དང་བྲམ་ཟེའམ་མུ་སྟེགས་ཅན་གཞན་དག་གིས། དེ་ལྟར་མ་ཡིན་ཞེས་ཆོས་དང་མཐུན་པའི་རྒོལ་བས་ནམ་ཡང་མི་བརྫི་བ་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་བ་མེད་པ་ནི། སྐུ་གསུང་ཐུགས་ལ་ཉེས ་པའི་དྲི་མ་གཏན་ནས་མི་མངའ་བས་གཞན་གྱིས་ཤེས་སུ་དོགས་ནས་བཅབ་པའམ་འཛེམ་དགོས་པ་གང་ཡང་མེད་པས་སྒོ་གསུམ་གྱི་སྤྱོད་པ་སྦ་བའམ་བསྲུང་བ་མེད་པར་གནས་བཞིན། སྐྱོན་བྱུང་ན་ཆེད་དུ་བཏང་སྙོམས་སུ་བྱ་བའི་བསྙེལ་བ་ལྟ་བུ་མི་མངའ་བར། འཁོར་གྱི་ནང་ན་བག་མི་ཚ་ཞིང་སེང་གེ་བཞིན་དུ་བག་བརྐྱང་བའི་གསུང་གིས་ཆོས་སྟོན་པ་དང་། ཆོས་ཉན་པ་ལ་ཆགས་པ། མི་ཉན་པ་ལ་སྡང་བ། ཉན་མི་ཉན་གཉིས་ཀ་ལ་ཆགས་སྡང་སྐྱེ་བ་མེད་པས་དྲན་པ་ཉེ་བར་བཞག་པ་གསུམ་དང་ལྡན་པའི་ཕྱིར་ན། ཆགས་པ་དང་སྡང་བའི་ཀུན་ནས་ཉོན་མོངས་པ་གཉིས་སྤངས་པས་འཁོར་གྱི་ཚོགས་ཀུན་ནས་སྡུད་པ་ཁྱོད་ལ་ཕྱག་འཚལ་ལོ། ། བག་ཆགས་ཡང་དག་པར་བཅོམ་པ་ནི་ཀུན་མཁྱེན་ཁྱོད་ལ་གྲོང་དུ་བསོད་སྙོམས་སོགས་ཀྱི་ཕྱིར་རྒྱུ་བ་དང་། ནང་དུ་ཡང་དག་འཇོག་པ་ལ་གནས་པ་ཀུན་ལ་དུས་རྟག་པར་ནི། ཀུན་མཁྱེན་མིན་པའི་སྤྱོད་པ་མི་མངའ་སྟེ། གཤེགས་པ་དང་བཞུགས་པ་སོགས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཐམས་ཅད་གཟིགས་ཤིང་མཁྱེན་ལ་མཉམ་པར་བཞག་བཞིན་པ་ལས་མི་འདའ་བས་འཁྲུལ་བའི་སྤྱོད་ལམ་ཀུན་མཁྱེན་མིན་པར་སྐྱོན་གདགས་སུ་རུང་བའི་གཞི་ཅུང་ཟད་ཙམ་ཡང་མི་མངའ་བས་ཀུན་མཁྱེན་ཞེས་པའི་མཚན་ཡང་དག་པའི་དོན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཉན་ཐོས་དགྲ་བཅོམ་པ་རྣམས་ལ་ཉོན་མོངས་མེད་ཀྱང་བག་ཆགས་མ་སྤངས་པའི་དབང་གིས།འགྲོ་བའི་ཚེ་ན་རེས་འགའ་གླང་པོ་མྱོས་པ་དང་ཤིང་རྟ་སོགས་དང་ཐུག་པ་དང་།སྦྲུལ་ནག་པོ་རྐང་པས་བརྫི་བ་དང་། ནག་ཐིབས་པོར་ལམ་ནོར་བ་དང་། སྤྲེའུ་ལྟར་མཆོང་བ་དང་། གད་མོ་རྟ་གད་དུ་ཆེར་རྒོད་པ་སོགས་མ་བརྟག་པའི་སྤྱོད་ལམ་ཅི་རིགས་སྐབས་སུ་འབྱུང་སྲིད་ཀྱང་སངས་རྒྱས་ལ་དེ་ལྟ་བུ་གཏན་མི་མངའ་བའོ། ། བསྙེལ་བ་མི་མངའ་བ་ནི། སེམས་ཅན་ཀུན་གྱི་དོན་བྱ་བ་ལ། ཁྱོད་ནི་ནམ་ཡང་དུས་ལས་མི་འདའ་བས། གང་དང་གང་མཛད་པ་ཐམས་ཅད་རྟག་ཏུ་དོན་མངའ་བ་ཡི་སྒོ་ནས། སེམས་ཅན་གྱི་དོན་ལ་མི་བསྙེལ་བ་ཁྱོད་ལ་ཕྱག་འཚལ་ལོ། ། ཐུགས་རྗེ་ཆེན་པོ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ལ་ཉིན་དང་མཚན་དུ་ལན་དྲུག་གིས་བརྩོན་པས་དུས་རྟག་ཏུ་ནི། སོ་སོར་གཟིགས་ཤིང་སུ་ཞིག་རྒུད་སུ་ཞིག་དར། སུ་ལ་ཐབས་གང་གིས་ཕན་གདགས་པར་བྱ་ཞེས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི་ངོ་བོའོ། །དེའི་བྱེད་ལས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་ཡིན་པས། དེ་ལྟ་བུའི་ཕན་པར་དགོངས་པ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་བ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་།ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ་དང་། མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། སྤྱོད་པ་ཡིས་བསྡུས་པ་དྲུག་དང་། འདུན་པ་བརྩོན་འགྲུས་དྲན་པ་ཏིང་འཛིན་ཤེས་རབ་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་ནི་རྟོགས་པ་ཡིས་བསྡུས་པ་དྲུག་དང་། གཞུང་ལ་ལར་ཏིང་འཛིན་མི་བགྲང་བར་རྣམ་གྲོལ་གཟིགས་པའི་ཡེ་ཤེས་དང་དྲུག་ལ་བཞེད་པ་ཡོད་དེ་མདོ་ཐ་དད་ཀྱི་དགོངས་པའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་པ་དང་། དེ་བཞིན་ད་ལྟ་དང་མ་འོངས་པ་ལ་སྦྱར་བ་གསུམ་ནི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང་ནི། སྐུའི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། དེ་བཞིན་གསུང་དང་ཐུགས་ཀྱི་སྟེ་ཕྲིན་ལས་ཀྱིས་བསྡུས་པ་གསུམ་སྟེ། དེ་ལྟར་སངས་རྒྱས་ཉིད་ཀྱི་ཐུན་མོང་མིན་པའི་ཆོས་གཞན་དང་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀུན་གྱི་བླ་མ་ཉིད་དུ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། སྐུ་གསུམ་དག་གིས་བྱང་ཆུབ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའམ་རྣམ་པ་ཀུན་མཁྱེན་པ་ཉིད་བརྙེས་པ་སྟེ། ཆོས་ཀྱི་སྐུ་བརྙེས་པས་དབྱིངས་དག་པ་གཉིས་ལྡན་ཐོབ་པ་ཟབ་མོ་མངོན་པར་བྱང་ཆུབ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པས་ཡེ་ཤེས་བཞི་ཐོབ་པ་ཐུན་མོང་མིན་པར་མངོན་པར་བྱང་ཆུབ་པ་དང་། སྤྲུལ་པའི་སྐུ་བརྙེས་པས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པ་འཇིག་རྟེན་འདས་པར་མངོན་པར་བྱང་ཆུབ་པའོ། ། གཟུགས་སྐུ་གཉིས་བསྡོམས་ཏེ་རྒྱ་ཆེ་བ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། ། དེ་ལྟར་བྱང་ཆུབ་ཆེན་པོ་བརྙེས་ནས་དེའི་བྱེད་ལས་རྣམ་པ་ཐམས་ཅད་དུ་སེམས་ཅན་ཀུན་གྱི་ཐེ་ཚོམ་དག་གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་མཐར་ཕྱིན་པ་ནི། ཡོངས་སུ་འཛིན་པ་མི་མངའ་བས་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། དེ་བཞིན་དུ་ཉེས་པ་གཏན་མི་མངའ་བས་ཚུལ་ཁྲིམས་དང་། རྒྱུད་འཁྲུགས་པའི་རྙོགས་པ་གཏན་མི་མངའ་བས་བཟོད་པ་དང་། སེམས་ཅན་གྱི་དོན་ལ་བཏང་སྙོམས་སུ་གནས་པ་མི་མངའ་བ་བརྩོན་འགྲུས་དང་། རྟག་ཏུ་ཏིང་ངེ་འཛིན་ལས་མི་གཡོ་བ་བསམ་གཏན་དང་། ཆོས་རྣམས་ཐམས་ཅད་ལ་རྣམ་རྟོག་གི་སྤྲོས་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་སའི་དོན་བསྡུས་ཏེ། སངས་རྒྱས་ཀྱི་སའི་མཚན་ཉིད་རྣམ་པར་དབྱེ་བ་ནི། ངོ་བོ་ནི་དམ་པའི་དོན་ནམ་དེ་བཞིན་ཉིད་རང་བཞིན་རྣམ་དག་གློ་བུར་བའི་དྲི་མ་དང་བྲལ་བའི་དག་པ་གཉིས་ལྡན་གྱི་བྱང་ཆུབ་ཆེན་པོ་ཉིད་དུ་ནི་གྲུབ་པ་སྟེ། དེའི་རྒྱུ་ནི་ས་ཀུན་ལས་ངེས་པར་གོང་ནས་གོང་དུ་ཕྱུང་ཏེ་མཐར་ཕྱིན་པའོ། །འབྲས་བུ་ནི་སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར་པ་མཉམ་པ་མེད་པའོ། །བྱེད་ལས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་མཛད་པའོ། །ལྡན་པ་ནི་སྟོབས་ལ་སོགས་པའི་ཡོན་ཏན་ནམ་ཡང་མི་ཟད་པ། ཉན་རང་གི་བྱང་ཆུབ་དང་མཉམ་པ་མེད་པ་ལྡན་པའོ། །འཇུག་པའམ་དབྱེ་བ་ནི་སངས་རྒྱས་དེ་ནི་མ་དག་པའི་འཇིག་རྟེན་དག་ན་སྣང་བ་སྤྲུལ་སྐུ་དང་། དག་པའི་གདུལ་བྱར་སངས་རྒྱས་ཀྱི་དཀྱིལ་འཁོར་ནའང་སྣང་བ་ལོངས་སྐུ་ཡིན་ལ། ཆོས་ཀྱི་སྐུ་ནི་སངས་རྒྱས་ཉིད་མ་གཏོགས་ལྷ་དང་མི་རྣམས་ཀྱིས་རྣམ་པ་ཀུན་དུ་མི་མཐོང་ངོ་། །འདིས་གཞུང་རྫོགས་པར་ཡིན་ཡང་འགྲོ་དོན་འཕེལ་བའི་རྟེན་འབྲེལ་དུ་མཁས་པ་དག་གིས་ཚིགས་བཅད་གཅིག་མཇུག་ཏུ་སྦྱར་བ་ནི། དེ་ལྟར་ན་ཡང་ཆོས་སྐུ་དེ་ཡིས་མཐུས། །གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ། །སྲིད་པ་འཇིག་རྟེན་གྱི་ཁམས་ཇི་སྲིད་གནས་ཀྱི་བར་དུ། །སངས་རྒྱས་ཆོས་སྐུ་དེ་ཡི་མཛད་པ་རྒྱུན་མི་འཆད་པར་འབྱུང་ངོ་། །འདིས་ནི་ཕྲིན་ལས་རྒྱུན་མི་འཆད་པ་བསྟན་པ་ཡིན་ནོ།། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་སྤྱོད་པ་དང་མཐར་ཐུག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྣམ་པར་བཤད་པའོ།། །། བཞི་པ་མཇུག་གི་དོན་མཛད་བྱང་ནི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། འཕགས་པ་བྱམས་པས་མཛད་པ་རྫོགས་སོ། །ཞེས་དང་། ། འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་སྟེ་ཤཱཀྱ་སེང་གེ་ཞེས་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་པཎྜི་ཏ་བ་ར་ཧི་ཏ་དང་། བྲམ་ཟེ་ཆེན་པོ་སད་ཛ་ན་དང་། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཅུང་ཟད་བཅོས་ལེགས་པར་བཤད་ནས་གཏན་ལ་ཕབ་པའོ། །ཞེས་སོ། ། ཨེ་མ། སྐལ་མང་ཚོགས་ཀྱིས་རྙེད་དཀའི་ཐེག་ཆེན་ཆོས་ཚུལ་ཀུན་འདུས་པ། །རྒྱལ་ཚབ་མཆོག་གི་བསྟན་བཅོས་འདི་དོན་བཤད་དང་ཉན་བྱས་ན། །ཐེག་ཆེན་ཆོས་ཀུན་འཆད་ཉན་བགྱིས་པའི་ཕན་ཡོན་ཀྱང་ཐོབ་པ། །ཤིང་རྟ་ཆེན་པོས་བྱང་ཆུབ་སེམས་དཔའི་ས་ལས་བཤད་དང་མཚུངས་པའི་ཕྱིར། །ཐེག་མཆོག་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ནི། །མཐའ་ཡས་འགྲོ་ལ་རབ་ཏུ་བཀྱེ་བའི་སླད། །བསྟན་པ་མཆོག་ལ་རབ་ཏུ་གུས་པ་དང་། །གཞན་ལ་ཕན་པར་འདོད་པས་འདི་བྱས་སོ། །འདིར་འབད་དགེ་ཚོགས་རབ་དཀར་ཟླ་འོད་ཀྱིས། །འགྲོ་བློའི་ཀུནྡ་གཞོན་ནུ་ཁ་ཕྱེ་ཞིང་། །ལེགས་བཤད་བསུང་ཞིམ་ཕྱོགས་སུ་ཁྱབ་པ་ཡིས། །འགྲོ་ཀུན་སེམས་ཀྱི་རྙོགས་པ་དྭངས་གྱུར་ཅིག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །འཇམ་པའི་དབྱངས་དང་རྒྱལ་ཚབ་མི་ཕམ་པའི། །དགྱེས་སྤྱན་ཨུཏྤལ་བཞད་པས་གཟིགས་བཞིན་དུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་གྱུར་ཅིག །ནམ་མཁས་མཐའི་ཁྱབ་མཐའ་ཡས་འགྲོ་བ་ཀུན། །ཐེག་པ་མཆོག་གི་ལམ་ལ་རབ་ཞུགས་ནས། །རྫོགས་སྨིན་སྦྱང་བ་རྒྱ་མཚོའི་མཐར་ཕྱིན་ཏེ། །ཐམས་ཅད་གཟིགས་པའི་གོ་འཕང་ཐོབ་པར་ཤོག ། ཅེས་པའང་ལྕགས་ཕག་གི་ལོར་རྗེ་བཙུན་མཁྱེན་པའི་བདག་པོའི་རིག་སྔགས་བཟླ་བའི་བཅད་རྒྱའི་ཚེ་དབྱར་ཕྱོགས་ཞག་བཞི་བཅུ་ཙམ་གྱི་ཐུན་གསིང་ལ། སློབ་དཔོན་ཆེན་པོ་བློ་བརྟན་གྱི་འགྲེལ་བ་གཞིར་བཞག་བྱས་ནས་དོན་གསལ་བར་བསྡུས་ཏེ་མི་ཕམ་འཇམ་དབྱངས་རྒྱ་མཚོས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒལཾ།།


ཤྲཱིཿཤྲཱིཿཤྲཱིཿབི་ཛ་ཡནྟུ། དགའ་ལྡན་ལྷ་བརྒྱའི་བདག་པོ་མ་ཕམ་པ། །ཐུབ་པའི་ཅོད་པཎ་ཉིད་ཀྱི་གཙུག་ན་བཀོད། །བྱམས་ཆེན་རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། ། རྒྱལ་ཚབ་ས་བཅུའི་དབང་ཕྱུག་ཞབས་ལ་འདུད། ༡ །གང་གི་ལེགས་གསུངས་ཆོས་ཀྱི་རྔ་བོ་ཆེ། །ཕྱོགས་བཅུའི་ཞིང་ཀུན་ཁྱབ་པར་རྗེས་འགྲོ་བའི། །ཆོས་ཚུལ་ནོར་བུའི་སྤྲིན་གྱི་བླ་བྲེ་བྲེས། །འགྲོ་བའི་ཉོན་མོངས་མེ་དབལ་བཅོམ་པར་མཛད། ༢ །ཐུབ་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ། །རྟོགས་པར་དཀའ་བ་འབུམ་ཕྲག་མང་པོ་ཡི། །ཟབ་རྒྱས་གནད་དྲིལ་རྡོ་རྗེ་རིན་པོ་ཆེའི། །རྒྱན་ཕྲེང་འཕགས་པ་ཐོགས་མེད་སྤྱི་བོར་བཅིངས། ༣ །སྡོན་རབས་འགྲེལ་པ་ངོ་མཚར་རྣམ་མང་ཡང་། །བློ་གྲོས་ཐོགས་མེད་མཁས་མཆོག་མི༵་ཕ༵མ་རྗེའི། །རྣམ་གྲོལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་འདི། །ས་གསུམ་སྐལ་བཟང་སྐྱེ་བོའི་མིག་གཅིག་པུ། ༤ །འདི་ཀོ་ལྷར་བཅས་འཇིག་རྟེན་ཀུན་གྱི་རྒྱན། །སྡེབ་ལེགས་དོན་བཟང་པདྨ་རྒྱས་པ་བཞིན། །དེ་ཕྱིར་ཐར་འདོད་རྣམས་ལ་སྨོན་པའི་བློས། །སྐྱབས་མཆོག་འཇམ་དབྱངས་བླ་མ་རྒྱལ་ཚབ་རྗེའི། ༥ །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་པ་དང་། །མཁའ་མཉམ་འགྲོ་ལ་བྱང་ཆུབ་སེམས་འཕེལ་ཆེད། །སྐུ་དབོན་བསླབ་ལྡན་དགེ་ལེགས་རྒྱ་མཚོ་དང་། །ཉེ་གནས་ཞིང་སྐྱོངས་བཅས་ཀྱི་གུས་སྦྱོར་གྱི། ༦ །རྣམ་དཀར་སྤར་གྱི་འདུ་འགོད་འཕྲུལ་པ་འདི། །སྡེ་བཞི་དགེ་བཅུའི་ཆོས་མཛོད་མཛེས་པའི་རྒྱན། །ཇི་སྲིད་ནམ་མཁའ་གནས་བར་མི་འཛད་པའི། །ཆོས་སྦྱིན་གཏན་པ་མེད་པའི་སྒོ་འཕར་དབྱེ། ༧ །འདིར་དགེས་བདག་གཞན་ཡིད་ཅན་རྒྱ་མཚོ་རྣམས། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་གཞོལ་བ་དང་། །སྤང་རྟོགས་ཡོན་ཏན་རྒྱ་མཚོར་དབང་འབྱོར་ནས། །སྐུ་དང་ཡོན་ཏན་རྒྱ་མཚོ་ཐོབ་པར་ཤོག ༨ །ཅེས་པའི་སྤར་བྱང་སྨོན་ཚིག་འདི་ཡང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།སེམས་ཅན་ཐམས་ཅད་བདེ་ཞིང་གྲོལ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །འབྲེལ་ཚད་དག་པའི་ཞིང་དུ་སྐྱེ་གྱུར་ཅིག །བཀྲ་ཤིས་བདེ་ལེགས་ཕྱོགས་དུས་ཀུན་ཁྱབ་ཤོག །ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །ཀུན་དུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་པ། །རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །ཤིང་སྤྲུལ་ཟླ༩་ཚེས༤་ཕྲལ་དྲན་དགེ།། །།