འཇིགས་མེད་རྒྱལ་བའི་མྱུ་གུ་

ཡོང་ཁུངས་Wikipedia

རྫ་འཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་ནི། བོད་རབ་བྱུང་བཅུ་གསུམ་པའི་ཤིང་མོ་བྱ་ ཕྱི་ལོ་ ༡༦༧༥ ལོར་ ཁྲོ་ཤུལ་འོམ་བུ་གོང་མའི་ ཆུ་བཟང་ལུང་བར་ ཡབ་མང་དགེ་ཨོ་རྒྱན་བཀྲ་ཤིས་དང་ ཡུམ་ཨ་བོས་བཟའ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བཅུ་གཉིས་ཐོག་ཀློག་སྐྱོར་སྦྱངས། དགུང་གྲང་བཅོ་ལྔ་ཐོག་རྗེ་བཙུན་བླ་མ་དགེ་རྩེ་རིག་འཛིན་རྒྱ་མཚོའི་དྲུང་ནས་རྩ་གསུམ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་ཞིབ་རྒྱས་སུ་ནོད་ཅིང་སྦྱང་བ་མཐར་ཆགས་སུ་བྱས་ཚེ་བླ་མ་ཐུགས་ཤིན་ཏུ་མཉེས་པའི་གསུང་བྱུང་། དགུང་གྲངས་བཅུ་དགུ་ཐོག་ཡུལ་དཔོན་དང་གཉེན་ཉེ་རྣམས་ཀྱིས་འཁོར་བའི་ཁ་འཛིན་བྱེད་དགོས་པར་བསྐུལ་བ་སོགས་ཀྱིས་རྐྱེན་བྱས་ནས་དབུས་སུ་ཆོས་བྲོས་ལ་བྱོན། རིག་འཛིན་འཇིགས་མེད་གླིང་བ་སོགས་སྐྱེས་ཆེན་དུ་མ་ལས་སྨིན་གྲོལ་གྱི་གདམས་པ་མནོས། བྲག་ཡེར་བར་གནས་འབྲེལ་བྱེད་སྐབས་སློབ་དཔོན་ཆེན་པོའི་ཞལ་དངོས་སུ་གཟིགས། དེ་ཡང་ཡེར་བའི་གད་ཕུག་ཞིག་ཏུ་བཞུགས་སྐབས་སྒྲོལ་མ་ལྷ་ཁང་གི་འདབས་དེར་སྐུ་མདོག་སྔོ་བསང་ཨ་ཙ་རའི་ཉམས་ཅན་གསུང་སྐད་འབྲུག་པར་འཆོས་པ་དབུ་ཞྭ་དམར་མདུང་ཞིག་དང་ཕྱག་མཁར་ལས་མཁོ་ཆས་གང་ཡང་མེད་པ་ཞིག་མཇལ་མ་ཐག་ཚེ་འདིའི་སྣང་ཤེས་དར་ཅིག་འགགས་ཏེ་ཨོ་རྒྱན་གྱི་སློབ་དཔོན་དངོས་སུ་མཇལ་ཡང་འདི་ལས་ལྷག་ཞིག་མེད་སྙམ་ནས་འཆི་མ་འཁྲུགས་པ་དང་ཆབ་ཅིག་ཕྱག་མཆོད་སྨོན་ལམ་སོགས་མཛད། ཉམས་རྟོགས་ལ་དོགས་སེལ་ཞུས་ཚེ་ཀློང་ཆེན་རབ་འབྱམས་དངོས་སུ་མཇལ་ཡང་འདི་ལས་མེད་སྙམ་པས་དོགས་སེལ་གནང་། གཞན་ཚེ་ཆོས་ལ་གེགས་ཡོད་མེད་དང་སྐུ་ཚེའི་སྨད་ན་ལུང་པ་ཁ་ཤར་ལྷོར་བསྟན་པ་ཞིག་ནས་འགྲོ་དོན་འབྱུང་བ་སོགས་ཁོང་གི་ཕྱག་བཏབ་པའི་དགོན་གནས་ཁྲ་མ་ལུང་སོགས་གསར་བོར་ལུང་བསྟན་འབུལ་བ་ཅུང་ཙམ་བྱས་པ་རྣམས་ང་རང་ནས་གང་ཡང་བདག་ཏུ་མི་འཛིན་གསུངས་ནས་གཤེགས། དེ་ནས་ དཔལ་གྱི་ཙཱ་རི་སོགས་གནས་མཆོག་རྣམས་སུ་ལོ་གྲངས་དུ་མར་དཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་སྙིང་པོར་མཛད། དགུང་གྲངས་ཉེར་བརྒྱད་པར་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང་མཉམ་དུ་རང་ཡུལ་ལ་བྱོན་མ་རྒན་སོགས་ལ་ཐུག་འཕྲད་བྱས། དེ་ནས་ལོ་རེ་ཟུང་ལ་མ་མོའི་དྲེའུ་དཀར་ཕུག་དང་རྫོགས་ཆེན་སོགས་ནས་མཚམས་ལ་བཞུགས་པ་དང་གདུལ་བྱ་མང་ཚོགས་ལ་དབང་དང་ཆོས་འབྲེལ་གནང་། རེ་ཞིག་ན་སླར་ཡང་དབུས་ལ་བྱོན་ནས་རིག་འཛིན་འཇིགས་མེད་གླིང་བའི་མདུན་ནས་ཟླ་བ་ཕྱེད་གསུམ་གྱི་རིང་ལ་སྨིན་ཁྲིད་ཞིབ་རྒྱས་སུ་མནོས། དེ་ནས་ཁམས་སུ་བྱོན་ནས་རང་ཡུལ་གྱི་དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོའི་སྒར་གཙོ་བོར་བྱས་པའི་དབེན་གནས་རྣམས་སྒྲུབ་པ་མཛད་པ་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་སོགས་སྐྱེས་ཆེན་དུ་མའི་ཞབས་ཏོག་བསྒྲུབས་པ་དང་། ལས་ཅན་གདུལ་བྱ་རྣམས་ལ་དབང་ཆོས་ཀྱི་འབྲེལ་གནང་བ་སོགས་མཛད། བར་སྐབས་ཚ་ཁོས་རྒྱལ་པོ་དང་མཆོག་རྩེའི་རྒྱལ་པོ་གཉིས་ཀྱི་དབུ་བླར་ལན་གཉིས་ཕེབས། དེ་ནས་དགུང་གྲངས་བཞི་བཅུ་བ་ཤིང་ཕོ་བྱི་བའི་ལོར་མཆོག་གཟིགས་དུ་མའི་ལུང་བསྟན་བཞིན་རྫ་ཁྲ་མ་ལུང་དུ་ནག་སྒར་བཏབ་ནས་སློབ་ཚོགས་རྣམས་ལ་ཆོས་གསུངས་བའི་དབུ་བཙུགས། དེ་ནས་བཟུང་ལོ་དུ་མར་དེར་བཞུགས་རྣམས་ལ་ལོ་ཁྲིད་ཆད་མེད་དང། རྫ་ཆུ་ཁ་གཙོ་བོར་གྱུར་བའི་ཡུལ་ཕྱོགས་རྣམས་སུ་བྱོན་ནས་དད་ལྡན་རྣམས་ལ་དབང་ཆོས་རྒྱ་ཆེར་གནང་བ་དང་དམར་མཆོད་ཀྱི་སྲོལ་སྣུབ། དགུང་གྲངས་ང་ལྔ་བ་ས་ཕོ་ཡོས་ཀྱི་ལོའི་སྟོན་ཐའི་ཚེས་བཅོ་ལྔའི་ཉིན་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་ལུང་བསྟན་པ་བཞིན་སྒར་རྒྱ་སྒོའི་ཕོ་བྲང་དུ་སྤོས་ནས་དེར་རྒྱུན་བཞུགས་རྣམས་ལ་དབང་ཁྲིད་དང་ཡུལ་ཕྱོགས་སོ་སོར་འགྲོ་དོན་མཛད། དགུང་གྲངས་དྲུག་བཅུ་རྩ་དྲུག་པ་ལྕགས་སྟག་ལོར་གནས་དེར་ཆུ་རྡོལ་ནས་བཞུགས་མ་བདེ་བའི་རྐྱེན་གྱིས་སྒར་རྫ་རྒྱལ་མདུན་ལུང་དུ་སྤོས་དེ་དེར་བཞུགས་ནས་སྔར་བཞིན་བསྟན་འགྲོའི་དོན་མཛད། དེ་ནས་མཐར་དགུང་གྲངས་དོན་བདུན་པ་ཆུ་སྟག་ལོའི་རྒྱལ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་མཚན་ཐུན་དང་པོའི་སྐབས་སུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་གཞན་ཡང་ཁོང་གི་རང་རྣམ་ལས་ལར་བླ་མའི་བྱ་བ་དང་མཆེད་གྲོགས་ཉམས་ཐག་པའི་སེམས་ཅན་སོགས་ལ་ནམ་ཡང་ལུས་སྲོག་ཅི་མི་སྙམ་དུ་འདོར་ཕོད་པ་འདི་ཁོ་བོའི་རྣམ་ཐར་གྱི་དོན་པོ་ཡིན་གསུངས་སོ།། །།