འཇམ་དབྱངས་སེང་གེ་

ཡོང་ཁུངས་Wikipedia
File:འཇམ་དབྱངས་སེང་གེ།.jpg

ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

འཇམ་དབྱངས་སེང་གེ་ནི་དེང་དུས་སྙན་ངག་མཁས་པ་ཞིག་དང་རང་རེའི་མི་རིགས་ལ་ལྷག་བསམ་བཅང་མཁན་གྱི་ཕུལ་བྱུང་མི་སྣ་ཞིག ད་དུང་རྒྱལ་བའི་བསྟན་པ་སྐྱོངས་མཁན་གྱི་སེར་མོ་བ་ཞིག་ཀྱང་ཡིན། སྨྱུག་མིང་རྩ་ཕྲན་དུ་འབོད།

ལོ་རྒྱུས།[རྩོམ་སྒྲིག]

ཁོང་ནི་ལྷོ་ཁ་ཡར་འབྲོག་གཡུ་མཚོའི་འགྲམ་ནས་ལྟེ་ཁྲག་འཕོས། སློབ་ཆུང་མཐར་ཕྱིན་རྗེས་དྭངས་ལུང་བསམ་བསྟན་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས། མཚོ་སྔོན་ཁུལ་དང་། གྲྭ་སྡིངས་པོ་ཆེ་ནང་བསྟན་སློབ་གླིང་སོགས་སུ་སློབ་གཉེར་མཛད་ནས་ཕུལ་བྱུང་གི་གྲུབ་འབྲས་བླངས། སྔ་རྗེས་སུ་སྦྲང་ཆར་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། སྤང་རྒྱན་མེ་ཏོག གངས་ལྗོངས་རིག་གནས་སོགས་ལྗོངས་ཕྱི་ནང་གི་དུས་དེབ་དང་། ཚགས་པར་སོགས་སུ་རྩོམ་ཡིག་སྤེལ་ཡོད། ༢༠༠༤ལོའི་ཟླ་བ་དང་པོར་བཀའ་རྒྱུད་པའི་བཤད་གྲྭ་ལུང་རིགས་སྨྲ་བའི་དགའ་ཚལ་ནས་མཁན་པོའི་མཚན་རྟགས་བླངས་ཏེ་གསང་སྔགས་ཆོས་གླིང་དགོན་དུ་བཤད་གྲྭའི་མཁན་པོ་མཛད། དེ་གར་སློབ་མ་རྣམས་ལ་སུམ་རྟགས་དང་། སྙན་ངག དམ་ཆོས་ཐར་རྒྱན་སོགས་ཀྱི་འཆད་ཁྲིད་མཛད་ནས་སློབ་མའི་ཚོགས་རྣམས་དྲིན་གྱིས་བསྐྱངས། དེ་རྗེས་༢༠༠༥ལོའི་ཟླ་བ་༧པའི་ཚེས་༡༨ཉིན་གནས་མཆོག་ཙ་རི་ཊ་ཞེས་པའི་དཔའ་བོའི་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བའི་གནས་ཁྱད་པར་ཅན་དེ་ནས་ཞིང་ཁམས་གཞན་དུ་གཤེགས།

File:འཇམ་དབྱངས་སེང་གེའི་སྙན་དེབ་《མི་》.jpg

བརྩམས་ཆོས།[རྩོམ་སྒྲིག]

ཁོང་གི་བརྩམས་ཆོས་གཙོ་བོ་《མི》ཞེས་པའི་སྙན་དེབ་ཆུང་ངུ་ཞིག་ཡོད་པ་དང་། དེའི་ནང་མི་རིགས་འདིའི་ལག་ལེན་དངོས་ཀྱི་བྱ་བཞག་ཁྲོད་ནས་གཞན་གྱི་རྗེས་སུ་ལུས་པའི་སྣང་ཚུལ་ལ་ཞེ་ནས་སྐྱོ་བཞིན་པའི་སྙན་ཁག་མཁན་ཁོང་རང་དམར་བརྗེན་དུ་ཕུད་ནས་མི་ཡུལ་འདིའི་ཟས་རིན་དུ་ཕུལ་བའི་《མི》འདི་ནི་གནས་ལུགས་དང་དྲངས་བདེན་གྱི་མངར་ཁ་ལས་བཏོན་པའི་རྣམ་དཔྱོད་ཀྱི་རལ་གྲི་ཡིན་ལ། རང་རིགས་ལ་དུངས་པས་བརྩེ་བ་དང་ལ་རྒྱའི་སྤོབས་པའང་ཡིན། ཁོང་གི་སྙན་དེབ་དེར་གནས་ལུགས་ཟབ་མོ་ལྡན་ཅིང་བདེན་དཔང་གི་བ་གདན་ལྟ་བུ་ཡིན། ཁོང་གི་སྙན་དེབ་དེས་དེང་དུས་བོད་རིགས་བློ་ལྡན་གཞོན་ནུའི་ཁྲོད་བག་ཆགས་ཟབ་མོ་བཞག་པ་མ་ཟད་གཞོན་ནུ་མང་དག་གཅིག་ལ་སྙན་ངག་རྩོམ་པའི་སྐུལ་མ་ཡང་ཐེབ་ཡོད།

དགེ་བའི་ཤེས་གཉེན་གྱི་འདེངས་འཇོག །[རྩོམ་སྒྲིག]

ཕྲན་གྱི་སློབ་བུ་དམ་པ་ལྔ་རིག་སྨྲ་བའི་ཉིན་བྱེད་མཁས་པ་འཇམས་དབྱངས་སེང་གེ་གློ་བུར་དུ་ཞེ་བར་བཤེགས་པ་འདི། རང་རེའི་མི་རིགས་དང་བསྟན་པ་ལ་གེགས་ཆག་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། ལྷག་པར་དུ་ལ་རྒྱ་ཆེ་བའི་གངས་རིའི་བུ་ཕྲུག་རྣམས་ཀྱི་སྙིང་ལ་ཟུག་ངུའི་མེ་ལྕེ་དང་འགྱོད་གདུང་གི་དུ་ཞགས་གཉིས་པོ་འགྲན་པ་བཞིན་དུ་འཕེལ་བ་ནི་སྨོས་ཅི་དགོས། ——ཤཱཀྱའི་དགེ་སློང་བསྟན་པ་རབ་རྒྱས་ནས།