Jump to content

འཇམ་དབྱངས་མཁྱེན་བརྩེའི་དབང་པོ་

ཡོང་ཁུངས་Wikipedia

ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དངཔོ་ནི། དུས་རབས་བཅུ་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་མཚན་སྙན་ཆེ་བ་ཞིག་སྟེ། ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་སུ་མ་ཆད་པའི་བླ་མ་བརྒྱ་ཕྲག་ཕྱེད་དང་གཉིས་ཀྱི་ཞབས་ལ་གཏུགས། དུས་རབས་བཅུ་དགུ་པའི་སྨད་ལ་ཁོང་གི་ཞལ་སློབ་ཏུ་བོད་མདོ་ཁམས་ཁུལ་གྱི་བླ་སྤྲུལ་སོགས་སྐྱེས་ ཆེན་དམ་པ་གྲངས་ལས་འདས་པ་བྱོན། དཔལ་ས་སྐྱ་ངོར་གྱི་ཡན་ལས་ཏུ་གྲགས་པ་རྫོང་སར་དགོན་པ་རང་གི་གདན་ས་མཛད་དེ་དབུས་སུ་ལན་གཉིས་ཙམ་དང་མདོ་ཁམས་ཡུལ་གྲུ་ཁག་ལ་ལན་མང་ཞབས་ཀྱིས་བཅགས། འཇམ་མགོན་ཀོང་སྤྲུལ་དང་གཏེར་སྟོན་མཆོག་གྱུར་གླིང་པ་རྣམ་གཉིས་དང་ལྷན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་བཅོས་སོགས་ཀྱི་བྱ་བ་རླབས་ཆེན་མཛད་པའི་སྨིན་འབྲས་དུས་ད་ལྟའང་ཚོར་ཐུབ་པ་ཡིན། ཁོང་ནས་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་མཛོད་ཆེན་ལྔ་དང་། དེ་བཞིན་མཆོག་གྱུར་གླིང་པས་བཏོན་པའི་གཏེར་མ་ཕྱོགས་བསྒྲིགས་པར་སྐྲུན་སོགས་ཀྱི་ཐད་མཐུན་འགྱུར་རྒྱ་ཆེར་བསྒྲུབས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་འཇམ་མགོན་ཀོང་སྤྲུལ་གྱིས་གཏེར་སྟོན་རྒྱལ་པོ་ལྔའི་ཐ་མར་བགྲངས།


གཏེར་སྟོན་རྒྱལ་པོ་ལྔ་པ་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་ཟུང་དུ་འཇུག་པའི་རྣམ་རོལ། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ་འཇམ་དཔལ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། ཡབ་གཉོས་རིགས་དྲུང་ཆེན་དབང་རྒྱལ་དང༌། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུས་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ། མདོ་ཁམས་སྡེ་དགེ་གཏེར་ཀླུང་དེལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཐུགས་ཀྱིས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛ་ཊཱིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང༌། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ནར་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་བ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག །ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང༌། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང༌། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང༌། འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ་ཞིང༌། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན། རྗེ་འདིས་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང༌། ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱངས་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། དེ་དང་དེའི་རིང་ལུགས་ཕྱག་སྲོལ་འཕྱུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མེད། མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང༌། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བར་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང༌། གསུང་རྟེན་གླེགས་བམ་པུ་སྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡོམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་རྒུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང༌། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང༌། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་སྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང༌། སྒོས་གྲུབ་མཐའ་དག་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང༌། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམས་ཆུང༌། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང༌། རྒྱ་བོད་ཀྱི་དཔོན་ཆེན་མང་པོའི་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པ་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམས་པའི་ཆོས་སྦྱིན་རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུ། ཆོས་བརྒྱད་ཀྱི་འཆིང་བ་ལས་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན་མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་གི་རྒྱལ་པོའི་རྣམ་ཐར་བཟུང༌། སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང༌། རྗེ་བཙུན་གྲོལ་མཆོག་གི་གསུང་ཁྲིད་རྒྱ་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབ་པ་འདི་ཁོ་ནའི་རྣམ་ཐར་ཡང་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ་སྤོང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བརྩམས་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པའི་ཟམ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ། སོ་སོ་ནས་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་གསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་རྫོགས་པར་གསན་ཅིང༌། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང༌། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས། ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང༌། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་མོ། །ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིག་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང་༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང་༔ ཞེས་དང༌། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་སྩལ་བས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབས། ཐོག་སོ་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་ གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང༌། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འོ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབོར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་དུ་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང༌། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་བས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག །སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱིས་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྔོན་ལུང་བསྟན་གྱིས་ཕུང༌། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པར་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང༌། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུ་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་བཀའི་བབས་དང་པོའོ། ། གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང༌། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་ཅིང༌། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞི་སྒྲུབ་ཐབས་ཀྱི་སྐོར་དང༌། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང༌། སི་དུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨའི་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་རྩ་བ་ཙམ་རེ་ལས་གཏན་ལ་འབེབས་པར་མ་གནང་ཞིང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང༌། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་ཀེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་ཀྱི་གཏེར་ཁ་ཐུན་མོང་བར་སྣང་ངོ༌། ། གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཞིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡ་བསྒྱུར་བ་དང༌། འགའ་ཞིག་བརྡ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕེབ་ཅིང༌། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་ཆད་པ་སྣ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བའི་ཐུགས་རྩོལ་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་བཞིན་ཡང་གཏེར་ཉེ་བརྒྱུད་ཀྱི་རིགས་ཤིན་ཏུ་མང་བ་བྱོན་པ་རྣམས་རིན་ཆེན་གཏེར་གྱི་མཛོད་དུ་བཞུགས་པ་ལྟར་རོ། ། བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་ནས་ཚེས་བཅུའི་ཚོགས་མཆོད་སྐབས་གུ་རུ་རིན་པོ་ཆེས་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་མཛད་སྐབས་སུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང༌། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང༌། གྲུབ་ཐོབ་ཐུགས་ཏིག་གི་སྐོར་སྔར་སྨོས་པ་སོགས་ཡིན་ལ། འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་ཕུལ་དུ་གྱུར་པའོ། ། ལྔ་པ་རྗེས་དྲན་ནི། བོད་དུ་བྱོན་སྐབས་གཙང་འུ་ཡུག་གི་མདོར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟར་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང༌། ལང་གྲོ་དཀོན་འབྱུང་གི་སྔོན་གནས་གི་རྗེ་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ། ། དྲུག་པ་དག་སྣང་ནི། གོང་སྨོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང༌། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་མོ། ། བདུན་པ་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད། ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་སྩལ་བ་གཏན་ལ་ཕབ་པ་རྣམས་ཏེ། དེ་དག་ནི་གསང་བའི་རྣམ་པར་ཐར་པའི་སྙིང་པོ་མདོ་ཙམ་སྨོས་པ་ཡིན་ནོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་ཤེར་ཕྱོགས་དགའ་བ་གཉིས་པའི་ནང་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་བཞག་བཞིན་པའི་ངང་ནས་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ། །སླར་ཡང་ལུང་དོན་བཞིན་སྤྲུལ་གཞི་རི་བོ་རྩེ་ལྔ་ནས་མཆོག་གི་སྤྲུལ་པའི་སྐུའི་བཀོད་པ་ལྔ་གཅིག་ཅར་དུ་སྣང་བར་མཛད་པས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དང་མཛད་བཞིན་པ་འདིའོ།། །།༼བདུད་འཇོམས་ཆོས་འབྱུང་ལས་དྲངས།༽


འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྣམ་ཐར་ནི། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་མདོར་བསྡུས་ལས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་ནི། ཡབ་གཉོས་ཀྱི་རིགས་ལས་དཔལ་འབྲི་གུང་བྱང་ཆུབ་གླིང་པའི་དབོན་བརྒྱུད་སྡེ་དགེའི་དྲུང་ཆེན་རིན་ཆེན་རྣམ་རྒྱལ་དང༌། ཡུམ་སོག་བཟའ་དགེ་རབ་གཉེར་ཆེན་མགོན་ཚེའི་བུ་མོ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོའི་ཧོར་ཟླ་དྲུག་ པའི་ཚེས་ལྔ་སྤྱི་ལོ་1820ལོར། མདོ་ཁམས་སྡེ་དགེའི་གཏེར་ཀླུང་དིལ་མགོ་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེར་འདབས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་གསན། སྐུ་ཆུང་ངུའི་དུས་ནས་མཁྱེན་རབ་ཀྱི་རྩལ་རྫོགས་པས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ཐོག་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་ངོས་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དགུང་ལོ་ཉེར་གཅིག་པར་སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་དང༌། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ས་སྐྱ་པ་རྡོ་རྗེ་རིན་ཆེན། ཐར་རྩེ་མཁན་ཆེན་སྐུ་མཆེད་སོགས་དབུས་གཙང་ཁམས་གསུམ་དུ་བཞུགས་པའི་ས་དགེ་བཀའ་རྙིང་གི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང༌། རིག་པའི་གནས་ལ་མཁས་པའི་གཙུག་ལག་སྨྲ་བའི་དབང་པོ་བརྒྱ་དང་ལྔ་བཅུ་ལྷག་ཡོངས་འཛིན་དུ་བསྟེན། བཟོ་གསོ་སྒྲ་ཚད་ཡན་ལག་དང་བཅས་པ་ཐུན་མོང་རིག་གནས་རྣམས་དང༌། དབུ་ཕར་འདུལ་མཛོད་སོགས་རྒྱུ་མཚན་ཉིད་ཐེག་པའི་གཞུང་བཤད་སྐོར། བདེ་དགྱེས་གསང་གསུམ། དུས་འཁོར། གསང་སྙིང་སོགས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ཟབ་ཁྲིད་བཅས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་མཐའ་དག་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད།

མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་ཞིང་མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད་པ་སྔ་འགྱུར་རྙིང་མའི་བཀའ་གཏེར་དག་སྣང་གི་ཆོས་བཀའ་རྣམས་དང༌། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་རིམ་པར་བརྒྱུད་ཅིང་འཇམ་མགོན་བློ་བཟང་གྲགས་པའི་དཔལ་ལས་ལེགས་པར་སྤེལ་བའི་བཀའ་གདམས་གསར་རྙིང་གི་ལྷ་ཆོས། གྲུབ་ཆེན་བི་རཱུ་པའི་ཐུགས་བཅུད་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལས་བྱོན་ཅིང་ས་ངོར་ཚར་གསུམ་སོགས་སུ་བརྒྱུད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག མར་མི་དྭགས་གསུམ་ལས་བརྒྱུད་ཅིང་མཆེད་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་བཅས་བཀའ་བཞི་བརྒྱུད་པའི་མན་ངག མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པའི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུའི་གསེར་ཆོས། འཕགས་ཡུལ་རིག་ལྡན་ཆོས་རྒྱལ་རྣམས་དང་དུས་ཞབས་པ་སོགས་ལས་འོངས་ཤིང་བོད་དུ་སྔ་ཕྱི་བར་གསུམ་ལས་ལུགས་སྲོལ་བཅུ་བདུན་སོགས་ཀྱི་རྒྱུན་མཆེད་པ་དང་དེ་དག་གཅིག་ཏུ་འདུ་བ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སོགས་ལས་ལེགས་པར་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། ཕ་ཅིག་དམ་པ་སངས་རྒྱས་ལས་བརྒྱུད་པའི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་དང༌། དེ་ལས་རིམ་བཞིན་མ་གཅིག་ལབ་ཀྱི་སྒྲོལ་མ་སོགས་ལས་བརྒྱུད་པའི་གཅོད་ཡུལ་ཡན་ལག་དང་བཅས་པའི་ཟབ་ཆོས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱིས་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་ཐུགས་ཀྱི་ཟུང་བཅུད་བསྩལ་ཞིང་དེ་ལས་རིམ་པར་བརྒྱུད་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས་གངས་ཅན་གྱི་ལྗོངས་སུ་མན་ངག་གཙོ་བོར་བྱེད་པ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པ་དེ་དག་གི་བརྒྱུད་པ་ཟམ་མ་ཆད་ཅིང་སྔོན་གྱི་ཕྱག་སྲོལ་མ་ཉམས་པར་ཡོད་པ་ཐམས་ཅད་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་གཙུག་ཏུ་བསྟེན་ཏེ་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པ་ཚང་ལ་མ་ནོར་བ་ཞལ་ནས་སྙན་དུ་བརྒྱུད་དེ་ཐུགས་ཀྱི་དཔལ་བེར་གཏམས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྙིང་མ་རྒྱུད་འབུམ། བསྟན་འགྱུར་གྱི་ཁྲོད་ལས་ལུང་རྒྱུན་གང་བཞུགས་སོ་ཅོག་གི་གཙོས་འཕགས་བོད་རིས་མེད་ཀྱི་གསུང་ཆོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླགས་ལུང་རྣམས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་ཆེན་པོས་གསན་བཞེས་མཛད།

དེ་ལྟར་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མ་ཟད། བསྒོམ་བསྒྲུབ་ཚད་དུ་འཁྱོལ་བས་ཉམས་རྟོགས་ཀྱི་ཡོན་ཏན་བླ་ན་མེད་པ་འཕེལ་ཏེ། གུ་རུ་མཚོ་སྐྱེས་རྡོ་རྗེའི་དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་དབུགས་དབྱུང་བའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་འཆད་སྤེལ་གྱི་བཀའ་བབ་དང༌། གནས་བྲག་དམར་མགྲིན་བཟང་དང༌། འདམ་ཤོད་སྙིང་དྲུང༌། གཏེར་ཀླུང་པདྨ་ཤེལ་རི་སོགས་ནས་གཏེར་སྒྲོམ་དྲངས་པ་བཅས་ས་གཏེར་གྱི་བཀའ་བབ་དང༌། བརྡ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་ཀློང་དུ་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང༌། གུ་རུ་རིན་པོ་ཆེའི་གཏེར་སྟོན་སོ་སོའི་སྐུའི་རྣམ་པས་དབང་ཁྲིད་ཆིག་རྫོགས་སུ་བསྩལ་བས་ཡང་གཏེར་ཉེ་བརྒྱུད་ཀྱི་བཀའ་བབ་དང༌། རིགས་བདག་ཡི་དམ་སོ་སོའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་མཐུ་ལས་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་ཐོལ་བྱུང་དུ་བབ་པ་ཟབ་མོ་དགོངས་པའི་གཏེར་གྱི་བཀའ་བབ་དང༌། སྔོན་གྱི་གནས་དུས་རྗེས་སུ་དྲན་པ་ལ་བརྟེན་ནས་ཆོས་སྐོར་གཏན་ལ་ཕབ་པ་རྗེས་དྲན་ཆོས་བཀའི་བཀའ་བབ་དང༌། གཞན་ཡང་དག་སྣང་གི་བཀའ་བབ་དང༌། སྙན་བརྒྱུད་ཀྱི་བཀའ་བབ་བཅས་ཁྱད་པར་གྱི་བཀའ་བབ་ཆེན་པོ་དེ་དག་དང་ལྡན་པས་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་སྙན་དབྱར་གྱི་རྔ་གསང་བོད་གངས་ཅན་གྱི་ལྗོངས་སུ་ཁྱབ་པར་གྱུར།

རྗེ་འདི་ཉིད་ཀྱི་མདོ་རྒྱུད་མན་ངག་དང་བཅས་པ་གང་གསན་པ་ཐམས་ཅད་གདུལ་བྱ་སོ་སོའི་མོས་སྐལ་དང་འཚམས་པར་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བསྐྱངས་པས་ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་གཞིར་བཞེངས་སུ་བསླངས།སྐྱེ་འགྲོ་རྣམས་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད།རྗེའི་ཞལ་སློབ་གཙོ་བོར་གྱུར་པ་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་ཆེན་རྣམས་དང༌།ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།ན་ལེནྡྲའི་གཟིམས་འོགངོར་གྱི་མཁན་ཞབས་ཕལ་ཆེར་སོགས་ས་སྐྱའི་རྗེ་བཙུན་དམ་པ་རྣམས་དང༌།རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ།གཏེར་སྟོན་མཆོག་གྱུར་གླིང་པ།སི་ཏུ་པདྨ་ཀུན་བཟང༌།སྟག་ལུང་མ་རིན་པོ་ཆེ།བླ་སློབ་གཉིས་ཀར་གྱུར་པ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རྒྱལ་བ་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང༌།དཀོན་མཆོག་བསྟན་པ་རབ་རྒྱས།བྲག་གཡབ་ནོ་མིན་ཧན་ཆེན་པོ།ལི་ཐང་མཁན་ཆེན་བྱམས་པ་ཕུན་ཚོགས་སོགས་རི་བོ་དགེ་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང༌།གཞན་ཡང་ཀློག་པ་ཐོས་བསམ་པ་དང༌།སྤོང་བ་བསམ་གཏན་པ།གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་སོགས་བསྟན་འཛིན་གྱི་སྐྱེས་བུ་གྲངས་ལས་འདས་པ་བྱོན།དད་ལྡན་སློབ་ཚོགས་ཀྱིས་ཕུལ་བའི་ཟང་ཟིང་གི་དངོས་པོ་གང་བྱུང་ཐམས་ཅད་ཀྱིས་སྐུ་རྟེན་གསེར་ཟངས་ལས་བཞེངས་པའི་སངས་རྒྱས་ཀྱི་སྣང་བརྙན་ཉིས་སྟོང་ཙམ་དང༌།གསུང་རྟེན་ཤིང་པར་དུ་བཀོད་པ་པོ་ཏི་བཞི་བཅུ་ལ་ཉེ་བ་དང༌།བྲིས་མ་སོགས་པོ་ཏི་ཉིས་སྟོང་ཙམ་དང༌།ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོ་གཙོས་བརྒྱ་ལྷག་ཙམ་གསེར་ཟངས་ཀྱིས་བསྐྲུན།སྐུ་གསུང་ཐུགས་ཀྱི་རྟེན་དེ་དག་བཞུགས་སུ་གསོལ་བའི་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས།གནས་དེ་རྣམས་སུ་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ཞུས་ཏེ་དུས་དང་རྒྱུན་གྱི་མཆོད་པ་བཙུགས།དུས་འཁྲུག་གི་དབང་གིས་དགོན་པ་ཉམས་རྒུད་གྱུར་པ་རྣམས་ལ་བབ་དང་བསྟུན་པའི་གནང་སྦྱིན་དང་མཆོད་ཐེབས་ཀྱི་ཞལ་འདེབས་སོགས་རྒྱ་ཆེར་བསྩལ། རྒྱ་བོད་ཀྱི་མི་དཔོན། སྡེ་དགེའི་རྒྱལ་བློན་རྣམས་ལ་མཐུན་སྦྱོར་དང༌།ཞལ་ཏ་བསླབ་བསྒོ་གནང་བ་སོགས་བསྟན་འགྲོ་ལ་སྨན་པའི་བྱ་བ་ལས་ཀྱི་འཁོར་ལོ་འགྲན་ཟླ་དང་བྲལ་བར་མཛད།དེ་ལྟར་སྐུ་དངོས་ཀྱི་རླབས་ཆེན་ཕུལ་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ཏེ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལོའི་ཟླ་བ་གཉིས་པའི་ཚེས་ཉེར་གཅིག་ཉིན་སྤྱི་ལོ་1892ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུན་མིན་གྱི་སྐུའི་ཡོན་ཏན་དང་མཛད་པ་ནི།དེ་ཡང་སྐུའི་ཡོན་ཏན་བཀའ་བབ་བདུན་གྱི་ཆེ་བ་ནི།བཀའ་གཏེར་འཆད་སྤེལ་གྱི་བཀའ་བབ་དང་གཅིགས་གཏེར་གྱི་བཀའ་བབ་དང་གཉིས།ཡང་གཏེར་ཉེ་བརྒྱུད་ཀྱི་བཀའ་བབ་དང་གསུམ།ཟབ་མོ་དགོངས་གཏེར་གྱི་བཀའ་བབ་དང་བཞི།རྗེས་དྲན་ཆོས་བཀའི་བཀའ་བབ་དང་ལྔ།དག་སྣང་གི་བཀའ་བབ་དང་དྲུགསྙན་བརྒྱུད་ཀྱི་བཀའ་བབ་དང་བདུན་ཏེ་བཀའ་བབ་བདུན་ལྡན་གྱི་ཡོན་ཏན་ཟེར།ཕྲིན་ལས་ཀྱི་ཆེ་བ།རྗེ་ཉིད་ཀྱི་གསུང་འབུམ་པོད་བཅུ་གསུམ་དང༌།ལྷག་པར་དུ་ས་སྐྱའི་གསེར་ཆོས་བཅུ་གསུམ་གཙོ་བོར་བྱས་པའི་གྲུབ་མཐའ་རིས་མེད་ཀྱི་གསང་སྔགས་གསར་མའི་རྒྱུད་སྡེ་ཐམས་ཅད་ཀྱི་དབང་ལུང་ཡོངས་སུ་རྫོགས་པར་ཞུས་ཞིང་དེ་དག་གི་སྒྲུབས་ཐབས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་པོ་ཏི་བཅུ་བཞི་བཞུགས་པ་ལ་སྒྲུབ་ཐབས་ཀུན་འདུས་ནི།གངས་ཅན་ལྗོངས་འདིར་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་ཀྱི་སྒྲུབ་ཐབས་ཕྱག་ལེན་ཐམས་ཅད་ཚང་ལ་མ་ནོར་བའི་བང་མཛོད་ལྟ་བུ་ཞིག་ཡིན།


སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང་ལས་ཚན་བཤུས་བྱས།

རྩོམ་པ་པོ།སྡེ་དགེ་ཐུབ་བསྟན་ཕུན་ཚོགས།