འཆི་ལྟས་མཚན་མ་རང་གྲོལ་

ཡོང་ཁུངས་Wikipedia

༁ྃ ༔ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔འཆི་ལྟས་མཚན་མ་རང་གྲོལ་བཞུགས་སོ། །ཞི་ཁྲོ་རང་གསལ་སྐུ་གསུམ་ལྷ་ལ་འདུད༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔བར་དོ་ཐོས་པ་རང་གྲོལ་ཆ་རྐྱེན་དུ༔ འཆི་བ་བརྟག་ཐབས་མཚན་མ་རང་གྲོལ་བསྟན༔འདི་ལ་ཡང་ཡང་ལྟོས་ཤིག་རིགས་ཀྱི་བུ༔ ས་མ་ཡ༔ ཀྱེ་མ འདུས་བྱས་ལས་དང་རྐྱེན་ལས་གྲུབ་པ་ཡི༔ སྒྱུ་མ་གཟུགས་ཀྱི་ཕུང་པོ་ཉམས་ཆུང་འདི༔ རྟག་མི་ཐུབ་སྟེ་རླུང་གསེབ་མར་མེ་འདྲ༔ འཆི་བའི་རྐྱེན་དུ་མ་གྱུར་གཅིག་ཀྱང་མེད༔ དེ་ཡང་འཆི་བ་ནམ་འོང་ཆ་མེད་པས༔ རྒྱུན་དུ་འཆི་ལྟས་བརྟག་ཅིང་དགེ་བར་འབད༔ སེམས་ཅན་མི་རྣམས་འཆི་བའི་རྐྱེན་གཉིས་ཏེ༔ དུས་མིན་འཆི་དང་ཚེ་ཟད་འཆི་བའོ༔ དུས་མིན་གློ་བུར་འཆི་བ་བསླུས་ན་བཟློག༔ ཚེ་ཟད་འཆི་བ་མར་མེ་སྣུམ་ཟད་བཞིན༔ བསླུས་པས་བཟློག་ཐབས་མེད་པས་འགྲོ་གྲབ་བྱ༔ གང་ཡང་འདི་ལྟར་བརྟག་པ་རབ་ཏུ་གཅེས༔ འདི་ལ་སྤྱི་དོན་རྣམ་པ་དྲུག་གིས་བསྟན༔ ཕྱི་དང་༡ནང་དང་༢ གསང་བའི་༣ འཆི་ལྟས་དང༔ རིང་བའི་འཆི་ལྟས་༤ ཉེ་བའི་འཆི་ལྟས་༥དང༔ འཆི་ལྟས་ཐོར་བུ་༦དག་དང་དྲུག་གི་བསྟན༔ དེ་ལ་ཐོག་མར་འཆི་བ་བརྟག་པའི་ཚེ༔ བླ་མ་ཡི་དམ་མཁའ་འགྲོ་ཚོགས་ཀྱིས་མཆོད༔ ཆོས་སྐྱོང་སྲུང་མ་གཏོར་མས་མཉེས་པར་བྱ༔མཆེད་ལ་ཚོགས་དྲངས་འགྲོ་ལ་སྦྱིན་པ་བཏང༔ དེ་ནས་འཆི་བ་ལེགས་པར་འདི་ལྟར་བརྟག༔ དང་པོ་ཕྱི་ཡི་བརྟག་པ་ཕུང་པོ་ལ༔ འཆི་བའི་རྟགས་ནི་འདི་ལྟར་འབྱུང་བས་བརྟག༔ དེ་ཡང་འབྱུང་བཞིའི་བསྡུས་པའི་ཕུང་པོ་འདི༔ ཞིག་པའི་སྔ་ལྟས་འདི་ལྟར་སྔོན་ནས་འབྱུང༔ སྔར་བས་ལྟོ་ཆུང་དབང་པོ་མི་གསལ་ཞིང༔ ལུས་ངག་ཡིད་ནི་ཚིག་པ་ཟ་བ་དང༔ རང་སེམས་ཕྱ་ཕྱོད་སྐྱེ་ཞིང་རྨི་ལམ་འཁྲུགས༔ གཤིས་འགྱུར་ཤ་མདོག་ངེས་མེད་འགྱུར་བ་རྣམས༔ ཚེ་ལ་བར་ཆད་འབྱུང་བའི་སྔ་ལྟས་ཡིན༔ཁྱད་པར་ལུས་ཀྱི་འཆི་ལྟས་ངེས་པ་ནི༔ ཡན་ལག་སེན་མོའི་ཁྲག་མེད་བཀྲག་འཆོར་ན༔ ཟླ་བ་དགུ་ཡི་ཉི་མ་ཕྱེད་ནས་འཆི༔ མིག་སྤྲིན་ཡལ་ན་ཟླ་བ་ལྔ་ནས་འཆི༔ ལྟག་སྐྲ་གྱེན་ལོག་ཟླ་བ་གསུམ་ནས་འཆི༔ གཅིན་དང་རྟུག་པ་སྦྲིད་པ་རྣམ་པ་གསུམ༔ དུས་གཅིག་དག་ཏུ་བྱུང་ན་འཆི་ལྟས་ཡིན༔ གཅིན་ནི་ཁ་བྲག་གཉིས་སུ་བབ་པ་དང་༔ ཤ་རྣམས་ཐམས་ཅད་ལྷོད་ཅིང་འཕྱང་བ་དང་༔ གཤང་གཅི་ཐིག་ལེ་མཉམ་དུ་བབ་པ་དང་༔ སྔོན་ཆད་མེད་པའི་དྲི་མ་ལུས་ལ་མནམ༔ སྔར་དང་མི་འདྲ་སྤྱོད་པ་འགྱུར་བ་དང་༔ ངོ་ཚ་ཆུང་ཞིང་བཞིན་མདངས་ཉམས་པ་དང་༔ སྐད་ཀྱི་གདངས་ཉམས་མིག་གི་རྣམ་པ་ཉམས༔ སྣ་གོང་དག་ཏུ་རྡུལ་གྱིས་གོས་པ་དང་༔ མིག་གི་གཟུགས་ཀྱི་རྣམ་པ་མི་གསལ་ཞིང་༔ ཡང་ན་ལོག་པར་མཐོང་བ་ལ་སོགས་དང་༔ སྒྲ་མི་ཐོས་དང་ལོག་པར་ཐོས་པ་དང་༔ དྲི་མི་ཚོར་དང་ལོག་པར་ཚོར་བ་དང་༔ རོ་མི་ཚོར་དང་ལོག་པར་ཚོར་བ་དང་༔ རེག་མི་ཚོར་དང་ལོག་པར་ཚོར་བ་དང་༔ སྨིན་མཚམས་བྱི་ཞིང་སྤྱི་བོའི་རླང་པ་ཆད༔ དེ་རྣམས་འཆི་བདག་ལག་ཏུ་སོང་བའི་རྟགས༔ གཞན་ཡང་ན་ཚ་མེད་པའི་དུས་ཀྱི་ཚེ༔ མིག་གཉིས་མཛུབ་མོས་མནན་པའི་འོད་ཀོར་ཡང་༔དེ་ཡང་མིག་གཡོན་འོག་ནས་མེད་གྱུར་ན༔ ཟླ་བ་དྲུག་ནས་འཆི་བར་འགྱུར་བ་ཡིན༔སྟེང་ནས་མེད་ན་ཟླ་བ་གསུམ་ནས་འཆི༔ སྣ་ཡི་ངོས་ནས་མེད་ན་ཟླ་བ་གཅིག་ནས་འཆི༔ རྣ་བ་ངོས་ནས་མེད་ན་ཟླ་བ་གཉིས༔ གཡས་པའི་མིག་གི་འོག་ནས་མེད་གྱུར་ན༔ ཞག་མ་བཅུ་ནས་འཆི་བར་ཤེས་པར་བྱ༔ སྟེང་ནས་མེད་ན་ལྔ་ནས་འཆི་བར་འགྱུར༔རྣ་བའི་ཕྱོགས་ནས་མེད་ན་ཞག་གསུམ་མོ༔ སྣ་ཡི་ཕྱོགས་ནས་མེད་ན་ཞག་གཉིས་ནས༔ ན་ཚ་མེད་ཀྱང་འཆི་བ་ཤེས་པར་བྱ༔ གཉིས་པ་རྣ་བ་མཛུབ་མོས་བཀག་པ་ཡི༔ ཚེས་གཅིག་ནངས་པར་འུར་སྒྲ་མེད་གྱུར་ན༔ ལོ་དྲུག་དུས་སུ་འཆི་བར་ཤེས་པར་བྱ༔ཞག་གཉིས་བར་དུ་མེད་ན་ལོ་དྲུག་ལ༔ ཟླ་བ་གཉིས་ཀྱི་ནང་དུ་ནུར་ནས་འཆི༔ དེ་བཞིན་ཞག་རེས་ཟླ་བ་གསུམ་གྱི་ནི༔ ནང་དུ་ཚུར་ལ་ནུར་ནས་འཆི་བར་འགྱུར༔ ཚེས་གྲངས་གསུམ་བཞི་གང་ལ་མེད་གྱུར་ཀྱང་༔ ཟླ་བ་གསུམ་གསུམ་ནང་དུ་ནུར་ནས་འཆི༔ ཚེས་གྲངས་ངེས་པ་ཁོ་ནའང་མེད་ཅེས་གསུངས༔གཞན་ཡང་འཆི་ལྟས་ཁྲོ་ཞིང་ཚིག་པ་དང་༔ གང་དུ་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་༔ དག་སྣང་མོས་གུས་རྣམས་ཀྱང་ཤོར་བ་དང་༔ སྐྱེས་བུ་དམ་པ་རྣམས་ལ་སྡང་བ་དང་༔ གར་འདུག་ས་ལ་སྐྱོ་ཞིང་འགྲོ་སྙིང་འདོད༔ ཆོས་མཐུན་འཁོར་དང་བྲལ་སྙིང་འདོད་པ་དང་༔འཁོར་བའི་འདུ་འཛི་གཡེང་བའི་ལས་ལ་དགའ༔ ཆགས་སྡང་ང་རྒྱལ་ཕྲག་དོག་ཆེ་བ་རྣམས༔ དེ་དག་འཆི་བདག་ལག་ཏུ་ཚུད་པའི་རྟགས༔ དེ་རྣམས་ཕྱི་ཡི་འཆི་ལྟས་ཞེས་བྱ་སྟེ༔ འཆི་བ་བསླུས་པས་བཟློག་པར་གསུངས་པ་ཡིན༔དེ་དག་བཟློག་ཐབས་འཆི་བསླུའི་ནང་དུ་ལྟོས༔ གཉིས་པ་ནང་གི་འཆི་བ་བརྟག་པ་ནི༔ རླུང་ལ་བརྟག་པ་རྨི་ལམ་བརྟག་པའོ༔ དང་པོ་རླུང་ལ་འདི་ལྟར་བརྟག་པར་བྱ༔དེ་ཡང་ཉིན་མཚན་མཉམ་པའི་དུས་དག་ཏུ༔ ཚེས་གཅིག་ནམ་ལངས་དུས་སུ་ཙོག་པུ་རུ༔ ལུས་ཆ་དྲང་པོར་རྣམ་སྣང་ཆོས་བདུན་བྱའོ༔དེ་ཚེ་རླུང་ནི་ནང་དུ་འགྱུ་བ་བརྟག༔དེ་དུས་རླུང་ནི་སྣ་དབུག་གཡོན་རྒྱུ་ན༔ ཞག་གསུམ་དུས་ཚོད་དེ་ཉིད་ཁོ་ན་རུ༔ རླུང་ཡང་སྣ་དབུག་གཡོན་ནས་རྒྱུ་བ་ཡིན༔ དེ་ནས་ཚེས་བཞིའི་ནངས་པར་ནས་འཕོས་ནས༔ སྣ་དབུག་གཡས་ནས་ཞག་གསུམ་རྒྱུ་བར་བྱེད༔ དེ་བཞིན་ཞག་པོ་གསུམ་གསུམ་གཡས་གཡོན་གཉིས༔ རེས་མོས་འཕོ་ཞིང་རྒྱུ་བའི་དུས་ཚོད་དེར༔ ཞག་གྲངས་མ་ནོར་ལེགས་པར་བརྩི་བར་བྱ༔ དེ་ལྟར་མ་ནོར་རིམ་བཞིན་རྒྱུ་བ་ལས༔ ཟླ་བ་ཕྱེད་དང་གཉིས་སུ་གོ་ལོག་ན༔ རྒྱུད་ནས་ཟླ་བ་དྲུག་ནས་འཆི་བར་གསུངས༔ ཟླ་བ་གཅིག་ཏུ་གོ་ལོག་རྒྱུ་བ་ན༔ རྐྱེན་ངན་དྲག་པོ་ལ་སོགས་འོངས་བར་བཤད༔ ཟླ་ཕྱེད་ལྡོག་ན་ན་ཚ་དྲག་པོ་འོང་༔ ཞག་འགའ་ལོག་ན་ཁ་སྨྲ་ལ་སོགས་འོང་༔ ཞག་བཅུའི་བར་དུ་འཕོ་བར་མ་ཉན་ན༔ གང་ཞིག་འཕོས་མ་ཐག་ཏུ་འཆི་བར་འགྱུར༔ སྣ་བུག་གཉིས་ཀའམ་ཁ་དང་གསུམ་ཀ་ནས༔ དུས་གཅིག་རྒྱུ་ན་ཉི་མ་ཕྱེད་ནས་འཆི༔སྣ་ཡི་རྒྱུ་བ་ཆད་ནས་ཁ་ནས་སུ༔ རྒྱུ་ན་དེ་མ་ཐག་ཏུ་འཆི་བར་བཤད༔ གཉིས་པ་རྨི་ལམ་འཆི་ལྟས་བརྟག་པ་ནི༔ སྲོད་དང་གུང་ལ་རྨི་ལམ་ངེས་པ་མེད༔ ཐོ་རངས་དུས་ནས་ནམ་ལངས་བར་དག་ཏུ༔ བྱི་ལ་དང་ནི་སྤྲེལ་དཀར་ངོ་དམར་ཞོན༔ ཤར་གྱི་ཕྱོགས་སུ་ཡང་ཡང་ཕྱིན་རྨིས་ན༔ རྒྱལ་པོས་སྲོག་གཅོད་འཆི་བའི་ལྟས་སུ་བཤད༔སྟག་དང་ཝ་མོ་རོ་ལ་ཞོན་པ་དང་༔ མ་ཧེ་ཕག་དང་རྔ་མོང་ཞོན་པ་དང་༔ བོང་བུའི་སྟེང་ཞོན་ལྷོ་ཕྱོགས་ཡང་ནས་ཡང་༔ ཕྱིན་རྨིས་གཤིན་རྗེའི་ལག་ཚུད་འཆི་བའི་རྟགས༔གཞན་ཡང་ཟས་སུ་མི་གཙང་ཟ་བ་དང་༔ གོས་སུ་རེ་ནག་གོན་ནས་ཐུར་དུ་བབ༔གཟེབ་དང་རྒྱ་ཡིས་དམ་དུ་དཀྲིས་པ་དང་༔ ཡན་ལག་ལྕགས་སྒྲོག་དག་གིས་བསྡམས་པ་དང་༔ ནག་མོའི་གཟུགས་དང་དུད་འགྲོའི་གཟུགས་རྣམས་ལ༔ ཡང་ཡང་ཆགས་པ་སྤྱོད་རྨིས་འཆི་བའི་ལྟས༔ བུད་མེད་ནག་མོར་རབ་ཏུ་ཁྲོས་པ་ཡིས༔ ལྟོ་བ་བཀྲལ་ནས་ནང་རོལ་བཏོན་པ་དང་༔ མི་ནག་ལྕགས་ཀྱི་བེར་ཀ་ཅན་འོང་ནས༔ རང་གི་དྲུང་དུ་འོང་ནས་འདོང་ཟེར་ཞིང་༔ སྐེ་ནས་ཐག་པ་ནག་པོས་ཁྲིད་པ་དང་༔ མཐའ་མ་འོབ་དང་རྭ་བས་བསྐོར་བ་ཡི༔ མཁར་དམར་རིང་པོའི་ནང་དུ་འདུག་པ་དང་༔ རང་ཉིད་གསལ་ཤིང་རྩེ་ལ་འདུག་པ་དང་༔ གཅེར་བུར་ཐང་ཤིང་རྩེ་ལ་འདུག་པ་དང་༔གཅེར་བུར་ཁང་སྟོང་ནང་དུ་འདུག་པ་དང་༔ རང་གི་མགོ་བཅད་གཞན་གྱིས་ཁྱེར་བ་དང་༔ འཁོར་དུ་བྱ་རོག་ཡི་དྭགས་སྨྲེ་ཅན་བསྐོར༔ བྲོ་བས་ཁྲིད་དང་བག་མར་ཕྱིན་པ་དང་༔ གཅེར་བུ་སྐྲ་དང་ཁ་སྤུ་བྲེག་པ་དང་༔ རྟག་ཏུ་གཤིན་པོའི་གྲོགས་དང་འགྲོགས་པ་དང་༔ གཤིན་པོ་མང་པོས་རང་ཉིད་དྲུད་པ་དང་༔ ཆུར་མཆོང་འདམ་བྱིང་ཉ་ཡིས་མིད་པ་དང་༔ མངལ་གྱི་ཕུགས་སུ་ཕྱིན་ནས་ཉལ་བ་དང་༔ འཐབ་འཁྲུགས་རང་ཕམ་ཕ་རོལ་རྒྱལ་བ་དང་༔ གོས་དམར་ཕྲེང་བ་དམར་པོས་བརྒྱན་པ་དང་༔ མེ་ཏོག་དམར་པོ་ཡང་ཡང་ཐུ་བ་དང་༔ རྒྱ་སྐགས་དམར་པོའི་རི་ལ་འཛེགས་པ་དང་༔མགོ་ལ་དར་ཕོན་དམར་པོས་བསྟུམ་པ་དང་༔ སྤྱི་བོར་ལྕུགས་མ་སྐྱེས་ཤིང་བྱ་ཚང་བཅས༔ དུར་ཁྲོད་འཇིགས་རུང་ཡང་ཡང་ཉལ་བ་དང་༔ རང་ཉིད་རྒས་ནས་མི་ཁྱག་ཁྲེས་པོ་ཁུར༔ མུན་རུབ་ཉི་ཟླ་ཐང་ལ་ལྷུང་བ ་དང༔ མགོ་མཇུག་ལོག་ཅིང་དོང་དུ་ལྷུང་བ་དང་༔ སྲིན་པོའི་ཚོགས་དང་ལྷན་ཅིག་གར་བྱེད་དང་༔ རྒྱུས་མེད་ས་ཕྱོགས་ཐག་རིང་རྒྱལ་ཁམས་སུ༔ ཕྱིར་མི་ལྡོག་པའི་བསམ་པས་འགྲོ་བ་དང་༔ དེ་ལ་སོགས་པ་རྨི་ལམ་མི་བཟད་པ༔ ནད་མེད་མ་ངེས་རིམ་གྲོས་ཐར་འགྱུར་ཏེ༔ རྒྱུན་དུ་རྨིས་ན་ལོ་རེའི་ནང་དུ་འཆི༔ ཉི་མ་ཟླ་བ་གཟས་ཟིན་ཐང་ལ་ལྷུང༔ ཡང་ཡང་ནུབ་རྨིས་ཕ་མ་སློབ་དཔོན་འཆི༔ ནད་པ་ཡིན་ཡང་ངེས་པར་འཆི་བར་བཤད༔ དེ་ནི་ནང་གི་འཆི་ལྟས་ཞེས་བྱ་སྟེ༔ གོང་མ་དག་ལས་བསླུ་བ་ཅུང་ཟད་དཀའ་འོ༔ གསུམ་པ་གསང་བའི་འཆི་ལྟས་བསྟན་པ་ནི༔ ཕྱི་དང་ནང་གི་འཆི་ལྟས་བྱུང་བའི་ཚེ༔ འཆི་བསླུའི་རིམ་འགྲོ ་ཡང་ཡང་བྱས་པས་བཟློག༔ གལ་ཏེ་ཕྱི་ནང་རྟགས་རྣམས་མ་བཟློག་ན༔དེ་ནས་གསང་བའི་འཆི་ལྟས་འདི་ལྟར་བརྟག༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྐྱབས་སུ་འགྲོ་ཞིང་གསོལ་བ་བཏབ་པའི་རྗེས༔ ཚེས་གཅིག་ནང་པར་ཐིག་ལེ་ཕབ་ལ་བརྟག༔ སྐྱེས་པའི་ཐིག་ལེ་ནག་པོར་བྱུང་བ་དང༔ བུད་མེད་ཟླ་མཚན་དཀར་པོར་བྱུང་བ་དང༔ ཟླ་བ་གཉིས་ནས་འཆི་བར་གསུངས་པ་ཡིན༔ སྐྱེས་པའི་ཐིག་ལེ་དམར་པོར་བྱུང་བ་ན༔ ཟླ་བ་དྲུག་ནས་འཆི་འམ་ཁ་སྨྲ་འོང༔ དཀར་པོ་མ་ཉམས་བྱུང་ན་བར་ཆད་མེད༔ དེ་ཉིད་དྲོད་མ་ཡལ་བར་སྣ་ཡིས་རྔུབས༔ རླུང་གང་ནས་རྒྱུ་བ་ནས༔ དེ་ནི་འཆི་བ་བསླུ་བའི་ཆོ་གའོ༔ གཞན་ཡང་ཐིག་ལེ་ཚོར་བ་མེད་པར་བབ༔དེ་ཡི་གསེབ་ཏུ་དངུལ་ཆུ་ལྟ་བུ་ཡི༔ ཏིལ་ཙམ་ཐར་ཐོར་བྱུང་ན་འཆི་བར་གསུངས༔བུད་མེད་ཟླ་མཚན་འབབ་འགྲོ་མི་ཆད་ཅིང༔ དེ་ཚེ་མེ་ཏོག་དམར་པོ་ཐུས་རྨིས་འཆི༔གཞན་ཡང་ཉོན་མོངས་འཁྲིག་པ་མ་སྤྱད་ཀྱང༔ ཐིག་ལེ་རྒྱུན་དུ་འཛག་པར་གྱུར་པ་ན༔ ཟླ་བ་བཞི་ནས་འཆི་བར་གསུངས་པ་ཡིན༔ རང་གི་རྡོ་རྗེ་ནོར་བུའི་བུག་སྒོ་རུ༔སྔར་མེད་སྨྲེ་བ་ནག་པོ་གློ་བུར་བྱུང༔ ཉོན་མོངས་འདོད་ཆགས་གཡེམ་པ་རྒྱུན་ཆད་མེད༔ ཡིད་ལ་བུད་མེད་ཁོ་ན་བསམ་བྱེད་ཅིང་༔ དབང་གསུམ་དམ་ཚིག་ཉམས་ན་འཆི་བའི་ལྟས༔ ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ་བའི་ལྟས༔ དེ་ལ་བཤགས་པ་ཚད་དུ་མ་སྐྱོལ་ན༔ དམྱལ་བའི་སྡུག་བསྔལ་རྟག་ཏུ་མྱོང་བར་འགྱུར༔ དེ་ལ་བཤགས་པ་གསང་བའི་འཆི་བསླུ་བྱ༔ འདི་ཡང་གོང་མ་གཉིས་ལས་བསླུ་བར་དཀའ༔ བཞི་བ་རང་བའི་འཆི་ལྟས་ཞེས་བྱ་བ༔ ལོ་དང་ཟླ་བའི་འཆི་ལྟས་བརྟག་པ་ནི༔ ནམ་མཁའི་ཚེ་གཟུགས་བརྟགས་པ་འདི་ལྟར་བྱ༔ འཆི་དང་མི་འཆི་བཟློག་དང་མི་བཟློག་ཡོད༔ བླ་མ་དཀོན་མཆོག་རྣམས་ལ་མཆོད་པ་ཕུལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་མ་བཏང་༔ སྐྱབས་འགྲོ་གསོལ་འདེབས་བྱས་ནས་བརྟག་པ་ནི༔ ས་ཕྱོགས་དབེན་ཞིང་ནམ་མཁའ་མཐོང་བའི་སར༔ ཚེས་གཅིག་ཉིན་པར་སྔ་དྲོ་ཕྱི་དྲོ་དང་༔ བཅོ་ལྔའི་ནུབ་མོ་སྲོད་དང་ཐོ་རེངས་དུས༔ ནམ་མཁའ་དྭངས་ཤིང་སེར་བུ་མེད་པའི་ཚེ༔ བདེ་བའི་ས་ལ་གཅེར་བུར་བསྡད་ནས་སུ༔ གསོལ་བ་དྲག་ཏུ་བཏབ་རྗེས་སྔགས་འདི་བཟླས༔ ཨོ་ཨཱཿ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་རེ་ཧཱུྃ་ཕཊ༔ བརྒྱ་ཕྲག་གཅིག་བསྡུས་དེ་ནས་གཅེར་བུར་ལངས༔ ཕྱོགས་ཀྱི་ལྷ་ལ་ཕྱག་ཀྱང་བདུན་འཚལ་ནས༔ དེ་ནས་ཡན་ལག་བཞི་པོ་ཤད་ཀྱིས་བརྐྱང་༔ ལག་ཏུ་ཕྲེང་བའམ་ཕྱག་མཚན་གཅིག་ཁྱེར་ལ༔ གྲིབ་མའི་སྙིང་གར་ཡི་གེ་ཨཱཿགཅིག་བྲི༔ སྙིང་གའི་ཨཱཿལ་མིག་གཉིས་མི་བཙུམ་པར༔ འབྲུ་ཚུགས་ལྟ་ཞིང་རིག་པ་དེ་ལ་གཏད༔ མིག་གཉིས་སྦྲིད་ཆིལ་བྱུང་ན་ནམ་མཁའི་དཀྱིལ༔ སྤྲིན་མེད་ནམ་མཁའི་དཀྱིལ་དུ་བལྟས་པའི་ཚེ༔རང་གི་གཟུགས་ནི་ནམ་མཁའི་མཐོངས་སུ་འོང་༔ དེ་ཉིད་མགོ་ལུས་ཉམས་ཆག་མེད་པ་རུ༔ སྤྱི་བོར་འདུག་ན་བར་ཆད་མེད་པ་རུ༔ མི་འཆི་བཟང་བའི་ལྟས་སུ་ཤེས་པར་བྱ༔ གལ་ཏེ་ནམ་མཁར་གཟུགས་དེ་མ་མཐོང་ན༔ སྤོགས་པའི་ཆོ་ག་རྡོ་རྗེ་སྐྱིལ་ཀྲུང་བྱ༔ ལག་པ་མཉམ་བཞག་བྱས་ལ་གོང་ལྟར་བལྟ༔ དེ་ལྟའང་མ་ཤར་བ་ནི་སྐྱོན་མེད་དེ༔ ནམ་མཁའ་སྤྲིན་ནམ་སེར་བུས་ཆོད་པ་ཡིན༔ ཕྱིས་སུ་ནམ་མཁའ་དྭངས་པའི་དུས་སུ་བལྟ༔ དེ་ལ་ལྷག་ཆད་དབྱིབས་དང་ཁ་དོག་གསུམ༔ དང་པོ་ལྷག་ཆད་འདི་ལྟར་བརྟག་པར་བྱ༔ དེ་ལ་ལོ་ཡི་ལྷག་ཆད་ངོས་བཟུང་ནི༔ ལག་པའི་ཕྱག་མཚན་མེད་པར་གྱུར་པ་ནི༔ བརྟེན་པའི་ལྷ་དང་བྲལ་བ་ཞེས་བྱ་སྟེ༔ ལོ་བདུན་དག་ནས་ཚེ་ཡི་དུས་བྱེད་དོ༔ ལག་གཡས་མེད་ན་ལོ་ལྔའི་དུས་སུ་འཆི༔ ལག་གཡོན་མེད་ན་ལོ་གསུམ་ལོན་ནས་འཆི༔ རྐང་བ་གཡས་པའི་པུས་མོ་མན་ཆད་དུ༔ མེད་ན་ལོ་གཉིས་དག་ནས་འཆི་བར་འགྱུར༔ རྐང་བ་གཡོན་མེད་ལོ་གཅིག་དུས་ནས་འཆི༔ གཉིས་པ་ཟླ་བའི་ལྷག་ཆད་ངོས་བཟུང་ནི༔ མགོ་ཡི་གཡས་མེད་ཟླ་བ་དགུ་ནས་འཆི༔ མགོ་ཡི་གཡོན་མེད་ཟླ་བ་བདུན་ནས་འཆི༔ སྐེ་ཡན་མེད་ན་ཟླ་བ་ལྔ་ནས་འཆི༔ སྐེ་དང་བཅས་པ་མེད་ན་ཟླ་བ་གསུམ༔ ཁོག་སྟོད་མེད་ན་ཟླ་བ་གཉིས་ནས་འཆི༔ ཁོག་སྨད་མེད་ན་ཟླ་བ་གཅིག་ནས་འཆི༔ གསུམ་པ་ཞག་གྲངས་ལྷག་ཆད་ངོས་བཟུང་ནི༔ལུས་ཀྱིས་གཡས་མེད་ཞག་ནི་ཉེར་དགུར་འཆི༔ གཡོན་ངོས་མེད་ན་ཉེར་གཅིག་དུས་ནས་འཆིའོ༔ གཉིས་པ་དབྱིབས་ལ་བརྟག་པ་འདི་ལྟར་རོ༔ གྲུ་བཞིར་འདུག་ན་ཟླ་བ་ལྔ་ནས་འཆི༔ ཟླུམ་པོར་འདུག་ན་ཟླ་བ་བཞི་ནས་འཆི༔ ཟླ་གམ་འདུག་ན་ཟླ་བ་གསུམ་ནས་འཆི༔ འཇོང་མོར་འདུག་ན་ཟླ་བ་གཉིས་ནས་འཆི༔ དེ་རྣམས་བསླུས་པས་འཆི་བ་བཟློག་པར་ནུས༔ གྲུ་གསུམ་འདུག་ན་ཟླ་བ་གཅིག་ནས་འཆི༔ རོ་ནི་བཟླུམ་འདྲ་ཟླ་བ་ཕྱེད་ནས་འཆི༔ སྤྱི་གཙུག་འདུག་ན་ཞག་ནི་བཅུ་ནས་འཆི༔ དེ་གསུམ་མི་བཟློག་འཆི་བར་གདོན་མི་ཟ༔ གསུམ་པ་ཁ་དོག་བརྟག་པ་འདི་ལྟར་རོ༔ཁ་དོག་དཀར་པོ་དབུས་ནས་ཡལ་བ་ནི༔ ཀླུ་དང་རྒྱལ་པོ་ལྷ་མི་དགའ་བའི་རྟགས༔ཁ་དོག་ནག་པོ་གཡས་ནས་ཡལ་བ་ནི༔ བདུད་དང་མ་མོས་ཟིན་ཅིང་གནོད་པའི་རྟགས༔ ཁ་དོག་དམར་པོ་གཡོན་ནས་ཡལ་བ་ནི༔ བཙན་དང་རང་གི་འགོ་ལྷས་ཟིན་པའི་རྟགས༔ ཡང་ན་རྨ་དང་ནད་ཀྱི་ངོ་ཡིན་ནོ༔ ཁ་དོག་སེར་པོ་མགོ་ནས་ཡལ་བ་ནི༔ ཀླུ་དང་རྒྱལ་འགོང་དག་གིས་ཟིན་པའི་རྟགས༔ ཁ་དོག་སྔོན་པོ་རྐང་ནས་ཡལ་བ་ནི༔ ཀླུ་དང་མཚོ་སྨན་དག་གིས་ཟིན་པའི་རྟགས༔ ན་བུན་དང་ནི་ལང་ལིང་འདུག་པ་ནི༔ མ་མོ་དང་ནི་གཤིན་རྗེས་ཟིན་པའི་རྟགས༔ སེར་པོ་བྲང་བྲིང་འདུག་ན་ས་བདག་གོ༔ ཁྲ་བོ་ཁྱག་ཁྱུག་སྣ་ཚོགས་འདུག་པ་ནི༔ སྡེ་བརྒྱད་ཤི་འདྲེ་སྣ་ཚོགས་དག་གིས་ཟིན༔ དེ་དག་ཁ་དོག་དག་ལ་ངོས་འཛིན་ཡིན༔ དེ་ལྟར་འཆི་ལྟས་གང་རུང་བྱུང་བའི་ཚེ༔ འཆི་བ་བསླུ་བའི་ཆོ་ག་དག་ལ་འབད༔ ཡང་ན་སྔར་བཞིན་བལྟས་པར་གྱུར་པའི་ཚེ༔ ཡན་ལག་ཚང་བར་འགྱུར་ན་བསླུས་པ་ཡིན༔ འཆི་བསླུ་ལན་གསུམ་བྱས་ཀྱང་མ་སོས་ན༔ ཚེ་ཟད་དུས་ལ་བབ་པའི་རྟགས་ཡིན་པས༔ རབ་ཀྱི་གནས་ལུགས་ཟབ་མོ་ལྟ་བ་སྐྱོང་༔ འབྲིང་གིས་ཡི་དམ་ལྷ་ཡི་བསྐྱེད་རྫོགས་བསྒོམ༔ཐ་མ་འདུས་བྱས་དགེ་བའི་ཚོགས་ལ་འབད༔ དེ་ནི་ནམ་མཁའི་ཚེ་གཟུགས་བརྟགས་པའོ༔ ལྔ་བ་ཉེ་བའི་འཆི་ལྟས་བརྟག་པ་ནི༔ གོང་མ་རྣམས་ནི་ནད་མེད་དུས་ཀྱི་རྟགས༔ རིང་བའི་རྟགས་ཏེ་བསླུས་པས་ཐུབ་པ་མང་༔ འདིར་ནི་སྐྱེས་བུ་ནད་ཀྱིས་ཐེབས་པ་ལ༔ འཆི་བའི་རྟགས་ནི་འདི་ལྟར་འབྱུང་བ་ཡིན༔ སོ་རྩར་དྲེགས་པ་ནག་པོ་ཆགས་གྱུར་ན༔ འབྱུང་བའི་རང་བདུད་འདུས་པ་ཞེས་བྱ་སྟེ༔ ཞག་པོ་དགུ་ནས་འཆི་བར་འགྱུར་བ་ཡིན༔ སྣ་གཞོགས་ཞོམ་ན་ལེབ་མོར་སོང་བ་ན༔ རླུང་གི་སྒོ་ནི་འགག་པ་ཞེས་བྱ་བ༔ ཞག་པོ་ལྔ་ནས་འཆི་བར་འགྱུར་བ་ཡིན༔ ཡན་ལག་བརྐྱང་བསྐུམ་ཡང་ཡང་བྱེད་གྱུར་ན༔ འབྱུང་བ་རི་ལ་སྙེགས་པ་ཞེས་བྱ་སྟེ༔ དེ་ཡང་ཞག་པོ་ལྔ་ཡི་དུས་ནས་འཆི༔ མིག་གཉིས་ཕྱེད་འཛུམ་མེད་པར་འབྲུ་ཚུགས་སུ༔ བལྟས་ན་རླུང་ཡལ་ཤོར་བ་ཞེས་བྱ་སྟེ༔ ཞག་པོ་གསུམ་གྱི་དུས་ནས་འཆི་བ་ཡིན༔ འགྲམ་པ་གཉིས་པ་ཞགས་གིས་ཞོམ་པ་ན༔ ས་ཡི་སྣ་ལ་བ་ཞེས་བྱ་བ་སྟེ༔ ཞག་པོ་བཅུ་ཡི་ཐོ་རེངས་དུས་སུ་འཆི༔ དབུགས་ནི་ཡང་ཡང་རྒོད་པར་གྱུར་པ་ན༔ དེ་ཡང་རླུང་སེམས་འདེབས་པ་ཞེས་བྱ་སྟེ༔ ཟླ་བ་དྲུག་གི་དུས་སུ་འཆི་བར་འགྱུར༔ སྣ་རྩེར་གཡས་གཡོན་ཡོ་བར་མངོན་པ་ན༔ སྣ་ཡི་མན་སི་ཀ་ནི་ཆད་ཅེས་བྱ༔ དེ་ཡང་ཞག་པོ་བདུན་ནས་འཆི་བར་འགྱུར༔མིག་ནས་མཆི་མ་མི་ཐུབ་འཛག་གྱུར་ན༔ བར་ཆད་པ་ཞེས་ཞག་པོ་ལྔ་ནས་འཆི༔ འགྲམ་པ་གཡོན་པ་གཤོང་གིས་སོང་གྱུར་ན༔ བར་ཤ་ཆད་པ་ཞེས་བྱ་ཞག་གཅིག་གོ༔ སྟེང་འོག་སོ་ནི་འཐབ་པར་གྱུར་པ་ནི༔ འབྱུང་བའི་ལམ་ནི་ཆད་པ་ཞེས་བྱ་སྟེ༔ ཞག་པོ་གསུམ་གྱི་ཉི་མ་ཕྱེད་ནས་འགུམ༔ ལྕེ་ལ་ཐིག་ལེ་ནག་པོ་བྱུང་གྱུར་ན༔ ཞག་པོ་གཉིས་ནས་འཆི་བར་ངེས་པའོ༔ རྣ་བ་ལེབ་མོ་མ་གོལ་འབྱར་བ་ན༔ རྣ་བའི་ཐེམ་ཆད་པ་ཞེས་བྱ་བ་སྟེ༔ དེ་ནི་ཉི་མ་ཕྱེད་ནས་འགུམ་པར་འགྱུར༔བྲང་གི་ལྷེབའུ་སྣ་ཞོམ་པར་གྱུར་པ་ན༔ འབྱུང་བ་ཆུ་ཡི་རྐང་ཆད་ཅེས་བྱ་སྟེ༔ དེ་ཡང་ཟླ་བ་ཕྱེད་ནས་འཆི་བར་འགྱུར༔ལང་འདུག་བྱ་བ་ཡུན་རིང་ལག་པ་གཡོབ༔ དེ་ནི་མྱུར་དུ་འཆི་བར་ཤེས་པར་བྱ༔ གཞན་ཡང་འཆི་ལྟས་བརྟག་པ་འདི་ལྟར་བྱ༔ ཉིན་ཕྱེད་དུས་སུ་ལྷོ་ཕྱོགས་ཁ་བལྟས་ཏེ༔ གྲུ་མོ་པུས་མོའི་སྟེང་དུ་བཞག་ནས་སུ༔ ལག་པ་གྱེན་དུ་བསླངས་ཏེ་སྨིན་ཕྲག་ཏུ༔ བཟུང་ནས་མིག་གཉིས་དེ་ལ་བལྟས་པ་ཡིས༔ཤིན་ཏུ་ཕྲ་བར་འོང་སྟེ་དེ་ཆད་ནས༔ བར་སྣང་གནམ་སའི་འབྲེལ་ཐག་ཆོད་ཅེས་བྱ༔དེ་ཉིད་ཞག་གྲངས་བཅུ་དགུའི་དུས་སུ་འཆི༔ ཤར་ཕྱོགས་ལྗང་ངམ་ལྡིང་ཀ་ཡོད་པ་ཡི༔ ནུབ་ངོས་གྱང་རྩིབ་ལོག་ལ་ལངས་ལ་བལྟ༔ གྲིབ་མ་ཟང་ཐལ་གཉིས་བརྩེགས་འོང་བ་སྟེ༔ དེ་ཡི་སྟེང་མ་མེད་པར་གྱུར་པ་ན༔ རི་རབ་ལོག་ལ་སེང་གེ་དཀར་མོ་ལ༔ཞོན་པའི་མི་ཉིད་བབས་པ་ཞེས་བྱ་སྟེ༔ བཅུ་དྲུག་ཞག་གི་ཉི་མ་ཕྱེད་ནས་འཆི༔ ཉོན་མོངས་འཁྲིག་པ་མ་སྤྱད་ཆང་མ་འཐུང་༔སྨྲ་བ་མང་པོ་མ་བྱས་ནངས་པར་དེ༔ ཉི་མ་རྩེ་ཤར་ཁམ་ཕོར་ནང་དུ་ནི༔ རང་གི་དྲི་ཆུ་བཏང་སྟེ་བལྟས་པ་ནི༔ རླངས་པ་སྔོ་དམར་འོང་སྟེ་དེ་མེད་ན༔ རྒྱ་མཚོའི་སྦྲིས་མ་ཡལ་བ་ཞེས་བྱ་སྟེ༔ ཞག་པོ་དགུ་ནས་ངེས་པར་འཆི་བར་འགྱུར༔ ནག་པོ་ཧྲལ་ཧྲོལ་འདུག་ན་ཞག་གཅིག་གོ༔ དམར་པོ་ཐིག་ལེ་ཅན་འདུག་དགུ་ནས་འཆི༔ ཉི་མ་རྩེ་ཤར་དུས་སུ་དྲི་ཆེན་དོར༔ དེ་ཡི་རླངས་པ་མེད་པར་གྱུར་པ་ན༔ ས་ཡི་གྲོང་ཁྱེར་དག་ཏུ་དགེ་སྦྱོང་གི༔ དུ་བ་ཆད་པ་ཞེས་བྱ་ཞག་དགུར་འཆི༔ མིག་གཉིས་བཙིར་བས་འོད་ཀོར་མེད་གྱུར་ན༔ རི་རབ་རྩེ་ལ་མི་འགྱུར་ཉི་མ་ནུབ༔ ཅེས་བྱ་ཞག་པོ་གསུམ་མམ་བདུན་ནས་འཆི༔ རྣ་བ་གཡས་གཡོན་འཛུབ་མོས་བཀག་པ་ཡི༔ འུར་སྒྲ་འོང་ཏེ་དེ་ཉིད་མེད་གྱུར་ན༔ རི་རབ་རི་ཡི་ཁོང་སེང་ནང་ནས་སུ༔ མཁའ་འགྲོ་མ་ཡི་རང་སྒྲ་ཆག་ཅེས་བྱ༔ ཞག་པོ་བདུན་ནམ་བཅུ་གསུམ་དག་ནས་འཆི༔ ནངས་པར་ཉི་མ་དྲོས་པའི་དུས་ཀྱི་ཚེ༔ ཉི་མ་དག་ལ་རྒྱབ་གཏད་གྲིབ་མ་ལ༔ སྤྱི་བོར་རླངས་པ་མེད་པར་གྱུར་པ་ན༔ རི་རབ་རྩེ་ལ་དཔག་བསམ་ལྗོན་ཤིང་ཆགས༔ ཅེས་བྱ་ཞག་ནི་ལྔ་ནས་འཆི་བར་འགྱུར༔ ལྟག་པའི་བདུད་སྒོ་དག་ནས་སྐྲ་ཚུམ་གཅིག༔ གཞན་དང་མི་འདྲ་གྱེན་དུ་ལོག་པ་ན༔དཔག་བསམ་ཤིང་ལ་འཆི་བདག་ནག་པོ་ནི༔ ཡ་བ་རྐང་གཅིག་དགྲ་རུ་ལངས་ཞེས་བྱ༔ དེ་ཉིད་ཞག་ནི་བདུན་ནས་འཆི་བར་འགྱུར༔ འཆི་རྟགས་དེ་རྣམས་གང་དང་གང་བྱུང་ཡང་༔ ངེས་པར་དུས་བཏབ་པ་དང་འདྲ་བའི་ཕྱིར༔ འཆི་བསླུའི་ཆོ་ག་ལེགས་པར་གསུམ་གསུམ་བྱ༔ དེ་ལྟར་བྱས་ན་དུས་མིན་འཆི་བ་བཟློག ༔ ལག་ལེན་འཆི་བསླུ་འཇིགས་པ་རང་གྲོལ་ལྟར༔ འབད་པ་བསྐྱེད་དེ་རབ་ཏུ་བརྩོན་པར་བྱ༔འཆི་བསླུ་ལན་གསུམ་བྱས་ཀྱང་མ་བསླུས་ན༔ ཚེ་ཚད་དུས་ལ་སླེབ་པར་འཕོ་བར་བྱ༔དྲུག་པ་འཆི་ལྟས་ཐོར་བུ་བསྟན་པ་ནི༔ ལུས་ལ་ན་ཚ་ཡོད་མེད་དམ་ཡོད་ཀྱང་རུང་༔མིག་གིས་སྣ་ཡི་རྩེ་མོ་མ་མཐོང་ན༔ དེ་ཡང་ཟླ་བ་ལྔ་ནས་འཆི་བར་འགྱུར༔ རང་གི་ལྕེ་ཡི་རྩེ་མོ་མ་མཐོང་ན༔ ན་ཚ་མེད་ཀྱང་ཉིན་ཞག་གསུམ་ནས་འཆི༔ མེ་ལོང་གཡའ་དག་ངོས་ལ་བལྟས་པའི་ཚེཿ མིག་གཡོན་མ་མཐོང་ཟླ་བ་བདུན་ནས་འཆིཿ རང་གི་ལག་མཐིལ་ཧས་བཏབ་དྲོ་འུར་འོང་༔ ཕུས་བཏབ་གྲང་སོང་འོང་སྟེ་གོ་ལོག་ན༔ ཞག་པོ་བཅུ་ནས་འཆི་བ་ཤེས་པར་བྱ༔ རང་གི་བྱད་ནི་ཆུ་ཟངས་ནང་བལྟས་པས༔ བྱད་གཟུགས་ལ་སོགས་མེད་ན་འཆི་བའི་ལྟས༔ ཁྲུས་བྱས་སྙིང་ཁར་ཆུ་མ་ཆགས་པའམ༔ཡང་ན་སྙིང་གར་ཆུ་མ་སྐམ་ན་འཆི༔ སེ་གོལ་བརྡབ་པའི་སྒྲ་མེད་འཆི་བར་གསུངས༔རྐང་པའི་ལོང་བུ་ཕྱི་ལ་དོན་གྱུར་ན༔ དེ་ཉིད་ཟླ་བ་གཅིག་ནས་འཆི་བར་འགྱུར༔ ས་འབོལ་སྟེང་དུ་རྐང་རྗེས་མེད་ན་འཆི༔ བཅུད་ལྡན་ཟས་ཟོས་ལུས་ཤེད་ཇེ་ཆུང་འགྱུར༔ལུས་ཀྱི་གྲིབ་མ་འགྱུར་ན་འཆི་བར་གསུངས༔ ཤིག་སྲོ་འདུ་འམ་ཡང་ན་སོང་གྱུར་འཆི༔ཞི་དུལ་ཁྲོ་ཚིག་སྔར་བས་གོ་ལོག་ཅིང་༔ སྔར་སྤྱོད་སྐྱོན་ཡོན་རྣམ་པ་འགྱུར་བ་ན༔དེ་ཡང་མི་དེ་འཆི་བའི་ལྟས་ཡིན་ནོ༔ ཆུའམ་མེ་ལོང་གྲིབ་མའི་གཟུགས་བརྙན་ལ༔མགོ་ཆད་ཡན་ལག་མེད་ན་འཆི་བའི་ལྟས༔ མཇེ་ནུབ་རླིག་པ་འཕྱངས་ཤིང་གོ་ལོག་ཅིང་༔ གློ་ལུ་སྦྲིད་པ་སྔོན་མེད་སྒྲ་བྱུང་དང་༔ མར་མེ་ཤི་བའི་དྲི་མ་ཚོར་བ་དང་༔ དེ་རྣམས་ངེས་པར་འཆི་བའི་ལྟས་སུ་བཤད༔ དེ་ལ་སོགས་དང་གཞན་ཡང་འདི་ལྟར་འབྱུང་༔ རྒྱུན་དུ་ཤེས་པ་ཉོབ་ཅིང་འཐིབས་པ་དང་༔ བཟའ་བཏུང་དང་ཁར་སྔར་ཡོད་ཕྱིས་མེད་ཅིང་༔ དགེ་སྦྱོར་བྱེད་ཁ་འཚེར་ཞིང་མི་ནུས་དང་༔ ས་གཅིག་སྡོད་པར་མི་ཚུགས་འགྲོ་སྙིང་འདོད༔ མལ་ས་མི་བདེ་གཉིད་མི་ཁུགས་པ་དང་༔ ཡེང་ཡེང་སེང་སེང་ཕྱད་ཕྱོད་བྱེད་པ་དང་༔ སྔོན་གྱི་ཉེ་དུ་དྲན་ཅིང་འཕྲད་འདོད་དང་༔ ཤི་བར་མོས་ཤིང་ལྕེབ་སྙིང་འདོད་པ་དང་༔ གཅིག་པུར་གྲོགས་མེད་འཁྱམས་ཤིང་འགྲོ་སྙིང་འདོད༔ སྒྱིད་ལུགས་སེམས་ཞུམ་སྔར་གྱི་གཤིས་ལས་འགྱུར༔ ལུས་ངན་ནད་སྣ་མང་པོ་འདུ་བ་དང་༔ རྨི་ལམ་འཁྲུགས་ཤིང་ཡང་ཡང་ངན་པ་དང་༔ སེམས་ལ་བྲེད་སྔངས་དྲག་པོ་བྱུང་བ་དང་༔ ཉོན་མོངས་དུག་ལྔ་རྒྱས་ཤིང་བག་མེད་སྤྱོད༔གདམས་པ་མི་གསལ་དད་ལོག་སྐྱེས་པ་དང་༔ བྱང་སེམས་མི་བརྟན་རྒྱུན་དུ་འཛག་པ་དང་༔ དེ་ལ་སོགས་རྣམས་འཆི་ལ་ཉེ་བའི་རྟགས༔ རིག་པས་བརྟག་ཅིང་སྤྱད་ལ་འཕོ་བར་བྱ༔ ཤིན་ཏུ་ཉེ་བའི་འཆི་ལྟས་བསྟན་པ་ནི༔ དབང་པོ་ལྔ་ནི་རིམ་བཞིན་ཐིམ་པ་སྟེ༔ དང་པོ་ཕྱི་ལྟས་ཟས་སྐོམ་མི་འཛུག་སྐྱུགས༔ དྲོད་ཆུང་མཇིང་པས་མགོ་བོ་མི་ཐེག་ཅིང་༔ མགོ་བོ་ཐུར་དུ་ལྷུང་སྙམ་བྱེད་པའོ༔ དེ་ནས་འབྱུང་བ་ལྔ་པོ་ཐིམ་པའི་ཚུལ༔ ནང་གི་ས་ནི་ཤ་དང་རུས་པ་དང་༔ དེ་ནི་ཕྱི་ཡི་ས་ལ་ཐིམ་པའི་རྟགས༔ལུས་ལྡིང་བགས་བཞི་ས་ལ་ལྷུང་ནས་སུ༔ ནང་རྟགས་ས་གསེབ་བྱིང་ཞིང་ནུབ་སྙམ་བྱེད༔ ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་ཐུབ༔ ལུས་སྟོབས་ཤོར་ཞིང་ཤེས་པ་རྨུགས་པར་འགྱུར༔ ནང་གི་ཆུ་ནི་ཁྲག་དང་ཆུ་སེར་སྟེ༔ དེ་ནི་ཕྱི་ཡི་ཆུ་ལ་ཐིམ་པའི་རྟགས༔ ཁ་ཆུ་སྣ་ཆུ་འཛག་ཅིང་གྲེ་ལྕེ་སྐམ༔ ཆུ་ནུས་མེ་ལ་ཐིམ་པས་ལུས་དྲོད་འཆོར༔ཤེས་པ་རེས་གསལ་རེས་མི་གསལ་བ་འོང་༔ ནང་གི་མེ་ནི་དྲོད་ཡིན་ཕྱི་ལ་ཐིམ༔མིག་གཉིས་གྱེན་ལོག་མི་ངོ་མི་ཤེས་སོ༔ མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད༔ནང་རླུང་དབུགས་ཡིན་ཕྱི་རླུང་ཐིམ་པའི་རྟགས༔ དབུགས་ནི་ངར་ངར་ཡན་ལག་གཡབ་པར་བྱེད༔ ནང་རྟགས་ཤེས་པ་འཚུབས་པ་ལ་སོགས་འབྱུང་༔ སྨིག་རྒྱུ་ལྟ་བུ་མེར་མེར་ཁྱུག་ཁྱུག་འོང་༔ ཤིག་སྲོ་ཐམས་ཅད་ཕྱིར་ལ་བྲོས་པར་འགྱུར༔ མ་ལས་ཐོབ་པའི་རཀྟ་གྱེན་དུ་འགྲོ༔ དམར་ལམ་ཞེས་པ་སྣང་བ་དམར་སྐེམ་འོང་༔ དེ་ཚེ་སྣང་བ་མཆེད་པ་ལ་ཐིམ་པས༔ འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགགས༔ཕ་ལས་ཐོབ་པའི་བྱང་སེམས་ཐུར་དུ་ལྷུང་༔ དཀར་ལམ་ཞེས་པ་སྣང་བ་དཀར་ལམ་འོང་༔ ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགགས༔ དབུགས་ཀྱང་ཕྱི་རུ་ཇེ་རིང་ཇེ་རིང་ལ༔ ལུས་ཀྱི་ཁྲག་ཀུན་སྲོག་རྩའི་ནང་འདུས་ནས༔ སྙིང་གི་དཀྱིལ་དུ་ཁྲག་ཐིག་གཅིག་བརྒྱབ་པས༔ ནག་ལམ་ཞེས་བྱ་སྔངས་ཡེད་ནག་ཐིམ་ཡང་༔ མུན་པར་གཡང་ལྷུང་ལྟ་བུ་འབྱུང་བར་འགྱུར༔ དེ་ཚེ་མཆེད་པ་ཉེར་ཐོབ་ལ་ཐིམ་པས༔ གཏི་མུག་ལས་གྱུར་རྟོག་པ་བདུན་འགགས་སོ༔ ཁ་གདོང་མིག་གཉིས་གྱེན་ལོག་སྐྱ་ལོག་འོང་༔ ཕྱི་ཡི་སྣང་བ་ཉི་མ་ནུབ་པ་ལྟར༔ དབང་པོ་དྲན་བྱེད་མཐོང་སྣང་འགགས་ནུས་སུ༔ སྣང་བ་ཐམས་ཅད་ནག་འུབ་འདུས་པར་འགྱུར༔ དེ་ཚེ་དབུགས་ནི་ཁྲུ་གང་ཙམ་དུ་ཚད༔ ནང་གི་སྣང་བ་མུན་སྲོས་ལྟ་བུ་འབྱུང་༔ དེ་ནས་སྙིང་དུ་ཁྲག་ཐིགས་གཉིས་བརྒྱབ་པས༔ མགོ་འགུགས་དབུགས་ནི་མདའ་གང་ཙམ་དུ་ཆེ༔ དེ་ནས་སྙིང་དུ་ཁྲག་ཐིག་གསུམ་བརྒྱབ་པས༔ ཨིག་འབྱིན་དབུགས་ནི་འདོམ་གང་ཙམ་དུ་ཆད༔ནག་ལམ་དྲན་མེད་ཕྱི་དབུགས་ཆད་པ་དང་༔ བྱང་སེམས་དཀར་དམར་སྙིང་གར་འཕྲད་པའི་ཚེ༔ བདེ་བའི་ངང་དུ་ཤེས་པ་བརྒྱལ་ལོག་གིས༔ རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པས༔ ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་༔ རིག་པ་སྙིང་དཀྱིལ་ཆོས་ཉིད་མ་བུ་ཐིམ༔ ནང་དབུགས་ཆད་དེ་རླུང་སེམས་དབུ་མར་གནས༔གཞི་ཡི་འོད་གསལ་སེམས་ཅན་ཀུན་ལ་འཆར༔ རྟོག་པ་ལྡན་པའི་རྣལ་འབྱོར་འགའ་ཞིག་ལ༔ ལམ་གྱི་འོད་གསལ་མ་བུ་དེ་དུས་འཕྲད༔ སྐད་ཅིག་གཅིག་གིས་ཡར་གྱི་ཟང་ཐལ་དུ༔ ཆོས་སྐུ་སྐྱེ་བ་མེད་པ་མངོན་དུ་གྱུར༔ ལོངས་སྐུ་སྤྲུལ་སྐུས་འགྲོ་དོན་དཔག་མེད་མཛད༔ སྐུ་གསུམ་ལྷུན་གྱིས་གྲུབ་སྟེ་སངས་རྒྱས་སོ༔ དེ་ཕྱིར་མི་ལུས་ཐོབ་པའི་དོན་འགོ་ལ༔ ཟབ་ལམ་གདམས་པ་ཉམས་སུ་ལེན་པ་གཅེས༔ དེ་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ༔ དོན་གྱི་འོད་གསལ་ཤར་ཡང་ངོས་མི་ཟིན༔ སྐྱེ་བ་འདོར་ལེན་གྲངས་མེད་མཐའ་ཡས་ཤིང་༔ འོད་གསལ་ཤར་བ་བརྗོད་ལས་འདས་མོད་ཀྱང་༔ ལྷན་ཅིག་སྐྱེས་པའི་མ་རིག་འཐུག་པོས་བསྒྲིབས༔ འཁོར་བ་མཐའ་མེད་མུ་མཐའ་མེད་པར་འཁྱམས༔ དེ་ཕྱིར་ད་ལྟ་བཙན་ས་ཟིན་པ་གཅེས༔ དེ་ལྟར་ཕྱི་དབུགས་ཆད་ལ་ཁད་པའི་ཚེ༔ ཕྱི་མ་གར་སྐྱེ་རྟགས་ཀྱང་འདི་ལྟར་འབྱུང་༔ ལག་པ་གཡབ་ཅིང་ཁ་ནས་ཅལ་ཅོལ་འདོན༔ མཆན་འོག་གཡས་སུ་དྲོད་སྡུད་ལྷ་མིན་སྐྱེ༔སྣ་བུག་གཡོན་དུ་སྣ་ཆུ་རླུང་འགྱུ་ཞིང་༔ མིག་གཡོན་དྲོད་འདུས་མི་ཡི་གནས་སུ་སྐྱེ༔ཁ་ནས་དུད་འགྲོའི་སྐད་འདོན་ཆུ་ལམ་ནས༔ ཆུ་འཛག་མཚན་མར་དྲོད་འདུས་དུད་འགྲོར་སྐྱེ༔ ལུས་མདོག་སེར་ལ་བཀྲག་མེད་ཁ་ཆུ་དང་༔ ལྟོག་སྣང་འཆར་ཞིང་ས་བོན་འཛག་པ་ན༔ ཕྱི་མ་ཡི་དྭགས་གནས་སུ་སྐྱེ་བར་འགྱུར༔ རྐང་བ་གཡས་བརྡེབས་གཤང་ལྕི་ལུད་པ་དང་༔ ཞེ་སྡང་སྐྱེ་ཞིང་རྐང་མཐིལ་དྲོད་ཡལ་ན༔ མི་དེ་དམྱལ་བར་སྐྱེ་བར་གསུངས་པ་ཡིན༔ ང་རྒྱལ་སྐྱེ་ཞིང་རྣ་བར་དྲོད་འདུས་ན༔ རྣ་བར་རྣམ་ཤེས་བུད་ནས་གནོད་སྦྱིན་སྐྱེ༔ རྐྱེན་བཟང་ནད་གཅོད་ཉུང་ཞིང་དྲན་རིག་གསལ༔བླ་མ་མཆེད་གྲོགས་འཛོམ་ཞིང་དག་སྣང་གིས༔ སྤྱི་བོར་ཆུ་སེར་ལ་སོགས་བྱུང་བ་དང་༔ སྤྱི་བོར་རྣམ་ཤེས་འཕོས་ནས་ཐར་པ་དང་༔ མཐོ་རིས་སྐྱེ་བར་གསུངས་པ་དེའི་ཕྱིར༔ འཆི་ཁའི་མཚམས་སྦྱོར་བཟང་ངན་གནད་དུ་ཆེ༔ གཞན་ཡང་སེམས་ཅན་ཚེ་ཡི་དུས་བྱས་ཚེ༔ སྐྱེ་བ་མཐོ་དམན་རྟགས་དང་མཚན་མ་ནི༔ ཞག་གྲངས་དུས་སུ་ནམ་མཁའི་འགྱུར་ལྡོག་བལྟ ༔ ནམ་མཁའ་སྨུག་ནག་མུན་ནག་ཁ་རླངས་ཆགས༔རླུང་དང་སེར་བུ་བུ་ཡུག་བྱུང་གྱུར་ན༔ མི་དེ་དམྱལ་བར་སྐྱེ་བའི་རྟགས་ཡིན་ནོ༔ནམ་མཁའ་ན་བུན་མདངས་སེར་ཉི་ཟླ་ཤི༔ རླུང་སེར་མེད་ཅིང་ཉི་མ་མི་སྣང་དང་༔ཆར་ཤུལ་ཡང་ན་སྲོད་ལ་ཆར་འབབས་ནི༔ མི་དེ་ཡི་དྭགས་གནས་སུ་སྐྱེ་བའི་རྟགས༔ནམ་མཁའ་སྨུག་ཅིང་སྤྲིན་ནག་གོ་མཚམས་མེད༔ ཡང་ན་ན་བུན་གནམ་སྨུག་ཉམས་མི་དགའ༔ མི་དེ་བྱོལ་སོང་གནས་སུ་སྐྱེ་བའི་རྟགས༔ ནམ་མཁའི་སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས༔ ཤིན་ཏུ་དྲག་ཅིང་རླུང་འཁྲུགས་འགྲོ་འོང་བཅས༔ གློག་འབྲུག་སྒྲ་འབྱིན་ཉི་ཟླ་མི་སྣང་བ༔ མི་དེ་ལྷ་མིན་གནས་སུ་སྐྱེ་བའི་རྟགས༔ ནམ་མཁའ་གསལ་དང་ཉི་ཟླའི་སྣང་བ་གསལ༔ རླུང་དང་སེར་བུ་མི་སྣང་རབ་ཏུ་དངས༔མི་དེ་ལྷ་ཡི་གནས་སུ་སྐྱེ་བའི་རྟགས༔ ནམ་མཁའ་གསལ་དང་སྤྲིན་ནི་དར་དཀར་འདྲ༔ སྲབ་ཅིང་ཉི་ཟླ་འོད་ཁྱིམ་ར་བ་ཅན༔ མི་དེ་མི་ཡི་གནས་སུ་སྐྱེ་བའི་རྟགས༔ དེ་ལྟར་རྟགས་རྣམས་གང་བྱུང་རིགས་དྲུག་གི༔ སྐྱེ་གནས་སོ་སོར་སྐྱེ་བའི་རྟགས་ཡིན་ནོ༔ ཤི་ནས་ཞག་ནི་གཉིས་གསུམ་བདུན་དུ་འབྱུང་༔ སྐུ་གདུང་འབར་བའི་རྒྱུད་ལས་དེ་ལྟར་གསུངས༔ དག་པའི་སྐྱེ་བ་སྐུ་གསུམ་ཐོབ་པ་དང་༔ མཁའ་སྤྱོད་ཐར་བ་ཐོབ་པའི་རྟགས་རྣམས་ནི༔ སྐུ་གདུང་འབར་བའི་རྒྱུད་དང་བཏགས་གྲོལ་ལས༔ གསུངས་པ་དེ་ལྟར་ཞིབ་ཏུ་བལྟ་བར་བྱ༔ འགྲོ་བ་རྣམས་ནི་ནམ་འཆི་མི་ཤེས་པས༔ དེ་ཕྱིར་འཆི་ལྟས་འདི་ལ་ཡང་ཡང་བལྟ༔ ངེས་པར་འཆི་བར་གྱུར་པའི་རྟགས་བྱུང་ན༔ ཅི་ཡོད་སྤང་དག་བྱ་ཞིང་བླ་མ་དང་༔ མཆེད་གྲོགས་འཛོམ་ན་གདམས་པ་གསལ་གདབ་ཅིང་༔ ཁྱད་པར་འཕོ་བའི་སྦྱོར་བ་བརྩོན་པར་བྱ༔ བར་དོ་ཐོས་གྲོལ་ཆོས་ལ་ཐོས་བསམ་བྱ༔ ཕྱི་ནང་གསང་གསུམ་འཆི་ལྟས་བྱུང་བའི་ཚེ༔ འཆི་བ་བསླུ་བའི་ཆོ་ག་མ་བྱས་ན༔ རང་ལུས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡལ་བར་དོར་བའི་ལྟུང་པ་ཕོག་ནས་སུ༔ དམ་ཚིག་ཉམས་ནས་དམྱལ་བར་འགྲོ་བས་ན༔ མཚམས་མེད་ལས་ཀྱང་སྡིག་པ་ཆེ་བར་གསུངས༔ ཅིས་ཀྱང་འཆི་བསླུའི་ཆོ་ག་ནན་ཏན་བྱ༔ ཕྱི་ནང་འཆི་ལྟས་རེ་རེ་ལ་སོགས་ལ༔ འཕོས་ན་ལྷ་བསད་པ་ཞེས་བྱ་བ་སྟེ༔ ལྟུང་བ་ཤིན་ཏུ་ཆེ་བས་འཕོ་མི་བྱ༔ འཆི་ལྟས་ཀུན་ཚང་བསླུས་ཀྱང་མ་བཟློག་ན༔ དེ་ནས་འཕོ་བའི་གདམས་པ་ཉམས་སུ་ལོངས༔ དུས་ལ་བབ་པའི་འཕོ་བའི་ཡོན་ཏན་ནི༔མཚམས་མེད་བྱས་པའི་མི་ཡང་མཐོ་རིས་དང་༔ བདེ་འགྲོ་ཐར་བ་ཐོབ་པར་རྒྱུད་ལས་གསུངས༔ ཨེ་མ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བར་དོ་ཐོས་གྲོལ་ཆོས་ཀྱི་ཆ་རྐྱེན་དུ༔ འཆི་ལྟས་མཚན་མ་རང་གྲོལ་འདི་བསྟན་པས༔ འདི་བཞིན་རྟོགས་ཤིག་ཕྱི་རབས་རྣལ་འབྱོར་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལས་ཅན་ཤེས་རབ་བློ་དང་ལྡན༔ དད་བརྩོན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ འཆི་ལྟས་མཚན་མ་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ དགེའོ། །