ཟངས་འབུམ་རིན་པོ་ཆེ་

ཡོང་ཁུངས་Wikipedia

རང་ཅག་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དགོན་པའི་ཆོས་སྲིད་གཉིས་ཀྱི་བདག་པོ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྐྱབས་རྗེ་ཟངས་འབུམ་རིན་པོ་ཆེའི་སྐུ་ཕྲེང་གི་བྱུང་བ་དང་མཛད་རྣམ་མདོར་བསྡུས་ཙམ་འགོན་ན། དེ་ཡང་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་གསེར་ཁང་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་ཚུལ་ཁྲིམས་དོན་ལྡན་དཔལ་བཟང་པོ་མཆོག་གིས་མཛད་པའི་འཁྲུངས་རབས་གསོལ་འདེབས་ལས་བྱུང་བ་ལྟར་ན། བདག་ཅག་གི་སྟོན་པ་མཆོག་གི་འཁོར་ཚོགས་གསེར་རིའི་ཕྲེང་བ་ལྟ་བུའི་ནང་ནས་ཤེས་རབ་ཅན་གྱི་མཆོག་ཉན་ཐོས་ཆེན་པོ་འཕགས་པ་ཤཱ་རིའི་བུ་དང་། གྲུབ་ཆེན་ཏེ་ལོ་པ་ཆེན་པོ། པཎྜི་ཏ་ཆེན་པོ་ཙནྜ་གོ་མི། བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་ཤུད་བུ་དཔལ་སེང་། བཀའ་གདམས་བསྟན་པའི་སྒྲོན་མེ་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེ་པོའི་དངོས་སློབ་གྲུབ་དབང་བློ་གྲོས་རྒྱལ་མཚན། གོང་ས་ལྔ་པ་ཆེན་པོའི་ཐུགས་སྲས་དཔོན་སློབ་ངག་དབང་རྣམ་རྒྱལ། དེ་ནས་མཁན་ཆེན་དཀོན་མཆོག་འཕྲིན་ལས་སོགས་སྐུ་ཕྲེང་རིམ་པར་བྱོན་པ་དང་། ལྷག་པར་བདག་གི་མཁན་རིན་པོ་ཆེ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག རབ་བྱུང་བཅོ་ལྔ་པའི་ས་ཕག་ལོར་རྒྱལ་ཐང་བྲག་སྣ་འགོ་པའི་ཁྱིམ་དུ་སྐུ་འཁྲུངས་ཤིང་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཐོག་ངོས་འཛིན་ཞུས་ཏེ་རྒྱལ་ཐང་སུམ་རྩེན་གླིང་དུ་ཆོས་བཞུགས་སོགས་སྔོན་གྱི་མཛད་ལམ་ལྟར་ལེགས་པར་གྲུབ་རྗེས་གྲྭ་སར་ཕེབས། ཆོས་སྡེ་ཆེན་པོ་དཔ་ལྡན་འབྲས་དཀར་སྤུངས་པའི་བློ་གླིང་སྤོམ་ར་ཁང་ཚན་དུ་ཆོས་ཞུགས་ཐོག་གཞུང་ཆེན་ཁག་ལ་གསན་བཞེས་གཙོ་བོར་མཛད་བཞིན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྗེ་གསེར་ཁང་པ་ཆེན་པོ་སོགས་མཚན་ཉིད་དང་ལྡན་པའི་དགེ་བའི་གཤེས་གཉེན་དུ་མའི་དྲུངས་ནས་མདོ་རྒྱུད་མན་ངག་དང་བཅས་པའི་དབང་ལུང་ཁྲིད་སོགས་ཟབ་ཆོས་མཐའ་ཀླས་པར་གསན་བཞེས་ལེགས་པར་མཛད་རྗེས་རང་ཡུལ་དུ་ཕྱིར་ཕེབས་ཏེ་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་མཁན་པོའི་མཚན་འགན་བཞེས་པས་སྒྲིག་ཁྲིམས་ཉམས་རིགས་བྱུང་བ་སླར་གསོ་དང་མི་ཉམས་གོང་དུ་སྤེལ་བ་སོགས་རྨད་བྱུང་ཆོས་སྲིད་ཀྱི་མཛད་འཕྲིན་གང་ཅི་ཀུན་སྙོམས་ཉི་མ་ལྟ་བུ་ཞིག་གནང་འདུག་ཀྱང་ཉི་མའི་འོད་ཟེར་དང་འུག་པའི་མིག་ཤེས་ཀྱི་དཔེ་ཇི་བཞིན་མཐོང་ཕྱོགས་མི་མཐུན་པ་རེ་ཟུང་གིས་དང་བ་མི་རྟོན་པ་བྱུང་ཡོད་ཚོད་འདུག་པ་ནི། སྙིགས་དུས་སྐྱེ་བོ་ངན་པའི་རང་བཞིན་འཆོས་དཀའ་བའི་སྐྱོན་ཉིད་དུ་ཟད་དོ། མཁན་པོའི་མཛད་ཁུར་འཁྱོལ་ནས་དབེན་པའི་སྒྲུབ་གནས་ཁག་དུ་མར་ཐོས་པའི་དགོས་དོན་སྒྲུབ་པ་ལ་གཞོལ་བའི་རིང་དཔལ་འཇིགས་མཛད་རྡོ་རྗེ་དཔའ་བོ་གཅིག་པའི་གཞི་བསྙེན་ཆེན་མོ་དང་རྒྱུད་སྡེ་ཁག་མང་པོའི་ལས་རུང་། ཁ་སྐོང་གི་སྦྱིན་སྲེག་སོགས་རྒྱུད་སྡེ་སོ་སོའི་དགོངས་དོན་ལྟར་ཉམས་བཞེས་སུ་བསྟར། སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པར་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལམ་རིམ་དང་བློ་སྦྱོང་གི་ཟབ་ཁྲིད། སོ་ཐར་དགེ་བསྙེན་དང་དགེ་ཚུལ་སློང་གི་བསླབ་སྡོམ། དཔལ་དུས་ཀྱི་འཁོར་ལོ་དང་གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་ཆེན་ཁག རྒྱུད་སྡེ་ཁག་མང་པོའི་ལྷ་ཚོགས་རྣམས་ཀྱི་རྗེས་གནང་། ལམ་རིམ་པ་གཉིས་ཀྱི་ཟབ་ཁྲིད། བཀའ་བསྟན་ཁག་མང་གི་ལྗགས་ལུང་སོགས་གདུལ་བྱ་རང་རང་གི་མོས་བློ་དང་འཚམ་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་བསྐོར་བར་མཛད་པས། རྒྱལ་ཐང་ཙམ་དུ་མ་ཟད་ཁྱིམ་མཚེས་ཡུལ་གྲུ་འཇོལ་དང་ཀོང་རྩེ་ར་པ་སོགས་ནས་བླ་སྤྲུལ་ཁག་དང་མཁས་དབང་། སེར་སྐྱ་མི་མང་གྲངས་ལས་འདས་པ་ཞལ་སློབ་ཏུ་གྱུར་པ་སོགས་དུས་དང་སའི་ཡང་མཐར་རླབས་ཆེན་གྱི་མཛད་འཕྲིན་རྨད་དུ་བྱུང་བ་དེ་ལྟ་བུ་བྱུང་བ་ནི་སྐྱེས་ཆེན་དམ་པའི་ཁྱད་ཆོས་ཉིད་དུ་ངེས་སོ། བར་སྐབས་ཤིག་ནས་ལྷ་ལྡན་ནས་སྤང་ལུང་ཆོས་སྐྱོང་ཆེན་པོའི་སྐུ་རྟེན་ཆེད་དུ་གདན་ཞུས་བགྱིས་ཏེ་རྒྱལ་ཐང་ཆོས་སྡེ་ཆེན་པོར་ལྷ་མི་ལྷན་འཛོམས་ཐོག་དགོན་སྡེའི་སྒྲིག་ཁྲིམས་ཀུན་སྤྱོད་དང་བཅས་པར་དག་ཐེར་དཔྱིས་ཕྱིན་པར་མཛད་པས་དགོན་ཡུལ་གཉིས་ཀར་སྨན་པའི་དགེ་མཚན་རླབས་ཆེན་བྱུང་བ་དང་། ཆོས་སྐྱོང་ཆེན་པོས་བཀའ་ལུང་བཞིན་དགོན་སྡེའི་ཁོངས་ཀྱི་བླ་སྤྲུལ་དགེ་བཤེས་ཡོངས་རྫོགས་ཚོགས་བཞུགས་ཡོད་པའི་བླ་སྤྱི་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང་། རྗེ་ལྷ་ཁང་ཆེན་པོ་རྒྱ་བསྐྱེད་ཀྱིས་གསར་བཞེངས་མཛད་བཞེད་ཀྱི་གོ་སྒྲིག་དང་། ཐིག་སྦྱོང་ཚུགས་ཡུལ་ཐིག་ར་གསར་རྒྱག་གནང་བ་སོགས་རྨད་བྱུང་གི་མཛད་རྗེས་ཁག་དང་། ཕྱི་ལོ་1956ལོར་བོད་དབུས་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞེས་པ་བཙན་འཛུགས་བྱེད་སྐབས་རྒྱ་ནག་མངའ་སྡེ་ཡུན་ནན་གྱི་དབང་འོག་ཏུ་ཚུད་པའི་བོད་རིགས་ཡོངས་ཀྱི་སྤྱི་འཐུས་ཀྱི་མཚན་འགན་བཞེས་ཏེ་ལྷ་ལྡན་དུ་ཆིབས་བསྒྱུར་བསྐྱངས། ལྷ་སའི་མཛད་རིམ་ཁག་གྲུབ་རྗེས་རང་ཡུལ་དུ་ཕྱིར་ཕེབས་བཀའ་དྲིན་ཆེ་ཐོག་སྔར་མུས་བཞིན་ཡུལ་ལུང་བདེ་འཇགས་ཡོངས་ཐབས་སོགས་བསྟན་སྲིད་ཀྱི་བདེ་རྩར་སྨན་པའི་མཛད་པ་ཁོ་ནའི་ངང་ནས་འཚོ་བཞུགས་གནང་མུས་ཕྱི་ལོ་1966ལོར་རྒྱ་དམར་གྱི་སྲུང་དམག་དམར་པོས་རིག་གནས་གསར་བརྗེ་ཞེས་ངན་དགུ་རྡུགས་བཅུ་འཛོམས་པའི་བྱ་སྤྱོད་ངན་པ་དངོས་སུ་ལག་ལེན་བསྟར་ཉེའི་སྐབས། ཁོང་དགུང་གྲངས་དྲུག་ཅུ་རེ་བརྒྱད་སྐོར་ཕེབས་ཤིང་རང་བཞིན་གྱི་བསྙུན་གཞི་ཕྲན་བུ་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་འདུག་ཅིང་། སྐབས་དེར་རྗེས་ལུས་འཁོར་སློབ་རྣམས་གྱིས་སྐུ་གདུང་ཞུག་འབུལ་ཞུས་སྐབས་ཐུགས་རིལ་པོ་ཞུགས་ཀྱིས་མ་ཚིག་པར་རང་ཅག་རྣམས་ཀྱི་དད་པའི་རྟེན་སྐལ་དུ་འཇོག་གནང་མཛད་པ་དེང་སྐབས། དགོན་སྡེ་སླར་གསོའི་རྟེན་གཙོར་བཞུགས་ཡོད་པ་བཅས་རྗེ་བླ་མ་མཆོག་གི་བཀའ་དྲིན་གྱི་ཕུང་པོ་གཞལ་དུ་མ་མཆིས་པ་ལས་ཆ་ཤར་ཙམ་ཞིག་དད་པའི་གསོས་སུ་བཀོད་པ་ལགས་སོ། ད་ལྟའི་ཡང་སྲིད་རིན་པོ་ཆེ་འདི་ཡང་སྐྱབས་གཅིག་བཀའ་དྲིན་ཟླ་མེད་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་བཀའ་སློབ་སྙིང་དུ་སིམ་པ་ལྷུག་པར་གནང་བ་ལྟར། གཞུང་བསྟན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། སྐུ་ཕྲེང་གོང་མ་རིམ་བྱོན་གྱིས་བསྟེན་ཅིང་མཆོད་པའི་སྲུང་མའི་གཙོ་བོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ཞི་དྲག་དང་། བསྟན་སྲུང་གནོད་སྦྱིན་ཆེན་པོ་བསེ་ཡི་ཁྲབ་ཅན་དང་བཅས་པར་ལུང་ཞུ་སྔ་ཕྱི་རིམ་པར་ཕུལ་བའི་བཀའ་ལུང་ཕྱིར་ཕེབས་ཁག་རྩེ་མཐུན་བྱུང་ཞིང་། སྐྱབས་རྡོ་རྗེ་འཆང་ཉིད་ཀྱིས་ཀྱང་ཐུགས་དམ་བརྟགས་འབྲས་བཟང་ཕེབས་ཐོག་ཡང་སྲིད་འཁྲུལ་བྲལ་དུ་ངེས་པ་རྙེད་དེ་ངོས་འཛིན་དང་ན་བཟའ་སྒྲོན་འབུལ་ཞུས། རིགས་བརྒྱའི་ཁྱབ་བདག་སྐྱབས་རྗེ་ཡོངས་འཛིན་ཁྲི་ཆེན་གླིང་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་གཙུག་ཕུད་འབུལ་བཞེས་སོགས་ལེགས་གྲུབ་ཟིན་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌིར་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོར་ཚོགས་ཆེན་སྤྲུལ་སྐུ་སྤྱི་མཚུངས་ལྟར་ཆོས་ཞུགས་ཀྱི་མཛད་སྒོ་ལེགས་གྲུབ་ཐོག་དེང་སྐབས་འབྲས་བློ་གླིང་སྤོམ་ར་ཁང་ཚན་དུ་བཞུགས་མུས་སུ་མཆིས་།