ཟག་བཅས་ཐམས་ཅད་སྡུག་བསྔལ་བ་

ཡོང་ཁུངས་Wikipedia

འདུས་བྱས་ཀྱི་ཆོས་ལ་ཟག་བཅས་དང་ཟག་མེད་གཉིས་ཡོད་པའི་ཟག་མེད་རྣམས་ནི་སྡུག་བསྔལ་གྱི་རྒྱུ་དང་ངོ་བོ་དང་འབྲས་བུས་མ་བསྡུས་པའི་ཕྱིར་སྡུག་བསྔལ་མིན་ཀྱང་། ཆོས་གང་ལ་དམིགས་ན་ཉོན་མོངས་ཉེ་བར་རྒྱས་པའི་རྒྱུར་གྱུར་པ་ཐམས་ཅད་ནི་ཟག་བཅས་ཡིན་ཅིང་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ནི་སྡུག་བསྔལ་བ་ཉིད་དུ་གནས་དེ། ཟག་བཅས་ཐམས་ཅད་སྐྱེས་ཙམ་ནས་སྡུག་བསྔལ་གྱི་ངོ་བོའམ་སྡུག་བསྔལ་དང་འབྲེལ་བ་དང་། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆ་ནས་སྡུག་བསྔལ་གསུམ་གྱི་རང་བཞིན་གྱིས་དེ་དག་ཡོངས་སུ་བསྡུས་པ་ཡིན་ནོ། །དཔེར་ན་ཟག་བཅས་ཀྱི་བདེ་བ་ནི་ཕུལ་དུ་བྱུང་བ་གང་འདྲ་ཞིག་ཡིན་རུང་སྐད་ཅིག་གཅིག་སོང་གཉིས་སོང་གིས་རྒྱུན་མྱུར་དུ་ཟད་ཅིང་། །གང་ བདེ་བ་ཟད་པ་ནི་སྡུག་བསྔལ་བ་ཉིད་དེ། ཇི་སྐད་དུ། སྲིད་པའི་ཕུན་ཚོགས་མི་རྟག་མི་བརྟན་པས། །སྙིང་པོ་མེད་པ་ སྡུག་བསྔལ་རང་བཞིན་ཏེ། །དེ་བས་རྟག་བརྟན་ཐར་པའི་བདེ་བ་ལ། །དོན་དུ་གཉེར་བ་སྐལ་བཟང་སྐྱེ་བོའི་ལུགས། །ཞེས་གསུངས་པ་ལྟར་རོ། །