ཞབས་དཀར་ཡོངས་འཛིན་ལ་གདམས་པ་

ཡོང་ཁུངས་Wikipedia

ཞབས་དཀར་བའི་ཡོངས་འཛིན་འཕྲིན་ལས་རྣམ་རྒྱལ་ལ་གདམས་པའི་མགུར། ཨོཾ་སྭ་སྟི། སྤྱི་གཙུག་འཇའ་གུར་གྱི་ཐབས་ཤེས་གདན་ལ།། རྒྱལ་ཀུན་གསང་གསུམ་གྱི་བཀོད་པ་ལྷུན་གྲུབ།། འཇམ་དཔལ་གཞོན་ནུ་ཡི་འཛུམ་ཞལ་མེ་རེ།། གུས་ལྡན་སློབ་བུ་ཡིས་མཐོང་བར་རེའོ།། གྲེ་འགྱུར་བདེ་མོ་ཡི་གླུ་བ་མིན་ཡང་།། རྟོག་པའི་འགྱུ་འཕྲུལ་ལས་བྱུང་བའི་ཚིག་ཕྲེང་།། ཉན་འདོད་ཡོད་ན་ཀྱེ་རྣ་བ་གཏོད་དང་།། ཕན་པའི་གདམས་ངག་གི་དོན་པོ་འབྱུང་སྲིད།། པདྨ་འབྱུང་གནས་དང་བློ་བཟང་རྒྱལ་བ།། ཐུགས་རྒྱུད་གཅིག་པ་རུ་ལུང་གིས་ཟིན་པས།། གསར་རྙིང་སྟོན་པ་ལ་བཟང་ངན་མ་མཆིས།། གསོལ་བ་ཕུར་ཚུགས་སུ་ཨེ་ཐོབ་ལྟོས་དང་།། འཇིགས་མཛད་རྡོ་རྗེ་དང་ཕྱག་རྒྱ་ཟིལ་གནོན།། འཇམ་དཔལ་སྤྲུལ་བ་རུ་རོ་གཅིག་ཕྱིར་ན།། གསར་རྙིང་ཡི་དམ་ལ་ཁྱད་པར་མི་འདུག།། དངོས་གྲུབ་ཞུ་རྒྱུ་དེ་འཕྱུགས་མེད་མཛོད་དང་།། ཆོས་ཀྱི་རྒྱལ་པོ་དང་གཟའ་གདོང་དམར་ནག།། དགེ་སྡིག་ཤན་འབྱེད་ཀྱི་ངོ་བོར་གཅིག་པས།། གསར་རྙིང་ཆོས་སྐྱོང་ལ་མཆོག་དམན་མི་འདུག། ལས་བཞི་སྒྲུབ་པ་ལ་སྐུལ་མཁས་གྱིས་དང་།། ཀ་དག་ལྷུན་གྲུབ་དང་དབུ་མའི་ལྟ་བ།། གཉིས་ཀ་རྟག་ཆད་ཀྱི་གཡང་ལས་གྲོལ་བས།། གསར་རྙིང་ལྟ་བ་ལ་མཐོ་དམན་མི་སྣང་།། བདེན་འཛིན་གཡུལ་ངོ་ལ་དཔའ་རྟགས་སྟོན་དང་།། ཅི་ཡང་མི་རྟོག་དང་ངར་འཛིན་ཞི་གནས།། བྱིང་རྒོད་བྲལ་བ་ཡི་སྒོམ་ཚུལ་ཡོད་ན།། གསར་རྙིང་སྒོམ་དོན་ལ་ཁྱད་པར་མི་སྣང་།། བདེ་གསལ་མི་རྟོག་པའི་ངང་དུ་ཞོག་དང་།། རིག་པ་བརྟུལ་ཞུགས་དང་སོ་ཐར་སྤྱོད་པ།། གང་ཟག་གཅིག་གིས་ཀྱང་རིམ་པར་སྤྱད་ཆོག།། གསར་རྙིང་སྤྱོད་པ་ལ་ཕྱོགས་ཞེན་མི་དགོས།། རང་གི་རྟོགས་ཚད་ལ་ལྟོས་ནས་སྤྱད་ཆོག། རིག་འཛིན་ཞལ་ཆབ་དང་གཞུང་བའི་སྤྲོས་བཤད།། གང་ཡང་སྐམ་བཤད་ཀྱི་སྦུན་པ་བྲལ་ན།། གསར་རྙིང་འཆད་པ་ལ་གནད་དོན་འདྲ་བས།། འཆད་ཚུལ་སེམས་སྟེང་ནས་ནོར་མེད་གྱིས་དང་།། མན་ངག་མཛུབ་ཚུགས་དང་ལུང་རིགས་ངར་བོ།། གང་གིས་རྩོད་ན་ཡང་རྩོད་ས་ལོག་རྟོག། གསར་རྙིང་རྩོད་པ་ལ་ཕྱོགས་ས་སྒྲ་ཁྱད་མེད།། ཐལ་ཕྱིར་མ་སྦྱར་ཡང་དེ་དོན་སྦྱོངས་དང་།། ཉམས་མྱོང་བརྡ་སྐད་དང་བཀའ་བསྟན་དགོངས་འགྲེལ།། རྩོམ་ཚུལ་ཚད་ལྡན་གྱི་གཏམ་དང་མཐུན་ན།། གསར་རྙིང་གང་རྩོམ་ཡང་ཐར་ལམ་སྟོན་པས།། རྩོམ་ཚུལ་རྒྱ་བོད་ཀྱི་མཁས་པར་སྟུན་དང་།། དགེ་ལྡན་བསྟན་པ་དང་སྔ་འགྱུར་ཆོས་ལུགས།། ལྷ་ཆོས་རྣམ་དག་གི་གནད་དོན་གཅིག་རེད།། གསར་རྙིང་གྲུབ་མཐའ་ལ་ནང་དབྱེར་མེད་པས།། དག་སྣང་འོད་དཀར་གྱིས་རང་སེམས་སྦྱོངས་དང་།། ཚངས་སྤྱོད་དགེ་འདུན་དང་སྔགས་འཆང་དཔའ་བོ།། བསླབ་གསུམ་ཉམས་ལེན་དང་བདེ་སྟོང་མཆིས་ན།། གསར་རྙིང་ཟླ་གྲོགས་ལ་བསྟོད་སྨད་མི་དགོས།། ཐར་ལམ་དཀྱུས་ཐོག་དེ་གཉིས་ཀས་ཆོད་ངེས།། གངས་སེང་དཀར་མོ་ཁོ་གངས་རྩེར་འགྱིང་ནས།། གཡུ་རལ་སྔོན་པོ་དེ་མཐའ་ལ་རྒྱས་པས།། མདོ་དབུས་གཉིས་ཀ་ན་སྐད་སྒྲ་ཆེ་བ།། ཚོགས་དྲུག་རང་གྲོལ་གྱི་ཁྱད་ཆོས་ལགས་སོ།། ན་ཚོད་སྒོ་ང་ལ་དམ་རྒྱ་བྱས་ཀྱང་།། ལྷན་སྐྱེས་རིག་རྩལ་གྱི་གཞན་ཡིད་འཕྲོག་པ།། མཆོག་སྤྲུལ་འདབ་ཆགས་ཀྱི་ཕྲུ་གུ་ལགས་ན།། སྐྱོང་ཚུལ་ཐང་ལྷོད་དང་བྲལ་བས་སྐྱོངས་དང་།། རྐྱང་བུ་ཁ་དཀར་གྱིས་རིག་པའི་ཐང་ན།། རྣམ་དཔྱོད་བང་རྩལ་གྱིས་ཕ་རོལ་གནོན་པ།། སྐལ་ལྡན་རང་གྲོལ་ཁོའི་རྩེད་འཇོར་འོས་པས།། གཞན་དོན་ཁྲོམ་གཤོག་གི་དཔའ་བོ་གྱིས་དང་།། ཁོ་རེ་བློ་གྲོས་ཀྱི་ནོར་དང་ལྡན་པས།། གཞན་གྱི་བསླབ་སྟོན་ལ་ལྟོས་པ་མིན་ཡང་།། ངེད་ཅག་བཀུར་འོས་ཀྱི་ངག་ལ་ཉན་ན།། ཕན་པ་འབྱུང་ཚུལ་གྱི་གནའ་གཏམ་འདུག་གོ། དེ་ལྟར་རང་ཉིད་ལ་གྲུབ་མཐའི་གནད་དོན།། ཅུང་ཟད་གོ་བ་ཡི་སྤོབས་པ་དགེ་བས།། འདི་དོན་གསར་རྙིང་གི་བསྟན་འཛིན་ཀུན་གྱིས།། འཕྱུགས་མེད་རྟོགས་པ་ཡི་དོན་དུ་སྨྲས་སོ།། འདི་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་ཡིན།