ཚོགས་མཆོད་སེར་སྦྲེལ།

ཡོང་ཁུངས་Wikipedia
Jump to navigation Jump to search

བོད་ཟླ་གཉིས་པའི་ཚེས་སུམ་ཅུ་ཉིན་ཚོགས་མཆོད་སེར་སྦྲེངས་ཀྱི་དུས་ཆེན་ཡིན་པས་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་མཆོད་ཉིན་བདུན་ཐོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་། སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་བཅས་ཀྱི་སྐུ་མཆོད་འཕར་མ་འཁེལ་བའི་ཉིན་དེར་སྐུ་ཕྲེང་ལྔ་པའི་སྐུ་གདུང་འཛམ་གླིང་རྒྱན་གཅིག་དང་། རྒྱལ་བ་རིགས་ལྔའི་གཙོ་བོ་རྣམ་སྣང་གི་གོས་སྐུ། འོད་དཔག་མེད་ཀྱི་གོས་སྐུ་ཆེན་མོ་གཉིས་གྲུ་འཛིན་གཉིས་པའི་ཕོ་བྲང་གི་རྩིགས་ངོས་སུ་ཞལ་ཕྱེ་མཆོད་འབུལ་བྱེད་པའི་དུས་ཆེན་ཁྱད་དུ་འཕགས་པ་ཞིག་རེད། དང་ཐོག་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གླུ་དང་གར་གྱི་མཆོད་པ་འབུལ་གྱི་ཡོད་པ་དང་། ཉིན་དེའི་སྔོན་ནས་མཆོད་རྫས་དོ་དམ་རྩེ་དྲུང་གཉིས་ཀྱིས་མཆོད་རྫས་ཁང་ནས་མཆོད་པའི་རྣམ་གྲངས་མ་ཚང་བ་མེད་པ་ཕྱིར་བཏོན་ནས་སེ་འབྲས་དགའ་གསུམ་དང་། གླིང་ཁག གོང་དཀར་ཆོས་སྡེ། གསང་སྔགས་བྱང་ཆུབ་གླིང་པ། གཞི་དགོན་ཁག་ལ་སོགས་པའི་དགེ་འདུན་སྟོང་ཕྲག་ཁ་ཤས་ལ་རེ་རེ་བཞིན་མཆོད་རྫས་རྩིས་སྤྲོད་དང་འབྲེལ་ཚེས་སུམ་ཅུ་ཉིན་གྱི་ནམ་ལངས་སྔ་ཆར་དགེ་འཕེལ་དབུ་རྩེར་རྟ་བདུན་དབང་པོའི་འོད་སྣང་ཤར་བ་དང་དུས་མཉམ་དགེ་འདུན་གྱི་ཀུན་དགའ་ར་བ་གཙུག་ལག་ཁང་གི་སྐལ་བཟང་ཁྱམས་རའི་སྒོ་མཆོར་འོག་ནས་གཟབ་མཆོར་སྤྲས་པའི་སེར་སྦྲེངས་ཀྱི་རུ་ཐོག་མར་བཀྲ་ཤིས་པའི་རུ་དར་དཀར་པོ་ཞི་བའི་མདོག་ཅན་རྣམ་སྣང་མཚོན་དོན་ནོར་བུའི་འཕྲུལ་ཅན་བཅོ་ལྔས་སྣེ་དྲངས་ཏེ་གཡུ་ཐོག་བརྒྱུད་སེར་སྦྲེངས་ཀྱི་དབུ་སྣ་ཕོ་བྲང་གི་འོག་ཏུ་འབྱོར་ནས་ཁང་སྟེང་དུ་མ་འཛེགས་པར་སྔོན་དུ་ཕོ་བྲང་གི་རྩེ་མོའི་ས་གསུམ་གྱི་ཞལ་ཕྲ་ནས་རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་པའི་མཇལ་དར་འཕྱར་མཚམས་ལམ་སེང་ནས་ཁང་སྟེང་དུ་བསྐྱོད་དེ་རང་རང་སོ་སོའི་ཁྱད་ཆོས་དང་མཚུངས་པའི་གླུ་གར་གྱི་མཆོད་པ་འབུལ་རྒྱུ་དང་། ལྷག་པར་དུ་གར་པ་ཚོས་སྙན་འཇེབས་ལྡན་པའི་གླུ་གར་གྱི་མཆོད་པ་ཕུལ་བ། གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུ་གསོལ་དང་འབྲེལ་ཞོར་དུ་གླང་ཆེན་ལ་ཆིབས་པ། འདོད་འཇོའི་བ་རྫིས་འོ་ཕུད་ཕུལ་བ་སོགས་མདོར་ན་སེར་སྦྲེངས་དབུ་ནས་མཇུག་བར་རང་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་རྔ་རྡུང་དར་འཕྱར་དང་། གར་འཆམ་འདྲ་མིན་སྣ་ཚོགས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་རིམ་པས་བྲག་སྒོ་ཀགྞི་བརྒྱུད་རྩེ་ཕོ་བྲང་ལ་སྐོར་བ་བསྐྱོན་ནས་ར་མོ་ཆེར་ཕེབས་མཚམས་སླར་ཡང་གོང་བཞིན་མཆོད་པ་ཆ་ཚང་བ་ཕུལ་ཟིན་རྗེས་སྔར་བཞིན་གོ་རིམ་ལྡན་ལ་ཞི་དུལ་གྱི་རྣམ་པའི་ཐོག་ནས་གཙུག་ལག་ཁང་དུ་ཕེབས་སྐབས་གཞི་ནས་སེར་སྦྲེངས་མཇུག་སྒྲིལ་ཞིང་། ཉིན་དེར་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོས་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་གསོལ་བ་འདེབས་པ་དང་། སེར་སྦྲེངས་ལ་ཞལ་མཇལ་ཞུས་པ་དང་སྦྲགས་རྣམ་དཀར་དགེ་བའི་ལས་ལ་འབད་པ་འདི་ལྟ་བུ་བྱེད་པ་སུ་ཞིག་གིས་མཐོང་ཡང་ཡིད་སྨོན་རང་ཤུགས་སུ་སྐྱེས་དགོས་པ་སྣང་ངོ་། ། ཤོད་སྲོལ་གཞན་ཞིག་ནི། ཚོགས་མཆོད་སེར་སྦྲེངས་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་ཀྱི་མནལ་ལམ་དུ་སེར་སྦྲེངས་ཀྱི་དབུ་ནས་ཁྱམས་ར་བརྒྱུད་རྩེ་ཕོ་བྲང་ལ་བསྐོར་བ་དང་། དེ་ནས་ར་མོ་ཆེ་བརྒྱུད་མཐར་གཙུག་ལག་ཁང་དུ་འབྱོར་ནས་སླར་ཡང་ཇོ་བོའི་ཐུགས་ཁར་རང་འཇགས་ཐིམ་པའི་གཟིགས་སྣང་བྱུང་བ་རྣམས་གོང་ས་ལྔ་པ་སྐུ་ངོ་མས་དབུ་ཁྲིད་ནས་སེར་སྦྲེངས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྣམས་ཇི་མ་ཇི་བཞིན་ལེགས་བསྒྲུབས་ཀྱིས་ཚོགས་མཆོད་སེར་སྦྲེངས་དེ་གསར་གཏོད་གནང་བ་ཡིན་ཟེར།