ཚོགས་མཆོད་སེར་སྦྲེང་

ཡོང་ཁུངས་Wikipedia

བོད་ཟླ་གཉིས་པའི་གནམ་གང་ཉིན། རྩེ་ཕོ་བྲང་དུ་བཞུགས་པའི་རྒྱལ་བ་ལྔ་པའི་སྐུ་གདུང་འཛམ་གླིང་རྒྱན་གཅིག་དང་། རྒྱལ་བ་རིགས་ལྔའི་གཙོ་བོ་རྣམ་སྣང་གི་གོས་སྐུ་དཔངས་སོར་མོ་སྟོང་དང་ཉིས་བརྒྱ་དགུ་ཅུ་གོ་དགུ་ཡོད་པ་དེ་དང་འོད་དཔག་མེད་ཀྱི་གོས་སྐུ་ཆེན་མོ་སོར་མོ་ཉིས་སྟོང་ལྔ་བརྒྱ་གོ་བརྒྱད་ཡོད་པ་དེ་གཉིས་གྲུ་འཛིན་གཉིས་པའི་ཕོ་བྲང་གི་རྩིག་ངོས་སུ་ཞལ་དབྱེ་མཆོད་འབུལ་བྱེད་པའི་ཉིན་མོ་ཞིག་རེད། རྩེ་སྐོར་མཆོད་རྫས་དོ་དམ་པས་ཆོས་སྐོར་ཕེབས་མི་འཁྲི་ཁུངས་གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད། རྨེ་བཞི་ལྕགས་གསུམ། དེ་བཞིན་ཉེ་འདབ་དགོན་ཁག་དྲུག་བཅས་ལ་མཆོད་རྫས་རྩིས་སྤྲོད་བྱས་པ་རྣམས། བདག་གཅེས་དང་། བྱེད་སྒོའི་སྐོར་མཆོད་རྫས་དོ་དམ་དང་། ཚོགས་དགེའི་ཆབ་བདག་གཉིས་ནས་གོང་གསལ་འཁྲི་ཁུངས་དགོན་ཁག་གི་ཆབ་རིལ་དང་། ལས་སྣེར་བྱེད་སྒོའི་བཀའ་བསྒྱུར་བཏང་ནས་གོང་ཚེས་ནམ་ལངས་སྔ་ཆར་དགེ་འཕེལ་དབུ་རྩེར་ཉི་མ་ཤར་བ་དང་། མཆོད་རྫས་དོ་དམ་རྩེ་དྲུང་ལས་ཚན་གཉིས། བྱིངས་ལས་དྲུང་བརྒྱད་བཅས་ཀྱིས་སྤོས་སྣེ་སྔུན་བསུས་ཏེ། དེ་ཉིན་གཙུག་ལག་ཁང་བས་བེེ་སེར་ལས་གསུངས་པ་བཞིན་སེར་སྦྲེང་གི་རུ་ཐོག་མར་བཀྲ་ཤིས་པའི་རུ་དར་དཀར་པོ་ཞི་བའི་མདོག་ཅན་རྣམ་སྣང་གི་མཚོན་དོན་འཁོར་ལོའི་ཕྲུ་ཅན་བཅོ་ལྔ་དང་། རྒྱས་པའི་ཁ་དོག་རིན་འབྱུང་གི་མཚོན་དོན་ནོར་བུའི་ཕྲུ་ཅན་བཅོ་ལྔ་དང་། དབང་མདོག་སྣང་མཐའི་མཚོན་དོན་ཅན་བཅོ་ལྔ་དང་། དྲག་པོའི་མདོག་ཅན་མི་བསྐྱོད་པའི་ཕྲུ་ཅན་བཅོ་ལྔ། ལས་སྣ་ཚོགས་པའི་མདོག་ཅན་དོན་ཡོད་གྲུབ་ཀྱི་མཚོན་དོན་རལ་གྲིའི་ཏོག་ཅན་དང་། གཞན་ཡང་གདུགས་སུམ་ཅུ། རྒྱལ་མཚན་སུམ་ཅུ། བ་དན་སུམ་ཅུ། དུང་དཀར་བ་དུང་གོས་བཅས་པ་སུམ་ཅུ། རྒྱ་གླིང་པ་སུམ་ཅུ། རྔ་བོ་ཆེ་བཅོ་ལྔ། ཀ་ལིང་ངམ་ལོ་པཎ་སྤྱན་འདྲེན་གྱི་དུང་དུ་གྲགས་པ་བཞི་ཚན་དུ་བསྒྲིལ་ནས་འབུད་པ་བརྒྱད། གར་ཆུང་དུ་གྲགས་པ་ལྷའི་གཞོན་ནུ་ཟུར་ཕུད་ལྔ་པའི་ཆ་བྱད་ཅན་ཕེག་རྡོབ་པ་གཅིག། རྔ་ཆུང་པ་བཅུ། ཏིང་ཤག་པ་ལྔ་རྣམས་ཀྱིས་ཟུར་འགྲོས་ཀྱི་གར་ཆུང་དབྱངས་དང་བཅས་པ་རྫ་རྔ་དང་རྫ་རྔ་ཆེན་པོ་ལྔ་རེ། པི་ཝམ་པ་ལྔ། རྒྱུད་མངས་པ་བཅུ་བཞི། ལྕགས་དང་འཁར་བའི་སིལ་ཁྲོལ་བཞི་རེ། གླིང་བུ་རིགས་བཅུ་གསུམ། ཕེག་རྡོབ་པ་བཞི། ལྔ་མུ་ཀུ་ཊྰ་ཟུང་དང་། པ་ཊ་ཧ་གཉིས། ཤུར་ཏིང་གཉིས། འཁར་རྔ་བ་བཅུ། སིལ་སྙན་པ་ཉི་ཤུ། སྦུག་ཆོས་པ་ཉི་ཤུ། རྔ་ཡུ་བ་ཅན་བཅུ་ལྡན་སྐྱེས་དང་སྦྱར་བ་ལས་བྱུང་བའི་བདུག་སྤོས་ཀྱི་ཡོལ་གོ་བཅོ་ལྔ། བུམ་པ་ཕལ་རྫས་བརྒྱད། དྲི་བཟང་། བཅུད་ཉེར་ལྔ་ལ་སོགས་པས་གཏམས་པ་སོ་གསུམ། རིན་པོ་ཆེ་ལ་སོགས་པའི་སྣོད་དུ་ནྱེ་གྲོ་དྷས་གཙོས་པའི་བདུགས་རལ་པ་བརྒྱད་ངུར་པང་དང་བཅས་པ། ཁྲུས་རས། གདུགས་དཀར། ཁྲུས་གཞོང་རྣམས་རེ། མཎྜལ། ཚོམ་བུའི་རིགས་མི་འདྲ་དྲུག། དེ་དག་གི་ཞལ་འདོན་སྤྱན་འདྲེན་ཁྲུས་གསོལ་ཐོས་པ་རྒྱ་ཆེའི་མཆོད་དབྱངས་ཆོས་ཀྱི་བྱང་འདྲེན་བཅས་བཅུ་བདུན། ཀུན་བཟང་སློན་ལམ་ལས། ཕྱག་འཚལ་དང་མཆོད་ཅིང་བཤགས་པ་དང་། ཞེས་ཡན་ལག་བདུན་རིམ་པ་ལྟར་ཕྱག་འཚལ་བ་དགེ་སློང་བཞི། མེ་ཏོག། ཕྲེང་བ། སིལ་སྙན། དུང་དཀར། འཁར་རྔ། སྦུག་ཆལ། བྱུག་པ། གདུགས། མར་མེ། མེ་ཤེལ་རྣམས་རེ། བདུག་སྤོས་པ་གཉིས། ན་བཟའ། དྲི་ཆབ། ཕྱེ་ཕུར། རིན་པོ་ཆེ། དོ་ཤལ། བླ་བྲེ། རྒྱལ་མཚན་སོ་སོ་ནས་རེ། བརྐྱང་ཕྱག་འབུལ་མི་བཞི། ཕྱག་འཚལ་བའི་གཟུངས་འདོན་མི་བཞི། ཐལ་མོ་སྦྱར་མི་བཞི། ལྟུང་བཤགས་འདོན་མི་བཞི། སྟོབས་བཞི་འདོན་མི་བཞི། ཡིག་བརྒྱ་འདོན་མི་བཞི། ཡེ་ཤེས་སྐུ་མཆོག་པ་བཞི། རྗེ་སུ་ཡི་རང་བ་བཞི། ཆོས་འཁོར་བསྐལ་མེ་འཁོར་ལོ་ཐོགས་པ་བཞི། འགྲོ་དོན་བསྐུལ་པ་པོ་བཞི། བྱང་ཆུབ་ཏུ་སྔོ་བ་པོ་བཞི། ཁྲུས་གསོལ་བ་ཁྲུས་བུམ་ཐོགས་པ་གཅིག། ཁྲུས་སྡེར་ཐོགས་པ་གཅིག། ཁྲུད་དར་བ་གཅིག། སིལ་སྙན་དང་འཁར་རྔ་བ་རེ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། ན་བཟའ། ལོངས་སྐུའི་རྒྱན་ཆ་ཚང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། ཁྲུས་སྡེར་ཏིལ་མར་ཅན་རེ། བྱུག་པ། མེ་ཏོག། བདུག་སྤོས། ལྷ་བཤོས། སྒྲོན་མེ། ས་གཞི། གཞལ་མེད་ཁང་། རིན་པོ་ཆེའི་གདུགས། རོལ་མོ་ཐུལ་བ་སིལ་སྙན་གཅིག། ཕེག་རྡོབ་གཅིག་ མཆོད་དབྱངས་པ་དྲུག། དགེ་སློང་མཆོད་སྤྲིན་གྱི་གཟུངས་འདོན་པ་བཞི། གསང་སྔགས་བའི་རྒྱུད་སྡེ་བཞི་ཐུན་མོང་གི་མཆོད་པ་བཅུ་གཉིས། ཉེར་སྤྱོད་ལྔ། མཆོད་ཡོན། ཁྲུས་བུམ། རོལ་མོ། མེ་ཏོག། བདུག་སྤོས། ལྷ་བཤོས། མར་མེ་བཅས་བརྒྱད། མེ་ཏོག། བདུག་པ། སྤོས། ཕྲེང་བ། ཕྱེ་ཕུར། ན་བཟའ། གདུགས། རིན་པོ་ཆེ། པད་མ་རྒྱན་ཕྲེང་། རྒྱལ་མཚན། རིན་པོ་ཆེའི་གདུགས་རྣམས། ཅོད་པན། སྙན་རྒྱན། སེ་མོ་དོ། དཔུང་རྒྱན། གདུ་བུ། ཞབས་གདུབ། གདུགས། རི་དག་ཀྱི་རྒྱལ་པོ་སོགས་སྲོག་ཆགས་ཡོད་མེད་ཀྱི་ཁྱད་ལས་ལྕེ་གསུམ་པ་མཚན་ཉིད་དང་ལྡན་པ་རྒྱལ་མཚན། བ་དན། ལྡ་ལྡི། རྔ་གཡབ། བླ་བྲེ། བ་དན། གདུགས། རྒྱལ་མཚན། མེ་ཏོག། དྲི་ཆབ། བདུག་སྤོས། མར་མེ། ལྷ་བཤོས། པི་ཝམ། གར་མ། རྒྱན་མཆོག། དར་དཔྱངས། ཕྲེང་བ། ཁང་བཟང་། རྟ་མཆོག་གླང་པོ་བ། རྟ་བབས་ཏེ་མཆོད་པ་ཉེར་གཅིག་རིག་མ་བཅུ་དྲུག། འདོད་ཡོན་ལྔ། རྡུལ་གཡབ། སྦྲང་གཡབ། བསིལ་གཡབ། ཁང་བཟང་། སྐྱེད་ཚལ། གཟིམས་ཆ། སེང་ཁྲི། རྟ་མཆོག། གླང་པོ། ནོར་བུ། དཔག་བསམ་ཤིང་། རྟ་བབས། བླ་བྲེ། ཞལ་ཟས། གླུ་མ། གར་མ། བུམ་བཟང་། འདོད་འཇོའི་བ། རྒྱལ་ལག། ནམ་མཁའ་མཛོད་དེ་ཉི་ཤུ། དུས་འཁོར་གྱི་མཆོད་པ་མཚོན་བྱེད། ཐུགས་དཀྱིལ་ལྷ་རྣམས་ཀྱི་ལྷ་མོ་བཅུ་གཉིས། གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ། མཆོད་པའི་ལྷ་མོ་བཅུ་གཉིས། འཁོར་ལོ་རྩིབས་བརྒྱད་པ་སེར་པོ། གླང་པོ་ཆེ་མཆེ་བ་དྲུག་པ་དཀར་པོ། རྟ་ལྗང་དགུ། བུད་མེད་བཅུ་དྲུག་ལོན་པའི་རྣམ་པ་སྔོ་བསངས། ནོར་བུ་རྩེ་དྲུག་པ་སེར་པོ། ཁྱིམ་བདག་དམར་པོ་མཛོད་མི་ཟད་པ། དམག་དཔོན་ནག་པོ་མདུང་དང་རལ་གྲི་འཛིན། ཉེ་བའི་རིན་པོ་ཆེ་བདུན། བཀྲ་ཤིས་རྟགས་བརྒྱད་རང་རང་ཕྱག་ཐོགས་ལྷ་མོ་བརྒྱད། གྷི་ཝམ། ཞོ། དུ་རྦ། པི་ཝང་། དུང་། ལི་ཁྲི། ཡུངས་དཀར་རྣམས་ཏེ། བཀྲ་ཤིས་ལྷ་མོ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས། རྒྱལ་པོ་ཆེན་པོ་བཞི་བཅས་མཆོད་རྫས་ཀྱི་བྱེ་བྲག་རྣམས་གྲངས་ཤིན་ཏུ་མང་ཞིང་བཀོད་པ་བསམ་གྱི་མི་ཁྱབ་པའི་དངོས་པོ་རྙིང་མ་རིན་བྲལ་སྲིད་ན་དཀོན་པ་གོ་རིམ་མ་ཛོལ་བར་འཕྱར་འཁྱེར་མུ་ཏིག་བསྟར་ལ་བརྒྱུས་པ་ཇི་བཞིན་དལ་བྲེལ་སྙོམས་ཤིང་། ལྷ་ལྡན་གཙུག་ལག་ཁང་ནས་ཐོན་ཏེ་བར་སྐོར་དང་། ཀླུ་སྦུག། གཡུ་ཐོག་ཟམ་པ་བརྒྱུད་ཞོལ་རྡོ་རིང་སྒང་དུ་སེར་སྦྲེང་དང་པོ་ཕེབས་འཕྲལ་རྩེ་ཕོ་བྲང་དམར་པོའི་གཟིམ་ཆུང་ས་གསུམ་དུ་ཏཱ་ལའི་བླ་མ་ཞབས་སོར་འཁོད། ཞོལ་ནས་ཁང་སྟེང་དུ་འབྱོར་སྐབས་གསང་སྔགས་རྒྱུད་སྡེ་བཞི་སོ་སོ་ནས་བསྟན་པའི་མཆོད་རྫས་ཀྱི་བྱེ་བྲག་སྣ་ཚོགས་ཐོགས་པའི་སེར་སྦྲེང་གིས་འདོད་དབྱངས་དང་མཆོད་གར་འཁྲབ་པ་དང་། གར་པས་གར་འཁྲབ་པ། རྔ་བོ་ཆེ་དང་། དུང་རྒྱ་གླིང་སོགས་དཀྲོལ་བཞིན་དུ་མདུན་དུ་བསྐྱོད། འདོད་འཇོའི་བ་ལས་འོ་མ་འཇོ་ཁུལ་གྱིས་དཀར་ཡོལ་དཀར་བསངས་གཅིག་ནང་འོ་མ་བླུགས་པ་ལག་གཉིས་ཀྱིས་རྩེ་ཕོ་་་བྲང་གི་ཕྱོགས་སུ་འདེགས་འབུལ་དང་དེ་ནས་ས་དབང་རྣམ་པར་ཕུད་གཏོར་ཞུས། གླང་པོ་ཆེས་ཀྱང་རྩེ་ཕོ་བྲང་གི་ཕྱོགས་སུ་གུས་བཏུད་ཞུས་རྗེས། གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་སྐུ་ཕེབས་ཀྱི་ཏཱ་ལའི་བླ་མ་མཆོག་དང་། གོས་སྐུར་ཕྱག་འཚལ་པད་འབུལ་དང་འབྲེལ་གོས་སྐུརསྙན་ཤལ་འབུལ་གནང་། གླང་ཆེན་ལའང་ཁ་བཏགས་གཡོགས་པ་སོགས་བྱེད། དེ་ལྟར་སེར་སྦྲེང་རྣམས་གྲལ་བསྟར་རིམ་ཕེབས་ཀྱིས་རྩེ་ཕོ་བྲང་རྒྱབ་ཏུ་མཇུག་བསྒྲིལ་མཚམས་གོས་སྐུ་གསེར་ཐང་ཆེན་མོར་དགེ་སློང་གི་དགེ་འདུན་རྣམས་ནས་རབ་གནས་གཤེགས་གསོལ་ཤིས་བརྗོད་ཟིན་འཕྲལ་གོས་སྐུ་བསྒྲིལ་བསྡུ་ཞུས། དེ་ནས་ར་མོ་ཆེར་མཆོད་འབུལ་དང་་་་འབྲེལ་གོང་གསལ་མཆོད་གར་རྣམས་སླར་ཡང་ཐེངས་གཅིག་འཁྲབ། དེ་ནས་ཤ་གསར་སྒང་སོགས་བརྒྱུད་ཇོ་བོ་དབུ་སྐྲ་བཅས་ཁྱམས་རའི་ནང་ནས་ཕྱག་དར་དང་པོ་ནས་བཟུང་ཞིབ་གཤེར་ཟབ་ནན་གྱིས་དེ་འཕྲལ་རྩིས་ལེན་བྱས་ཏེ་སེར་སྦྲེང་ཆེན་མའི་མཛད་སྒོ་ལེགས་པར་གྲུབ་ཉིད་དགོངས་ཇ་ཚོགས་ཏེ་བླ་ཕྱག་ནས་དགེ་འདུན་ལ་ལེགས་དར་རེ་དང་། སྐུ་འགྱེད་ཊམ་སྐར་རེ་ཕུལ། དེ་ཉིན་བཀའ་བློན་མན་ནས་ལས་དཀྱུས་ཤོད་སྐོར་དཔོན་རིགས་རྣམས་ཀྱང་མཆོད་མཇལ་དང་འབྲེལ་ཞོལ་ནས་ཁང་སྟེང་རང་རང་གདན་ཐོབ་ཀྱི་གྲལ་ལ་འཁོད་པར་ཇ་དང་འབྲས་བསིལ་གཏོང་། གཞན་ཡང་དེ་ཉིན་གསེར་གདུང་འཛམ་གླིང་རྒྱན་གཅིག་དང་གཙུག་ལག་ཁང་སོགས་སུ་སྟོང་མཆོད་དང་། རིས་མེད་དགེ་འདུན་འདུས་པའི་ཚོགས་ལ་ཇ་ཐུག་དང་། ཚ་ར། འགྱེད་དངུལ། མུ་ཏོ་བ་སྦྱིན་པ་སོགས་མཆོད་སྦྱིན་རྣམ་མང་བྱེད་སྲོལ་ལྡན་པ་དེ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་འཛུགས་མཛད་པ་ཞིག་ཡིན་ནོ།