ཚེས་ཞག་

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་དང་མངོན་པ་མཛོད་ནས་བཤད་ཚུལ་ལ། ཟླ་བས་ས་ཡི་གོ་ལར་བསྐོར་བ་འཁོར་བའི་ཚེ་ཟླ་བའི་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ་དང་། འགྲིབ་པའི་ཆ་བཅོ་ལྔ་བཅས་སུམ་ཅུ་ཡོད་པའི་ཆ་གཅིག་ལ་ཚེས་ཞག་ཟེར་ཞིང་། དེའི་ཡུན་ཚད་ལ་སྐར་རྩིས་པའི་ལུགས་ཀྱི་ཆུ་ཚོད་ང་དགུ་དང་། ཆུ་སྲང་གསུམ། དབུགས་ཆ་བཞི། ཆ་ཤས་བཅུ་དྲུག་རེ་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་བཅོ་ལྔ་ནས་རྗེས་མའི་ཚེས་བཅོ་ལྔ་བར་ཉིན་ཞག་གི་དབང་དུ་བྱས་ན་ཞག་སུམ་ཅུ་མ་ལོངས་ཀྱང་ཚེས་ཞག་སུམ་ཅུ་རྫོགས་ཟིན་པས་དེ་ལ་ཚེས་ཟླ་ཟེར་ལ། ཚེས་ཟླ་བཅུ་གཉིས་ལ་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་ཡོད་པ་དེ་ལ་ཚེས་ལོ་ཟེར་བ་ཡིན། མེས་རྒྱལ་ནང་ཁུལ་ནས་བོད་དུ་སྐར་རྩིས་མ་དར་གོང་དང་། རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་སྐར་རྩིས་བོད་དུ་མ་དར་གོང་སྟེ། སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་གོང་དུ་བོད་གནའ་རབས་ཀྱི་སྐར་རྩིས་ནི། ཐོག་མར་ཟླ་བ་རེའི་ཟླ་གཟུགས་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ལ་བརྟེན་ནས་བརྩིས་པའི་ཟླ་རྩིས་ཡིན། དེ་ཡང་ཐོན་སྐྱེད་ལས་རྩོལ་བྱས་པའི་གོ་རིམ་ནང་དཡཝུས་ཡུན་རིང་པོར་ལྟ་ཞིབ་བྱེད་སྐབས་ཟླ་བ་མཐོང་རྒྱུ་མེད་པ་ནས་ཟླ་བ་ཁ་མ་གང་བ་དང་། ཁ་ཕྱེད། འཇོང་དབྱིབས། ཁ་ཡོངས་སུ་གང་བ་དང་། དེ་ནས་སླར་ཡང་རིམ་བཞིན་འཇོང་དབྱིབས། ཁ་ཕྱེད། ཁ་མ་གང་བ། ཟླ་བ་མཐོང་རྒྱུ་མེད་པར་གྱུར་པའི་བར་ངེས་ཅན་ཆོས་ཉིད་ཅིག་ཡོད་པ་མཐོང་སྟེ་ཡར་ངོའི་ཞག་བཅོ་ལྔ་དང་། མར་ངོའི་ཞག་བཅོ་ལྔ་ཞེས་པའི་ཐ་སྙད་བཏགས་པ་ཞིག་ཡིན། ཚེས་པ་གཅིག་ནས་གནམ་སྟོང་གི་བར་དུ་མིང་བཏགས་པ་ཞིག་ཡིན། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན། སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་གཉིས་ཙམ་གྱི་གོང་ལ་བོད་ཀྱི་རྒྱལ་པོ་པུ་དེ་གུང་རྒྱལ་གྱིས་སྲིད་དབང་བཟུང་སྐབས། ལྷོ་ཁ་ཡར་ལུང་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཟེར་བ་བྱུང་བའི་སྐོར《འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ》ཅེས་པའི་ནང་འཁོད་དོན་དུ། ཚེས་གཅིག་ནས་ཞག་བདུན་དུ་བགྲངས་པའི་བདུན་དང་པོའི་རྗེས་མ་ནི་ཟླ་བསྟོད་ཀྱི་ཕྱེད་ཀ་སྟེ་ཚེས་པ་བརྒྱད་ཡིན་ཞིང་། ས་རུབ་པའི་དུས་སུ་ཟླ་བ་ཕྱེད་པ་ནམ་མཁའི་དཀྱིལ་དུ་སླེབས་ཟིན་པ་དང་། ནམ་ཕྱེད་དུས་སུ་ཟླ་བ་ནུབ་ཕྱོགས་སུ་བཞུད་ཟིན་པས་གཏམ་དཔེར། ཚེས་བརྒྱད་ཟླ་བ་ནམ་ཕྱེད་ཐུབ་ཟེར། དེ་ནས་ཞག་བདུན་དུ་བགྲངས་པའི་བདུན་གཉིས་པའི་རྗེས་མ་སྟེ་ཚེས་བཅོ་ལྔ་ལ་ཟླ་བ་དར་བ་ཞེས་ཉ་ཡོངས་སུ་གང་བ་དེས་མཚན་ཧྲིལ་པོ་གཅིག་ཐུབ་པའི་དབང་གིས་གཏམ་དཔེར། བཅོ་ལྔའི་ཟླ་བས་ནམ་ཚོད་འཛིན་ཞེས་ཟེར་ལ། ཡང་ཚེས་བཅོ་ལྔ་ནས་བགྲངས་པའི་བདུན་གསུམ་པའི་རྗེས་མ་སྟེ་ཚེས་པ་ཉི་ཤུ་གཉིས་ལ་ཟླ་སྨད་ཀྱི་ཟླ་ཕྱེད་ལ་སླེབས་ཤིང་། དེའི་དགོང་མོ་ནམ་ཕྱེད་ཟིན་པ་དང་གཞི་ནས་ཟླ་བ་འཆར་བ་དང་། ཟླ་བ་ནམ་མཁའི་དཀྱིལ་དུ་སླེབས་དུས་ནམ་ལངས་ཀྱི་ཡོད་པས་གཏམ་དཔེར། ཉེར་གཉིས་རྐུན་མའི་ཟླ་བ་ཡིན་ཞེས་ཟེར། དེ་ནས་ཡང་ཞག་བདུན་དུ་བགྲངས་པའི་རྗེས་ཀྱི་ཚེས་སུམ་ཅུ་ཉིན་ཟླ་བ་མཐོང་རྒྱུ་མེད་པས་གཏམ་དཔེར། ཟླ་མེད་མཚན་སྟོང་པ་ཟེར་ཞེས་བཤད་སྲོལ་ཡོད། ད་དུང་ཉི་མ་ནུབ་མ་ཐག་ཟླ་བ་མཐོང་ན་ཚེས་གསུམ་ཡོད་པ་དེ་ཡི་རྒྱུ་མཚན་ནི་ཚེས་གཅིག་གི་ཟླ་བ་ནི་མིག་གིས་མཐོང་མི་ཐུབ་ཅིང་། མཐུང་ན་ཚེས་གཉིས་ལ་སླེབས་པ་དང་། ཡང་ཚེས་གཉིས་ཀྱི་ཟླ་བ་དེ་མིག་གིས་མི་མཐོང་ཞིང་། གང་དེ་མཐོང་ན་ཟླ་བ་མགྱོས་ཟེན་ནས་ཚེས་གསུམ་ལ་སླེབས་ཟིན་པས་གཏམ་དཔེར། ཚེས་གསུམ་ཟླ་བ་མགོ་ནག་མི་ཡིས་མཐོང་ཞེས་ཟེར། མདོར་བསྡུ་ན། ཟླ་བའི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཁོགན་ལ་བལྟས་ནས་རྩ་དགུ་ཟླ་བ་དང་། སུམ་ཅུ་ཟླ་བ་ཞེས་བརྗོད་པ་དང་། ཟླ་བ་དང་པོ། བཞི་པ། བདུན་པ། བཅུན་པ་བཅས་ཀྱི་ཚེས་ཉི་ཤུ་བཞི་ལ་རིམ་པ་བཞིན་དུ་དཔྱིད་ཀ་དང་། དབྱར་ཀ། སྟོན་ཁ། དགུན་ཁ་བཅས་ཀྱི་མཐིལ་ཟིན་པས་དུས་སྐབས་དེ་དང་བསྟུན་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་ཀར་བཀོད་སྒྲིག་བྱེད་ཀྱི་ཡོད། དེ་ནས་དུས་ཚོད་ཡུན་རིང་ཙམ་སོང་རྗེས་ཟླ་རྩིས་ཀྱི་དབང་དུ་བྱས་པའི་དུས་བཞིའི་འཁོར་བསྐྱོད་དང་། ས་གནས་རང་གི་དངོས་ཡོད་དུས་བཞིའི་གནས་ཚུལ་གཉིས་ཏག་ཏག་འཕྲོད་མི་ཐུབ་པའི་དབང་གིས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་སྐྱོན་ལྷག་ནས། སླར་ཡང་ས་ངོས་སུ་དུས་བཞིའི་འགྱུར་ལྡོག་ངེས་ཅན་ཡོང་བའི་རྒྱུ་མཚན་ལ་ཡུན་རིང་པོར་བརྟག་དཔྱད་བྱས་པ་བརྒྱུད་གཞི་ནས་ཉི་མ་ལ་ལྷོ་དྲོད་དང་བྱང་དྲོད་གཉིས་ཡོད་པ་དང་། དེའི་རྐྱེན་གྱིས་ས་ངོས་སུ་དྲོད་ཚད་ལ་འགྱུར་ལྡོག་བྱུང་བ་དང་། དེ་ལ་བརྟེན་ནས་ཆར་ཆུ་དང་། ཁ་བ་བབས་པ། རྩི་ཤིང་ནགས་ཚལ་ལོ་ཏོག་སོགས་སྐྱེས་ནས་འབྲས་བུ་སྨིན་པ། ལོ་མ་སེར་པོ་ཆགས་ནས་ས་ལ་ཟགས་པ་སོགས་བྱུང་བར་ཤེས་ཏེ། ལོ་ཟླའི་རྩིས་ཀྱི་ཉི་རྟགས་དང་། སྐར་རྟགས། བྱ་རྟགས། ཤིང་རྟགས་བཅས་ཀྱི་ཐོག་ནས་ལོ་གཅིག་གི་དུས་བཞིའི་འཁོར་བགྲོད་ཀྱི་ཆོས་ཉིད་སྔར་ལས་ལྷག་པར་གཏན་ཁེལ་བྱེད་ཐུབ་པའི་ཉིན་རྩིས་བྱུང་བ་དང་། དེ་རྗེས་ཟླ་བ་གཅིག་གི་འཁོར་བགྲོད་ཆོས་ཉིད་གཏན་ཁེལ་བྱེད་རྒྱུ་ནི་ཟླ་གཟུགས་འཕེལ་འགྲིབ་ཀྱི་འགྱུར་ལྡོག་གཙོ་ཆེ་བ། ལོ་གཅིག་གི་དུས་བཞིའི་འཁོར་བགྲོད་ཀྱི་ཆོས་ཉིད་ནི་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་ཀྱི་འགྱུར་ལྡོག་དེ་གཙོ་ཆེ་བ་ཡིན་པར་ངོས་འཛིན་ཐུབ་སྟེ་རིམ་བཞིན་ཉིན་ཞག་དང་ཚེས་ཞག་སྦྲགས་མའི་ལོ་རྩིས་རྣམས་བྱུང་བ་ནས་བོད་གནའ་རབས་ཀྱི་སྐར་རྩིས་ཐད་སྔར་ལས་ལྷག་པར་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་སྐབས་འདིར་བཤད་པའི་ཚེས་ཞག་ཟེར་བ་ནི། ཟླ་བ་གཅིག་རིང་གི་ཟླ་གཟུགས་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ལ་གཞི་བཟུང་ནས་གཏན་ཁེལ་བྱས་པའི་ཞག་གཅིག་ལ་ཟེར་བ་ཡིན་ཞིང་། དེའི་ཐད་སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་ནས་བཤད་པའི་སྐར་རྩིས་རིག་པ་དང་། དེང་སང་གི་ཚན་རིག་ཐོག་ནས་བཤད་པའི་སྐར་རྩིས་རིག་པ་གཉིས་ཀྱི་བར་བཤད་ཚུལ་འདྲ་བའི་ཕྱོགས་དང་མི་འདྲ་བའི་ཕྱོགས་གཉིས་ཀ་ཡོད། བཤད་ཚུལ་འདྲ་བའི་ཕྱོགས་ནི་ཟླ་བས་ས་ཡི་གོ་ལ་བསྐོར་ནས་འགྲོ་བ་དང་། དེའི་རང་འགྲོས་གཡས་བསྐོར་ཡིན་པ། ཟླ་གཟུགས་འཕིལ་འགྲིབ་ཀྱི་འགྱུར་ལྡོག་དེ་ཟླ་བ་དང་ཉི་མ་གཉིས་ཀྱི་བར་ཐག་ཉེ་རིང་གི་ཁྱད་པར་ལ་བརྟེན་ནས་བྱུང་བ་དང་། དེ་ཡང་ཟླ་བ་དང་ཉི་མ་གཉིས་ཐག་ཉེ་སར་ཡོད་སྐབས་ཟླ་བ་རང་ཉིད་ཀྱི་གྲིབ་གཟུགས་དེས་ཟླ་བའི་ཕྱོགས་གཅིག་བསྒྲིབས་ནས་མཐོང་མི་ཐུབ་ཅིང་། དེ་ནས་རིམ་བཞིན་ཐག་ཇེ་རིང་དུ་སོང་དུས་ཟླ་བའི་ངོས་གཅིག་ལ་ཉི་འོད་ཕོག་པའི་ཆ་དེ་ང་ཚོས་མཐོང་ཐུབ་ན་ཡང་ཉི་འོད་མི་ཕོག་པའི་ཆ་དེ་མཐོང་མི་ཐུབ་པའི་དབང་གི་ཟླ་གཟུགས་འདྲ་མིན་སྣ་ཚོགས་མཐོང་བ་དང་། ཐག་རིང་དུས་ཉི་འོད་ཕོག་པའི་ཕྱོགས་དེ་ཆ་ཚང་བ་ཚུར་ངོས་ལ་གཏད་ནས་ཡོད་པས་ཟླ་བ་ཁ་གང་བ་ཞིག་མཐོང་བ་དེ་ནི་ཡར་ངོའི་ཕྱོགས་དང་། ཟླ་གཟུགས་ཆ་ཚང་བ་མཐོང་ནས་གཏན་ནས་གཏན་ནས་མཐོང་རྒྱུ་མེད་པ་ཆགས་པའི་བར་དུ་གྲིབ་གཟུགས་ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས་གཉིས་ཀ་མཐོང་ཐུབ་ཅིང་། དེ་ཡང་གྲིབ་གཟུགས་ཆེ་ཆུང་དང་བཟོ་དབྱིབས་ཀྱང་མི་འདྲ་བ་མཐོང་ཐུབ་པ་བཅས་ལ་ལྟ་ལྟངས་མི་མཐུན་པ་མེད། བཤད་ཚུལ་མི་འདྲ་བའི་ཕྱོགས་ནི་སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་ནས་བཤད་པའི་སྐར་རྩིས་རིག་པའི་བཤད་ཚུལ་ལྟར་ན། ཟླ་བས་ས་ཡི་གོ་ལ་བསྐོར་ནས་འགྲོ་སྐབས་རང་འགྲོས་གཡོན་བསྐོར་ཡིན་ཀྱང་འདེགས་བྱེད་ཀྱི་རླུང་དང་། འདྲེན་བྱེད་ཀྱི་རླུང་གཉིས་ཀྱིས་ཟླ་བ་དེ་གུས་བསྐོར་དུ་འཐེན་ནས་འགྲོ་བའི་འཐེན་ཤུགས་ཆེ་བར་བརྟེན་རླུང་འགྲོས་གཡས་བསྐོར་ཡིན་པ་དང་། དེའི་དབང་གིས་ང་ཚོས་ཉིན་ལྟར་ཟླ་བ་ཤར་ནས་འཆར་ཏེ་ནུབ་ཏུ་བཞུད་འགྲོ་བའི་འཆར་སྣང་དེ་བྱུང་བ་དང་། ཟླ་བའི་རླུང་འགྲོས་ནི་ཉི་མ་ལས་འགོར་བར་བརྟེན་ཉིན་ཞག་གཅིག་གི་ནང་ཉི་མ་དང་འདྲ་བར་ས་ཡི་གོ་ལ་ཡོངས་རྫོགས་འཁོར་མི་ཐུབ་པའི་དབང་གིས་ཚེས་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ལས་མ་ལོངས་པ་ཡིན་ཅིང་། དེ་བཞིན་དུ་ཟླ་བ་འཕེལ་གྲིབ་ཀྱི་བགྲོད་པ་གཅིག་ལ་ཟླ་བ་ཆེ་བ་ཡིན་ན་ཞག་སུམ་ཅུ་དང་། ཟླ་བ་ཆུང་བ་ཡིན་ན་ཚེས་ཞག་ཉེར་དགུ་དང་། ཆུ་ཚོད་སོ་གཅིག ཆུ་སྲང་ལྔ་བཅུ་ལྷག་ཙམ་ཞིག་ལས་མེད་པའི་རྒྱུ་མཚན་ཡང་དེར་ཐུག་པ་ཡིན། ཉི་མས་རང་འགྲོས་ཀྱིས་ས་ཡི་གོ་ལ་ལ་བསྐོར་བ་རྒྱག་པའི་དུས་ཡུན་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ཙམ་ཡོད་པ་དེ་དང་ཟླ་བས་ས་ཡི་གོ་ལ་ལ་རང་འགྲོས་ཀྱི་ཐོག་ནས་བསྐོར་བ་རྒྱག་པའི་དུས་ཡུན་དེ་གཉིས་བར་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དང་ཆུ་སྲང་དགུ་ལྷག་ཙམ་གྱི་རིང་ཐུང་བར་ཁྱད་འབྱུང་བའི་གནད་ཀྱིས་ཚེས་ལོ་དེ་ལ་ཟླ་བ་ཆུང་བའི་སྐབས་ཚེས་ཞག་སུམ་ཅུ་་མ་ལོངས་པ་དྲུག་འབྱུང་བ་དེ་བསགས་ན་ལོ་ལྔ་སོང་བའི་ཚེ་ཚེས་ཟླ་གཅིག་ལོངས་ཤིང་། དེའི་དབང་དུ་བྱས་ན་ཚེས་ལོ་དྲུག་པ་ལ་ཟླ་བཤོལ་འདོན་ཆོག་པ་ལྟར་ཡོད་ཀྱང་། ཞིབ་རྩིས་ཀྱི་དབང་དུ་བྱས་ན་ཚེས་ལོ་གཅིག་ལ་ཞག་མི་ཐུབ་པའི་ཆ་ཚེས་ཞག་ལྔ་དང་། ཆུ་ཚོད་ཞེ་བརྒྱད། ཆུ་སྲང་ཉེར་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རིའི་ཆ་ལྔ་བརྒྱ་གྱ་དྲུག་དང་བཅས་ཡོད་པས་དེ་བསགས་ན་ཟླ་བ་ཕྱེད་དང་བཅས་པའི་སོ་གཉིས་ལ་ཟླ་བ་ལྷག་མ་གཅིག་ཐོན་འོང་བའི་རྒྱུ་མཚན་གྱིས་ལོ་གཉིས་དང་ཟླ་བ་ཕྱེད་དགུའི་མཚམས་སུ་ཟླ་བཤོལ་རེ་འདོན་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན། བོད་རྩིས་ཀྱི་ལོ་ཐོར་ཚེས་གྲངས་ཆད་ལྷག་འདོན་པའི་རྒྱུ་མཚན་ནི། ཚེས་ཞག་ནི་ཚེས་ཀྱི་ཆུ་ཚོད་འཕེལ་བའི་དུས་སུ་ཆུ་ཚོད་དྲུག་ཅུ་རེ་བཞི་ཙམ་ཡོད་ཅིང་། འགྲིབ་པའི་དུས་སུ་ཆུ་ཚོད་ལྔ་བཅུ་ང་བཞི་ལས་མེད་པ་ཞིག་བསྟུད་ནས་འབྱུང་བའི་དབང་གིས་དེས་ཉིན་ཞག་གི་ཆུ་ཚོད་དྲུག་ཅུ་ལོན་མི་ཐུབ་པར་ཉིན་ཞག་གཅིག་པུ་དེར་ཚེས་སྔ་མའི་ཆུ་ཚོད་ནས་གཅིག་གཉིས་མར་འཕྱུགས། ཚེས་རྗེས་མའི་ཆུ་ཚོད་ནས་གཉིས་གསུམ་ཙམ་ཡར་འཕྱུགས་ཏེ་ཚེས་ཞག་གསུམ་གྱི་ངོ་མཐོང་ནས་ད་ནང་སྔ་དྲོའི་དུས་ཁོ་མ་སླེབས་ཤིང་། སང་གི་སྔ་དྲོ་ནི་ཁོ་རྫོགས་ཟིན་པས་ཉིན་ཞག་གཅིག་གི་ནང་ཚེས་སྔ་ཕྱི་གཉིས་ཀྱི་ལྷག་མ་ངོ་མཐོང་དང་བཅས་པ་སོང་བ་ན་དེ་རིང་གི་ཚེས་དེ་ཆད་པར་བརྩིས་པ་ཡིན་ཅིང་། ཚེས་ཀྱི་ཆུ་ཚོད་འཕེལ་བའི་སྐབས་སུ་ཚེས་ཞག་གི་ཆུ་ཚོད་དྲུག་ཅུ་རྩ་བཞི་ཙམ་ཡོད་པ་བསྟུད་མར་འབྱུང་བའི་དབང་གིས་ཉིན་ཞག་གིས་ཚེས་ཞག་མ་ཐུབ་པར། ཚེས་ཀྱི་ཆུ་ཚོད་དྲུག་ཅུ་རྩ་བཞི་པོ་དེས་ཉིན་ཞག་རྫོགས་ནས་ད་དུང་ལྷག་མ་བཞི་པོས་ཉི་མ་སྔ་ཕྱི་གཉིས་ཀར་ཆུ་ཚོད་གཉིས་རེ་ཙམ་དོན་གྱིས་ཐོབ་པས་ན་ཚེས་ཞག་གཅིག་ལ་ཉིན་ཞག་གསུམ་གྱི་ངོ་མཐོང་བའི་ཚེས་དེ་སྔ་དྲོ་ལན་གཉིས་སུ་བལྟབས་ནས་འོང་བའི་དབང་གིས་ཚེས་དེ་ལྷག་པོར་འདོན་པ་བཅས་ཡིན། ཞིབ་པར་སྐར་རྩིས་ཀྱི་གཞུང་ལས་གསལ།