ཚེ་སྲོག་

ཡོང་ཁུངས་Wikipedia

ཚེ་སྲོག་གི་གོ་དོན་ནི། བརྟན་ལྷིང་གི་སྤུས་ཚད་དང་ནུས་ཚད་བརྗེ་ཚབ་བྱེད་ལས་ལྡན་པ། ཕྱི་རོལ་གྱི་ཟུག་རེག་ལ་རྒོལ་ལན་སློག་ཐུབ་པ་དང་རྒྱུད་འཕེལ་གྱི་རང་བཞིན་ལྡན། ཚེ་སྲོག་ནི་ནུས་ཚད་ལས་བྱུང་བ་ཡིན་ལ། ནུས་ཚད་ནས་རྩི་ཤིང་དང་། རྩི་ཤིང་ནས་སྐྱེ་དངོས་ཕྲ་རབ། དེ་ནས་སྲོག་ཆགས་སོགས་རིམ་གྱིས་བྱུང་བ་ཡིན། བྱེ་བྲག་གི་ཚེ་སྲོག་ཚང་མར་སྐྱེས་པ་དང་འཚར་ལོངས། ཤི་བ་བརྒྱུད་དགོས།

༡.ངོ་སྤྲོད།[རྩོམ་སྒྲིག]

ཚེ་སྲོག་ནི་སྐྱེ་དངོས་ཀྱི་ཕུང་པོ་ཁོ་ནར་ཡོད་པའི་སྣང་ཚུལ་ཞིག་ཡིན་པ་དང་། བརྟན་ལྷིང་གི་སྤུས་ཚད་དང་ནུས་ཚད་བརྗེ་ཚབ་ཀྱི་བྱེད་ལས་ལྡན་པ། ཕྱི་རོལ་གྱི་ཟུག་རེག་ལ་རྒོལ་ལན་སློག་ཐུབ་པ་དང་རྒྱུད་འཕེལ་གྱི་རང་བཞིན་ལྡན། ཚེ་སྲོག་ནི་ནུས་ཚད་ལས་བྱུང་བ་ཡིན་ལ། ནུས་ཚད་ནས་རྩི་ཤིང་དང་། རྩི་ཤིང་ནས་སྐྱེ་དངོས་ཕྲ་རབ། དེ་ནས་སྲོག་ཆགས་སོགས་རིམ་གྱིས་བྱུང་བ་ཡིན། སའི་གོ་ལའི་སྟེང་གི་ཚེ་སྲོག་ནི་གོ་ལ་རང་སྐྱེ་འཕེལ་བྱུང་བའི་འབྲས་བུ་ཡིན།

༢.ཚེ་སྲོག་གི་སྣང་ཚུལ།[རྩོམ་སྒྲིག]

ཚེ་སྲོག་གི་སྣང་ཚུལ་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ། ①སྐྱེ་དངོས་ཀྱི་ཕུང་པོ་ཚང་མར་སྤྲི་དཀར་དང་ཉིང་སྐྱུར་འདུས་ཡོད་པ་དང་། ཕྲ་ཕུང་ནི་དེའི་གཞི་རྩའི་གྲུབ་ཆ་ཡིན། ②སྐྱེ་དངོས་ཀྱི་ཕུང་པོའི་ངེས་སྲོལ་ཅན་གྱི་གྲུབ་ཚུལ་ནི་རྒྱུ་བའི་རྣམ་པའི་རྙིང་ཚབ་གསར་བརྗེའི་ཐོག་ཏུ་ཚུགས་པ་སྟེ། སྐྱེ་དངོས་ཀྱིས་ངེས་པར་དུ་འཚོ་བཅུད་ལེན་པ་དང་། ནུས་པ་འཛད་པ། རང་ཉིད་གསར་བརྗེ་བྱེད་པ་བཅས་ལ་བརྟེན་ནས་ཚེའི་འདུ་བྱེད་སྐྱོང་གི་ཡོད། ③སྐྱེ་དངོས་བྱེ་བྲག་པ་འཚོ་བའི་སྐབས་སུ་སྐྱེ་འཚར་སོགས་ཀྱི་སྣང་ཚུལ་ལྡན་པ་དང་། ཕྱི་རོལ་ནས་བྱུང་བའི་ངར་ཤ་ལ་ཚོར་བ་ལྡོག་པ་དང་ཁོར་ཡུག་ལ་བསྟུན་པའི་བྱེད་ལས་ལྡན་ཡོད། ④སྐྱེ་དངོས་ཀྱིས་རིགས་རྒྱུད་སྤེལ་བར་བྱེད་ཅིང་། བུ་རབས་དང་མ་རབས་ཕན་ཚུན་འདྲ་ལ་མི་འདྲ་བར་ཡང་འགྱུར་གྱི་ཡོད། ⑤སའི་གོ་ལའི་ལོ་རྒྱུས་རིང་མོའི་ནང་དུ་ཁོར་ཡུག་འགྱུར་ལྡོག་བྱུང་བའི་དབང་གིས་སྐྱེ་དངོས་ཁག་བར་ལ་རྒྱུན་ཆད་མེད་པར་འཚོ་གནས་ཀྱི་འགྲན་རྩོད་བྱུང་བས། གང་ཞིག་འཕྲོད་པར་གྱུར་ན་དེ་ཉིད་འཚོ་ཞིང་གནས་བར་འགྱུར་བ་ནི་རང་བྱུང་གི་གདམ་ག་དང་སྐྱེ་དངོས་ཀྱི་འཕེལ་འགྱུར་ཟེར་བ་དེ་ཡིན། འཚོ་གནས་ཀྱི་བསྐལ་བ་ཐོབ་པའི་སྐྱེ་དངོས་གང་དེ་དག་ནི་གྲུབ་ཚུལ་གཞན་ལས་སྲོལ་ཅན་དང་འཕྲོད་ནུས་གཞན་ལས་ཆེ་བའི་གྲས་ཡིན།

༣.ཚེ་སྲོག་གི་འབྱུང་གནས།[རྩོམ་སྒྲིག]

ཚེ་སྲོག་གི་འབྱུང་གནས་ནི་གདོད་མའི་སའི་གོ་ལའི་སྟེང་གི་སྐྱེ་མེད་དངོས་རྫས་ཉིད་ཐོག་མའི་སྲོག་གི་ཕུང་པོར་འཕོ་འགྱུར་བྱུང་བའི་གོ་རིམ་ཡིན། འགྱུར་རྡོ་ལ་བརྟན་དཔྱད་བྱས་འབྲས་སུ་ལོ་ངོ་དུང་ཕྱུར35གོང་ནས་སའི་གོ་ལའི་སྟེང་དུ་ཚེ་སྲོག་བྱུང་ཡོད་པར་གསལ། སྤྱིར་བཏང་གི་འདོད་ཚུལ་ལྟར་ན་ཚེ་སྲོག་ནི་དངོས་རྫས་ཀྱི་མཐོ་རིམ་རྒྱུ་འགུལ་ཡིན་པ་དང་། དེ་ཉིད་དངོས་ལུགས་དང་རྫས་འགྱུར་གྱི་ཆོས་ཉིད་སྟེང་དུ་གྲུབ་ཡོད་དེ། དངོས་ལུགས་དང་རྫས་འགྱུར་གྱི་ཆོས་ཉིད་རྐྱང་པར་ཡང་འཛིན་རྒྱུ་མེད། ཚེ་སྲོག་གི་དངོས་རྫས་རྨང་གཞི་ནི་སྤྲི་དཀར་དང་ཉིང་སྐྱུར་གྱིས་གཙོས་པའི་ཞིབ་ཕྲ་ཆེ་ལ་སྲོལ་ལུགས་དང་ལྡན་པའི་ཆ་རྡུལ་མང་བའི་འབྱེད་པའི་མ་ལག་ཡིན་པ་ལ། མ་ལག་དེ་ལ་རྙིང་ཚབ་གསར་བརྗེ་དང་། རང་གིས་རང་ཉིད་བསྐྱར་བཟོ། སྐྱེ་འཚར། རང་གིས་རང་ཉིད་སྙོམ་སྒྲིག རྒྱུད་པ་ཐ་དད་དུ་འགྱུར་བ། ངར་ཤ་བསླངས་བར་ཚོར་བ་ལྡོག་པ་སོགས་ཀྱི་ཁྱད་ཆོས་གྲུབ་ཡོད་ལ། དེ་ནི་སའི་གོ་ལ་དུས་རིམ་ངེས་ཅན་ཞིག་ལ་སྐྱེ་འཕེལ་བྱུང་ནས་ད་གཟོད་བྱུང་བ་རེད།