ཚེ་རིང་མཆེད་ལྔ་
ཚེ་རིང་མཆེད་ལྔ་ནི་རི་བོ་ཇོ་མོ་གླང་མའི་ཕྱོགས་བཞི་དབུས་བཅས་ཀྱི་རི་རྩེ་ལྔ་བོ་འདི་དག་ཡིན་ལ། རྗེ་བཙུན་མི་ལ་རས་པས་བཀའ་བསྒོ་དམ་བཞག་བྱས་པའི་འཕྲིན་ལས་ཀྱི་སྲུང་མ་གཙོ་བོ་ཞིག་ཡིན། ད་ལྟ་དིང་རི་རྫོང་ཁོངས་སུ་ཡོད། ལྷ་མོ་འདི་དག་སྔོན་ཡབ་ལྷོ་ལྷ་འཐེང་བོ་དང་། ཡུམ་འབྲང་ཡུམ་སྨན་གཅིག་མ་གཉིས་ལ་བུ་བདུན་དང་། བུ་མོ་ལྔ་འཁྲུངས་བའི་བུ་མོ་སྤུན་མཆེད་ལྔ་བོ་དེ་ཡིན་ནོ།།
བྱུང་རིམ།
[རྩོམ་སྒྲིག]སྔར་རྒྱ་གར་གྱི་དུར་ཁྲོད་མུན་པ་སྒྲ་སྒྲོག་ཅེས་པར་བཞུགས་པའི་སློབ་དཔོན་ཕྱོགས་ཀྱི་གོ་ཆ་ཞེས་བྱ་བས་དམ་ལ་བཏགས་ཤིང་། དུས་ཕྱིས་སློབ་དཔོན་པད་མ་བོད་དུ་བྱོན་པའི་དུས་སླར་ཡང་དྲག་འདུལ་མཛད་དེ་བཀའ་སྡོད་ཀྱི་སྲུང་མར་བསྐོས། དེའི་རྗེས་བསྟན་པ་ཕྱི་དར་གྱི་སྐབས་རྗེ་བཙུན་མི་ལ་རས་པ་གང་ཉིད་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བྱིན་གྱི་བརླབས་པའི་གནས་རི་སྨན་ལུང་ཆུ་དབར་གྱི་དབེན་གནས་ན་བཞུགས་སྐབས་ཤིག་ཏུ། ལྷ་མོ་ལྔ་ལ་སྐྱབས་འགྲོའི་བསླབ་སྡོམ་དང་ཇོ་མོ་སྒྲོལ་མའི་རིག་པ་གཏད་པའི་དབང་བསྐུར་ཏེ་བྱང་ཆུབ་ཀྱི་ལམ་ལ་བཀོད། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་རྗེ་བཙུན་གྱི་རིགས་བརྒྱུད་དུ་གཏོགས་པ་རྣམས་བསྲུང་བའི་གཡར་དམ་མཛད་དོ།། དེ་འདྲའི་ཚེ་རིང་མཆེད་ལྔ་འདི་དག་ནི་བཀའ་བརྒྱུད་པའི་སྲུང་མ་གཙོ་བོ་ཙམ་དུ་མ་ཟད། རི་བོ་དགེ་ལྡན་པའི་སྐྱེས་ཆེན་མང་པོས་ཀྱང་མཆོད་གཏོར་དང་། འདོན་ཆོག གསོལ་ཁ་སོགས་མཛད་པའང་ཤིན་ཏུ་མང་ངོ་།།
བཀྲ་ཤིས་ཚེ་རིང་མ།
[རྩོམ་སྒྲིག]རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ།། སྐུ་མདོག་དཀར་མོ་གཞིན་ཚུལ་ཅན།། ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས།། གཡོན་པས་ཚེ་ཡི་བུམ་པ་འཛིན།། བུམ་པའི་སྟེང་ན་དཔལ་བེ་དང་།། གཡུང་དྲུང་རིན་ཆེན་འཁྱིལ་པས་བརྒྱན།། ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས།། སིལ་སྙན་རོལ་མོའི་སྒྲ་དང་བཅས།། རིན་ཆེན་དུ་མས་མཛེས་པར་བརྒྱན།། བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ།། ཆིབས་སུ་སེང་གེ་དཀར་མོ་ཆིབས།། གངས་དཀར་སྟོད་ན་བཞུགས་པ་མོ།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།།
མཐིང་གི་ཞལ་བཟང་མ།
[རྩོམ་སྒྲིག]ལྷ་མོ་མཐིང་གི་ཞལ་བཟང་མ།། རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས།། སྐུ་མདོག་སྔོ་བསངས་འཚེར་བག་ཅན།། ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས།། ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས།། གཡོན་པས་ལྷ་ཡི་བ་དན་ཕྱར།། སྐུ་ལ་དར་དཀར་ན་བཟའ་གསོལ།། སིལ་སྙན་རོལ་མོའི་སྒྲ་དང་བཅས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། སྔ་གསལ་བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ།།
མི་གཡོ་བློ་བཟང་མ།
[རྩོམ་སྒྲིག]གསང་མཚན་རྡོ་རྗེ་བཞད་པ་མོ།། སྐུ་མདོག་གསེར་མོ་གསེར་གྱི་མདོག། ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས།། ཕྱག་གཡས་རིན་ཆེན་སྡེར་བཟང་ནང་།། ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས།། གཡོན་ན་ནེའུ་ལེའི་རྐྱལ་བ་འཛིན།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ།།
ཅོད་པན་མགྲིན་བཟང་མ།
[རྩོམ་སྒྲིག]ལྷ་མོ་ཅོད་པན་མགྲིན་བཟང་མ།། རྡུ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ།། སྐུ་མདོག་དམར་གསལ་མདངས་དང་ལྡན།། ཆིབས་སུ་ཤ་བ་ཡུ་མོ་ཆིབས།། ཕྱག་གཡས་ཡིད་བཞིན་ནོར་བུ་དང་།། ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ།།
གཏད་དཀར་འགྲོ་བཟང་མ།
[རྩོམ་སྒྲིག]ལྷ་མོ་གཏད་དཀར་འགྲོ་བཟང་མ།། གསང་མཚན་རྡོ་རྗེ་གར་མཁན་མ།། སྐུ་མདོག་སྔོ་ལྗང་མདངས་དང་ལྡན།། ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས།། ཕྱག་གཡས་རྩྭ་མཆོག་དུ་རྦ་དང་།། གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས།། མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ།། རྐང་བཞི་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་སྩོལ།།