ཚེ་འདས་གནས་འདྲེན་བསྡུས་པ་

ཡོང་ཁུངས་Wikipedia

༄༅། ཚེ་འདས་གནས་འདྲེན་བསྡུས་པ་བཞུགས་པའི་དབུ་ཕྱོགས་སོ།། པད་འབྱུང་རྩ་བ་གསུམ་ལ་ཕྱག་འཚལ་ནས། །ཞི་ཁྲོ་ཕྱིར་ལྡོག་མདོར་བསྡུས་འདིར་བཀོད་བྱ། །ལྷ་དང་སྲུང་མའི་ཚོགས་ཀྱིས་བཀའ་གནང་སྩོལ། །ལྷ་བཤོས་ལྕོག་ལྡོག་ཆང་བུ་ཏིང་ལོ་བཤམས། །མར་མེ་གཅིག་ཀྱང་དྲུང་དུ་བལྟམས་པར་བྱ། །པདྨ་འདབ་དྲུག་དབུས་དང་བདུན་པ་བྱ། །དེ་སྟེང་བྱང་བུ་ཕྱག་ལེན་བཞིན་དུ་བཙུག །ཞི་ཁྲོའི་ལས་བྱང་བསྡུས་པ་ཚར་གཅིག་གིས། །བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་བསྒྲུབ། །བུམ་བསྐྱེད་ལ་དམིགས་བསྙེན་པ་བརྒྱ་རྩ་བྱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ བརྩེ་བ་དང་ལྡན་པ་རྣམས་ཐུགས་རྗེའི་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་ཆེ་གེ་ཞེས་བྱ་བ་འདི༔ འཇིག་རྟེན་འདི་ནས་ཕ་རོལ་ཏུ་ནི་འགྲོ༔ སྐྱས་ཆེན་པོ་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ མུན་ནག་འཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྟུང་༔ ལས་ཀྱི་དབང་གིས་ནི་དེད༔ ས་ཚུགས་མེད་པར་ནི་འགྲོ༔ དབང་ནི་མེད༔ གཅིག་པུར་འགྲོ་དགོས་པའི་དུས་ལ་བབས་ན༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་ཆེ་གེ་སྐྱབས་མེད་པ་འདི་ལ་སྐྱབས་མཛོད་ཅིག༔ མགོན་མེད་པ་འདི་ལ་མགོན་མཛོད་ཅིག༔ དཔུང་གཉེན་མེད་པ་འདི་ལ་དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཐུགས་རྗེ་མ་ཆུང་ཞིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར་ཐུགས་རྗེའི་ཤུགས་མྱུར་རུ་ཕྱུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཅིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ ཅེས་ར་མདའ་སྦྲན་པའོ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུཙྪ་ཏ་ཡ་ཧཱུྃ་ཕཊཿ ཨོཾ་སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་ནྲྀཿཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས༔ ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ༔ སྲིད་པ་བར་མ་དོ་གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག༔ ལན་གསུམ། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ མཛའ་སྡུག་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་བསྐྱེད་པ་ཡི༔ སྐྱེ་གནས་བཞི་པོ་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་བཅག་པའི་གཉེན་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་སོང་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ སྔགས་འཆང་རྩེ་གཅིག་བསྒྲུབ་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ལུས་མེད་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དུ་པྲེ་སུ་ཏྲི་ཨ་ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཛཿ ཀྱེ་མ༔ དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔ ལས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསེར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེན༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གདན༔ སྦ་སྨྱུག་ལྡེམ་པ་འདི་ནི་འཇུ་བའི་ཤིང་༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཇུག་འདི་ལ་གནས་པར་གྱིས༔ ཚེ་འདས་ཆེ་གེ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཧཱུྃ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདེན་པའི་མཐུས༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་འདི་ཡི༔ ས་དང་ལམ་ལ་བར་དུ་གཅོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་ཚོགས་རྣམས་ཀུན༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ ཨོཾ་སུམྦྷ་ནི་ ནས་ བིདྱ་རཱ་ཛ་ཡ་ཧཱུྃ་ཕཊཿ ཅེས་པས་ནས་ལྕག་བྲབ་བོ༔ དེ་ནས་བུམ་པ་ཐོགས་ལ། འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ དྲི་མ་རྣམ་བཅུ་སྦྱོང་བྱེད་ཅིང་༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བྱེ་མ་ཐོགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྒྱལ་བ་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་དུག་ལྔའི་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་དུག་གསུམ་དུག་ལས་བྱུང་༔ དུག་གསུམ་དུག་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ སྔགས་བརྗོད། འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱིས་དུག་བཅོམ་པས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ སྔགས་བརྗོད། དེ་ནས་ཚེ་འདས་ཀྱིས་གསོལ་བ་བཏབ་པར་བསམ་ལ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་འཁྱམས་པ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ཆོས་བཤད་ལ། བུ་ཁྱོད་ཤིན་ཏུ་སྐལ་པ་བཟང་༔ གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ དེ་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ ཚེ་འདས་དེས། ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ ཉོན་མོངས་དྲུག་གི་ལས་དབང་གིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེས༔ འཁོར་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་དྲོངས་ལ༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ སློབ་དཔོན་དེས། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་ཁྱད་པར་དུག་ལྔ་ཡིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ་སྲིད་པས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ རིགས་དྲུག་ཐུབ་པ་བཅོམ་ལྡན་དྲུག་པོ་བཞུགས༔ ཕར་ཕྱིན་ཆོས་སྟོན་ཉོན་དྲུག་རྣམ་པར་དག༔ འགྲོ་དྲུག་ཐུབ་པ་སོ་སོའི་ཕྱག་མཚན་ཅན༔ འགྲོ་དྲུག་སོ་སོའི་སྡུག་བསྔལ་སྦྱང་དུ་གསོལ༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་སྐྱབས་སུ་མཆི༔ དེ་ནས་ཐུབ་དྲུག་ཕྱག་མཚན་ཐོགས་ལ། ཧཱུྃ༔ ཚ་གྲང་སྐྱོབས་བྱེད་མེ་ཆུ་བསིལ་དྲོད་ལྡན༔ རིན་ཆེན་སྒྲོམ་གྱི་བུམ་པ་དང་༔ ཤེས་རབ་རིག་པའི་པུ་ཏི་དང་༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་དང་༔ པི་ཝཾ་སྙན་པའི་དོན་བྱེད་དང་༔ རིན་ཆེན་པར་བུ་ལྷུང་བཟེད་རྣམས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་ལས་གྲོལ་ནས༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿ སུ་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊཿ ཨ་སརྦ་ཏ་ཐཱ་ག་ཏ་བིདྱ་ཁདྒ་ཚིནྡ་ཚིནྡ་ཧཱུྃ་ཕཊཿ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊཿབུམ་པ། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་རཏྣ་སཏྭ་སྭཱ༔ ཨོཾ་པདྨ་སཏྭ་ཨཱ༔ ཨོཾ་ཀརྨ་སཏྭ་ཧཱ༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཨཱྃ་པདྨ་ཨ་བྷི་ཥིཉྩ་ཨཱཿ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ལྷ་བཤོས་མཆོད་ཅིང་ཆངས་བུ་ཏིང་ལོ་ལྕོག་ལྡོག་བསྔོ་བ་ནི། ཧཱུྃ༔ བཅོམ་ལྡན་ཐུབ་པ་དྲུག་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་ལན་ཆགས་སྦྱང་དུ་གསོལ༔ ཨོཾ་དྷུ་པེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ གླུད་བྲན་ལ། ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རིགས་དྲུག་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕག་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ སརྦ་བྷུ་ཏ་བྷ་ལིངྟ་ཁ་ཁ་ཁཱ་ཧིཿ བྱེ་མ་ཐོགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ས་མ་ཡ༔ སོགས། བུམ་པ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲུག་པོ་སྦྱོང་བྱེད་ཅིང་༔ ཕྱིན་དྲུག་ཆུ་ཡིས་ལེགས་བཀྲུས་པས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བཛྲ་སཏྭ་ས་མ་ཡ༔ སོགས། ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མའི་རྟ་གླང་ཅི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་དྲུང་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་བར་ཆད་བགེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་པ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱོད་ཉིད་འཇུག་བྱ་ཡིས༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ དཀྱིལ་འཁོར་དུ་འཇུག་པ་ནི། ས་གཞི་སྤོས་ཆུས་ སོགས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་འཇུག་ཏུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་གང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོང་དང་ནི་ཁྱད་པར་གྱི༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ ཅེས་ཞུས་ནས། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང་༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ གསུམ། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་སྒྲིབ་བཞི་པོས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་སྒོ་མ་གདོང་ཅན་བཞི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་བཞི་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊཿ དཀྱིལ་འཁོར་ལ་མེ་ཏོག་གཏོར་བར་བསམ་ལ། པྲ་ཏིཙྪ་ཧོཿ ཀྱེ་པདྨ་དྲི་མེད་ཅེས་བྱ་བའི་དེ་བཞིན་གཤེགས་པའོ༔ མིག་དར་བླངས་ལ། ཨོཾ་བཛྲ་ཛྙ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཧཱུྃ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས་ སཏྭ་ཨཱཿ དེ་ནས་དབང་བཞི་རྫོགས་པར་བསྐུར་གསུངས་པས། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨཱཿ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁདྒ་ཨ་བྷི་ཥིཉྩ་ཨཱཿ ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་འཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ བུ་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཨོཾ་ཨ་དརྴ་ཛྙ་ན་ཨ་བྷི་ཥིཉྩ་མཱྃ༔ སྭཱ་རཏྣ་ས་མ་ཏཱ་ཛྙ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཱྃ༔ ཨཱཾ་པདྨ་པྲ་ཛྙ་ཨ་བྷི་ཥིཉྩ་མཱྃ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛྙ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མྃ༔ ཨོཾ་ཏྲཻ་ཙཀྲ་མ་ཏི་ཨ་མི་ཛྙ་ན་བཛྲ་ཨ་བྷི་ཥིཉྩ་མྃ༔ ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ སརྦ་ཤིནྟཾ་ཀྲོ་དྷ་ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ ཨོཾ་བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁྱེད་རྣམས་རྟ་ཕག་ཡབ་ཡུམ་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོའི་ངོ་བོ་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲ་ཛྙ་ཛྙཱ་ན་ཨ་བྷི་ཥིཉྩ་མྃ༔ ཤེལ་དང་མེ་ལོང༌། ཧཱུྃ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་མྃ༔ ཧོཿ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོཾ་ཌ་ཝེ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོན་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་ཐོབ་པས༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨཥྚ་མངྒ་ལམ་ཨ་བྷི་ཥིཉྩ་ཧཱུྃ༔ ཟས་བསྔོ་ནི། ཨོཾ་ཨཱཿཧཱུྃ༔ གསུམ། ཀྱེ་མ༔ མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམས་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབས་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ལས་སྐུར་སྤྲུལ་པ༔ རྒྱལ་སྲས་སེམས་དཔའ་ལྔ་ཡི་ཐུགས་རྗེ་ཡིས༔ ཚེ་འདས་དབང་པོ་ལྔ་ཡི་ནད་བསལ་ནས༔ དབང་པོའི་ནད་བསལ་འདོད་ཡོན་ལྔ་སྤྱོད་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་ཚོགས་འཁོར་བའི་སྐྱབས༔ རྒྱལ་སྲས་སེམས་དཔའ་རྣམ་པ་ལྔ་༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཅེས་སེམས་དཔའི་སྐུ་བསྟན་ནས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཡང་དག་ངེས་པའི་ལུང་འདི་ཉོན༔ ཉེ་རིང་བརྩེ་བ་ཐམས་ཅད་ཀྱིས༔ རོ་མཆོག་ལྡན་པའི་ཟས་མང་བཤམས༔ གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ཡང་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་གནས་སུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་པས༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོ་ཡུལ་རེ་ཡངས༔ འཁོར་བ་རིགས་དྲུག་གཅོང་རོང་ཆེ༔ པདྨ་བཀོད་པའི་ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷུན་རེ་འཐུག༔ སེམས་དཔའ་སེམས་མ་གྲོགས་རེ་བཟང་༔ དེ་བས་ཚེ་ལས་འདས་པ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ལམ་བྷ་ཏ༔ བྷ་དུ་ཡ་ཡཱ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི༔ ཨརྒྷཾ་པྲ་ཏིཙྪ་ཧོཿ ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་བའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱིས་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་བདེ་བར་ཤོག༔ ཐར་པའི་ལམ་དུ་འགྲོ་བ་ལ༔ གལ་ཏེ་མུན་པ་འཐིབ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་མིན་ཆོས་དབྱིངས་ཞིང་ཁམས་ན༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ འདི་ནས་ཕྱོགས་བཞི་དབུས་ལྔ་ན༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ་༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ལྔ་སྟེ༔ འབྱུང་ལྔའི་སྙིང་པོ་ཡིག་འབྲུ་ལྔ་༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ ཞིང་མཆོག་དེ་རུ་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་གཉིས་མེད་ཤོག༔ འདི་ནས་ཕྱོགས་བཞི་དབུས་དང་ལྔ་༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ་༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ་༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་རྣམས་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲོངས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ནས༔ རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ༔ ཐམས་ཅད་མཁྱེན་པའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཤོག༔ ཨཱཿ ཀོང་བུ་རིན་ཆེན་གཞལ་ཡས་ཁང་༔ མར་ཁུ་པདྨ་ཟླ་བའི་སྟེང་༔ སྡོང་བུ་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་གསལ༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ༔ སྐུ་ལས་ཡེ་ཤེས་མེ་འབར་བས༔ ཚེ་འདས་ལས་ཉོན་སྒྲིབ་པ་བསྲེག༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ དུག་ལྔའི་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་འགྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས། ས་མ་ཡ་སཏྭ་ཨཱཿ ཀཾ་ཀ་ནི་ཡང་བརྗོད། མདའ་གཞུའི་ཕྱག་རྒྱས། ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་ཞིང་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ ཡུམ་ཆེན་ལྷ་མོ་ན་བཟའ་དཀར་མོ་ཡོད༔ གཡས་སུ་སེམས་དཔའ་སྤྱན་རས་གཟིགས་དབང་ཡོད༔ གཡོན་དུ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཡོད༔ མདུན་དུ་སེམས་མ་གཱིརྟི་དམར་མོ་ཡོད༔ རྒྱབ་ཏུ་སེམས་མ་དྷི་པྃ་དམར་མོ་ཡོད༔ པདྨ་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ བདེ་སྐྱིད་ངོ་མཚར་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་བདེ་བ་ཅན་གྱི་ཞིང་ཞེས་བྱ༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཕཊཿ ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ༔ ཨ་དམར་པོར་གྱུར་ཏེ་མདའ་འཕང་བ་བཞིན་དུ༔ སངས་རྒྱས་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས༔ རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་གྱུར་ཅིག༔ བྱང་ཐལ་སཙྪ་བྱ། བསྔོ་བ་དང་རྗེས་ཆོག་ལས་བྱང་ལྟར་རོ།།ཅེས་པ་འདི་ཉིད་སམྦྷོ་ཀ་ཡི་ཐུགས་དམ་བྱ་བའི་ཕྱིར་གསོལ་བ་བཏབ་ཅིང་བཀའི་གནང་བ་ཅུང་ཟད་ཐོབ་ཕྱིར། ཨ་རཱ་གས་བསྡུས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །།