Jump to content

ཚེ་ཏན་ཞབས་དྲུང་

ཡོང་ཁུངས་Wikipedia

གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཚེ་ཏན་ཞབས་དྲུང་མཆོག་ནི་མཚོ་སྔོན་ཞིང་ཆེན་ཤུན་ཧཱ་རྫོང་གི་རྒྱ་ནག་མཁར་མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི(༡༩༡༠)ལོའི་ཟླ་བ༤ཚེས༢༢ཉིན་ཡབ་གཡང་ཙེ་འམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། དམ་པ་འདི་ཉིད་ཀྱི་རིགས་རུས་ཆི་སབྲང་ཐད་རང་རྣམ་ལས“བདག་གི་མེས་པོ་གོང་མ་རྣམས་ནི་རིགས་གཞན་གྱི་རྩི་དང་མ་འདྲེས་པའི་རྒྱ་ནག་གི་རིགས་ཡིན་ཞིང་། བདག་གི་ཕ་ནས་བཟུང་རྒྱ་བོད་ཀྱི་རིགས་འདྲེས་མ་ཅན་དུ་གྱུར་པ་མ་ཟད། ང་རང་ནི་སྐད་ཡིག་སྒོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྱེད་པའི་དབང་དུ་བཏང་ན་བོད་ཀྱི་རིགས་སུ་གཏོགས”ཞེས་དང་། “མའི་མཆེད་ཁུངས་ནི་རྒྱ་ནག་རི་བོ་རྩེ་ལྔ་དང་ཁད་ཉེ་བའི་ཧྲན་ཤི་ཐའི་ཡོན་གྲོང་ཁྱེར་ཆེན་པོའི་བཟང་སྨན་སྣ་ཚོགས་འཚོང་མཁན་ཞིག་རིམ་གྱིས་ས་འདིར་སླེབས་ནས་གཞིས་ཆགས་པ་ཞིག་གི་རྒྱུད་ཡིན”ཞེས་གསུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཞྭ་དམར་པཎྜི་ཏས་མར་མེའི་བརྟག་པ་ལ་བརྟེན་ནས་ཚེ་བརྟན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་མཚན་བློ་བཟང་ཆོས་འཕེལ་དུ་གསོལ། དེ་རྗེས་སྐུ་ཚེ་འདིའི་དགེ་བའི་གཤེས་བཉེན་དང་པོ་རྗེ་ངག་དབང་ཆོས་འཚིན་ལས་ཀློག་བསླབ། དགུང་ལོ་བདུན་ལ་ཕེབས་པ་མེ་འབྲུག(༡༩༡༦)ལོར་མཐུ་བ་དགོན་པའི་མཚམས་ཁང་བསམ་གཏན་ཕོ་བྲང་དུ་རྗེ་གསེར་རིའི་མ་ཎི་འཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་བསྙེན་དང་། བར་མ་རབ་བྱུང་། དགེ་ཚུལ་གསུམ་གྱི་སྡོམ་པ་དུས་གཅིག་ཏུ་ཞུས་ཤིང་མཚན་དུ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་དགུ་པ་ས་རྟ(༡༩༡༨)ལོ་ནས་དབུ་བཙགས་ཏེ་དགེ་བའི་བཤེས་གཉེན་བློ་བཟང་ཟླ་བ་རྒྱུན་བཅར་གྱིས་བླ་མ་མཆོད་པ་སོགས་ཆོས་སྤྱོད་ཀྱི་འདོན་ཁག་རིམ་གྱིས་གསན་སྦྱོང་མཛད། ལོ་དེར་གློ་བུར་དུ་ཡབ་བསྙུན་གཞིས་རྐྱེན་ཏེ་སྐུ་ཚེ་མ་ཟིན་པས་ཡུམ་ལ་ཐུགས་གསོའི་ཆེད་དུ་ཕེབས་ཏེ་སྐབས་ཤིག་རིང་གཟིམ་ཁང་དུ་བཞུགས། དེ་རྗེས་སླར་ཡང་མཐུ་བ་དགོན་དུ་ཕེབས་ནས་འདོན་ཆ་རྣམས་བློ་འཛིན་གྲུབ་རྗེས་རྒྱན་འཇུག་གཉིས་ཐུགས་འཛིན་མཛད། དེ་ནས་རིམ་བཞིན་ཀློག་པའི་སློབ་དཔོན་རྗེ་ངག་དབང་ཆོས་འཛིན་དཔལ་བཟང་པོའི་དྲུང་ནས་བསྡུས་གྲྭའི་ཁ་དོག་དཀར་དམར་སོགས་ཀྱི་རྟགས་གསལ་ཁྱབ་བརྡ་གཏོང་ལུགས་ཀྱི་རིག་པ་རྣམས་བསླབ་པའི་དབུ་ཚུགས། དེ་རྗེས་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་དྲུང་ནས་ལམ་གཙོ་རྣམ་གསུམ་སོགས་མདོ་སྔགས་ཀྱི་ཕྱག་དཔེ་མང་པོའི་བཀའ་ཁྲིད་ཐོབ། དགུང་ལོ་བཅུ་བཞིར་ཕེབས་པ་ཆུ་ཕག(༡༩༢༣)ལོ་ནས་བཟུང་སྟེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་སྙན་འགྲེལ་དབྱངས་ཅན་འགྱེས་གླུ་གཙོ་བོར་གྱུར་པའི་སྙན་ལག་གི་དཔེ་བརྗོད་ཁག་སློབ་འཁྲིད་ཞུས། དེ་ནས་ཡོངས་ཟཛིན་རིན་པོ་ཆེའི་དྲུང་ནས་གཞུང་ཆེན་མངོན་མཛོད་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་དང་། ཀུན་རིག་སོགས་སླགས་ཕྱོགས་ཀྱི་ཕྱག་དཔེ་རྣམས་ཀྱི་དབང་ལུང་བཤད་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་ཆ་ཚང་ལེགས་པར་གསན། དགུང་ལོ་ཉི་ཤུར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ(༡༩༢༩)ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་གིས་གསང་སྟོན་མཛད་དེ་དགེ་བའི་བཤེས་གཉེན་གྲངས་བཅུ་ཚོགས་པའི་དབུས་སུ་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་དུ་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ། དགོང་ལོ་ཉེར་ལྔར་ཕེབས་པ་ཤིང་ཁྱི(༡༩༣༤)ལོར་གཙོ་བོར་ཉིད་ཀྱི་བཤེས་གཉེན་དམ་པའི་གསུང་དཔོད་རྣམས་དཔར་བརྐོ་བྱ་རྒྱུར་དམིགས་ཏེ་མཐུ་བ་དགོན་དུ་པར་རྐོའི་གྲྭ་ཚང་ཞིག་གསར་འཛུགས་གནང་། དགུང་ལོ་སོ་བརྒྱད་ལ་ཕེབས་པ་མེ་ཕག(༡༩༤༧)ལོ་ནས་བླ་མ་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་སོགས་ཀྱི་བཤད་ལུང་གི་ཆོས་རྒྱུན་སྤེལ་གནང་མཛད། དེ་ནས་རིམ་བཞིན་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་བསྐྱངས། དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ(༡༩༥༣)ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བཞེས་ཤིང་སྒྱུར་རྩོམ་གྱི་མཛད་པ་གནང་བ་མང་། ཀྲོའུ་ཙུང་ལིས་སྒོས་སུ་ཆོག་མཆན་གནང་བའི་གོ་གནས་ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་བཞེས། དགུང་ལོ་ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་པོའི་དགེ་རྒན་མཛད། དེ་རྗེས་གེ་སར་སྒྲུང་གི་བསྟན་བཅོས་པར་འགོད་ལེགས་སྒྲིག་ཞུས་དག་གང་དགོས་གཏོང་རོགས་དང་སྦྲགས་ཞིང་ཆེན་མི་རིགས་སློབ་གྲྭར་སྐྱེས་རབས་སོ་བཞི་པའི་སྟེང་ནས་སྟོན་པའི་རྣམ་ཐར་རྣམས་སྣ་ལག་གི་གཞུང་འགྲེལ་དང་འབྲེལ་ཏེ་སློབ་ཁྲིད་གནང་། དགུང་ལོ་ལྔ་བཅུར་ཕེབས་པ་ས་ཕག(༡༩༥༩)ལོར་གལ་ཆེའི་ཡིག་ཆ་འགའ་རེ་སྒྱུར་རྩོམ་དང་ཞུས་དག་གི་དོན་དུ་མི་རིགས་དཔེ་སྐྲུན་ཁང་གིས་རེ་འདུན་བཞིན་པེ་ཅིང་དུ་ཕྱག་ལས་གནང་བར་ཕེབས་ཏེ་དེར་མཁས་དབང་དམུ་དགེ་བསམ་གཏན་དང་ལྷན་དུ་ཁང་མིག་གཅིག་ནང་ཟླ་གསུམ་ཙམ་བཞུགས་ཚུལ་རང་རྣམ་ལས་གསལ། དགུང་ལོ་ང་བཞིར་ཕེབས་པ་ཆུ་ཡོས(༡༩༦༣)དམ་པ་ཉིད་ཀྱི་ཡུམ་ཆེན་སྐུ་ཚེའི་འཕེན་པ་རྫོགས། དགུང་ལོ་ང་དྲུག་བཞེས་པ་ཤིང་སྦྲུལ(༡༩༦༥)ལོའི་ལོ་མཇུག་ནས་རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་ཚུགས་ཏེ་ཉེས་མེད་ཉེས་འགེལ་གྱིས་ཟི་ལིང་ནན་ཐའན(南滩)བཙོན་ཁང་དུ་ལོ་ངོ་བཅུ་གཉིས་ལྷག་ཙམ་བཞུགས་དགོས་བྱུང་། དགུང་ལོ་རེ་དགུ་བཞེས་པ་ས་རྟ(༡༩༧༨)ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་སྟེ་བཙོན་འགྲོལ་བྱུང་རྗེས་ནུབ་བྱང་མི་རིགས་སློབ་གྲྭ་ནས་རེ་སྐུལ་ཞུས་པ་བཞིན་ཕེབས་ཏེ་སློབ་མ་ཀུན་ལ་མི་ཤེས་པའི་མུན་པ་སེལ་བའི་བློ་གྲོས་ཀྱི་སྣང་བ་གང་ལ་ཅི་འདོད་དུ་བསྩལ། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ(༡༩༨༡)ལོར་ནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་སློབ་མ་རྣམས་ལ་སྣེ་འཁྲིད་མཛད་དེ་དབུས་གཙང་ཕྱོགས་སུ་ཕེབས་ནས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་གནས་གྲགས་ཆེའི་གྲས་མང་ཆེ་བར་ཕེབས་པ་མ་ཟད། རིག་གཞུང་རྟོགས་ཞིབ་དང་སྙན་སྒྲོན་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། སྐུ་ཙེ་གཅིག་རིང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་མཐར་དགུང་གྲངས་དོན་དྲུག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་གླང(༡༩༨༥)ལོའི་ཟླ་བ༦པའི་ཚེས༣༠ཉིན་གྱི་ཞོགས་པའི་ཆུ་ཚོད༥དང་སྐར་མ༥༠ཐོག་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། དམ་པ་འདི་ཉིད་སྐུ་འཚོ་བཞུགས་སྐབས་ཀའན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཀའན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང་ཡོད། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་། ལོ་རྒྱུས། དམ་ཆོས། བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫ་དང་ཝརྟུའི་མ་ཕྱི་སོགས་ལེ་ཚན་ལྔ་བཅུ་ལྷག་ཡོད་པ་དེ་དག་ཕྱོགས་བསྡུས་ཀྱི་ལྕགས་པར་མ་དེབ་ལྔར་དབྱེ་སྟེ་མེ་ཡོས(༡༩༨༧)ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་ཡོད། གཞན་ཡང་དམ་པ་འདི་ཉིད་ཀྱི་མཛད་རྣམ་ཞིབ་ཙམ་གཟིགས་འདོད་ན་གོང་གསལ་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་པོད་དང་པོའི་ནང(མཉམ་མེད་ཤཱཀྱའི་དབང་པོའི་རྗེས་ཞུགས་པ་འཇིགས་མེད་རིག་པའི་བློ་གྲོས་རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩི)ཞེས་བྱ་བར་གཟིགས་པར་འཚལ།