ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོས།
ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང༌། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང༌། །
ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག ། ཕོ་གཞོན་རྒས་པའི་ལུས་པོ། ། ལྷོ་གཞུ་ལས་ཀྱང་གྱོང་བ། །
རང་སེམས་སོང་བའི་མི་དེ། ། གཏན་གྱི་འདུན་མར་བྱུང་ན། ། རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང༌། །
འགྲོ་ཞོར་ལམ་བུའི་སྙིང་ཐུབ། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར་རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང༌། །
མི་ཆེན་དཔོན་པོའི་སྲས་མོ། ། ཁ་འབྲས་མཚར་ལུགས་བལྟས་ན། ། ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང༌། །
སེམས་པ་ཕར་ལ་ཤོར་ནས། ། མཚན་མོའི་གཉིད་ཐེབས་གཅོག་གི ། ཉིན་མོ་ལག་ཏུ་མ་ལོན། ། ཡིད་ཐང་ཆད་རོགས་ཡིན་པས། ། མེ་ཏོག་ནམ་ཟླ་ཡལ་སོང༌། །
གཡུ་སྦྲང་སེམས་པ་མ་སྐྱོ། ། བྱམས་པའི་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག །
རྩི་ཐོག་བ་མོའི་ཁ་ལ། ། སྐྱི་བསེར་རླུང་གི་ཕོ་ཉ། ། མེ་ཏོག་སྦྲང་བུ་གཉིས་ཀྱི། ། འབྲེལ་ཚམས་གཅོད་མཁན་ལོས་ཡིན། །
ངང་བ་འདམ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང༌། ། མཚོ་མོ་དར་ཁ་འགྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང༌། །
གྲུ་ཤན་སེམས་པ་མེད་ཀྱང༌། ། རྟ་མགོས་ཕྱི་མིག་བལྟས་བྱུང༌། ། ཁྲེལ་གཞུང་མེད་པའི་བྱམས་པས། ། ང་ལ་ཕྱི་མིག་མི་ལྟ། །
ང་དང་ཚོང་འདུས་བུ་མོའི། ། ཚིག་གསུམ་དམ་བཅའི་མདུད་པ། ། ཁྲ་བོ་སྦྲུལ་ལ་མ་བརྒྱབ། ། རང་རང་ས་ལ་གྲོལ་སོང༌། །
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། ། ལྕང་མའི་ལོགས་ལ་བཙུགས་ཡོད། ། ལྕང་སྲུང་ཨ་ཇོ་ཞལ་ངོས། ། རྡོ་ཀ་རྒྱག་པ་མ་གནང༌། །
བྲིས་པའི་ཡི་གེ་ནག་ཆུང༌། ། ཆུ་དང་ཐིགས་པས་འཇིགས་སོང༌། ། མ་བྲིས་སེམས་ཀྱི་རི་མོ། ། བསུབས་ཀྱང་བསུབ་རྒྱུ་མི་འདུག །
བརྒྱབ་པའི་ནག་ཆུང་ཐེའུས། ། གསུང་སྐད་འབྱོན་ནི་མི་ཤེས། ། ཁྲེལ་དང་གཞུང་གི་ཐེའུ། ། སོ་སོའི་སེམས་ལ་སྐྱོན་དང༌། །
སྟོབས་ལྡན་ཧ་ལོའི་མེ་ཏོག ། མཆོད་པའི་རྫས་ལ་ཕེབས་ན། ། གཡུ་སྦྲང་གཞོན་ནུ་ང་ཡང༌། ། ལྷ་ཁང་ནང་ལ་ཁྲིད་དང༌། ། སེམས་སོང་བུ་མོ་མི་བཞུགས། ། དམ་པའི་ཆོས་ལ་ཕེབས་ན། ། ཕོ་གཞོན་ང་ཡང་མི་སྡོད། ། རི་ཁྲོད་འགྲིམ་ལ་ཐལ་འགྲོ། །
མཚན་ལྡན་བླ་མའི་དྲུང་དུ། ། སེམས་ཁྲིད་ཞུ་བར་ཕྱིན་པས། ། སེམས་པ་བསྐོར་ཀྱང་མི་ཐུབ། ། བྱམས་པའི་ཕྱོགས་ལ་ཤོར་སོང༌། །
སྒོམ་པ་བླ་མའི་ཞལ་རས། ། ཡིད་ལ་འཆར་རྒྱུ་མི་འདུག ། མ་བསྒོམས་བྱམས་པའི་ཞལ་རས། ། ཡིད་ལ་ཝ་ལེ་ཝ་ལེ། །
སེམས་པ་འདི་ལ་འགྲོ་འགྲོ། དམ་པའི་ཆོས་ལ་ཕྱིན་ན། ། ཚེ་གཅིག་ལུས་གཅིག་ཉིད་ལ། ། སངས་རྒྱས་འཐོབ་པར་འདུག་གོ། །
དག་པ་ཤེལ་རིའི་གངས་ཆུ། ། ཀླུ་བདུད་རྡོ་རྗེའི་ཟིལ་བ། ། ཆང་མ་ཡེ་ཤེས་མཁའ་འགྲོ ། དམ་ཚིག་གཙང་མས་བཏུང་ན། ། ངན་སོང་མྱོང་དགོས་མི་འདུག །
རླུང་རྟ་ཡར་འགྲོའི་དུས་ལ། ། རླུང་བསྐྱེད་དར་ལྕོག་བཙུགས་པས། ། མཛངས་མ་མ་བཟང་བུ་མོས། ། ང་རང་མགྲོན་པོ་བོས་བྱུང༌། །
སོ་དཀར་ལྤགས་པའི་འཛུམ་མདངས། ། བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། ། མིག་ཟུར་ཁྲ་མོའི་སྒྲིལ་མཚམས། ། གཞོན་པའི་གདོང་ལ་བལྟས་བྱུང༌། །
ཧ་ཅང་སེམས་ལ་སོང་ནས། ། འགྲོགས་འདྲིས་ཨེ་ཡོང་དྲིས་པས། ། འཆི་བྲལ་བྱེད་ན་མིན་པ། ། གསོན་བྲལ་མི་བྱེད་གསུངས་བྱུང༌། །
མཛངས་མའི་ཐུགས་དང་བསྟུན་ན། ། ཚེ་འདིའི་ཆོས་སྐལ་ཆད་འགྲོ། ། དབེན་པའི་རི་ཁྲོད་འགྲིམསན། ། བུ་མོའི་ཐུགས་དང་འགལ་འགྲོ། །
ཀོང་ཕྲུག་གཞོན་པའི་བློ་སྣ། ། སྦྲང་བུ་རྒྱ་ལ་བཅུག་འདྲ། ། ཞག་གསུམ་ཉལ་རོགས་བྱས་པས། ། ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། །
གཏན་གྲོགས་ཁྱོད་ལ་སེམས་པའི། ། ཁྲེལ་དང་ངོ་ཚ་མེད་ན། ། མགོ་ལ་བརྒྱབ་པའི་གཙུག་གཡུས། ། སྐད་ཆ་སྨྲ་ནི་མི་ཤེས། །
འཛུམ་དང་སོ་དཀར་སྟོན་ཕྱོགས། ། གཞོན་པའི་བློ་བྲིད་ཡིན་འདུག ། སྙིང་ན་ཤ་ཚ་ཡོད་མེད། ། དབུ་མནའ་བཞེས་རོགས་གནང་དང༌། །
སྙིང་ཐུབ་བྱ་རྡོ་ལམ་འཕྲད། ། ཨ་མ་ཆང་མས་སྦྱར་བྱུང༌། ། ལན་ཆགས་བུ་ལོན་བྱུང་ན། ། འཚོ་སྐྱོང་ཁྱོད་རས་གནང་ཞུ། །
སྙིང་གཏམ་ཕ་མར་མ་བཤད། ། ཆུང་འདྲིས་བྱམས་པར་བཤད་པས། ། བྱམས་པ་ཤ་ཕོ་མང་ནས། ། གསང་གཏམ་དགྲ་བོས་གོ་སོང༌། །
སྙིང་ཐུབ་ཡིད་འཕྲོག་ལྷ་མོ། ། རྔོན་པ་ང་རས་ཟིན་ཀྱང༌། དབང་ཆེན་མི་ཡི་དཔོན་པོ། ། ནོར་བཟང་རྒྱལ་པོས་ཕྲོགས་སོང༌། །
ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ཉམས་མ་ཆོད། ། ནོར་བུ་མི་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚངས་བྱུང༌། །
རང་ལ་དགའ་བའི་བྱམས་པ། ། གཞན་གྱི་འདུན་མར་བླངས་སོང༌། ། ཁོག་ནད་སེམས་པའི་གཅོང་གིས། ། ལུས་པོའི་ཤ་ཡང་བསྐམས་སོང༌། །
སྙིང་ཐུབ་རྐུ་ལ་ཤོར་སོང༌། ། མོ་ཕྱཱ་རྩིས་འབུལ་རན་སོང༌། ། བུ་མོ་དུང་སེམས་ཅན་མ། ། རྨི་ལམ་ལ་ཡང་འཁོར་བྱུང༌། །
བུ་མོར་འཆི་བ་མེད་ན། ། ཆང་ལ་འཛད་པ་མི་འདུག ། གཞོན་པའི་གཏན་གྱི་སྐྱབས་གནས། ། འདི་ལ་བཅོལ་བས་ལོས་ཆོག །
བུ་མོ་ཨ་མར་མ་སྐྱེས། ། \ཁམ་བུའི་ཤིང་ལ་སྐྱེས་སམ། ། \ཨ་གསར་ཟད་པ་ཁམ་བུའི། ། མེ་ཏོག་དེ་ལས་མགྱོགས་པ། །
བུ་མོ་ཆུང་འདྲིས་བྱམས་པ། ། སྤྱང་ཀིའི་རིགས་རྒྱུད་མིན་ནམ། ། ཤ་འདྲེས་ལྤགསའདྲེས་བྱུང་ཡང༌། ། རི་ལ་ཤོར་གྲབས་མཛད་གིས། །
རྟ་རྒོད་རི་ཡར་བརྒྱབ་པ། ། རྙི་དང་ཞགས་པས་ཟིན་གྱི། ། བྱམས་པས་ངོ་ལོག་བརྒྱབ་པས། ། ཐུགས་ངོ་ཟིན་པ་མི་འདུག །
བྲག་དང་རླུང་པོ་བསྡེབས་ནས། ། རྒོད་པོའི་སྒྲོ་ལ་གཟན་བྱུང༌། ། གཡོ་ཅན་རྫུ་བག་ཅན་གྱིས། ། ང་ལ་གཟན་པོ་བྱས་བྱུང༌། །
སྤྲིན་པ་ཁ་སེར་གཏིང་ནག ། སད་དང་སེར་བའི་གཞི་མ། ། བན་དེ་སྐྱ་མིན་སེར་མིན། ། སངས་རྒྱས་བསྟན་པའི་དགྲ་བོ། །
ས་དེ་ཁ་ཞུར་གཏིང་འཁྱགས། ། རྟ་ཕོ་གཏོང་ས་མ་རེད། ། གསང་གྲོགས་བྱམས་པའི་ཕྱོགས་ལ། །
ཚེས་ཆེན་བཅོ་ལྔའི་ཟླ་བ། ། ཡིན་པ་འདྲ་བ་འདུག་སྟེ། ། ཟླ་བའི་དཀྱིལ་གྱི་རི་བོང༌། ། ཚེ་ཟད་ཚང་ནས་འདུག་གོ། །
ཟླ་བ་འདི་ལ་ཕར་འགྲོ། ། རྟིང་མའི་ཟླ་ལ་ཚུར་ཡོང༌། ། བཀྲ་ཤིས་ཟླ་བ་དཀར་བོ། ། ཟླ་སྟོད་ཕྱོགས་ལ་མཇལ་ཡོང༌། །
དབུས་ཀྱི་རི་རྒྱལ་ལྷུན་པོ། ། མི་འགྱུར་བརྟན་པོར་བཞུགས་དང༌། ། ཉི་མ་ཟླ་བའི་འཁོར་ཕྱོགས། ། ནོར་ཡོང་བསམ་པ་མི་འདུག །
ཚེས་གསུམ་ཟླ་བ་དཀར་པོ། ། དཀར་གོས་ནང་ནས་ཆོད་སོང༌། ། བཅོ་ལྔའི་ནམ་དང་མཉམ་པའི། ། ཞལ་བཞེས་གཅིག་ཀྱང་གནང་ཞུ། །
ས་བཅུའི་དབྱིངས་སུ་བཞུགས་པའི། ། དམ་ཅན་རྡོ་རྗེ་ཆོས་སྐྱོང༌། ། མཐུ་དང་ནུས་པ་ཡོད་ན། ། བསྟན་པའི་དགྲ་བོ་སྒྲོལ་དང༌། །
ཁུ་བྱུག་མོན་ནས་ཡོང་བས། ། ནམ་ཟླའི་ས་བཅུད་འཕེལ་སོང༌། ། ང་དང་བྱམས་པ་ཕྲད་ནས། ། ལུས་སེམས་ལྷོད་པོར་ལངས་སོང༌། །
ཁྱི་དེ་སྟག་ཁྱི་གཟིག་ཁྱི། ། གདག་ག་བྱིན་ནས་འདྲིས་སོང༌། ། ནང་གི་སྟག་མོ་རིས་འཛོམས། ། འདྲིས་ནས་ཐུ་རུ་ལངས་སོང༌། །
ཤ་འཇམ་ལུས་པོ་འདྲེས་ཀྱང༌། ། བྱམས་པའི་གདེང་ཚོད་མི་ལོན། ། ས་ལ་རི་མོ་བྲིས་པས། ། ནམ་མཁའི་སྐར་ཚོད་ཐིག་བྱུང༌། །
ང་དང་བྱམས་པའི་སྡེབ་ས། ། ལྷོ་རོང་མོན་པའི་ནགས་གསེབ། ། སྨྲ་མཁན་ནེ་ཙོ་མ་གཏོགས། ། སུ་དང་གང་གིས་མི་ཤེས། །
སྨྲ་མཁན་ནེ་ཙོས་ཨོ་ཤེས། ། གསང་ཁ་སྟོན་པ་མ་གནང༌། ། ལྷ་ས་མི་ཚོགས་འཐུག་ལ། ། འཕྱོངས་རྒྱས་མི་སྤུས་དག་པ། ། ང་ལ་ཡོད་པའི་ཆུང་འདྲིས། ། འཕྱོངས་རྒྱས་གཞུང་ལ་ཡོད་དོ། །
ཁྱི་རྒན་རྒྱ་བོ་ཟེར་བ། ། རྣམ་ཤེས་མི་ལས་སྤྱང་པ། ། སྲོད་ལ་ཕྱིན་སོང་མ་ཟེར། ། ཐོ་རངས་ལོག་བྱུང་མ་ཟེར། །
སྲོད་ལ་བྱམས་པ་བཙལ་བས། ། ཐོ་རངས་ཁ་བ་བབས་བྱུང༌། ། གསང་དང་མ་གསང་མི་འདུག ། ཞབས་རྗེས་གངས་ལ་བཞག་འདུག །
པོ་ཏ་ལ་རུ་བཞུགས་དུས། ། རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། ལྷ་ས་ཞོལ་ལ་སྡོད་དུས། ། འཆལ་པོ་དང་བཟང་དབང་པོ། །
ཤ་འཇམ་མལ་སའི་ནང་གི ། སྙིང་ཐུབ་དུང་སེམས་ཅན་མས། ། ཨོ་ལོའི་རྒྱུ་ནོར་འཕྲོག་པའི། ། གཡོ་སྒྱུ་བཤད་པ་མིན་འགྲོ། །
དབུ་ཞྭ་དབུ་ལ་བཞེས་སོང༌། ། དབུ་ལྕང་རྒྱབ་ལ་དབྱུགས་སོང༌། ། ག་ལེ་ཕེབས་དང་བྱས་པས། ། ག་ལེ་བཞུགས་ཤིག་གསུངས་བྱུང༌། ། ཐུགས་སེམས་སྐྱོ་ཡོང་བྱས་པས། ། མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌། །
བྱ་དེ་ཁྲུང་ཁྲུང་དཀར་པོ།། གཤོག་རྩལ་ང་ལ་གཡོར་དང༌། ། ཐག་རིང་རྒྱང་ལ་མི་འགྲོ། ། ལི་ཐང་བསྐོར་ནས་སླེབ་ཡོང༌། །
ཤི་དེ་དམྱལ་བའི་ཡུལ་གྱི། ། ཆོས་རྒྱལ་ལས་ཀྱི་མེ་ལོང༌། ། འདི་ནས་ཁྲིག་ཁྲིག་མི་འདུག ། འདི་ནས་ཁྲིག་ཁྲིག་གནང་ཞུ། །
མདའ་མོ་འབེན་ལ་ཕོག་སོང༌། ། མདེའུ་ས་ལ་འཛུལ་སོང༌། ། ཆུང་འདྲིས་བྱམས་པ་ཕྲད་བྱུང༌། ། སེམས་ཉིད་རྗེས་ལ་འབྲངས་སོང༌། །
རྒྱ་གར་ཤར་གྱི་རྨ་བྱ། ། ཀོང་ཡུལ་མཐིལ་གྱི་ནེ་ཙོ། ། འཁྲུངས་ས་འཁྲུངས་ཡུལ་མི་གཅིག ། འཛོམས་པ་ཆོས་འཁོར་ལྷ་ས། །
མི་ཚོས་ང་ལ་ལབ་པ། ། དགོངས་དག་ཡིན་པ་ཁག་ཐེག ། ཨོ་ལོའི་གོམ་གསུམ་ཕྲ་མོ། ། གནས་མོའི་ནང་ལ་ཐལ་སོང༌། །
ལྕང་མ་བྱེའུར་སེམས་ཤོར། ། བྱེའུ་ལྕང་མར་སེམས་ཤོར། ། སེམས་ཤོར་མཐུན་པ་བྱུང་ན། ། བྱ་ཁྲ་ཧོར་པས་མི་ཐུབ། །
ད་ལྟའི་ཚེ་ཐུང་འདི་ལ། ། དེ་ཁ་ཙམ་ཞིག་ཞུས་ནས། ། རྟིང་མ་བྱིས་པའི་ལོ་ལ། ། མཇལ་འཛོམ་ཨེ་ཡོང་བལྟའོ། །
བྱ་དེ་སྨྲ་མཁན་ནེ་ཙོ། ། ཁ་རོག་བཞུགས་རོགས་མཛོད་དང༌། ། ལྕང་གླིང་ཨ་ལྕེ་འཇོལ་མོ། ། གསུང་སྙན་སྒྱུར་དགོས་བྱུང་སོང༌། །
རྒྱབ་ཀྱི་ཀླུ་བདུད་བཙན་པོ། ། འཇིགས་དང་མི་འཇིགས་མི་འདུག ། མདུན་གྱི་ཀ་ར་ཀུ་ཤུ ། འཐོགས་སུ་དགོས་པ་བྱས་སོང༌། །
དང་པོ་མ་མཐོང་ཆོག་ཀ ། སེམས་པ་འཆོར་དོན་མི་འདུག ། གཉིས་པ་མ་འདྲིས་ཆོག་ཀ། སེམས་གཅོང་ཞུགས་དོན་མི་འདུག
ཚིག་གསུམ་སྙིང་གཏམ་ཤོད་ས།། ནེའུ་གསིང་ལྕང་རའི་སྦུག་སྐྱོག ། བྱེའུ་འཇོལ་མོ་མ་གཏོགས།། སུ་དང་གང་གིས་མི་ཤེས།།
མེ་ཏོག་བཞད་ནས་ཡལ་སོང༌།། བྱམས་པ་འགྲོགས་ནས་རྒས་སོང༌།། ང་དང་སེར་ཆུང་བུང་བའི།། བློ་ཐག་དེ་ཁས་ཆོད་སོང༌།།
མེ་ཏོག་ཡལ་བའི་འདབ་མ།། ཨ་གསར་ཟད་པའི་སྙིང་སྡུག། འཛུམ་མདངས་སོ་དཀར་བསྟན་ཀྱང༌།། སེམས་ལ་དགའ་ཚོར་མི་འདུག།
བྱམས་པ་མཚར་བའི་སྒང་ལ།། ཕར་ཚུར་བརྩེ་དུངས་ཆེ་ནས།། ད་ལམ་རི་ཁྲོད་འགྲིམ་པའི།། འགྱངས་ཆ་ཞུ་དགོས་བྱུང་ངོ༌།།
རྟ་ཕོ་རྒྱུག་པ་སྔ་སོང༌།། སྲབ་མདའ་འཐེན་པ་ཕྱིས་སོང༌།། ལས་འཕྲོ་མེད་པའི་བྱམས་པ།། སྙིང་གཏམ་ཤོད་པ་སྔ་སོང༌།།
ལ་དེ་རྒོད་དཀར་ལ་མོ།། འཛེག་ཀྱིན་འཛེག་ཀྱིན་ཕྱིན་པས།། གངས་རི་ཞུ་བའི་ཆུ་སྣ།། དང་ལའི་རྐེད་དུ་མཇལ་བྱུང༌།།
ཤིང་དེ་བརྒྱ་ཡི་དཀྱིལ་ནས།། རྒྱལ་ལྕང་སྡོང་བོ་འདེམས་པས།། རྒྱལ་ལྕང་ཁོག་པ་རུལ་བ།། ཨོ་ལོས་ད་བར་མ་ཤེས།།
ཆུ་མོ་ག་ལེ་ག་ལེ།། ཉ་མོའི་བློ་སྣ་སྲིང་དང༌།། ཉ་མོའི་བློ་སྣ་བསྲིང་ན།། ལུས་སེམས་བདེ་ལ་འཁོད་སོང༌།།
ལྕང་གླིང་གྲུ་བཞིའི་ནང་གི། འཇོལ་མོ་སྐྱིད་སྐྱིད་བུ་ཁྲིད།། ཧ་ཅང་གནག་རང་དྲགས་ནས།། དགའ་བའི་དུང་སེམས་ཡལ་སོང༌།།
ཕུ་ཡི་སྤང་མདོག་འགྱུར་སོང༌།། མདའ་ནས་ཤིང་ལོ་སྐྱུར་སོང༌།། ཁུ་བྱུག་མོན་ལ་འགྲོ་བའི།། ཁུག་རྟ་ཡིན་ན་དགའ་བ།།
ཁུ་བྱུག་མོན་ནས་ཡོང་བ།། ལྷ་ཤིང་བསམ་ནས་ཡོང་ཡོད།། ལྷ་ཤིང་འགྱུར་མདོག་སྟོན་ནས།། ཁུ་བྱུག་མོན་ལ་ལོག་འགྲོ།
ཀོང་ཡུལ་ཕྱོགས་ནས་ཕེབས་་པའི།། བྱ་དེ་སྨྲ་མཁན་ནེ་ཙོ།། ང་ཡི་ཆུང་འགྲོགས་མཛེས་མ།། སྐུ་ཁམས་བཟང་པོ་ཨེ་འདུག
ཁྲ་ཆུང་མིག་གི་འོག་ནས།། སྦྲང་ཆར་སིལ་མ་བབས་བྱུང༌།། གཏན་གྲོགས་ཁྱེད་ཀྱི་ཁྲེལ་དང༌།། ངོ་ཚ་ང་ལ་གཟིགས་དང༌།།
ཁར་ལ་ཕེབས་པའི་དུས་སུ།། ཁྲ་ཆུང་མིག་གིས་བསྐྱལ་ཡོད།། ནམ་ཞག་གཏན་དུ་ངོ་འཛུམ།། སོ་དཀར་སེམས་བཟང་ཞུས་ཡོད།།
བྱ་དེ་ཁུ་བྱུག་སྔོན་མོ།། མོན་ལ་ག་ཙམ་ཐད་ཡོང༌།། ང་ཡི་སྙིང་གྲོགས་མཛེས་མར།། འཕྲིན་པ་ལན་གསུམ་བསྐུར་དགོས།།
གཡུ་ཐོག་ལྕང་གླིང་གྲུ་བཞིའི།། འཇོལ་མོ་སྐྱིད་སྐྱིད་བུ་ཁྲིད།། ནེ་ཙོ་ང་དང་བསྡོངས་ནས།། ཀོང་ཡུལ་ཤར་ལ་ཨེ་ཐད།།
ཤར་ཕྱོགས་ཀོང་པོ་བར་ལ།། མཐོ་དང་མི་མཐོ་མི་འདུག། བྱམས་པ་ཡིད་ལ་ཡོད་པ།། རྟ་ཕོ་འགྲོ་འགྲོ་གཏོང་གི།
འཕྱོངས་རྒྱས་ལྕང་གླིང་གྲུ་བཞི།། འཇོལ་མོ་བསོད་ནམས་དཔལ་འཛོམ།། ཐག་རིང་རྒྱལ་ལ་མི་འགྲོ།། མཇལ་འཛོམས་ལས་ཀྱིས་ལོས་ཡོང༌།།
ད་ལོ་བཏབ་པའི་ལོ་ཏོག། སང་ཕོད་མ་སྨིན་ཟེར་ན།། གནམ་གྱི་སྦྲང་ཆར་སིལ་མ།། ཐུགས་བསམ་བཞེས་རོགས་གནང་ཞུ།།
དམན་ཤར་སྐྱེ་འབྲས་མཚར་ལ།། ཇ་ཆང་འདོད་ཡོན་འཛོམས་པ།། ཤི་ནས་ལྷ་ལུས་བླངས་ཀྱང༌།། འདི་ལས་དགའ་ངེས་མི་འདུག །
ཆགས་སྡང་སེར་སྣ་བསགས་པའི།། འདོད་ཡོན་སྒྱུ་མའི་ནོར་རྫས།། ཆུང་འདྲིས་བྱམས་པ་བྱུང་དུས།། སེར་སྣའི་མདུད་པ་གྲོལ་སོང༌།།
མ་བྱས་མི་ཁ་སྡང་བ།། ང་དང་ཕོ་རོག་ནག་ཆུང༌།། བྱས་ཀྱང་མི་ཁ་མི་འདུག། ཁོང་དང་རྒྱ་ཁྲ་ཧོར་པ།།
ཆུ་མོ་གཏིང་ཚད་རིང་ཡང༌།། ཉ་མོས་ལྕགས་ཀྱུས་ལོན་གིས།། སྙིང་སྡུག་ཁ་དཀར་གཏིང་ནག། ཁོག་པ་ད་དུང་མ་ལོན།།
དཀར་ནག་ལས་ཀྱི་ས་བོན།། ད་ལྟ་ལྐོག་ཏུ་བཏབ་ཀྱང༌།། འབྲས་བུ་སྦས་པས་མི་ཐུབ།། རང་རང་སོ་སོར་སྨིན་འདུག།
དྭགས་ཡུལ་ས་ནས་དྲོ་ལ།། དྭགས་མོ་རྣམ་པ་ལེགས་པ།། མི་རྟག་འཆི་བ་མེད་ན།། ཚེ་གང་བསྡད་ཀྱང་བསྡད་ཆོག།
རླུང་པོ་གང་ནས་ལང་ལང༌།། ཕ་ཡུལ་ཕྱོགས་ནས་ལངས་བྱུང༌།། ཆུང་འདྲིས་བྱམས་པའི་ལུས་པོ།། མ་ནོར་རླུང་པོས་འཁྱེར་བྱུང༌།།
ནུབ་ཕྱོགས་རི་བོའི་རྩེ་ནས།། སྤྲིན་དཀར་གནམ་ལ་ལོང་ལོང༌།། ང་ལ་ཡིད་འཛིན་དབང་མོས།། ལྷ་བསང་བཏང་བ་ལོས་ཡིན།།
ཆུ་དང་འོ་མ་འདྲེས་པ།། འབྱེད་མཁན་གསེར་གྱི་རུས་སྦལ།། སྙིང་སྡུག་ཤ་སེམས་འདྲེས་པ།། དབྱེ་མཁན་སུ་ཡང་མི་འདུག།
རང་སེམས་ཁ་བཏགས་དཀར་པོ།། ནག་ནོག་མེད་པ་ཞུས་ཡོད།། མི་སེམས་སྣག་ཚའི་རི་མོ།། འབྲི་འདོད་ཡོད་ན་བྲིས་ཤོག།
ཕར་སེམས་བྱམས་དང་སྙིང་རྗེ།། སྤྲིན་ཕུང་གསར་དུ་འཁྲིགས་བྱུང༌།། ཚུར་སེམས་སྡུག་པོའི་རླུང་པོས།། ཡང་ནས་ཡང་དུ་གཏོར་བྱུང༌།།
སྦྲང་བུ་སྐྱེ་བ་སྔ་སོང༌།། མེ་ཏོག་ཤར་བ་འཕྱིས་སོང༌།། ལས་འཕྲོ་མེད་པའི་སྙིང་སྡུག། མཇལ་འཛོམ་བྱེད་པ་འགྱངས་སོང༌།།
ངུར་སྨུག་མདོག་གིས་བསྒྱུར་བའི།། བླ་མ་ཡོད་རྒྱུ་ཡིན་ན།། མཚོ་སྟོད་གསེར་བྱ་ངང་བས།། འགྲོ་བ་འདྲེན་པ་འདུག་གོ།
གཞན་ཟེར་ཚིག་ཟློས་ཁྱེར་བས།། བསླབ་གསུམ་བསྟན་པ་འཛིན་ན།། འདབ་ཆགས་ཨ་བོ་ནེ་ཙོས།། ཆོས་འཁོར་བསྐོར་བ་འདུག་གོ།
ཆུ་མོ་ཆེ་བའི་སེམས་ནད།། གྲུ་ཤན་གཉན་པས་སེམས་སོང༌།། སྙིང་སྡུག་ཤི་བའི་མྱ་ངན།། སུ་ཡིས་སེམས་རོགས་བྱེད་པ།།
གཏམ་གསུམ་མི་ཁ་ངན་པས།། ས་སྟེང་ཀུན་ལ་ཁྱབ་སོང༌།། རང་ལ་དགའ་བའི་སྙིང་སྡུག། མིག་གི་བར་ལ་ལོང་ལོང༌།།
སེམས་པ་དཀར་བའི་ཕྱོགས་སུ།། རྟ་ལས་བོང་བུ་མགྱོགས་པ།། ལྟ་ལ་སྒ་ཆ་རྒྱབ་དུས།། བོང་བུ་ལ་མོ་ཐེབ(བརྒལ)སོང༌།།
པད་སྦྲང་སེར་པོའི་ཐུགས་ལ།། ག་འདྲ་ཡོད་ནི་མི་ཤེས།། ལོ་ཡག་ལྗང་པའི་ཐུགས་ལ།། སྦྲང་ཆར་སིལ་མ་འདོད་གི།
ཕ་ཡུལ་ས་ཐག་རིང་ནས།། དྲིན་ཅན་ཕ་མ་མི་འདུག། མེད་ཀྱང་སྡུག་རྒྱུ་མི་འདུག། མ་ལས་ལྷག་པ་ཡོད་དོ།། མ་ལས་ལྷག་པའི་བྱམས་པ།། ལོ་མོ་རྒྱབ་ན་ཡོད་དོ།།
ཁམ་སྡོང་འདོམ་པ་གང་ལ།། མེ་ཏོག་ཁྲ་ཆིལ་དགུ་ཆིལ།། འབྲས་བུ་དུས་སུ་སྨིན་པའི།། ཞལ་བཞེས་གནང་རོགས་གནང་ཞུ།།
ཟུར་མིག་གཞུ་དང་ལྡན་པའི།། ཐུགས་སེམས་ཉག་ཕྲན་མདའ་མོ།། གཞོན་པའི་སྙིང་གི་སྤང་སྟོད།། མཐོན་པོའི་དཀྱིལ་ལ་ཟུག་བྱུང༌།།
རི་དེ་གཡས་རིའི་ལོགས་ལ།། སུག་པ་གྲངས་མེད་བཀོག་ཡོད།། ང་དང་མ་སྐྱེས་ཨ་མའི།། མི་ཁ་ཁྲུས་ཡས་བྱས་ཆོག།
ང་དང་མ་སྐྱེས་ཨ་མའི།། གཉེན་སྒྲིག་ལྷ་བསང་གཏོང་རྒྱུར།། རི་དེ་གཡོན་རིའི་ལོགས་ནས།། སྤ་ཤུག་འདྲེས་མ་གཏོག་ཡོད།།
ལྕམ་མ་བཅག་ནི་མ་བཅག། འཇོལ་མོ་དཀྲོག་ནི་མ་དཀྲོག། རྫོང་རྒྱབ་ཀླུ་ཁང་ཕྲ་མོར།། ལྟད་མོ་ལྟ་དབང་ལོས་ཡོད།།
གྲུ་ཤིང་རྟ་མགོ་ཀེར་ཀེར།། རྟ་མགོའི་དར་ལྕོག་ལྷེབ་ལྷེབ།། ཐུགས་སེམས་སྐྱོ་སྐྱོ་མ་མཛད།། བྱམས་པ་ལས་ཀྱིས་བཀོད་ཡོང༌།།
ཤར་རིའི་ལོགས་ནས་ཡོང་དུས།། ཤྭ་བ་ཡིན་པ་བསམ་ཀྱང༌།། ནུབ་རིའི་ལོགས་ནས་སླེབས་དུས།། རྒོ་བ་རྐང་ཆག་ཡིན་པ།།
ཆུ་མོ་ཡུར་པོ་གང་ཡོད།། རྫིང་བུ་གཅིག་ཏུ་སྐྱིལ་ཡོད།། བློ་བག་གྲོད་པར་ཡོད་ན།། རྫིང་བུ་འདྲེན་པར་ཕེབས་ཤིག།
ཁྲི་གདུགས་གླིང་བཞི་བསྐོར་བ།། ཉི་མ་རི་ལ་འཁོར་གིས།། ང་ལ་དགོས་པའི་བྱམས་པ།། རི་ལ་འཁོར་དུས་མི་འདུག།
ཕ་རིའི་ལྷ་བྱ་གོང་མོ།། ཚུར་རིའི་བྱེའུ་འཇོལ་མོ།། སྐུ་ཚེ་ལས་འཕྲོ་ཟད་པའི།། གྱ་མ་དོ་གཅིག་བྱས་བྱུང༌།།
མདོ་བ་རྟ་ཕོ་བཞིན་གྱི།། མུ་ཁྲིད་གནང་ལ་མི་དགོས།། གཡང་དཀར་ལུ་གི་བཞིན་གྱིས།། རྒྱང་འཚོས་གནང་རོགས་གནང་ཞུ།།
ཞིམ་པོ་རྒྱ་ཇའི་ཁུ་བ།། གང་གིས་སྤག་གིས་ཞིམ་པ།། ང་རས་བལྟས་པའི་བྱམས་པ།། གང་ནས་བལྟས་ཀྱང་མཛེས་པ།།
ཉིན་མོ་ཁ་དོག་མཚར་ལ།། མཚན་མོ་དྲི་ཁ་ཞིམ་པ།། ཀླུ་སྡིང་ནང་གི་མེ་ཏོག། གཏན་གྲོགས་དེ་ལས་དགའ་བ།།
མཆོག་དཀར་གཞུ་མོའི་གཡབ་གཡུག། སུ་ལ་གནང་རྒྱུ་ཡིན་པ།། བྱམས་པ་སྟག་དོང་ཕྲ་མོའི།། དངོས་པའི་ནང་དུ་བཞག་ཡོད།།
གནམ་ལ་སྤྲིན་པ་མི་འདུག། ས་ལ་མུ་ཡུག་འཚུབ་གིས།། དོག་པ་དེ་ན་མི་འདུག། གཞན་ལ་ཐུགས་ལྕག་གནང་ཞུ།།
ཆུ་མོ་མར་འགྲོ་ཤར་ཤར།། ཀོང་ཡུལ་མཐིལ་ལ་སིམ་སོང༌།། བྱ་དེ་རྒྱལ་སྨན་ཀ་ར།། ཐུགས་སེམས་སྐྱོ་སྐྱོ་མ་མཛད།།
མཆུ་མོ་འཁྲུག་ཀྱང་འཁྲུག་ཤོག། ཉ་མོ་འཕར་ཀྱང་འཕར་ཤོག། མཚོ་སྨན་རྒྱལ་མོ་མི་འཇོག། ཟླ་གྲོགས་སྤུན་གྲོགས་བཏང་གཏོང༌།།
ཀུ་མུན་དཀར་པོའི་རྒྱང་བཀྲག། འཛམ་གླིང་སྤྱི་ལ་ཤར་བྱུང༌།། པད་མ་གེ་སར་སྡོང་བོ།། འབྲས་བུ་ཟུར་དུ་རྒྱས་སྐབས།། བྱ་ང་ཨ་བོ་ནེ་ཙོ།། སྐྱོད་རོགས་བྱེད་པར་སླེབས་ཡོང༌།།
ཕུར་ཚུར་བརྩེ་དུངས་མེད་པའི།། སྙིང་སྡུག་མ་བཞེངས་ལྷ་སྐུ།། འགྲོས་དང་གོམ་པ་མེད་པའི།། རྟ་མཆོག་ཉོས་པ་འདྲ་བྱུང༌།།
བླ་མ་དམ་པའི་གདམས་ངག། ཞུས་ན་གནང་གི་འདུག་སྟེ།། ཨ་ལྕེ་ཆུང་འདྲིས་བྱམས་པར།། སྙིང་གཏམ་བཤད་དུས་མི་འདུག།
སྟར་ཁ་ཡིན་ན་བཅག་ཆོག། ཁམ་བུ་ཡིན་ན་མུར་ཆོག། ད་ལོའི་ཀུ་ཤུ་སྔོ་རྡོག། སོ་ལ་རྩེབ་པོ་བྱས་བྱུང༌།།
རིག་འཛིན་ཚངས་དབྱངས་རྒྱ་མཚོ།། སྙིང་སྡུག་འཚོལ་གྱིས་མ་གསུང༌།། རང་ལ་དགོས་པ་ནང་བཞིན།། མི་ལ་དགོས་ཀྱི་ཡོད་འགྲོ།
ལྷ་ཤིང་ཤུག་པའི་རྩེ་ལ།། ཁུ་བྱུག་གཞོན་ནུ་བབས་འདུག། གསུང་སྐད་མང་བོ་མི་འདུག། སྙན་པོ་ཚིག་གཅིག་གསུངས་དང༌།།
བསམ་ཡས་བྱ་ཕོ་དཀར་པོ།། བྱ་སྐད་སྔ་པོ་མ་རྒྱོབ།། ང་དང་ཆུང་འདྲིས་བྱམས་པ།། སྙིང་གཏམ་ཤོད་འཕྲོ་ལུས་ཡོད།།
ཆང་འདི་དང་པོས་མ་བཟི།། ཆང་འདི་གཉིས་པས་མ་བཟི།། ཆུང་འདྲིས་བྱམས་པས་ཞུས་པས།། ཞལ་དཀར་གང་གིས་བཟི་སོང༌།།
མི་ཚོགས་མང་པོའི་དཀྱིལ་དུ།། ང་གཉིས་ཡིན་མདོག་མ་གནང༌།། ཁྱེད་ཀྱི་ཐུགས་ལ་ཡོད་ན།། སྤྱན་གྱིས་གཟིགས་ཕྱོགས་གནང་དང༌།།
ཁྱོད་ནི་གསེར་ཟགས་སྐུ་རེད།། ང་ནི་འདག་པའི་ལྷ་རེད།། ལྷ་ཁང་གཅིག་གི་ནང་དུ།། ང་གཉིས་མཉམ་དུ་མི་ཡོང༌།།
སེམས་གཅོང་བྱམས་པས་གཅུག་པའི།། ལུས་པོའི་མདོག་ལ་གཟིགས་དང༌།། ཤ་སྐམ་པགས་སྐམ་བྱས་པར།། ཨེམ་རྗེ་བརྒྱ་ཡིས་མི་ཕན།།
ཤ་ཚ་ཆེ་བའི་དུས་ལ།། སྙིང་གཏམ་ཚང་མ་མ་ཤོད།། ཁ་གཅིག་སྐོམ་པའི་དུས་ལ།། རྫིང་ཆུ་ཚང་མ་མ་འཐུང༌།། ལས་ལ་འགྱུར་བ་ཡོང་དུས།། འགྱོད་པ་བྱས་ཀྱང་འཕྱིས་སོང་།།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
[རྩོམ་སྒྲིག]༡
ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང༌། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང༌། །
༢
ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག ། ཕོ་གཞོན་རྒས་པའི་ལུས་པོ། ། ལྷོ་གཞུ་ལས་ཀྱང་གྱོང་བ། །
༣
རང་སེམས་སོང་བའི་མི་དེ། ། གཏན་གྱི་འདུན་མར་བྱུང་ན། ། རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང༌། །
༤
འགྲོ་ཞོར་ལམ་བུའི་སྙིང་ཐུབ། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར་རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང༌། །
༥
མི་ཆེན་དཔོན་པོའི་སྲས་མོ། ། ཁ་འབྲས་མཚར་ལུགས་བལྟས་ན། ། ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང༌། །
༦
སེམས་པ་ཕར་ལ་ཤོར་ནས། ། མཚན་མོའི་གཉིད་ཐེབས་གཅོག་གི། ། ཉིན་མོ་ལག་ཏུ་མ་ལོན། ། ཡིད་ཐང་ཆད་རོགས་ཡིན་པས། །
༧
མེ་ཏོག་ནམ་ཟླ་ཡལ་སོང༌། ། གཡུ་སྦྲང་སེམས་པ་མ་སྐྱོ། ། བྱམས་པའི་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག །
༨
རྩི་ཐོག་བ་མོའི་ཁ་ལ། ། སྐྱི་བསེར་རླུང་གི་ཕོ་ཉ། ། མེ་ཏོག་སྦྲང་བུ་གཉིས་ཀྱི། ། འབྲེལ་ཚམས་གཅོད་མཁན་ལོས་ཡིན། །
༩
ངང་བ་འདམ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང༌། ། མཚོ་མོ་དར་ཁ་འགྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང༌། །
༡༠
གྲུ་ཤན་སེམས་པ་མེད་ཀྱང༌། ། རྟ་མགོས་ཕྱི་མིག་བལྟས་བྱུང༌། ། ཁྲེལ་གཞུང་མེད་པའི་བྱམས་པས། ། ང་ལ་ཕྱི་མིག་མི་ལྟ། །
༡༡
ང་དང་ཚོང་འདུས་བུ་མོའི། ། ཚིག་གསུམ་དམ་བཅའི་མདུད་པ། ། ཁྲ་བོ་སྦྲུལ་ལ་མ་བརྒྱབ། ། རང་རང་ས་ལ་གྲོལ་སོང༌། །
༡༢
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། ། ལྕང་མའི་ལོགས་ལ་བཙུགས་ཡོད། ། ལྕང་སྲུང་ཨ་ཇོ་ཞལ་ངོས། ། རྡོ་ཀ་རྒྱག་པ་མ་གནང༌། །
༡༣
བྲིས་པའི་ཡི་གེ་ནག་ཆུང༌། ། ཆུ་དང་ཐིགས་པས་འཇིགས་སོང༌། ། མ་བྲིས་སེམས་ཀྱི་རི་མོ། ། བསུབས་ཀྱང་བསུབ་རྒྱུ་མི་འདུག །
༡༤
བརྒྱབ་པའི་ནག་ཆུང་ཐེའུས། ། གསུང་སྐད་འབྱོན་ནི་མི་ཤེས། ། ཁྲེལ་དང་གཞུང་གི་ཐེའུ། ། སོ་སོའི་སེམས་ལ་སྐྱོན་དང༌། །
༡༥
སྟོབས་ལྡན་ཧ་ལོའི་མེ་ཏོག ། མཆོད་པའི་རྫས་ལ་ཕེབས་ན། ། གཡུ་སྦྲང་གཞོན་ནུ་ང་ཡང༌། ། ལྷ་ཁང་ནང་ལ་ཁྲིད་དང༌། །
༡༦
སེམས་སོང་བུ་མོ་མི་བཞུགས། ། དམ་པའི་ཆོས་ལ་ཕེབས་ན། ། ཕོ་གཞོན་ང་ཡང་མི་སྡོད། ། རི་ཁྲོད་འགྲིམ་ལ་ཐལ་འགྲོ། །
༡༧
མཚན་ལྡན་བླ་མའི་དྲུང་དུ། ། སེམས་ཁྲིད་ཞུ་བར་ཕྱིན་པས། ། སེམས་པ་བསྐོར་ཀྱང་མི་ཐུབ། ། བྱམས་པའི་ཕྱོགས་ལ་ཤོར་སོང༌། །
༡༨
སྒོམ་པ་བླ་མའི་ཞལ་རས། ། ཡིད་ལ་འཆར་རྒྱུ་མི་འདུག ། མ་བསྒོམས་བྱམས་པའི་ཞལ་རས། ། ཡིད་ལ་ཝ་ལེ་ཝ་ལེ། །
༡༩
སེམས་པ་འདི་ལ་འགྲོ་འགྲོ ། དམ་པའི་ཆོས་ལ་ཕྱིན་ན། ། ཚེ་གཅིག་ལུས་གཅིག་ཉིད་ལ། ། སངས་རྒྱས་འཐོབ་པར་འདུག་གོ། །
༢༠
དག་པ་ཤེལ་རིའི་གངས་ཆུ། ། ཀླུ་བདུད་རྡོ་རྗེའི་ཟིལ་བ། ། བདུད་རྩི་སྨན་གྱི་ཕབ་རྒྱུན། ། ཆང་མ་ཡེ་ཤེས་མཁའ་འགྲོ ། དམ་ཚིག་གཙང་མས་བཏུང་ན། ། ངན་སོང་མྱོང་དགོས་མི་འདུག །
༢༡
རླུང་རྟ་ཡར་འགྲོའི་དུས་ལ། ། རླུང་བསྐྱེད་དར་ལྕོག་བཙུགས་པས། ། མཛངས་མ་མ་བཟང་བུ་མོས། ། ང་རང་མགྲོན་པོ་བོས་བྱུང༌། །
༢༢
སོ་དཀར་ལྤགས་པའི་འཛུམ་མདངས། ། བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། ། མིག་ཟུར་ཁྲ་མོའི་སྒྲིལ་མཚམས། ། གཞོན་པའི་གདོང་ལ་བལྟས་བྱུང༌། །
༢༣
ཧ་ཅང་སེམས་ལ་སོང་ནས། ། འགྲོགས་འདྲིས་ཨེ་ཡོང་དྲིས་པས། ། འཆི་བྲལ་བྱེད་ན་མིན་པ། ། གསོན་བྲལ་མི་བྱེད་གསུངས་བྱུང༌། །
༢༤
མཛངས་མའི་ཐུགས་དང་བསྟུན་ན། ། ཚེ་འདིའི་ཆོས་སྐལ་ཆད་འགྲོ། ། དབེན་པའི་རི་ཁྲོད་འགྲིམསན། ། བུ་མོའི་ཐུགས་དང་འགལ་འགྲོ། །
༢༥
ཀོང་ཕྲུག་གཞོན་པའི་བློ་སྣ། ། སྦྲང་བུ་རྒྱ་ལ་བཅུག་འདྲ། ། ཞག་གསུམ་ཉལ་རོགས་བྱས་པས། ། ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། །
༢༦
གཏན་གྲོགས་ཁྱོད་ལ་སེམས་པའི། ། ཁྲེལ་དང་ངོ་ཚ་མེད་ན། ། མགོ་ལ་བརྒྱབ་པའི་གཙུག་གཡུས། ། སྐད་ཆ་སྨྲ་ནི་མི་ཤེས། །
༢༧
འཛུམ་དང་སོ་དཀར་སྟོན་ཕྱོགས། ། གཞོན་པའི་བློ་བྲིད་ཡིན་འདུག ། སྙིང་ན་ཤ་ཚ་ཡོད་མེད། ། དབུ་མནའ་བཞེས་རོགས་གནང་དང༌། །
༢༨
སྙིང་ཐུབ་བྱ་རྡོ་ལམ་འཕྲད། ། ཨ་མ་ཆང་མས་སྦྱར་བྱུང༌། ། ལན་ཆགས་བུ་ལོན་བྱུང་ན། ། འཚོ་སྐྱོང་ཁྱོད་རས་གནང་ཞུ། །
༢༩
སྙིང་གཏམ་ཕ་མར་མ་བཤད། ། ཆུང་འདྲིས་བྱམས་པར་བཤད་པས། ། བྱམས་པ་ཤ་ཕོ་མང་ནས། ། གསང་གཏམ་དགྲ་བོས་གོ་སོང༌། །
༣༠
སྙིང་ཐུབ་ཡིད་འཕྲོག་ལྷ་མོ། ། རྔོན་པ་ང་རས་ཟིན་ཀྱང༌། ། དབང་ཆེན་མི་ཡི་དཔོན་པོ། ། ནོར་བཟང་རྒྱལ་པོས་ཕྲོགས་སོང༌། །
༣༡
ནོར་བུ་རང་ལ་ཡོད་དུས། ། ནོར་བུའི་ནོར་ཉམས་མ་ཆོད། ། ནོར་བུ་མི་ལ་ཤོར་དུས། ། སྙིང་རླུང་སྟོད་ལ་འཚངས་བྱུང༌། །
༣༢
རང་ལ་དགའ་བའི་བྱམས་པ། ། གཞན་གྱི་འདུན་མར་བླངས་སོང༌། ། ཁོག་ནད་སེམས་པའི་གཅོང་གིས། ། ལུས་པོའི་ཤ་ཡང་བསྐམས་སོང༌། །
༣༣
སྙིང་ཐུབ་རྐུ་ལ་ཤོར་སོང༌། ། མོ་ཕྱཱ་རྩིས་འབུལ་རན་སོང༌། ། བུ་མོ་དུང་སེམས་ཅན་མ། ། རྨི་ལམ་ལ་ཡང་འཁོར་བྱུང༌། །
༣༤
བུ་མོར་འཆི་བ་མེད་ན། ། ཆང་ལ་འཛད་པ་མི་འདུག ། གཞོན་པའི་གཏན་གྱི་སྐྱབས་གནས། ། འདི་ལ་བཅོལ་བས་ལོས་ཆོག །
༣༥
བུ་མོ་ཨ་མར་མ་སྐྱེས། ། ཁམ་བུའི་ཤིང་ལ་སྐྱེས་སམ། ། ཨ་གསར་ཟད་པ་ཁམ་བུའི། ། མེ་ཏོག་དེ་ལས་མགྱོགས་པ། །
༣༦
བུ་མོ་ཆུང་འདྲིས་བྱམས་པ། ། སྤྱང་ཀིའི་རིགས་རྒྱུད་མིན་ནམ། ། ཤ་འདྲེས་ལྤགསའདྲེསབྱུང་ཡང༌། ། རི་ལ་ཤོར་གྲབས་མཛད་གིས། །
༣༧
རྟ་རྒོད་རི་ཡར་བརྒྱབ་པ། ། རྙི་དང་ཞགས་པས་ཟིན་གྱི། ། བྱམས་པས་ངོ་ལོག་བརྒྱབ་པས། ། ཐུགས་ངོ་ཟིན་པ་མི་འདུག །
༣༨
བྲག་དང་རླུང་པོ་བསྡེབས་ནས། ། རྒོད་པོའི་སྒྲོ་ལ་གཟན་བྱུང༌། ། གཡོ་ཅན་རྫུ་བག་ཅན་གྱིས། ། ང་ལ་གཟན་པོ་བྱས་བྱུང༌། །
༣༩
སྤྲིན་པ་ཁ་སེར་གཏིང་ནག ། སད་དང་སེར་བའི་གཞི་མ། ། བན་དེ་སྐྱ་མིན་སེར་མིན། ། སངས་རྒྱས་བསྟན་པའི་དགྲ་བོ། །
༤༠
ས་དེ་ཁ་ཞུར་གཏིང་འཁྱགས། ། རྟ་ཕོ་གཏོང་ས་མ་རེད། ། གསང་གྲོགས་བྱམས་པའི་ཕྱོགས་ལ། ། སྙིང་གཏམ་བཤད་ས་མ་རེད། །
༤༡
ཚེས་ཆེན་བཅོ་ལྔའི་ཟླ་བ། ། ཡིན་པ་འདྲ་བ་འདུག་སྟེ། ། ཟླ་བའི་དཀྱིལ་གྱི་རི་བོང༌། ། ཚེ་ཟད་ཚང་ནས་འདུག་གོ། །
༤༢
ཟླ་བ་འདི་ལ་ཕར་འགྲོ། ། རྟིང་མའི་ཟླ་ལ་ཚུར་ཡོང༌། ། བཀྲ་ཤིས་ཟླ་བ་དཀར་བོ། ། ཟླ་སྟོད་ཕྱོགས་ལ་མཇལ་ཡོང༌། །
༤༣
དབུས་ཀྱི་རི་རྒྱལ་ལྷུན་པོ། ། མི་འགྱུར་བརྟན་པོར་བཞུགས་དང༌། ། ཉི་མ་ཟླ་བའི་འཁོར་ཕྱོགས། ། ནོར་ཡོང་བསམ་པ་མི་འདུག །
༤༤
ཚེས་གསུམ་ཟླ་བ་དཀར་པོ། ། དཀར་གོས་ནང་ནས་ཆོད་སོང༌། ། བཅོ་ལྔའི་ནམ་དང་མཉམ་པའི། ། ཞལ་བཞེས་གཅིག་ཀྱང་གནང་ཞུ། །
༤༥
ས་བཅུའི་དབྱིངས་སུ་བཞུགས་པའི། ། དམ་ཅན་རྡོ་རྗེ་ཆོས་སྐྱོང༌། ། མཐུ་དང་ནུས་པ་ཡོད་ན། ། བསྟན་པའི་དགྲ་བོ་སྒྲོལ་དང༌། །
༤༦
ཁུ་བྱུག་མོན་ནས་ཡོང་བས། ། ནམ་ཟླའི་ས་བཅུད་འཕེལ་སོང༌། ། ང་དང་བྱམས་པ་ཕྲད་ནས། ། ལུས་སེམས་ལྷོད་པོར་ལངས་སོང༌། །
༤༧
ཁྱི་དེ་སྟག་ཁྱི་གཟིག་ཁྱི། ། གདག་ག་བྱིན་ནས་འདྲིས་སོང༌། ། ནང་གི་སྟག་མོ་རིས་འཛོམས། ། འདྲིས་ནས་ཐུ་རུ་ལངས་སོང༌། །
༤༨
ཤ་འཇམ་ལུས་པོ་འདྲེས་ཀྱང༌། ། བྱམས་པའི་གདེང་ཚོད་མི་ལོན། ། ས་ལ་རི་མོ་བྲིས་པས། ། ནམ་མཁའི་སྐར་ཚོད་ཐིག་བྱུང༌། །
༤༩
ང་དང་བྱམས་པའི་སྡེབ་ས། ། ལྷོ་རོང་མོན་པའི་ནགས་གསེབ། ། སྨྲ་མཁན་ནེ་ཙོ་མ་གཏོགས། ། སུ་དང་གང་གིས་མི་ཤེས། ། སྨྲ་མཁན་ནེ་ཙོས་ཨོ་ཤེས། ། གསང་ཁ་སྟོན་པ་མ་གནང༌། །
༥༠
ལྷ་ས་མི་ཚོགས་འཐུག་ལ། ། འཕྱོངས་རྒྱས་མི་སྤུས་དག་པ། ། ང་ལ་ཡོད་པའི་ཆུང་འདྲིས། ། འཕྱོངས་རྒྱས་གཞུང་ལ་ཡོད་དོ། །
༥༡
ཁྱི་རྒན་རྒྱ་བོ་ཟེར་བ། ། རྣམ་ཤེས་མི་ལས་སྤྱང་པ། ། སྲོད་ལ་ཕྱིན་སོང་མ་ཟེར། ། ཐོ་རངས་ལོག་བྱུང་མ་ཟེར། །
༥༢
སྲོད་ལ་བྱམས་པ་བཙལ་བས། ། ཐོ་རངས་ཁ་བ་བབས་བྱུང༌། ། གསང་དང་མ་གསང་མི་འདུག ། ཞབས་རྗེས་གངས་ལ་བཞག་འདུག །
༥༣
པོ་ཏ་ལ་རུ་བཞུགས་དུས། ། རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། ལྷ་ས་ཞོལ་ལ་སྡོད་དུས། ། འཆལ་པོ་དང་བཟང་དབང་པོ། །
༥༤
ཤ་འཇམ་མལ་སའི་ནང་གི ། སྙིང་ཐུབ་དུང་སེམས་ཅན་མས། ། ཨོ་ལོའི་རྒྱུ་ནོར་འཕྲོག་པའི། ། གཡོ་སྒྱུ་བཤད་པ་མིན་འགྲོ། །
༥༥
དབུ་ཞྭ་དབུ་ལ་བཞེས་སོང༌། ། དབུ་ལྕང་རྒྱབ་ལ་དབྱུགས་སོང༌། ། ག་ལེ་ཕེབས་དང་བྱས་པས། ། ག་ལེ་བཞུགས་ཤིག་གསུངས་བྱུང༌། ། ཐུགས་སེམས་སྐྱོ་ཡོང་བྱས་པས། ། མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌། །
༥༦
བྱ་དེ་ཁྲུང་ཁྲུང་དཀར་པོ། ། གཤོག་རྩལ་ང་ལ་གཡོར་དང༌། ། ཐག་རིང་རྒྱང་ལ་མི་འགྲོ། ། ལི་ཐང་བསྐོར་ནས་སླེབ་ཡོང༌། །
༥༧
ཤི་དེ་དམྱལ་བའི་ཡུལ་གྱི། ། ཆོས་རྒྱལ་ལས་ཀྱི་མེ་ལོང༌། ། འདི་ནས་ཁྲིག་ཁྲིག་མི་འདུག ། འདི་ནས་ཁྲིག་ཁྲིག་གནང་ཞུ། །
༥༨
མདའ་མོ་འབེན་ལ་ཕོག་སོང༌། ། མདེའུ་ས་ལ་འཛུལ་སོང༌། ། ཆུང་འདྲིས་བྱམས་པ་ཕྲད་བྱུང༌། ། སེམས་ཉིད་རྗེས་ལ་འབྲངས་སོང༌། །
༥༩
རྒྱ་གར་ཤར་གྱི་རྨ་བྱ། ། ཀོང་ཡུལ་མཐིལ་གྱི་ནེ་ཙོ། ། འཁྲུངས་ས་འཁྲུངས་ཡུལ་མི་གཅིག ། འཛོམས་པ་ཆོས་འཁོར་ལྷ་ས། །
༦༠
མི་ཚོས་ང་ལ་ལབ་པ། ། དགོངས་དག་ཡིན་པ་ཁག་ཐེག ། ཨོ་ལོའི་གོམ་གསུམ་ཕྲ་མོ། ། གནས་མོའི་ནང་ལ་ཐལ་སོང༌། །
༦༡
ལྕང་མ་བྱེའུར་སེམས་ཤོར། ། བྱེའུ་ལྕང་མར་སེམས་ཤོར། ། སེམས་ཤོར་མཐུན་པ་བྱུང་ན། ། བྱ་ཁྲ་ཧོར་པས་མི་ཐུབ། །
༦༢
ད་ལྟའི་ཚེ་ཐུང་འདི་ལ། ། དེ་ཁ་ཙམ་ཞིག་ཞུས་ནས། ། རྟིང་མ་བྱིས་པའི་ལོ་ལ། ། མཇལ་འཛོམ་ཨེ་ཡོང་བལྟའོ། །
༦༣
བྱ་དེ་སྨྲ་མཁན་ནེ་ཙོ། ། ཁ་རོག་བཞུགས་རོགས་མཛོད་དང༌། ། ལྕང་གླིང་ཨ་ལྕེ་འཇོལ་མོ། ། གསུང་སྙན་སྒྱུར་དགོས་བྱུང་སོང༌། །
༦༤
རྒྱབ་ཀྱི་ཀླུ་བདུད་བཙན་པོ། ། འཇིགས་དང་མི་འཇིགས་མི་འདུག ། མདུན་གྱི་ཀ་ར་ཀུ་ཤུ ། འཐོགས་སུ་དགོས་པ་བྱས་སོང༌། །
༦༥
དང་པོ་མ་མཐོང་ཆོག་ཀ ། སེམས་པ་འཆོར་དོན་ མི་འདུག ། གཉིས་པ་མ་འདྲིས་ཆོག་ཀ ། སེམས་གཅོང་ཞུགས་དོན་མི་འདུག །
༦༦
རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། སྙིང་སྡུག་འཚོལ་གྱིས་མ་གསུང་། ། རང་ལ་དགོས་པ་ནང་བཞིན། ། མི་ལ་དགོས་ཀྱི་ཡོད་འགྲོ །
༦༧
ལྷ་ཤིང་ཤུག་པའི་རྩེ་ལ། ། ཁུ་བྱུག་གཞོན་ནུ་བབས་འདུག ། གསུང་སྐད་མང་པོ་མི་དགོས། ། སྙན་པོ་ཚིག་གཅིག་གསུངས་དང་། །
༦༨
བསམ་ཡས་བྱ་ཕོ་དཀར་པོ། ། བྱ་སྐད་སྔ་པོ་མ་རྒྱོབ། ། ང་དང་ཆུང་འདྲིས་བྱམས་པ། ། སྙིང་གཏམ་ཤོད་འཕྲོས་ལུས་ཡོད། །
༦༩
ཆང་འདི་དང་པོས་མ་བཟི། ། ཆང་འདི་གཉིས་པས་མ་བཟི། ། ཆུང་འདྲིས་བྱམས་པས་ཞུས་པས། ། ཞལ་དཀར་གང་གིས་བཟི་སོང་། །
༧༠
མི་ཚོགས་མང་པོའི་དཀྱིལ་དུ། ། ང་གཉིས་ཡིན་མདོག་མ་གནང་། ། ཁྱེད་ཀྱི་ཐུགས་ལ་ཡོད་ན། ། སྤྱན་གྱིས་གཟིགས་ཕྱོགས་གནང་དང་། །
༧༡
ཁྱོད་ནི་གསེར་ཟངས་སྐུ་རེད། ། ང་ནི་འདག་པའི་ལྷ་རེད། ། ལྷ་ཁང་གཅིག་གི་ནང་དུ། ། ང་གཉིས་མཉམ་དུ་མི་ཡོང་། །
༧༢
སེམས་གཅོང་བྱམས་པས་གཅུག་པའི། ། ལུས་པོའི་མདོག་ལ་གཟིགས་དང་། ། ཤ་སྐམ་པགས་སྐམ་བྱས་པར། ། ཨེམ་རྗེ་བརྒྱ་ཡིས་མི་ཕན། །
༧༣
ཤ་ཚ་ཆེ་བའི་དུས་ལ། ། སྙིང་གཏམ་ཚང་མ་མ་ཤོད། ། ཁ་གཅིག་སྐོམ་པའི་དུས་ལ། ། རྫིང་ཆུ་ཚང་མ་མ་འཐུང་། ། ལས་ལ་འགྱུར་བ་ཡོང་དུས། ། འགྱོད་པ་བྱས་ཀྱང་འཕྱིས་ཡོང་། །