ཚངས་གསར་བློ་གྲོས་རིན་ཆེན།

ཡོང་ཁུངས་Wikipedia

འཇམ་དབྱངས་བླ་མ་བློ་གྲོས་རིན་ཆེན་མཆོག་གི་རྣམ་ཐར་རག་བསྡུས་བཞུགས་སོ། སྙིག་དུས་འགྲོ་ལ་ལྷག་པར་ཐུགས་རྩེ་བས། །རྐང་གཉིས་མི་ཡི་ཚུལ་བཟུང་ཏཻ་ལོ་དངོས། །སྦས་པའི་བརྟུལ་ཞུགས་འཆང་བའི་་རྣལ་འབྱོར་བ། །མ་ཏི་མཚན་ཅན་ཞབས་ལ་གུས་ཕྱག་འཚལ། །གང་གི་ཕྱི་ནང་གསང་གསུམ་ཡོན་ཏན་ཀུན། འཆི་མེད་ལྷ་ལམ་ཉིད་ཀྱི་རྗེས་སོང་ཡང། །ཅུང་ཟད་ཙམ་ཞིག་སྐལ་ལྡན་སྐྱེ་བོ་རྣམས། །དད་པའི་གསོས་སུ་སྤེལ་ལ་གནང་བ་རྩོལ། དེ་ཡང་དྭགས་རྒྱུད་འབའ་རོམ་པའི་བསྟན་པའི་སྲོལ་མཐུད་ཆེན་མོ་རྗེ་བཙུན་བླ་མ་དམ་པ་འཇམས་དབྱངས་བློ་གྲོས་རིན་ཆེན་མཆོག་ནི། བསིལ་ལྗོངས་ཁ་བ་རི་པའི་ཞིང་ཁམས་སྒོམ་སྡེ་ནང་ཆེན་པ་ཞེས་པའི་ས་ཡི་ཆ་ཤས་སུ་གཏོགས་པ་ཚངས་གསར་གྲྭ་ནང། འགྲམ་ཁ་ཡི་གཡས་ཟུར། འཛོམ་བུ་ཁ་ཞེས་པར། ཡབ་ཚངས་གསར་བསྟན་འཛིན་རྣམ་རྒྱལ་དང་ཡུམ་ས་བཟའ་ནོར་དབྱངས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ལོའི་སྣྲོན་ཟླའི་གྲལ་ཚེས་དགེ་བར་མཚན་དཔེ་དཀྱིལ་འཁོར་བཞད། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ཁམས་མདོ་སྨད་ཕྱོགས་སུ་ཆིབས་བསྒྱུར་མཛད་ནས། ཡར་དབུས་ལ་ཕེབས་སྐབས་མ་ཡུམ་ཞལ་མཇལ་དུ་ཕྱིན་པས་རྒྱལ་དབང་ཀརྨ་པའི་ཞལ་ནས། དེ་རིང་འབའ་རོམ་དར་མ་དབང་ཕྱུག་ཕེབས་བྱུང་གསུངས་ནས་ཡུམ་གྱི་པང་ནས་ཉིད་ཀྱི་སྐུ་པང་དུ་བཞེས་པར་གྲགས། དེ་ནས་དགུང་ལོ་གསུམ་གྱི་ཐོག་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཆོས་འཁོར་སྤྲུལ་སྐུའི་ཡང་སྲིད་བཞི་པར་ངོས་འཛིན་མཛད། དགུང་གྲངས་བཞི་པའི་ཐོག་ཚངས་གསར་དགོན་ཐུབ་བསྟན་རྣམ་དག་གླིང་གི་གདན་ས་དེ་ཉིད་དུ་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་མངའ་གསོལ། སློབ་དཔོན་ཀརྨ་འཕྲིན་ལས་མདུན་ནས། ཡིག་གེ་འབྲི་ཀློག གར་ཐིག དབྱངས་སོགས་དཔྱིས་ཕྱིན་པར་མཛད། སྐུ་ཆུང་ངུ་དུས་ནས་འབུ་སྦྲང་ལ་བྱམས་ཤིང། མེ་ཏོག་མི་འཐུ་བ། ཆབ་གསང་ཡང་རྩྭ་སྔོན་དང། མེ་ཏོག་ནང་དང་ལམ་འགག་སོགས་ལ་མི་དོར་བ་སོགས། ཀུན་སྤྱོད་གཙང་ཞིང་སྙིང་རྗེ་ཆེ་ལ་ཐུགས་རྒྱུད་སྒམ་པ་སོགས་དམ་པའི་ངང་ཚུལ་ལྷན་སྐྱེས་སུ་མངའ་ལ། བྱིས་པའི་རྩེ་འཇོའི་ཁྲོད་དུའང་གཞན་གྱིས་གོ་མ་མྱོང་བའི་ལེགས་བཤད་ཤྭ་ལོ་ཀ་མང་པོ་ཐོལ་བྱུང་དུ་གསུངས་པ་དང། སྐབས་རེ་སྤྱན་གྱིས་ལྟ་སྟངས་དང་ཕྱག་མཉམ་བཞག་མཛད་ནས་ཧཱུྃ་གླུ་ལེན་པ་སོགས་ངོ་མཚར་གྱི་རྣམ་ཐར་འཆང། ཚངས་གསར་འཆི་མེད་རྡོ་རྗེ་སེར་རྩ་བླ་མ་ཨ་རྒྱམ་སོགས་ཡོངས་འཛིན་རྣམས་ཀྱི་མདུན་ནས། བདེ་ཕག་མ་མགོན་གརྩོས་རང་ལུགས་ཡི་དམ་ཆོས་སྐྱོང་རྣམས་དང། གཞན་ཡང་རྒྱུན་མཁོའི་དབང་དང་རྗེས་གནང་སོགས་ཅི་རིགས་གསན། དགུང་ལོ་བཅུ་གསུམ་ཐོག ཟླ་བཟང་ངེས་དོན་བསྟན་པའི་རྒྱལ་མཚན་ལས། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་གཙོས་ཀཾ་ཚང་ལུགས་ཀྱི་ཆོས་བསྐོར་ཆ་ཚང་དང། གཏེར་སྟོན་དབང་ཆེན་གྱི་གཏེར་གསར་སོགས་ཆོས་བསྐོར་མང་པོ་གནང། དགུང་གྲངས་བཅོ་བརྒྱད་དུ་ཕེབས་སྐབས་གནས་མཆོག་ཙཱ་རིར་འབྱོན་དགོས་གསུངས་པས། སློབ་དཔོན་དང་དགོན་པའི་དགེ་འདུན་ཆེ་བསྒྲེས་རྣམས་ཀྱིས་ཤོལ་བཏབ་ཏེ་འབྱོན་པར་མ་གནང་བས། ཞབས་གྲྭ་ཁ་ཤས་དང་ལྷན་དུ་མཚན་བྲོས་ཀྱིས་ཕེབས། དྭགས་ཉང་ཀོང་གསུམ་གྱི་གནས་ཆེན་གདན་ས་ཐམས་ཅད་དང་ཁྱད་པར་དྭགས་ལ་དཔལ་གྱི་སྒམ་པོར་མཇལ་བསྐོར་དང་སྒྲུབ་པ་མཛད་ནས་རིམ་པར་ཙཱ་རི་གོང་མོ་ལ་བརྒལ་ཏེ་ཙཱ་རིར་ཕེབས། དེ་ནས་ཚྭ་ཁང་ཞིག་ལས་ཆོས་རྗེ་ཀོ་བྲག་པས་མཛད་པའི་ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཞིག་མཇལ་བ་ཞིབ་ཏུ་གཟིགས་པས། དེ་མ་ཐག་སྔོན་གྱི་ཉམས་རྟོགས་རྣམས་ཤུན་པ་བུད་པ་ལྟར་འོད་གསལ་སེམས་ཀྱི་གནས་ལུགས་ལྷང་ངེར་རྟོགས་ཤིང། དེ་ཕྱིན་ཐ་མལ་མཚན་འཛིན་གྱི་རྣམ་རྟོག་ཡེ་ནས་མི་འདུག་གསུངས། ཙཱ་རི་གནས་དགོན་ཚང་མ་ཞིབ་མཇལ་མཛད་ནས་རིམ་བཞིན་ལོ་རེ་དོལ་གྱི་དགོན་པར་ཕེབས། ཡར་སྟོད་བྲག་ལ་བརྒྱུད་ནས། གཡའ་བཟང་དགོན་དང། དར་རྒྱས་དགོན། ཡར་ལུང་གནས་གསུམ་རྟེན་གསུམ་སོགས་གནས་དགོན་རྣམས་ཞིབ་མཇལ་དང། ཡར་ལུང་ཤེལ་གྱི་བྲག་ཕུག ཟངས་རི་མཁར་དམར། ཕག་གྲུ་གདན་ས་མཐིལ་རྣམས་སོ་སོར་ཞག་བདུན་ཕྲག་རེ་ཙམ་བཞུགས་ནས་ཐུགས་དམ་ཉམས་བཞེས་མཛད། བསམ་ཡས། མཆིམས་ཕུ། གཡའ་མ་ལུང། བྲག་ཡང་རྫོང། སྨིན་གྲོལ་གླིང་སོགས་ངམ་ཤོད་གཡོ་རུ་ལྷོ་རྒྱུད་ཀྱི་གནས་རྟེན་གདན་ས་ཁག་ཞིབ་མཇལ་གྱིས་དཔལ་ཆེན་ཆུ་བོ་རིའི་གྲུ་ཤན་བརྒྱུད་སྙེ་ཐང་སྒྲོལ་མའི་ལྷ་ཁང་སོགས་སྐྱིད་ཤོད་སྨད་རྒྱུད་གནས་རྟེན་རྣམས་མཇལ་བསྐོར་གྱིས་ཡུལ་དབུས་ལྷ་ལྡན་དུ་ཕེབས། ཇོ་ཤཱཀ་རྣམ་གཉིས་གཙོས་ཉེ་འཁོར་གྱི་གནས་རྟེན་དགོན་སྡེ་ཁག་དང་གཞན་ཡང་སྟོད་ལུང་མཚུར་ཕུ། འཕེན་ཡུལ། རྭ་སྒྲེང། སྟག་ལུང། འབྲི་གུང་སོགས་དབུ་རུ་བྱང་རྒྱུད་ཀྱི་གནས་རྟེན་གདན་ས་ཐམས་ཅད་ཞིབ་པར་མཇལ་སྐོར་མཛད་ནས་བྱང་ལམ་རྒྱུད་རང་དགོན་དུ་ཕེབས། ཡང་བར་སྐབས་ཤིག་ལ་སྐྱོ་བྲག་ཏུ་བྱོན་ནས་གསལ་བསྟན་དུང་གསུམ་སོགས་ལས་རང་ལུགས་ཀྱི་ཆོས་སྐོར་ཁ་ཤས་གསན། ཁྱད་པར་གྲུབ་དབང་བཀའ་རྒྱུད་བཀྲ་ཤིས་ཆབ་ཏི་གསེར་ཕུག་ནས་མཇལ། བདེ་མཆོག་དང་ཆོས་དྲུག་སོགས་ཀྱི་སྨིན་གྲོལ་གདམས་ངག་རྣམས་གནང་བར་ཞུས་པས། རིན་པོ་ཆེའི་ཞལ་ནས་འབའ་རོམ་སྙན་རྒྱུད་ལུགས་ལ་སྔོན་འགྲོ་མ་ཞོག་ན་བདེ་མཆོག་དབང་དང། བདེ་མཆོག་བསྙེན་པ་མ་ཞོག་ན་ཆོས་དྲུག་གནང་མི་ཆོག་པའི་བཀའ་རྒྱ་ཡོད། ཁྱེད་དང་པོ་སྔོན་འགྲོ་ཞོག་དེ་ནས་བདེ་མཆོག་གནང། བདེ་མཆོག་སྙེན་པ་ཞོག་རྗེས་ཆོས་དྲུག་འབུལ། དེ་བར་ཁྱེད་ཀྱི་འདོད་ཆོས་གང་ཡོད་གནང་གསུངས་ནས། སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཅི་རིགས་པ་དང། ཁྱད་པར་དོན་རྒྱུད་འཕོ་བ་ཆེན་པོའི་དབང་བསྐུར་ཞུས་ནས་དགོངས་ཀློང་རོ་གཅིག་ཏུ་གྱུར། དེ་སྐབས་ཆབ་ཏི་གསེར་ཕུག་ཏུ་སྙན་བརྒྱུད་ཀྱི་རྣལ་འབྱོར་པ་དྲུག་ཙམ་ཉིན་རེ་ནས་བཙོས་ཕོར་གང་ཙམ་གང་ཙམ་གསོལ་ནས་ཞག་བཞི་ལྔ་རེ་མེ་མི་གཏོང་བར་བཞུགས་འདུག་གསུངས། གཞན་ཡང་འཆི་མེད་གྲུབ་པའི་རྡོ་རྗེའི་མདུན་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཀླག་ལུང་དང་མཆོག་གླིང་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་གསན། ལྷོ་འབྲོང་སྤྲུལ་རྒྱལ་བའི་སྨྱུ་གུ་ལས་འབྲི་གུང་ལུགས་ཀྱི་ཆོས་བསྐོར་དང། ནུས་ལྡན་རྡོ་རྗེའི་བཀའ་འབུམ་གསན། རྗེ་ཉིད་ཀྱི་རྩ་བའི་བླ་མ་ཁྱུང་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོའི་མདུན་ནས། མཛོད་ཆེན་རྣམ་ལྔ། རྙིང་མ་རྒྱུད་འབུམ། ཀློང་ཆེན་མཛོད་བདུན། འཇིགས་གླིང་སྔགས་པོད་གཉིས། རྙིང་མ་བཀའ་མ་སོགས་གསར་རྙིང་རྒྱུད་གཞུང་མན་ངག་མང་པོའི་སྨིན་གྲོལ་ཆོས་ཆར་རྒྱ་ཆེར་ཕབ་པ་ཕལ་ཆེར་གསན། རྟ་རྣ་དགོན་དུ་སྒྲུབ་ཆེན་འཚོག་སྐབས་ཞིག་ལ་བྱིན་འབེབས་ཀྱི་དུས་མ་ཟ་ལྷ་ཚེའི་ཁྲི་ཐོག་ནས་གྲུ་གང་ཙམ་ནམ་མཁར་འཕགས་ནས་བྱིན་འབེབས་ཚར་འཕྲལ་ཕྱིར་བཞུགས་པ་ཀུན་གྱིས་མཐོང། སླར་ཡང་སྙན་བརྒྱུད་ཀྱི་དབང་དང། དགུ་འཆམས་བསླབ་སྦྱང་དུ་སྐྱོ་བྲག་ཏུ་བྱོན། མདུན་བར་མ་ནས་བཀའ་བརྒྱུད་བཀྲ་ཤིས་མཇལ། སྙན་བརྒྱུད་ཀྱི་དབང་ལུང་ཅི་རིགས་གསན། དེ་སྐབས་བླ་མ་རིན་པོ་ཆེ་བློ་ཟད་ཆོས་ཟད་རྨིི་ལམ་སོགས་འཁྲུལ་པ་ཟད་ནས་ལོ་དྲུག་བདུན་སོང། དབང་ལུང་ཆེན་པོ་གནང་བ་ལྟ་ཅི་གསུངས་ཡང་ཉུང་ཙམ་ལས་མང་པོ་ཡེ་ནས་མི་འབྱོན་གསུངས། ག྇ཏེར་ཆེན་འབར་བའི་རྡོ་རྗེའི་དབོན་མོ་འདག་སྦྱར་དུ་བཞུགས་པ་འཇའ་ལུས་མཁའ་སྤྱོད་ལ་ཕེབས་སོང་ཞུ་མཁན་གྲྭ་པ་འགའ་ཟླ་ཉིན་ནས་འབྱོར། དེར་རྗེ་ཉིད་ཀྱིས་ཚོགས་འཁོར་བཏང་ཞིང། གསོལ་འདྲེན་པ་མཛད་པས་ཞོ་ཟོ་བ་གང་དཔོན་སློབ་ལྔ་བཅུ་ལྷག་ལ་དྲངས་པ་མ་ཟད་པའི་རྟེན་འབྲེལ་བཟང་པོའི་ངོ་མཚར་ཆེ་བ་བྱུང། དགུ་འཆམས་བསླབས་སྦྱང་མཐར་ཕྱིན་ནས་རྗེ་ཉིད་ཀྱི་གདན་ས་རུ་ཚུར་ཕེབས། ཐབས་ལམ་གྱི་སྐབས་ཞག་བདུན་གསུམ་ཙམ་གྱིས་རིང་རས་རྐྱང་ཐུབ་པ་དང་འོད་གསལ་འཁོར་ཡུག་གི་ངང་འབྱམས་པས་གྲུབ་པའི་གོ་འཕངས་མཐོན་པོར་གཤེགས་པའི་མཚོན་རྟགས། ཉམས་དང་རྨི་ལམ་ཅི་རིགས་པར་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་དང། ཟངས་མདོག་དཔལ་གྱི་རིར་ཨོ་རྒྱན་པདྨ་འབྱུང་གནས་ལྷོ་ཕྱོགས་དཔལ་གྱི་རི་བོར་གྲུབ་ཆེན་ས་ར་ཧ་སོགས་ལས་ཆོས་གསན་པ་དང། རེས་འགའ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མས་གདན་དྲངས་ནས་ལ་ཕྱི་གངས་ཀྱི་རྭ་བ་འོད་གསལ་ཤེལ་གྱི་ཕོ་བྲང་དུ་རྗེ་བཙུན་རས་པ་ཡབ་སྲས་མདུན་སར་ཚོགས་འཁོར་མཛད་པ་ལ་སོགས་པའི་རྨི་ལམ་དག་པ་རབ་འབྱམས་སུ་ཤར་བའང། འཕགས་པ་རྟག་ཏུ་ངུ་ལ་རྨི་ལམ་དུ་ཡང་སངས་རྒྱས་འབྲལ་མ་མྱོང་གསུངས་པ་བཞིན་གྱུར། དགུང་གྲངས་ཉེར་དྲུག་གི་ལོར་ཙཱ་རི་མཚོ་དཀར་དུ་ཕེབས་སྐབས་གྲུབ་ཆེན་འབྲུག་པ་ཀུན་ལེགས་འོད་གསལ་གྱི་ངང་དུ་མཇལ་ནས་སྙན་བརྒྱུད་ཀྱི་གདམས་ཁྲིད་གསན། སྔོན་བཞིན་ཡར་སྟོད་བྲག་ལ་ནས་ཡར་ལུང་བརྒྱུད་བསམ་ཡས་མཆིམས་ཕུ་རུ་ཞག་བདུན་ཕྲག་ཙམ་བཞུགས། ལྷ་ལྡན་དང་མཚུར་ཕུ་སོགས་དབུ་གཡོར་གྱི་གནས་དགོན་རྣམས་ཞིབ་ཕྲའི་མཇལ་བསྐོར་གྲུབ་ནས་བྱང་འབའ་རོམ་དུ་བྱོན། དེ་སྐབས་གནས་བདག་རྣམས་ཤུན་ཏུ་དགའ་བའི་རྣམ་འགྱུར་གྱིས་བསུ་བའི་ཉམས་སྣང་བྱུང་ཞིང་གསོལ་མཆོད་ཀྱང་མཛད། བྲག་དམར་རྫོང་དང་རྫ་རིན་ཆེན་སྤུངས་པ་རྣམས་སུ་ཕེབས། དེ་དུས་རྗེ་ཉིད་དགུང་གྲངས་ཉེར་དྲུག་རབ་རྒྱལ་ལྕགས་འབྲུག་གི་ལོ་ཡིན། འབའ་རོམ་རྫ་རིན་ཆེན་སྤུངས་པར་བཞུགས་སྐབས་ཆོས་རྗེ་དར་མ་དབང་ཕྱུག་གི་དགྱེས་ཞལ་མཇལ་ཞིང་ན་མོ་གུ་རུ་དབྱིངས་དག་པ་འོག་མིན་གྱི་ཕོ་བྲང་ན་ཞེས་པའི་གསོལ་འདེབས་ཀྱང་ཕུལ། གནས་བཤད་བྱེད་མཁན་རྒན་མོ་ཞིག་བྱུང་ལ་ཕྱིས་གར་སོང་ཆ་མེད་དུ་གྱུར། བྱང་ལམ་ནག་ཆུ་རྒྱུད་རང་དགོན་དུ་ཕྱིར་ཕེབས་མཛད། ལྕི་སྨད་ར་མགོ་མཚོ་ཁར་རབ་རྒྱལ་ལྕགས་སྟག་ལོར་འཇམ་མགོན་བློ་གྲོས་རབ་འཕེལ་གྱིས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་གནང་བ་ཞུས། གཏེར་མཛོད་གནང་གྲུབ་རྗེས་ཞག་ཤས་སྐུ་མལ་བསྟེན་ཤིག་གསུངས་པ་བཞིན་ཞག་ཤས་བཞུགས་རྗེས་ཡང་ཟབ་གཤིན་རྗེའི་དབང་གཙོས་སྨིན་གྲོལ་བཀའ་རྒྱ་ཅན་རྣམས་གནོག་ཆོས་སུ་སྩལ། ལྷ་ས་རུ་ཐེངས་གསུམ་བྱོན་པའི་སྐབས་ཤིག་འཛམ་གླིང་ཞི་བདེའི་དད་དཔོན་༸གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་བཅོ་བརྒྱད་ཐོག་ལུགས་གཉིས་ཀྱི་གསེར་ཁྲིར་མངའ་གསོལ་བ་དང་འབྲེལ། ནོར་བུ་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་མར་གནང་བའང་གསན། ཆོས་དྲུག་འཁྲུལ་འཁོར་སོགས་ཞིབ་ཁྲིད་ཀྱི་སློབ་དཔོན་ཞིག་གདན་འདྲེན་དུ་སྐྱོ་བྲག་དབུ་རྩེར་ཕེབས་ལམ་ནས་ཡུལ་གྱི་བུད་མེད་བཅུ་གསུམ་གྱིས་འཆར་དར་སླེ་པོ་བཅུ་གསུམ་ཁུར་ནས་ལམ་དུ་ངལ་གསོ་བ་དང་འཕྲད་པས་རྟེན་འབྲེལ་ཤུན་ཏུ་འགྲིགས། ཁོང་དང་མཉམ་པོར་གནས་མཇལ་དུ་བྱོན་པའི་མཁའ་འགྲོ་མ་ཀ་ཡི་འདས་རྒན་མས། ཁོང་ལ་མཁའ་འགྲོའི་ལུང་བསྟན་བྱུང། དབུ་རྩེའི་སེང་གེ་གནམ་རྫོང་སྒྲུབ་ཕུག་ཏུ་བཞུགས་པའི་གྲྭ་རྒན་འདི་ཁྱེད་ཀྱི་ཚེ་རབ་བླ་མ་ཡིན་འདུག་གསུངས། སྐྱོ་བྲག་བཀའ་བཀྲའི་ཐུགས་སྲས་སྦས་པའི་རྣལ་འབྱོར་སྡེ་སར་དབང་དགའ་རིན་པོ་ཆེ་དབུ་རྩེ་ནས་ཞལ་མཇལ་མ་ཐག་བཟོད་མེད་ཀྱི་མོས་གུས་འབར་ཞིང་ཐུགས་དགྱེས་སྤྲོ་ཚད་མེད་པའི་ངང་མཇལ་དར་ཕུལ་ཞིང་ཁོང་གི་དགོང་གཞི་དགོས་དབང་ཞིབ་དཀྲོལ་གྱི་ཞུ་བ་ཕུལ་ནས་རང་དགོན་དུ་གདན་དྲངས། སྨིན་གྲོལ་གདམ་པའི་དམར་ཁྲིད་ལག་ལེན་དང་བཅས་པའི་ཞུན་མཐར་ཕྲ་ཞིང་ཞིབ་པར་བཅད་དེ་ཐུགས་རྒྱུད་ཀྱི་ཉམས་རྟོག་བུམ་པ་གང་བྱོའི་ཚུལ་གྱིས་དགོངས་ཀློང་གཅིག་འདྲེས་སུ་མཛད། རང་དུ་དགོན་དུ་འབའ་རོམ་སྙན་རྒྱུད་འཛིན་པའི་སྒྲུབ་སྡེ་ཐེག་མཆོག་གླིང་གཙོར་བྱས་པའི་སྒྲུབ་གྲྭ་འགའ་ཤས་གསར་བསྒྲིགས་མཛད་དེ་སྒྲུབ་པའི་རྒྱལ་མཚན་གཙུག རབ་རྒྱལ་ས་ཁྱི་ལོར་བྲོས་བྱོལ་དུ་ཁྱུང་པོོ་གསེར་རྩ་དང་སྦྲུ་སྲུ་རོང་ནས་རྒྱལ་མོ་རྔུལ་ཆུའི་ཕ་རོལ་ལྕ་ར་དཔལ་འབར་སོགས་བརྒྱུད་སྤོ་བོ་སྙི་བོ་རོང་བར་དུ་ཕེབས། ས་ཕག་ལོ་བརྒལ་ནས་ལྕགས་བྱིའི་དཔྱིད་ཀ་ཆུ་བཞིའི་བསྟན་སྲུང་དམར་སྒར་རྒྱ་དམག་གིས་ཡོངས་སུ་བཅོམས་སྐབས་རྗེ་ཉིད་གཡུལ་ས་ནས་ཉེས་སྐྱོན་ཉེར་འཚེ་གང་གིས་ཀྱང་མ་གོས་པར་སྦས་པའི་སྒོ་ནས་རིམ་གྱིས་ལྕི་སྨད་ལྗིག་གཞུང་དུ་ལེགས་ལམ་ངང་ཕེབས་གྲུབ་ནས། དེར་མངོན་མཚན་མེད་པར་ལོ་ཤས་བཞུགས་རྗེས་རྒྱ་ཡི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དོན་འབབ་ཞེས་གུ་ཡང་ཕྲན་བུ་བྱུང་སྐབས་རང་ཡུལ་དུ་འཁོད་ནས་མི་དམངས་སྤྱི་ཁང་གི་སྨན་པ་དང། རྫོང་དང་ཁུལ་དུ་ཆབ་གྲོས་དང་མཐུས་ཚབ་ཀྱི་གྲོས་ཚོགས་དང་གསར་བརྗེའི་སྲིད་དོན་སློབ་སྦྱོང་འཛིན་གྲྭར་བྱོན་དགོས་ཀྱི་བཀོད་བསྒྲིགས་སོགས་བྱས། སྤྱི་དམངས་དཀྱུས་མའི་ལས་གྲལ་དུ་ལོ་དྲུག་བདུན་ཙམ་བཞུགས། འོན་ཀྱང་མེ་རྟ་ཕྱི་ལོ་༡༩༦༥ལོར་རྒྱ་མིས་རྙིང་གཏོར་གསར་འཛུགས་རིག་གནས་གསར་བརྗེ་ཞེས་པའི་འགུལ་སྤྱོད་སྤེལ་ཏེ་རིམ་བཞིན་རྒྱ་བོད་ཡུལ་གྲུ་ཀུན་ཏུ་ངན་སྤྱོད་དུག་ཆུའི་རྦ་རླབས་གཅིག་འཕྱུར་གཉིས་ལང་གི་རྩུབ་སྤྱོད་ཀྱི་ཁྲིམས་ཞྭ་གཡོགས་ཏེ་གྱེན་ཐོ་འཐབ་རྩོད་ལས་ལྷག་སོགས་འོ་བརྒྱལ་དྲག་ཏུ་ཞུས། ཁྱད་པར་ས་བྱི་ལོ་ཕྱི་ལོ་༡༩༦༩ལོར་གཅིག་རྒོལ་སུམ་བརྡུང་གི་སྐབས་སྐུ་སྲོག་ཀྱང་ཉེན་ཁའི་གནས་བབ་འོག་ཉེན་གཡོལ་དུ་གར་སོང་ཆ་མེད་པར་ཕེབས། གང་ཉིད་ཉེ་ཞོ་མེད་པར་རིམ་ཕེབས་ཀྱི་རང་རེ་ནང་ཆེན་པའི་ས་ཁྱི་ལོར་ཡུལ་བུད་བྲོས་རུ་མང་ཙམ་གཞིས་ཆགས་པའི་ས་ཕྱོགས་རོང་པོ་བརྒྱུད་ཅུང་པའི་ཡུལ་དུ་ཕེབས། དེའང་རོང་པོ་བར་སྐེད་ནས་སེ་བོ་བླ་མ་ཀརྨ་རིགས་འཛིན་རྣམ་ཚང་ནས་ཅུང་པ་གཟུ་སྟོད་ཡེ་བེ་ཀུན་དགའ་བཀྲ་ཤིས་ཁྱིམ་དུ་བསྐྱལ། རྗེ་ཉིད་ཀྱིས་ཞལ་སློབ་བསྟན་འཛིན་རྣམ་རྒྱལ་ནས་བླ་མ་རིན་པོ་ཆེ་ཨ་འགྱུར་ལ་སྙན་ཞུ་དགོང་བློ་དྲིས་པར། གནས་སྐབས་ཁྱེད་ཚང་ལ་ནད་པ་སྨན་བཅོས་ལ་ཡོངས་ཁུལ་གྱིས་བཞུགས། ཆིབས་པ་སྐྱོ་བྲག་སྒྲུབ་བླ་ཀརྨ་ལྷ་བཟང་བཞུགས་གཞིས་ཅུང་པ་གཡེར་པའི་སྟོད་ཉིན་ལམ་ཙམ་གྱི་སར་གསང་སྟབས་ཀྱི་ཉེ་གནས་ངག་དབང་སྟོབས་ལྡན་ལ་སྐྱོལ་ཤོག་གསུངས་ནས་བསྟན་འཛིན་རྣམ་རྒྱལ་དང་ལྷན་གཅིག་མངག་གཏོང་མཛད་དོན་བཞིན་བྱས། མཚན་རིགས་འཛིན་ཆོས་འཕེལ་དུ་བསྒྱུར། གངས་ལྗོངས་ཕན་བདེའི་འབྱུང་གནས་དམ་པའི་དགེ་མཚན་དཔྱིད་ཀྱི་དཔལ་ཡོན་གསར་དུ་འཆར་བའི་སྨོན་ཚིག་གཉིས་སྐྱེས་གཞོན་ནུའི་མགྲིན་གླུ་ལྗགས་རྩོམས་གནང། ཟླ་ཤས་བཞུགས་འཕྲལ་སེ་བོ་ཚང་གི་ཁྱིམ་བདག་བྲོས་བྱོལ་པ་གཞན་གྱི་བྱེད་སྤྱོད་མ་ལེགས་པས་རྐྱེན་བྱས་རྒྱ་མིས་འཛིན་བཟུང་དུ་ཤོར་དེར་བཞུགས་བཟོད་མ་བདེ་བས། བླ་མ་ཨ་འགྱུར་རིན་པོ་ཆེའི་སློབ་མ་ཡོན་བདག་བསྟན་འཛིན་རྣམ་རྒྱལ་གྱི་བློ་ཐུབ་ཀྱི་གྲོགས་པོ་དམ་པ་དཀར་ཤོད་སྨད་ཅུང་པ་དཔོན་ཚང་དང། འཐེབ་གཉེར་གཡག་པ་ཉེ་འབྲེལ་ཁག་ལ་གཅོལ་གཏམས་བྱས་ནས་དེར་ཕེབས་ཏེ་སྦས་བསྐུང་གསང་བ་ཁོ་ནས་བཞུགས། སྐབས་དེར་བོད་ལྗོངས་གཙང་གི་སྙེ་མོ་དང། སོག་སྦྲག་ཆེན། དཔལ་འབར། སྟེང་ཆེན་སོགས་ས་གནས་རྫོང་ཁག་མང་པོའི་མི་སེར་གྱིས་རྒྱ་མིའི་ཆབ་སྲིད་གསར་པའི་རྩུབ་སྤྱོད་ལ་རྒོལ་བའི་གྱེན་ལང་གི་དུས་ཟིང་ཆེན་པོར་གྱུར། འོན་ཀྱང་སྔར་བཞིན་ནང་ཚགས་གསང་བ་དམ་པར་མཛད་ས་བྱའི་དགུན་ཁ་ཤར་བ་དང། རྒྱ་གཞུང་གིས་ཕྱོགས་མཚམས་ཀུན་ནས་དམག་གི་དཔུང་ཆེན་ཕབས་ཏེ། ཟིང་སློང་ཞོད་འཇགས་གཏོང་སྐབས། ཁེ་ཚ་ཕུ། ཇོ་མོ་ནང་གི་ཤང་གབ་ཕུ། ཟླ་ཆེན་ཕུ་རྣམས་སུ་རི་སུལ་ཤ་སྟག་ཏུ་གབ་སྦས་སུ་བཞུགས། ཟླ་ཆེན་མཁར་པོ། ཇོ་མོ་གཉེར་པ་ཁྱིམ་ཁག་གཉིས་ལ་ཅུང་པ་དཔོན་ཚང་གིས་བཅོལ་ཏེ་ཞབས་ཞུ་གླང་མའི་འཛིང་ཆེན་པོར་སྦས་ཕུག་ཞིག་ཏུ་བཞུགས། ཉིན་མོ་མེ་གཏོང་བའི་གོ་སྐབས་ཧ་ཅང་དཀའ་བས་རྩ་རླུང་འཁྲུལ་འཁོར་གཏུམ་མོ་བཅུད་ལེན་ཏིང་འཛིན་གྱི་ངང་དུ་ལོ་ཟླ་ཕུད། ཞོ་སོགས་རགས་ཟས་ཉུང་ཟད་ཀྱིས་སྐུ་ཁམས་མཆོག་ཏུ་རྒྱས། སྐབས་དེར་བླ་མ་རིན་པོ་ཆེ་ཨ་འགྱུར་རྣམ་ཚང་ཀྱང་ཉེན་གཡོལ་གབ་སྦས་ཁོ་ནས་ལོ་ཟླ་ཕུད་ཀྱང་རྒྱ་མིས་རྩད་གཅོད་ཚོལ་ཉུལ་གྱི་རྣམ་པ་ཙམ་ཀྱང་མ་ཤར་བ་ནི་གྲུབ་རྗེ་དམ་པ་ཟུང་གི་གྲུབ་རྟག་དང་ཡུལ་སྡེའི་དད་དམ་གཙང་ཞིང་གཞུང་བཟང་བའི་བསམ་སྦྱོར་དག་པ་ཁོ་ནའི་བདག་རྐྱེན་ལས་བྱུང་བ་ནི་ངེས་པ་དོན་དུ་གནས། ལྕགས་ཁྱི་ལོའི་དཔྱིད་ཀར་ཀུན་དགའ་བཀྲ་ཤིས་ཚང་གི་ཁྱིམ་འཚེས་དགེ་རྒྱལ་སྨད་མ་མགོན་རྒྱལ་ཚང་ལ་ཁང་པ་ཟུར་པ་ཡོད་པས། དེར་བླ་མ་ཨ་འགྱུར་རྣམ་ཚང་ཕེབས་ཏེ་སྦས། རྟ་རྣ་མ་གཟའ་ལྷ་ཚེའི་སྤྲུལ་སྐུ་ས་ར་ཚེ་གྲགས་སྦས་བརྐུང་བྱས་ནས་དེར་བཞུགས་པ་ཉིད་སྤྲང་བརྫུ་མཛད་ནས་ཁྲི་རྡོ་གཉིས་ཀྱི་ཡུལ་ཕྱོགས་སུ་བྱོན་ནས་མཚན་བདེ་རྡོར་ཞེས་བསྒྱུར་ཟིང་སློང་ཀྱང་ཕལ་ཆེར་ཞོད་འཇགས་ཀྱིས་རྒྱ་དམག་ཐར་ཐོར་ལས་ཉུང་དུ་སོང། ཡུལ་གྱི་བློ་ཐུབ་གྲོགས་པོ་རྣམས་ཀྱི་བསམ་སྤྱོད་ནི་རྡོ་རྗེའི་ཆོས་བདུན་ལ་ཅོ་འདྲི་བྱེད་པའི་ཚད་དུ་ཡོད། དུས་ཟིང་བྲོས་བྱོལ་སྐབས་ལྷོ་རྒྱུད་རྫ་རི་ནགས་ཁྲོད་ཞིག་ཏུ་ཆིབས་པ་ལ་སྒྲོག་རྒྱབ་ནས་གསོལ་ཟས་མར་དང་ཀ་ར་ཕྲན་བུ་ཞིག་ལ་བརྟེན་ནས་སྨྱུང་གནས་ཆ་གཉིས་བཞུགས་བཞིན་གབ་ཡིབ་མཛད་སྐབས་རྒྱ་དམག་གིས་རི་ཤེར་བར་རྗེ་ཉིད་བཞུགས་པའི་ཤུག་སྡོང་རྩ་བར་སླེབ་ཏེ་མེ་མདའི་དཔུང་ཡུ་སྐུ་ཡི་ཕྲག་གོང་དུ་ཐུག་རེག་བྱུང་བ་ཙམ་གྱུར་ཀྱང་མ་མཐོང། སྐུ་ཁམས་དྭངས་ཤིང་ཐུགས་ཉམས་ཤིན་ཏུ་སྤྲོ་བ་བྱུང། ཡང་ནུབ་གཅིག་བྲོས་བྱོལ་གྱི་ལམ་ཁ་བྲག་གཉིས་སུ་གྱེས་པ་ཞིག་ནས་གོང་འོག་གང་ནས་བྱོན་ཀྱང་དྲེད་མོང་མ་བུ་གསུམ་བཞི་རེ་ལམ་དུ་ཉལ་ནས་ཡོད་པས་དང་པོ་ཤིང་གི་ར་བ་བསྐོར་ན་དགོང་ཀྱང་ཐུགས་བསམ་གཞིག་པས་བླུན་རྟགས་སུ་འདུག དེ་བས་ཐུགས་དམ་དམིགས་པས་གཟེར་བ་ལེགས་པར་དགོང་ནས་བཞུགས་པས། འཕྲལ་མར་གར་སོང་མེད་པར་གྱུར་ནས་བདེ་བླག་ངང་ཕེབས་གྲུབ་པ་བྱུང། རབ་རྒྱལ་ལྕགས་ཕག་ལོར་༡༩༧༡ཤངས་ཀྱི་རྒོད་ཚང་ཡང་དབེན་རི་ཁྲོད་དུ་གཅིག་པུར་བཞུགས་སྐབས་ཕྱོགས་མཚམས་འོད་ཀྱི་ཀློང་ནས་སྟེང་གི་ཆ་ལ་དགའ་རབ་རྡོ་རྗེ། ཧཱུྃ་ཆེན་ཀ་ར། པདྨ་བཛྲ། རྗེ་འབངས་ཉེར་ལྔ། གཏེར་སྟོན་རྒྱ་རྩ་སོགས་རིགས་འཛིན་བླ་མའི་ལྷ་ཚོགས་བར་གྱི་ཆ་ལ་ཡི་དམ་སྒྲུབ་པ་བཀའ་བརྒྱད་འོག་གི་ཆ་ལ་བདེ་སྟེར་རྡོ་རྗེ་ཕག་མོ། འབུམ་ཕྲག་ཡང་པའི་རིགས་ལྔའི་ལྷ་ཚོགས་མཁའ་འགྲོ་རྒྱ་མཚོ། མགོན་པོ་དམ་ཅན་སྡེ་དགུ་ལྕམ་དྲལ། ཚེ་རིང་མཆེད་ལྔ། མ་གཟའ་དམ་གསུམ། ལྷ་བཙན་གཉེན་པོ་ཚེ་དབང་རྩལ་ལ་སོགས་པ་གསལ་བར་གཟིགས། སྐྱོ་བྲག་དབུ་རྩེ་ནས་ཆོས་རྗེ་བསོད་ནམས་བཟང་པོ་དེ་ཉིད་བདེ་མཆོག་ལྷན་སྐྱེས་ཀྱི་སྐུར་བཞེངས་པ་འོད་གསལ་གྱི་ངང་དུ་གཟིགས། གཞན་ཡང། འཕགས་ཡུལ་གྲུབ་ཆེན་རྣམ་བརྒྱད། ཀརྨ་པ་བདུད་འདུལ་རྡོ་རྗེ། འཇམ་དབྱངས་མཁྱེན་རྩེ་དབང་པོ། འཇམ་མགོན་བློ་གྲོས་རབ་འཕེལ། ཁྱུང་སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ། གྲུབ་དབང་ཀརྨ་བཀའ་བརྒྱུད་བཀྲ་ཤིས་སོགས་རྨི་ལམ་འོད་གསལ་གྱི་ངང་དུ་མཇལ་ཞིང་དག་སྣང་ཉེ་རྒྱུད་ཀྱི་ཚུལ་དུ་གདམས་ངག་བསན་པ་གྲངས་མངས། མདོར་ན་མ་དག་པའི་གདུལ་བྱའི་སྣང་ངོར་བླ་མ་ཕལ་གྱི་མཛད་སྤྱོད་ལྟ་བུ་སྣང་ན་ཡང། དོན་དུ། གསང་བའི་བླ་སྒྲུབ་ལས། གྲུབ་པའི་དབང་ཕྱུག་ཏིལ་རྡུང་གླིང་ཆེན་རས། །རྒྱལ་སྲས་ཚུལ་ཁྲིམས་སེང་གེ་དྲུང་རྨ་སེ། །ད་ལྟ་སྦས་ཚུལ་སྔགས་རིགས་གདོལ་སྤྱོད་འཆང། ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་བ་འདེབས། ཞེས་གསུངས་པ་བཞིན་གྲུབ་ཆེན་ཏེ་ལོ་པ་དང། གླིང་རས་པདྨ་རྡོ་རྗེ། ལུས་མེད་རྡོ་རྗེའི་སློབ་ཆེན་དབང་དང་རབ་གནས་ཀྱི་བཀའ་བབས་རྒྱལ་སྲས་ཚུལ་ཁྲིམས་སེང་གེ། དྲུང་རྨ་སེ་བློ་གྲོས་རིན་ཆེན། རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་སོགས་གཅིག་དང་དུ་མའི་བདག་ཉིད་དུ་བསྟན་དང་འགྲོ་བའི་དོན་དུ་མི་ཡི་ཤ་ཚུགས་སུ་བྱོན་པ་ཡིན་ཏེ། དེའང་རྗེ་ཉིད་ཀྱི་སློབ་གཙོ་སྒྲུབ་དཔོན་བླ་མ་སྡེ་མོ་ཀརྨ་འཇིགས་བཟང་ནས་བླ་མ་རིན་པོ་ཆེ་ལ་ཞུས་དོན་རང་ལ་བཀའ་དྲིན་བརྗོད་མཐའ་བྲལ་བའི་བླ་མ་ཁྱེད་ལས་མེད་པས། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་པའི་བླ་སྒྲུབ་དུས་བཟང་རྣམས་ལ་ཚོགས་མཆོད་འབུལ་བདེ་ཅིག་གནང་བར་ཞུ་ཞུས་པས། བླ་སྒྲུབ་ཡེ་ཤེས་སྤྲིན་ཆེན་གནང་བའི་གསོལ་འདེབས་སུ་གྲུབ་པའི་དབང་ཕྱུག་ཏིལ་བརྡུང་གླིང་ཆེན་རས། རྒྱལ་སྲས་ཚུལ་ཁྲིམས་སེང་གེ་དྲུང་རྨ་སེ། ད་ལྟ་སྦས་ཚུལ་སྔགས་རིགས་གདོལ་སྤྱོད་འཆང། ལྷན་སྐྱེས་བདེ་བའི་རྡོ་རྗེར་གསོལ་བ་འདེབས། ཞེས་འཁོད་འདུག རང་གིས་ཏིལ་རྡུང་པ་གསུངས་པ་གྲུབ་ཆེན་ཏཻ་ལོ་པ་རེད་དམ་ཞུས་པས། རིན་པོ་ཆེའི་ཞལ་ནས་ཏིལ་རྡུང་གསུངས་པ་ཏཻ་ལོ་པ་རེད། རང་གི་ཉམས་དང་རྨི་ལམ་འགའ་ནས། རང་ཉིད་ཏཻ་ལོ་པ་དངོས་ཡིན་སྙམས་པའི་སྣང་ཚུལ་དང། ཏཻ་ལོ་པས་རྒྱ་གར་ཆུ་བོ་གངྒ་ནས་སྤྱོད་པ་སྐྱོང་བ་རྣམས་ཀྱང་དྲན་འདུག སྐབས་འགར་གྲུབ་ཐོབ་གླིང་ཆེན་རས་པ་ཡིན་སྣང་དང། སྐབས་འགར་རྒྱལ་སྲས་ཚུལ་ཁྲིམས་སེང་གེ་ཡིན་སྣང་དང་འབའ་རོམ་པའི་ཆོས་ཉམས་པ་སོར་ཆུད་བག་ཆགས་འཇོག་སྐབས་སྔོན་གནས་རྗེས་དྲན་གྱི་སྣང་ཚུལ་ཡོང་འདུག་པས། རང་ཉིད་རྒྱལ་སྲས་ཚུལ་ཁྲིམས་སེང་གེའི་རྣམ་འཕྲུལ་དུ་འདུག་པའི་ངེས་ཤེས་ཀྱང་ཡོད། ཚུལ་ཁྲིམས་སེང་གེའི་གསང་མཚན་ལ་ལྷན་སྐྱེས་བདེ་བའི་རྡོ་རྗེ་ཞུ་བ་རེད། བླ་སྒྲུབ་འདི་རྒྱལ་སྲས་ཚུལ་ཁྲིམས་སེང་གེའི་བླ་སྒྲུབ་ཚུལ་ཡིིན། རྒྱན་ཆ་ལུགས་འདི་རྣམས་ཚུལ་ཁྲིམས་སེང་གེའི་ཆ་ལུགས་རེད། ཁྱེད་ཀྱིས་ང་ཡི་བླ་སྒྲུབ་དགོས་ཟེར་བས་ང་ཡི་བླ་སྒྲུབ་ཡང་ཡིན། ང་ལ་བླ་མས་གསང་མཚན་ལྷ་སྐྱེས་བདེ་བའི་རྡོ་རྗེ་གནང་བྱུང་རྒྱལ་སྲས་ཚུལ་ཁྲིམས་སེང་གེ་གླིང་ཆེན་རས་པའི་རྣམ་འཕྲུལ་རེད། གྲུབ་ཐོབ་གླིང་རས་ཏཻ་ལོ་པའི་རྣམ་འཕྲུལ་རེད། དེ་ཕྱིར་རང་ཉམས་ལ་སྐབས་འགར་ཏཻ་ལོ་ཡིན་སྣང་དང་སྐབས་འགར་གླིང་རས་ཡིན་སྣང་། སྐབས་འགར་ཚུལ་ཁྲིམས་སེང་གེ་ཡིན་སྣང་བཅས་དེ་ཕྱིར་ངེས། དྲུང་རྨ་སེ་ནི་རང་གི་རྩ་བའི་བླ་མ་ཁྱུང་སྤྲུལ་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་གཉིས་ཐོག་མར་མཇལ་འཕྲད་སྐབས་ཁྱེད་རང་དྲུང་རྨ་སེའི་རྣམ་འཕྲུལ་དུ་གསལ་བས་དེ་ཕྱིར་ཁྱེད་ལ་འཇམ་དབྱངས་བློ་གྲོས་རིན་ཆེན་གསོལ་བ་ཡིན་གསུངས་པས་གསོལ་འདེབས་འདིར་བཀོད་པ་ཡིན་གསུངས། གཞན་ཡང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ཕན་པ་ཁོང་གི་བརྩམས་པའི་ལེགས་བཤད་ལ། 《ཆོས་དྲུག་རྒྱབ་ཆོས》 《ཕྱག་རྒྱ་ཆེན་པོ་དོན་མཆོག་བདུན་མ་ཡི། ཟབ་ལམ་སྙིང་པོ་ཡེ་ཤེས་སྒྲོན་མེ》 《འབའ་རོམ་གསེར་ཕྲེང》《རྩིས་གཞུང་ཆ་ཚང》 《གསོ་རིགས་སྨན་སྦྱོར་པོད་ཅིག》 འདོན་ཆོག་དངོས་སུ་བཞུགས་པ་རྣམས་དག་སྒྲིག་དང་མ་བཞུགས་པ་རྣམས་གསར་སྒྲིག་མཛད་པའི་བསྐོར་ལ། 《མགོན་པོ་ཕྱག་བཞི་པའི་སྒྲུབ་མཆོད་རྒྱས་པ》 《བྱ་རོག་གདོང་ལྔའི་གཏོར་བཟློག》 《མི་འཁྲུགས་ཆོ་ག》 《ཕག་མོའི་ཆོ་ག》 《རྣམ་རྒྱལ་མའི་ཆོ་ག》 《བདེ་མཆོག་དཀྱིལ་ཆོག》 《བདེ་མཆོག་ཆོག་བསྡུས》 《བདེ་མཆོག་སྙེན་ཟིན》 《སྦྱིན་སྲེགས》 《སྨན་བླའི་མདོ་ཆོག》 《བཅོད་ཀྱི་ཚོགས་ལས》 《འདུལ་དཀར་ནག་མེ་མཆོད་དང་བཅས་པ》 《འབའ་རོམ་ཆོས་སྤྱོད》 《དབང་ཆིང་རྗེས་གནང་གི་སྐོར》 《འབའ་རོམ་ལུགས་ཀྱི་ཆོ་གའི་ཟིན་བྲིས་ཆ་ཚང》 《གཏོར་མའི་ལག་དེབ》 《སྒྲུབ་ཁང་གི་བཅའ་ཡིག》སོགས་བཀའ་འབུམ་པོད་དགུ་ལྷག་བཞུགས། མགོན་པོ་གང་ཉིད་ནི་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་འབའ་རོམ་བཀའ་རྒྱུད་ཀྱི་དབང་ལུང་མན་ངག་རྒྱུན་ཆད་ལ་ཉེ་བ་དེ་དག་གི་རྒྱུན་སྤེལ་བ་སོགས་ཀྱི་སྒོ་ནས་མཛད་རྗེས་ཆེ། མཐར་དགུང་གྲངས་དོན་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོའི་ནག་པ་ཟླ་བའི་ཚེས་ཉེར་བརྒྱད་ཉིན་དབུ་གུར་གསར་ཕུབ། གསོལ་ཐབ་གསར་བཅའ། རྟེན་མཆོད་གསར་བཤམ་གྱིས་གསུངས་བཞིན་ལེགས་གྲུབ་བྱུང་འཕྲལ་བསྟན་པ་དར་རྒྱས། སྤྲུལ་སྐུ་མྱུར་འབྱོན་སོགས་ཀྱི་རྟེན་འབྲེལ་བཟང་འགྲིགས་ཀྱིས་ཐུགས་དགྱེས་ཚུལ་ངང་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་ངོ་མཚར་བའི་ལྟས་དང་བཅས་དཔལ་གྱི་བསམ་འགྲུབ་མཐོང་སྨོན་གླིང་དུ་གཟུགས་སྐུའི་བཀོད་པ་བསྡུས། སྐུ་གདུང་བདུན་ཕྲག་གསུམ་ལ་ཚོགས་ཞིང་དུ་བཞུགས་སུ་གསོལ། དེའི་ཚེ་གདུང་མཆོད་ཀྱི་སྐབས་རྣམས་སུ་ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་། མེ་ཏོག་གི་ཆར། རོལ་མོའི་སྒྲ་སོགས་ངོ་མཚར་བའི་རྣམ་པ་མང་པོ་དང། སྐུ་གདུང་ཞུགས་སུ་ཕུལ་སྐབས་ཕྱོགས་བཞི་མཚམས་བརྒྱད་གནམ་ས་བླ་འོག་ཀུན་ཏུ་ཁ་དོག་སྣ་ཚོགས་ཅན་གྱི་འཇའ་འོད་ཀྱི་དྲྭ་བས་སྦྲེལ་བ་དང། བར་སྣང་དུ་སྣང་བརྙན་ངོ་མཚར་བའི་སྤྲིན་ཚོགས་འཁྲིགས་པ། ཁྱམས་ཀྱི་ཕྱི་ནང་རྣམས་སུ་རིང་བསྲེལ་ཁ་དོག་ལྔ་ལྡན་བབས་པ་ཕྱིས་ལོ་གྲངས་མང་པོའི་རྗེས་སུ་ཡང་དད་ལྡན་སེར་སྐྱ་རྣམས་ཀྱིས་རྙེད་རྒྱུ་ཡོད་པ་བྱུང། ཐུགས་ལྗགས་གཉིས་རིང་བསྲེལ་དབུས་སུ་བྱོན་པ། ཐུགས་ནི་མཆོད་གདུང་ཆེན་མོའི་ནང་དུ་བཞུགས་སུ་གསོལ་བ་དང་ལྗགས་ནི་དཔལ་བཀྲ་ཤིས་ལྷ་ཚེའི་གཙུག་ལག་ཁང་གི་སྨན་འདམས་ཀྱི་འདྲ་ཞལ་ཆེན་མོའི་ནང་དུ་གཞུགས་སུ་ཕུལ་བ་བྱིན་རླབས་རྟགས་མཚན་མངོན་སུམ་དུ་གསལ་བཞིན་པའོ། རྗེ་ཉིད་ཀྱི་རྗེས་འཛིན་གྱི་སློབ་གཙོ་ནི་སྐྱབས་རྗེ་སྐྱོ་བྲག་གསལ་དུང་རྣམ་གཉིས་སྡེ་མོ་སངས་རྒྱས་གྲགས་པ་སྤྲུལ་ཨ་བསྟན་ཕུན་ཚོགས་ཚངས་གསར་འཇིགས་མེད་རྡོ་རྗེ་སྒྲུབ་དཔོན་བླ་མ་ཀརྨ་འཇིགས་བཟང་སོགས་མང་དུ་བྱུང་ངོ། རྗེ་ཉིད་ཀྱི་ཞལ་སློབ་བསྟན་འཛིན་རྣམ་རྒྱལ་གྱིས་མཛད་པ་རྣམ་ཐར་རྒྱས་པ་ལས་བསོད་ནམས་རིན་ཆེན་ནས་ཁོལ་དུ་ཕྱུང་བའོ། འདི་བྲིས་རྣམ་དཀར་དགེ་བ་གང་ཡོད་པས། དཔལ་ལྡན་བླ་མའི་ཐུགས་དགོང་རྫོགས་པ་དང། མ་གྱུར་འགྲོ་རྣམས་སྲིད་པའི་དུ་ཁ་ལས། མྱུར་དུ་གྲོལ་ནས་རྡོ་རྗེ་འཆང་འགྲུབ་ཤོག། །།