ཚ་ཉག་སྤྱོད་འཇུག་འགྲེལ་པ་

ཡོང་ཁུངས་Wikipedia

༄༅།།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་ མཚུངས་མེད་བླ་མའི་ཞལ་རྒྱུན་བཞུགས་སོ།།

རྣམ་འདྲེན་རྫོགས་སངས་རྒྱས་ཀུན་དང་།།བདེན་གཉིས་ལུང་རྟོགས་དམ་པའི་ཆོས།།བསླབ་གྲོལ་ལྡན་པའི་དགེ་འདུན་སྡེ།།དཀོན་མཆོག་རིན་ཆེན་གསུམ་ལ་འདུད།།འཇམ་དབྱངས་མཁྱེན་པའི་རལ་གྲི་ཡིས།།རྒྱལ་སྲིད་འཆིངས་ཞེན་ཀུན་བཅད་ནས།།བྱང་སེམས་ཉི་ཟླས་འགྲོ་མུན་རྣམས།།ཡོངས་བསལ་ཞི་བ་ལྷ་ལ་འདུད།།མཁྱེན་བརྩེའི་གོམ་སྟབས་གཅིག་གིས་ཀྱང་།།ཤེས་བྱའི་མཁའ་དབྱིངས་ཀུན་བརྒལ་ཏེ།།འགྲོ་རྣམས་ཐུགས་བསྐྱེད་ཞགས་པ་ཡིས།།ལེགས་བཟུང་དཔལ་ལྡན་བླ་མར་འདུད།།མགོན་དེའི་ཞལ་གྱི་བུམ་བཟང་ལས།།སྐལ་བཟང་གདུལ་བྱའི་ཚོགས་རྣམས་ལ།།བདུད་རྩིའི་བསྒོ་སྐལ་མཛད་པ་ལས།།གསུང་སྒྲོས་ཟིན་བྲིས་མཚོན་ཙམ་སྤེལ།། དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤིང་རྗེས་སུ་གཤེགས་པའི་བགྲོད་པ་གཅིག་པའི་ལམ་པོ་ཆེ།ཕན་བདེ་མ་ལུས་སྒྲུབ་པའི་རྒྱུ་གཅིག་པུར་གྱུར་པ།སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས།རིན་ཆེན་བྱང་ཆུབ་སེམས་གཙོ་བོར་སྟོན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་འཆད་པ་ལ།བཤད་བྱའི་ཡན་ལག་བཤད་པ་དང་།བཤད་བྱ་དངོས་བཤད་པ་གཉིས་ལས།དང་པོ་ལ།སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ།སློབ་མས་ཇི་ལྟར་ཉན་ཚུལ།དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་དང་གསུམ་བཤད་གྲུབ་ནས།གཉིས་པ་བཤད་བྱ་དངོས་བཤད་པ་ལ་བསྟན་བཅོས་ཀྱི་མཚན་དང་།མཚན་དེ་ལྡན་གྱི་གཞུང་དངོས་གཉིས།དང་པོ་ལ།མཚན་དངོས་དང་།ཞར་བྱུང་དུ་འགྱུར་ཕྱག་གཉིས།དང་པོ་ནི།རྒྱ་གར་སྐད་དུ།བྷོ་དྷི་སཏྭ་ཙཪྻ་ཨ་བ་ཏ་ར།བོད་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།ཞེས་པས་བསྟན།དེ་ཡང་སྐད་གཉིས་ཤན་སྦྱར་ན་བྷོ་དྷི་ནི་བྱང་ཆུབ།སཏྭ་ནི་སེམས་དཔའ།ཙཪྻ་ནི་སྤྱོད་པ་ལ།ཨ་བ་ཏ་ར་ནི་འཇུག་པ།མཚན་གྱི་དོན་བཤད་པ་ནི།སྤོང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་བྱང་བས་ན་བྱང་།རྟོགས་བྱའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད་པས་ན་ཆུབ།དེ་ལྟ་བུའི་བྱང་ཆུབ་ནི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་ཡིན་ལ།སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དེ་སྒྲུབ་དགོས་བསམ་པ་ནི་སེམས།རྫོགས་བྱང་བསྒྲུབ་པའི་ཆེད་དུ་བྱ་དཀའ་བའི་གནས་མགོ་དང་ཡན་ལག་ལ་སོགས་པའི་སྦྱིན་པ་གཏོང་དགོས་པས་མི་ནུས་སྙམ་ན།སྔོན་གྱི་རྒྱལ་བ་རྣམས་ཀྱིས་དབུ་དང་ཕྱག་ཞབས་ལ་སོགས་པའི་སྦྱིན་པ་མཛད་ནས་སངས་རྒྱས་པ་ཡིན་ནའང་བདག་གིས་ཀྱང་མི་ནུས་རྒྱུ་ཅི་ཡོད་སྙམ་པས་བྱ་དཀའ་བའི་གནས་ལ་མི་སྐྱོ་བ་དང་།དེ་བཞིན་དུ་བསྐལ་པའི་ཡུན་དང་འགྲོ་མང་གི་མཐའ་ལ་མི་སྐྱོ་བར་སྙིང་སྟོབས་ཀྱི་གོ་ཆ་རྨད་དུ་བྱུང་བ་བགོས་པ་ན་དཔའ།སྤྱོད་པ་ནི་ཕར་ཕྱིན་དྲུག་ཡིན་ལ།དེ་ཡང་རྒྱལ་བཀའི་ནང་དུ་སྨན་ཐུས་ཁ་མ་བསྡབ་པ་ལྟར་འཐོར་བའི་ཚུལ་དུ་ཡོད་པ་རྣམས།ད་ལམ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་འདིར་བསྡུས་ཏེ་སྨན་ཐུས་ཁ་བསྡབ་པ་ལྟར་ཕར་ཕྱིན་དྲུག་ལ་འཇུག་བྱེད་ཀྱི་ཐབས་སུ་གྱུར་པའོ།།གཉིས་པ་ཞར་བྱུང་དུ་འགྱུར་ཕྱག་ནི།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།ཞེས་སངས་རྒྱས་ཐམས་ཅད་ནི།སངས་རྒྱས་དཀོན་མཆོག་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་དགེ་འདུན་དཀོན་མཆོག་དང་།དེ་གཉིས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ལུང་རྟོགས་དམ་ཆོས་དཀོན་མཆོག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ།།ཞེས་རྒྱལ་པོའི་བཀས་བཅད་དང་མཐུན་པའི་སྡེ་སྣོད་ངོས་འཛིན་གྱི་འགྱུར་ཕྱག་ལྟར་ན་མདོ་སྡེའི་སྡེ་སྣོད་ཀྱི་ཕྱོགས་སུ་གཏོགས་པ་ཡིན་ནོ།།གཉིས་པ་མཚན་དེ་ལྡན་གྱི་གཞུང་དངོས་བཤད་པ་ལ།བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ།རྩོམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས།མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ།དང་པོ་ལ་བཞི་སྟེ།དང་པོ་ཐོས་བསམ་སྒོམ་གསུམ་ལ་བར་ཆད་མི་འབྱུང་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་ནི།བདེ་གཤེགས་ཆོས་ཀྱི་སོགས་ནས།ཕྱག་འཚལ་ཏེ།།ཞེས་པའི་བར་གྱིས་བསྟན།དེ་ཡང་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས།འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཐོན་པོར་གཤེགས་པས་ན་བདེ་བར་གཤེགས་པ་སངས་རྒྱས་དཀོན་མཆོག་རྣམས་དང་།སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་རྣམས།མིང་ཚིག་ཡི་གེའི་རྣམ་པ་བློ་ངོར་སྣང་བ་ནི་ལུང་གི་ཆོས་རྣམས་དང་།དེའི་དོན་ཉམས་སུ་བླངས་ཏེ་སྤང་བླང་ལག་ལེན་དུ་བཏབ་པ་ལ་རྟོགས་པའི་ཆོས་ཡིན་ཏེ།ཐ་ན་ཚིག་བཞི་ཚིགས་བཅད་རེའི་ཚིག་དོན་གཉིས་ཀར་ཤེས་པ་ཙམ་གྱི་རྒྱུད་ནའང་ལུང་གི་ཆོས་བཟུང་ཞིང་བསྟན་པ་ཡོད་པར་འདོད་དོ།།འཇམ་དབྱངས་བླ་མ་རིན་པོ་ཆེའི་དྲང་སྲོང་གི་གཏམ་ལས།རྒྱལ་བས་གསུངས་པའི་སྡེ་སྣོད་གསུམ།།ཐམས་ཅད་ཤེས་པར་དཀའ་ནའང་།།ཚིག་འབྲུ་གཅིག་གི་དོན་ཤེས་པ།།དེ་ཡང་ལུང་གི་བསྟན་པ་ཡིན།།ཞེས་པ་ལྟར་དང་།དེ་བཞིན་དུ་དགེ་བའི་བསམ་པ་སྐད་ཅིག་མ་རེ་ཙམ་རྒྱུད་ལ་སྐྱེས་ཚེ་རྟོགས་པའི་བསྟན་པ་རྒྱུད་ལ་གནས་ཏེ།དེ་ལས།རྒྱལ་བས་གསུངས་པའི་བསླབ་པ་གསུམ།།ཐམས་ཅད་བསྲུང་བར་དཀའ་ན་ཡང་།།དགེ་སེམས་སྐད་ཅིག་གཅིག་སྐྱེས་པ།།དེ་ཡང་རྟོགས་པའི་བསྟན་པ་ཡིན།།ཞེས་གསུངས་པས་ན།སློབ་པ་ལམ་གྱི་གནས་སྐབས་སུ་ལུང་རྟོགས་ཀྱི་ཆོས་བཤད་སྒྲུབ་ཀྱིས་ཡོངས་སུ་བཟུང་བས་མི་སློབ་པའི་ལམ་དུ་དགེ་བའི་ཆོས་ཀུན་ཡོངས་སུ་རྫོགས་པའམ་འདུས་པས་ན།ཆོས་ཀྱི་སྐུ་སྟེ།དེ་རྟེན་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བས་ན་ཆོས་ཀྱི་སྐུ་མངའ་ཞེས།ཆོས་དཀོན་མཆོག་དང་།སངས་རྒྱས་རྣམས་ལ།སྐུའི་སྲས་སྒྲ་གཅན་འཛིན་ལྟ་བུ་དང་།གསུང་གི་སྲས་ཉན་རང་དང་།ཐུགས་ཀྱི་སྲས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང་གསུམ་ཏེ།བྱང་སེམས་རྣམས་ལ་རྒྱལ་སྲས་བརྗོད་པའི་རྒྱུ་མཚན་གསུམ་ནི།རྒྱལ་བའི་གདུང་བརྒྱུད་འཛིན་པ་དང་།དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་།གདུལ་བྱའི་ལྷག་མ་སྐྱོང་བ་དང་གསུམ་ལས།དང་པོ་ནི།རང་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ནས།གདུལ་བྱ་གཞན་རྣམས་ཀྱང་རྫོགས་བྱང་དུ་སེམས་བསྐྱེད་དུ་འཇུག་པས་སོ།།གཉིས་པ་ནི་ལུང་གི་ཆོས་བཤད་པའི་འཁོར་ལོས་དང་།རྟོགས་པའི་ཆོས་སྒྲུབ་པའི་འཁོར་ལོས་འཛིན་ཏེ་ལུང་རྟོགས་ཀྱི་ཆོས་གཉིས་པོ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་འཛིན་པས་སོ།།གསུམ་པ་ནི།སངས་རྒྱས་དངོས་ཀྱིས་གདུལ་སྐལ་དུ་མ་གྱུར་པའི་གདུལ་བྱ་རྣམས་ལ་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པར་སྤྲུལ་ནས་འགྲོ་དོན་མཛད་པས་ན་རྒྱལ་སྲས་བྱང་སེམས་དང་བཅས་པའི་ཐེག་ཆེན་སྐྱབས་ཡུལ་གྱི་དགེ་འདུན་དཀོན་མཆོག་རྣམས་དང་།གཞན་ཡང་ཐེག་དམན་ཉན་རང་གི་དགེ་འདུན་དང་།སོ་ཐར་ལུགས་ཀྱི་མཁན་སློབ་ལ་སོགས་པ་ཕྱག་བྱར་འོས་པ་ཀུན་ལའང་སྒོ་གསུམ་གུས་པ་དང་བཅས་པར་ཕྱག་འཚལ་ལོ།།ཏེ་ནི་ལྷག་མ་འདྲེན་པའི་ཚིག་ཡིན་པས་ན་བརྩམས་པར་དམ་བཅའ་ལ་སོགས་པ་རིམ་བཞིན་འབྱུང་བའི་དོན་ཡིན་ནོ།།གཉིས་པ་བརྩམས་པར་དམ་བཅའ་བ་ནི།བདེ་གཤེགས་སྲས་ཀྱི་སྡོམ༴སོགས།བརྗོད་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་ལ།ལེགས་སྤྱོད་དགེ་བའི་ཚོགས་མ་ལུས་པ་རྒྱུད་ལ་འབྲལ་བ་མེད་པར་གོས་ལ་ཀ་རགས་སྡོམ་པ་ལྟར་སྡོམ་པ་དང་།ཉེས་སྤྱོད་མི་དགེ་བའི་ཚོགས་ཐམས་ཅད་རྐུན་པོ་ཕྱིར་ཕྱུང་ནས་སྒོ་བསྡམས་ལྟར་སྡོམ་པས་ན།དེ་ལྟ་བུའི་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་ཀྱི་ཚུལ་དེ་རང་རྒྱུད་ལ་ཁྲིམས་སུ་བཅའ་བའི་སྡོམ་པ་ལ་འཇུག་པའི་ཐབས་ཡོངས་སུ་རྫོགས་པ་ནི་འདིར་ཞི་བ་ལྷ་བདག་གིས་བརྗོད་པར་བྱའོ།ཞེས་གསུངས་ལ།ཚུལ་ཇི་ལྟར་བརྗོད་ན་སངས་རྒྱས་ཀྱི་བཀའ་ལུང་བཞིན་དུ་བརྗོད་པར་བྱ་ཞིང་།སྔོན་དུས་སྟོན་པ་དང་།རྗེས་སུ་ཞི་བ་ལྷ་ཁྱེད་ཀྱིས་ལུང་སྡེ་སྣོད་གསུམ་ཚར་གཉིས་སུ་གསུངས་པ་ལ་དགོས་པ་མེད་དོ་སྙམ་ན།སངས་རྒྱས་ཀྱི་བཀའ་རྒྱ་ཆེ།ལུང་གྲངས་མང་།མན་ངག་གནད་ཟབ།དྲང་ངེས་ཀྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་རྣམས།སྙིགས་མའི་སེམས་ཅན་ཚེ་ཐུང་རྨོངས་པ་ཀུན་གྱིས་ཚིག་མི་ཤེས་དོན་མི་རྟོགས་པས་ན།ལུང་སྡེ་སྣོད་རིན་པོ་ཆེའི་དོན་མ་ལུས་པ་ཐམས་ཅད་མདོར་བསྡུས་ནས་ནི་སྤྱོད་འཇུག་འདིར་བརྗོད་པར་བྱའོ།།ཞེས་བྱ་བ་མཐར་ཕྱིན་པར་བྱ་ཕྱིར་བརྩམ་པར་དམ་བཅའ་བ་མཛད་པ་ནི་བྱ་བ་མཐར་ཕྱིན་པའི་དགོས་པ་ཡོད་དོ།།བརྒྱད་སྟོང་འགྲེལ་ཆེན་ལས།དམ་པས་ཁས་ལེན་མང་པོར་མི་བགྱི་ཞིང་།།གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།།རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ།།ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།།ཞེས་གསུངས་པ་ལྟར་རོ།།གསུམ་པ་ཁེངས་པ་སྐྱུངས་པ་ནི།སྔོན་ཆད་མ་བྱུང་བ་ཡང༴སོགས།ངས་འདི་བརྩམས།།ཞེས་པའི་བར་གྱིས་བསྟན།དེ་ཡང་ང་རྒྱལ་གྱི་གོང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས་པ་ལྟར་ང་རྒྱལ་གྱི་ཁེངས་སེམས་གཅོག་པར་མཛད་ཚུལ་ཞི་བ་ལྷ་ཁྱེད་ནི་རྒྱ་བོད་ཀུན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པས་ན།ཁྱོད་ཀྱིས་སྤྱོད་འཇུག་ཟེར་བའི་ལེགས་བཤད་ཅིག་རྩོམ་མཛད་གནང་ཚེ་སྔོན་ཆད་སངས་རྒྱས་ཀྱིས་མ་གསུངས་པའི་བརྗོད་བྱའི་དོན་ཡང་དག་པ་ཞིག་སྤྱོད་འཇུག་འདིར་བརྗོད་རྒྱུ་ཡོད་དམ་སྙམ་ན་སྔོན་ཆད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་མ་བྱུང་བའི་བརྗོད་པར་བྱ་བའི་དོན་ཕུན་སུམ་ཚོགས་པ་འགའ་ཡང་སྤྱོད་འཇུག་འདིར་བརྗོད་དོན་མེད་པར་བསྟན་པ་དང་།འོ་ན་རྒྱལ་བའི་རྗེས་འཇུག་རྒྱན་དྲུག་མཆོག་གཉིས་དང་།རྒྱལ་པོ་དགེ་དབང་ཡབ་སྲས་ཀྱི་སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་།སློབ་དཔོན་དཔའ་བོས་སྐྱེས་རབས་སོ་བཞི་པར་བརྩམས་པ་ལྟ་བུའི་བརྗོད་བྱེད་ཀྱི་ཚིག་སྙན་ངག་སྡེབ་སྦྱོར་མཁས་པ་ཁྱད་འཕགས་མང་པོ་ཡོད་དམ་སྙམ་ན་ཚིག་མཛེས་པ་དེ་འདྲ་བའང་ཞི་བ་ལྷ་བདག་ལ་ཡོད་པ་མིན་པས་ཅི་ཕྱིར་ང་རྒྱལ་ཏེ་ང་རྒྱལ་མེད་པར་བསྟན་ཏོ།།ཡང་ན་སྤྱོད་འཇུག་འདི་གཞན་དོན་རྒྱ་ཆེ་བ་ལ་ཕན་ནམ་དགོངས་པས་བརྩམས་སམ་སྙམ་ན།ཚིག་དོན་གཉིས་ཀ་ཕུན་སུམ་ཚོགས་པ་མེད་པ་དེའི་ཕྱིར་སྤྱོད་འཇུག་འདི་ནི་གཞན་དོན་དུ་འགྱུར་བར་བསམ་པའང་།ཞི་བ་ལྷ་བདག་ལ་མེད་ཅེས་གསུངས་སོ།།དེ་ལྟར་ན།དོན་དང་ཚིག་ལེགས་པ་མེད་ཅིང་གཞན་དོན་ལ་ཕན་པ་མེད་ན།འདི་ལྟ་བུའི་བསྟན་བཅོས་ཤིག་མཛད་པ་ལ་དོན་མེད་དོ་སྙམ་ན་དེ་ཡང་མ་ཡིན་ཏེ།རྒྱལ་བ་སྲས་བཅས་ཀྱི་སྤྱོད་པའི་ལམ་བཟང་རྣམས་མི་བརྗེད་པའི་བསྐྱུད་བྱང་ཙམ་དུ་རང་གི་ཡིད་ལ་བསྒོམ་ཞིང་འདྲིས་པར་བྱ་བའི་ཕྱིར་ཞི་བ་ལྷ་ངས་སྤྱོད་འཇུག་འདི་ཉིད་བརྩམས་པར་མཛད་དོ་གསུངས།བསྟན་བཅོས་འདི་ཉིད་བརྩམས་པའི་ཚེ་ན།ཡུན་རིང་སྒོམ་པར་མི་རིགས་ལ།སྒོམ་པའི་དུས་ན་བརྩམ་པས་དགོས་པ་མེད་དོ་སྙམ་ན་སྐྱོན་མེད་དེ།མཁས་པའི་བྱ་བ་རྣམ་གསུམ་འཆད་རྩོད་རྩོམ་གསུམ་ཡིན་ལ།ཡུན་རིང་པོར་ཐོས་བསམ་སྒོམ་གསུམ་མ་མཛད་པར་རྩོམ་པར་མི་ནུས་པས་དང་པོ་བསྟན་བཅོས་ཀྱི་དོན་ཡུན་རིང་པོར་ཡིད་ལ་གོམས་ཤིང་འདྲིས་པར་བྱས་ཏེ་རྩོམ་དགོས་པས་སོ།།བཞི་པ་ཞུམ་པའི་ལེ་ལོ་བསལ་ཕྱིར་སྤྲོ་བ་བསྐྱེད་པ་ནི།དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས།།སོགས།དོན་ཡོད་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་།བསམ་པ་བྱང་སེམས་དང་སྦྱོར་བ་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་རྣམས་རང་རྒྱུད་ལ་གོམས་ཤིང་འདྲིས་ནས་བསྒོམ་པར་བྱ་ཕྱིར་ངས་འདི་བརྩམ་པའི་ཚེ་ན།རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་ཞི་བ་ལྷ་བདག་གི་དད་པའི་ཤུགས་སམ་རྒྱུན་དེ་ཉིད་སྤྱོད་འཇུག་བརྩམས་པ་འདི་དག་གིས་ཀྱང་རེ་ཞིག་འཕེལ་བར་འགྱུར་ལ།སློབ་དཔོན་ཉིད་འཕགས་པ་ཡིན་ཀྱང་ས་མ་ཐོབ་པའི་ཚུལ་བསྟན་ཏེ།བདག་ལས་ལྷག་པའི་ས་ཐོབ་པའི་འཕགས་པ་རྣམས་ལ་བསྟན་བཅོས་འདིས་དགོས་པ་མེད་རུང་།དབང་པོ་དམན་པ་བློ་རྨོངས་པ་བྱང་སེམས་ལས་དང་པོ་ཞི་བ་ལྷ་བདག་དང་སྐལ་བ་མཉམ་པའམ་རིགས་འདྲ་བ་གཞན་རྣམས་ཀྱིས་ཀྱང་།ཅི་སྟེ་ཞེས་བརྒྱ་ལ་གལ་སྲིད་ན་བསྟན་བཅོས་འདི་དག་བསྟན་ཏེ་མཐོང་བ་ཡང་དད་པ་འཕེལ་བ་ལ་སོགས་པ་གཞན་ཡང་དངོས་སམ་བརྒྱུད་ནས་ཕན་ཞིང་དོན་ཡོད་པར་འགྱུར་རོ།།ཞེས་གསུངས་སོ།།དེ་ཡན་ཆད་ཀྱིས་བསྟན་བཅོས་བརྩམས་པའི་རྒྱུ་བཞི་བཤད་ཟིན་ནས།གཉིས་པ་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་བཤད་པ་ལ།བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།།སྐྱེས་པ་ཉམས་པ་མེད་པ་ཡང་།།གོང་ནས་གོང་དུ་འཕེལ་བར་ཤོག།།ཅེས་གསུངས་པ་ལྟར།ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ལེའུ་གསུམ།སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ།མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ།དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བ་དང་སྨོན་པའི་ལེའུ་གཅིག་སྟེ་ལེའུ་བཅུ་ས་བཅད་བཞིས་ཡོངས་སུ་བསྡུས་ཏེ་བཤད་པར་བྱ་བ་ལས།དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ལེའུ་གསུམ་སྟེ།ཕན་ཡོན་གྱི་སྒོ་ནས་བྲོད་པ་བསྐྱེད་པའི་ལེའུ་དང་།བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་དང་།མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ་དང་གསུམ།དང་པོ་ལ་གཞུང་དང་མཚན་གཉིས།དང་པོ་གཞུང་ལ།བྱང་ཆུབ་སེམས་ཀྱི་རྟེན་བཤད་པ་དང་།ཕན་ཡོན་དངོས་བཤད་པ་གཉིས།དང་པོ་ལ་ལུས་རྟེན་དང་།བསམ་པའི་རྟེན་བཤད་པ་གཉིས་ལས།དང་པོ་ནི།དལ་འབྱོར་འདི་རྙེད་པར༴སོགས།ག་ལ་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ལ་ཡང་།ངོ་བོ་དལ་བ་བསམ་པ།ཁྱད་པར་འབྱོར་པ་བསམ་པ།རྙེད་དཀའི་དཔེ་ལ་བསམ་པ།གྲངས་ཀྱི་ཁྱད་པར་ལ་བསམ་པ་དང་བཞི་ལས།དང་པོ་དལ་བ་བརྒྱད་ནི་མི་ཁོམས་པ་བརྒྱད་སྤངས་པ་སྟེ།དམྱལ་བ་ཡི་དྭགས་དུད་འགྲོ་དང་།།ཚེ་རིང་ལྷ་དང་ཀླ་ཀློ་དང་།།ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ།།ལྐུགས་པ་འདི་རྣམས་མི་ཁོམས་བརྒྱད།།ཅེས་ཕྱི་མི་མ་ཡིན་པའི་མི་ཁོམས་བཞི་དང་།ནང་མིར་གྱུར་པའི་མི་ཁོམས་པ་བཞི་སྟེ་བརྒྱད་དུ་མ་སྐྱེས་པས་ན་དལ་བ་བརྒྱད་དང་།གཉིས་པ་ནི།རང་འབྱོར་ལྔ་ནི།མིར་གྱུར་དབུས་སྐྱེས་དབང་པོ་ཚང་།།ལས་མཐའ་མ་ལོག་གནས་ལ་དད།།ཅེས་ལྔ་དང་།གཞན་འབྱོར་ལྔ་ནི།སྟོན་བྱོན་ཆོས་གསུངས་བསྟན་པ་གནས།།དེར་ཞུགས་དགེ་བའི་བཤེས་ཀྱིས་ཟིན།།ཞེས་ལྔ་སྟེ།བསྡོམས་པས་འབྱོར་པ་བཅུའོ།།གསུམ་པ་རྙེད་དཀའི་དཔེ་ནི།རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི།།བུ་གར་རུས་སྦལ་མགྲིན་ཆུད་ལྟར།།མི་ཉིད་ཤིན་ཏུ་འཐོབ་དཀར་གསུངས།།ཞེས་སོགས་དང་།བཞི་པ་གྲངས་ཀྱི་ཁྱད་པར་ནི།འདི་ལྟར་སེམས་ཅན་ཙམ་གྱི་གྲངས་བསམ་ན།།མི་ལུས་ཐོབ་པ་འཁོར་ལོས་བསྒྱུར་རྙེད་མཚུངས།།ཞེས་པ་ལ་སོགས་པར་གསུངས་པས་ན།མི་ལུས་རིན་པོ་ཆེ་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་རྙེད་ཚེ་སྨྲ་ཤེས་ཤིང་དོན་གོ་བ།འདུལ་སླ་བའི་ཕྱིར་ན་སྐྱེས་བུ་ཞེས་བྱ་ལ།དེ་ཡང་ཀུན་སློང་གི་དབང་གིས་གསུམ་སྟེ།ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མཐོ་རིས་ལྷ་མིའི་གོ་འཕང་ལ་དམིགས་ནས་དགེ་བ་སྒྲུབ་པ་པོ་ལ་ནི་སྐྱེས་བུ་ཆུང་ངུ་དང་།ཁམས་གསུམ་འཁོར་བ་འདི་མེ་མ་མུར་གྱི་འོབས།སྲིན་མོའི་གླིང་།ཚེར་མའི་ཐང་།རལ་གྲིའི་སོ།དུག་སྦྲུལ་གྱི་གཟེབ་ལྟ་བུར་མཐོང་ནས་ཐར་པ་མྱ་ངན་ལས་འདས་པ་ལ་དོན་གཉེར་བྱས་ཏེ་དགེ་བ་སྒྲུབ་པ་པོ་ལ་ནི་སྐྱེས་བུ་འབྲིང་དང་།མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་ལ་འགོད་ཕྱིར་དགེ་བ་སྒྲུབ་པ་པོ་ལ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཏེ།དེ་ལྟ་བུའི་མཐོ་རིས་དང་།ཐར་པ་དང་།ཐམས་ཅད་མཁྱེན་པ་གསུམ་གྱི་དོན་བཞིན་སྒྲུབ་པའི་རྟེན་མི་ལུས་ཐོབ་པར་གྱུར་པ་འདི་ལྟ་བུའི་དུས་ལ་དགེ་བ་དམ་ཆོས་རྣམ་དག་བསྒྲུབ་དགོས་ཀྱང་།དེ་ལྟར་གལ་ཏེ་མིའི་ལུས་རྟེན་འདི་ཐོབ་ཚེ་རང་གཞན་ལ་ཕན་པ་དམ་པའི་ཆོས་མ་སྒྲུབ་ན་ནི།ཕྱིས་སུ་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་འདྲ་བ་སྐྱོན་མེད་པ་ཡང་དག་པར་འབྱོར་ཞིང་ཐོབ་པར་ག་ལ་འགྱུར་ཏེ་ཐོབ་པར་མི་འགྱུར་རོ།།ཅིའི་ཕྱིར་མི་ལུས་ཐོབ་པར་དཀའ་འོ་སྙམ་ན།རྒྱུ་ཚུལ་ཁྲིམས་རྣམ་དག་གིས་གཞི་བཟུང་།།རྐྱེན་སྨོན་ལམ་རྣམ་དག་གིས་མཚམས་སྦྱར།།སྦྱིན་པ་ལ་སོགས་པས་གྲོགས་བྱས་ནས།།འབྲས་བུ་དལ་འབྱོར་གྱི་མི་ལུས་ཐོབ་པའི་ཕྱིར་ན་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཚོགས་དགོས་པས་སོ།།གཉིས་པ་བསམ་པའི་རྟེན་ནི།ཇི་ལྟར་མཚན་མོ་མུན་ནག་སྤྲིན༴སོགས།ཐང་འགའ་འབྱུང་།།ཞེས་པའི་བར་གྱིས་བསྟན།དེ་ཡང་དཔེ་ཇི་ལྟར་ན་ཉི་མ་མེད་པས་མཚན་མོ་དང་།ཟླ་བ་མེད་པས་མུན་ནག་དང་།རྒྱུ་སྐར་གྱི་སྣང་བ་ཙམ་ཡང་མེད་པས་སྤྲིན་རུམ་འཐུག་པོ་ན།བར་སྣང་ལ་གློག་འགྱུ་བའི་ཚེ་ན་སྐད་ཅིག་ལ་རབ་ཏུ་སྣང་བ་སྟོན་པ་ལྟར་དཔེ་བཞི་དང་མཐུན་པ་དེ་བཞིན་དུ་དོན་བཞི་སྟེ།སངས་རྒྱས་ཉི་མ་ལྟ་བུ་མི་བཞུགས་པས་མཚན་མོ་དང་།དགེ་བའི་བཤེས་གཉེན་ཟླ་བ་ལྟ་བུ་མི་བཞུགས་པས་མུན་ནག་དང་།བླང་དོར་གྱི་གནས་སྟོན་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་རྒྱང་རིང་བའམ་མི་བཞུགས་པས་ན་རྒྱུ་སྐར་གྱི་སྣང་བ་ཙམ་གྱིས་བླང་དོར་གྱི་གནས་སྟོན་པའང་བཞུགས་དཀའ་བ་དང་།སྒྲིབ་གཉིས་བག་ཆགས་དང་བཅས་པའི་སྤྲིན་རུམ་ཤིན་ཏུ་འཐུག་པོ་རང་རྒྱུད་ངན་པའི་ནམ་མཁའ་ལ་འཐིབས་ཤིང་བསྒྲིབས་པ་འདི་འདྲ་བའི་ཚེ་ན་ཡང་།ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་གཟིགས་པ་གདུལ་བྱའི་ཁམས་ལ་འཇུག་པའི་དུས་སུ་རྒྱལ་བ་རྣམས་ཀྱི་མཐུ་ཡིས་བརྒྱ་ལམ་རེས་འགའ་ན་འཇིག་རྟེན་མ་དག་པ་སྙིགས་མའི་ཞིང་གི་སེམས་ཅན་རྣམས་ཀྱི་རྒྱུད་ལའང་དད་པ་དང་སྙིང་རྗེ་ལ་སོགས་པ་བསོད་ནམས་དགེ་བའི་བློ་གྲོས་ཀྱི་བསམ་པ་གློག་འགྱུ་བ་ལྟ་བུ་ཐང་འགའ་རེ་ཙམ་དུ་རང་རྒྱུད་ལ་འབྱུང་བའི་ཚེ་ན།ལོང་བས་བ་རྔ་ཟིན་པ་ལྟར་བློ་སེམས་དགེ་བ་ལ་འགྱུར་ཐབས་དགོས་སོ།།གཉིས་པ་ཕན་ཡོན་དངོས་བཤད་པ་ལ།སེམས་བསྐྱེད་སྤྱིའི་ཕན་ཡོན།སྨོན་འཇུག་སོ་སོའི་ཕན་ཡོན།སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བསྟན་པ་དང་གསུམ་ལས།དང་པོ་ལ།དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན།མིང་དོན་གནས་འགྱུར་བའི་ཕན་ཡོན།ཕན་ཡོན་དཔེ་ཡི་སྒོ་ནས་བསྟན་པ་དང་གསུམ་ལས།དང་པོ་ནི།དེ་ལྟས་དགེ་བ་ཉམས་ཆུང་ཉིད་ལ་རྟག།།སོགས།བཏང་མི་བྱ།།ཞེས་པའི་བར་གྱིས་བསྟན།དེ་མང་གོང་དུ་བཤད་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་དགེ་བ་ཉམས་ཆུང་བ་གློག་འགྱུ་བ་འདྲ་བ་རེ་རང་རྒྱུད་ལ་སྐྱེས་པ་ཉིད་ལ་ཡང་།དུས་རྟག་ཏུ་སྡིག་པ་སྟོབས་ཆེན་པོ་ཡིད་ལ་དྲན་པ་དང་ཁ་རུ་བརྗོད་མི་ནུས་པའི་ཤིན་ཏུ་མི་བཟད་པ།ཆོས་སྤངས་དང་།མཚམས་མེད་ལྔ་དང་།ཐེག་ཆེན་ལ་སྐུར་པ་བཏབ་པ་དང་།མི་དགེ་བ་བཅུ་ལ་སོགས་པ་བགྱིས་པ་དེ་རྣམས་ནི།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་སྙམ་པའི་བསམ་པ་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེས་པའི་ཚེ་ན་ཉེས་པའི་ཚོགས་མཐའ་དག་ཉི་མས་སྐར་མ་མ་ལུས་པ་ཟིལ་གྱིས་མནན་པ་ལྟར་འགྱུར་ལ།བྱང་ཆུབ་ཀྱི་སེམས་ཀྱི་དགེ་བ་དེ་མིན་པ་འདུས་བྱས་དང་འདུས་མ་བྱས་པའི་དགེ་བ་གཞན་གང་གིས་ཀྱང་མི་དགེ་བ་རྣམས་ཟིལ་གྱིས་གནོན་པར་འགྱུར་ཏེ་ཟིལ་གྱིས་གནོན་པར་མི་ནུས་སོ།།རྒྱུ་མཚན་དེའི་ཕྱིར་ན་དུས་རིང་དུ་སོང་བའི་བསྐལ་པ་གྲངས་མེད་དུ་མ་མང་པོ་རུ་གཞན་གྱི་དོན་ལ་རྒྱལ་བ་རྣམས་ཀྱིས་སྲིད་ཞིའི་ཁམས་སུ་གཏན་བདེ་ཐོབ་པའི་ཐབས་གང་དང་གང་ཞིག་ཡོད་པ་ཐམས་ཅད་ཐུགས་ལ་རབ་ཏུ་དགོངས་པ་མཛད་ཅིང་བཞུགས་པ་དེ་ཡི་ཚེ་ན་བསྲུང་བ་མེད་པར་ཐུབ་པས་ན།དེ་ཕྱིར་ཐུབ་པ་ཞེས་བརྗོད་དོ།།ཞེས་གསུངས་པ་ལྟར།ཉན་རང་བྱང་སེམས་ཀྱི་ཐུབ་པ་ལས་ཁྱད་པར་དུ་འཕགས་པའི་ཐུབ་པའི་དབང་པོ་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་ཕན་པར་གཟིགས་པ་ཡིན་ཏེ།ཅིའི་ཕྱིར་བྱང་ཆུབ་ཀྱིས་གཞན་ལ་ཕན་སྙམ་ན།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདིས་ནི་ཚད་མེད་པའི་སྐྱེ་བོའི་ཚོགས་མ་ལུས་པ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས།བདེ་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཉིད།བདེ་བླག་སྟེ་མྱུར་བ་ཉིད་དུ་ཐོབ་པར་བྱེད་པའི་ཐབས་མཆོག་ཡིན་པས་སོ།།དེའི་ཕྱིར་ན་རང་དོན་ཏུ་ངེས་འབྱུང་གི་བསམ་པ་དྲག་པོས་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བརྒྱ་ཕྲག་མང་པོ་གཞོམ་སྟེ་མེད་པར་བྱེད་འདོད་ཅིང་དགའ་བ་དང་།གཞན་དོན་དུ་སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་མི་བདེ་བ་ཐ་དག་བསལ་བར་འདོད་པ་དང་།རང་གཞན་གཉིས་ཀའི་དོན་དུ་གནས་སྐབས་མངོན་མཐོ་དང་མཐར་ཐུགས་ངེས་ལེགས་ཀྱི་བདེ་བ་མང་པོ་བརྒྱ་ཕྲག་ལ་ལོངས་སྤྱོད་པར་འདོད་པ་མ་ལུས་པ་རྣམས་ཀྱིས་ཀྱང་བླ་ན་མེད་པ་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་དུས་རྟག་ཏུ་གཏང་བར་མི་བྱའོ།།གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་བསྟན་པ་ནི།བྱང་ཆུབ་སེམས་སྐྱེས་གྱུར་ན༴སོགས།ཕྱག་བྱར་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་།གོང་དུ་བཤད་པ་དེ་ལྟ་བུའི་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུད་ལ་སྐྱེས་པར་གྱུར་ན།དུས་མཐའ་དང་།དེའི་སྐད་ཅིག་དང་བྱ་རྫོགས་ཀྱི་སྐད་ཅིག་མ་གསུམ་ལས།ཕྱི་མ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་གིས་ཕུང་པོ་ལྔའི་འཁོར་བའི་བཙོན་རར་ལས་ཉོན་གཟུང་འཛིན་ལྕགས་སྒྲོག་གིས་བསྡམས་པའི་གང་ཟག་བདག་འཛིན་བཙོན་སྲུང་གིས་བསྲུངས་ཏེ།སོས་དུས་མེད་པའི་ནད་པ།ཐར་དུས་མེད་པའི་བཙོན་པ་ཉམ་ཐག་པ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་དེའི་མཐུ་ལས།གང་ཟག་དེའི་མིང་ལ་འཁོར་བའི་སེམས་ཅན་ཞེས་མི་རྗོད་པར།བདེ་བར་གཤེགས་པ་སངས་རྒྱས་རྣམས་ཀྱི་སྲས་པོ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱ་བ་ནི་མིང་གནས་འགྱུར་བ་ཡིན་ཞིང་།སྣོད་འཇིག་པ་ལ་བཅུད་འཁྲུལ་བའི་སེམས་ཅན་རྣམས་ཀྱིས་རྟེན་བཅས་ཤིང་གནས་པའི་ཡུལ་ན་རིགས་དྲུག་གི་གཙོ་བོ་ལྷ་དང་མིར་བཅས་པས་ཕྱག་བྱ་བར་འགྱུར་བ་ནི་དོན་གནས་འགྱུར་བའི་ཕན་ཡོན་ནོ།།གསུམ་པ་ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དྲུག་ལས།དང་པོ་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ་ནི།གསེར་འགྱུར་རྩི་ཡི་རྣམ་པ་མཆོག༴སོགས།རབ་བརྟན་ཟུངས།།ཞེས་པའི་བར་གྱིས་བསྟན།དེ་ཡང་གསེར་འགྱུར་གྱི་རྩི་ཐ་མས་རྩི་སྲང་སྟོང་རེ་ཙམ་གྱིས་ལྕགས་སྲང་གང་རེ་ཙམ་གསེར་དུ་བསྒྱུར་བ་ལྟ་བུ་ནི་སྐྱེས་བུ་ཆུང་ངུའི་དགེ་སེམས།རྩི་སྲོང་བརྒྱ་རེ་ལྕགས་སྲོང་བརྒྱ་རེ་ཙམ་གསེར་དུ་བསྒྱུར་བ་ལྟ་བུ་ནི་སྐྱེས་བུ་འབྲིང་པོའི་དགེ་སེམས།གསེར་འགྱུར་གྱི་རྩི་ཡི་རྣམ་པ་མཆོག་ནི།རྩི་སྲོང་གང་རེས་ལྕགས་སྲོང་སྟོང་ཕྲག་མང་པོ་གསེར་དུ་སྒྱུར་བྱེད་ལྟ་བུར་གྱུར་པ་ནི་སྐྱེས་བུ་ཆེན་པོས་ལམ་དུ་བྱང་ཆུབ་ཀྱི་སེམས་ཡིན་ཏེ།ཐ་མལ་མི་གཙང་ཤ་ཁྲག་གི་ཕུང་པོའི་ལུས་རྟེན་ལྕགས་ལྟ་བུ་འདི་བླངས་ཟིན་ནས་ཀྱང་རྒྱལ་བའི་སྐུ་མཚན་དཔེ།གསུང་ཚངས་དབྱངས།ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རིན་པོ་ཆེ་གསེར་ལྟ་བུ་རིན་ཐང་གཞལ་དུ་མེད་པར་བསྒྱུར་བར་བྱས་པས་ན།འགྱུར་རྩི་ལྟ་བུ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་རང་རྒྱུད་ལ་རབ་ཏུ་བརྟན་པོར་ཟུངས་ཤིག་ཅེས་བསྐུལ་ལོ།།གཉིས་པ་རིན་པོ་ཆེའི་དཔེ་དོན་ཆེ་བར་བསྟན་པ་ནི།འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས།།སོགས།བརྟན་པར་ཟུངས།།ཞེས་པའི་བར་གྱིས་བསྟན།དེ་ཡང་།འགྲོ་བ་རྣམས་ནི་ལས་དེ་འགྲོ།།དེ་མིན་འགྲོ་བར་ནུས་མ་ཡིན།།ཞེས་གསུངས་པ་ལྟར།འགྲོ་བ་རིགས་དྲུག་གི་གནས་རིས་སུ་སྐྱེ་ཤིའི་འཁོར་ལོར་བརྒྱུད་ཅིང་འགྲོ་བས་ན་འགྲོ་བ།དེ་འཁོར་བ་དང་ངན་སོང་གི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ།ཐར་པ་དང་ཐམས་ཅད་མཁྱེན་པའི་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་ལྟ་བུ་ཡིན་པས་ན་དེད་དཔོན།སངས་རྒྱས་ཐམས་ཅད་ཁོ་ནའི་སྤྱོད་ཡུལ་ཡིན་པས་ན་གཅིག་པུ།དེ་ལྟ་བུའི་རྒྱལ་བ་རྣམས་ཀྱི་རྣམ་པ་ཐམས་ཅད་ཚད་མེད་པ་མཁྱེན་པའི་བློ་མཆོག་ཏུ་གྱུར་པ་དེས།སྲིད་ཞིའི་ཁམས་ཀུན་ལ་ལེགས་པར་ཡོངས་སུ་བརྟགས་པའི་ཚེ་ན་འགྲོ་ཀུན་སངས་རྒྱས་ཐོབ་པའི་ཐབས་སམ་རྒྱུ་རྨད་དུ་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཕྱིར།ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཤ་སྟག་གིས་སྟོང་གསུམ་ཕྱོགས་བཅུའི་ཁམས་ཡོངས་སུ་བཀང་བ་མང་པོས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་གྱི་རིན་ཐང་ཡང་མེད་ལ།བླ་མེད་རྫོགས་བྱང་གི་སེམས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པ་ཡོངས་སུ་འགྲུབ་ཕྱིར་རིན་ཆེ་བས་ན།འགྲོ་བའི་གནས་རིས་ཀྱི་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པ་རྣམས་ཀྱིས་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རང་རྒྱུད་ལ་ཐོག་མཐའ་བར་གསུམ་དུ་སྦྱོར་དངོས་རྗེས་གསུམ་གྱི་དགེ་བས་ལེགས་པར་ཟུངས་ཤིག་དང་དྲན་ཤེས་བག་ཡོད་ཀྱིས་བརྟན་པར་ཟུངས་ཤིག་ཅེས་སོ།།གསུམ་པ་འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་ནས་གོང་འཕེལ་དུ་བསྟན་པ་ནི།དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།།སོགས།འཕེལ་བར་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་མཐོ་རིས་དང་ཐར་པའི་དགེ་བ་གཞན་ཐམས་ཅད་ཀུན་ཡང་དཔེར་ན་ཆུ་ཤིང་སྨྱུག་མ་ལ་སོགས་པ་ལན་རེར་སྐྱེས་མཐར་རྩ་བ་ནས་ཟད་པ་བཞིན་དུ་ནི།སྐྱེས་བུ་ཆུང་འབྲིང་གི་དགེ་བས་ནི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལན་རེ་ཙམ་བསྐྱེད་ནས་མེད་ཅིང་ཟད་པར་འགྱུར་བ་ཉིད་ཡིན་ལ།བླ་མེད་བྱང་ཆུབ་སེམས་ཀྱི་དཔེ་ནི་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་རྫོགས་བྱང་གི་གོ་འཕང་མ་འཐོབ་ཀྱི་བར་དུ་དུས་རྟག་པར་རྒྱུན་དུ་ནམ་ཡང་གནས་སྐབས་སུ་ལྷ་མིའི་འབྲས་བུ་འབྱིན་པས་མི་ཟད་ཅིང་།མཐར་ཐུག་རྫོགས་བྱང་འཐོབ་པས་ན་བླ་ན་མེད་པ་ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ་ཞེས་སོ།།བཞི་པ་སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ་ནི།སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་།།སོགས།ཅིས་མི་བསྟེན།།ཞེས་པའི་བར་གྱིས་བསྟན།དེ་ཡང་སྡིག་པའི་དབྱེ་བ་ལ་བཞི་སྟེ།མཐོང་ཆོས་མྱོང་འགྱུར་གྱི་ལས་ནི།ཚེ་འདི་ལ་སྨིན་པ་དཔེར་ན་ཡུལ་སྒྲ་སྒྲོག་རུ་པའི་ཆར་བབས་པས་ཐམས་ཅད་ས་འོག་ཏུ་ཤི་བ་ལྟ་བུ་དང་།སྐྱེས་ནས་མྱོང་འགྱུར་གྱི་ལས་ནི་མཚམས་མེད་ཀྱི་ལས་བྱས་པས།འདིར་སྣང་འགགས་མ་ཐག་ཏུ་བར་དོ་མེད་པར་དམྱལ་བ་མནར་མེད་དུ་ཕྱིན་པ་ལྟ་བུ་དང་།ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི་མི་དགེ་བའི་འབྲས་བུ་སྐྱེ་བ་གཉིས་གསུམ་ཚུན་ལ་སྨིན་པ་ལྟ་བུ་དང་།མྱོང་བར་མ་ངེས་པའི་ལས་ནི་གཉེན་པོས་མ་བཅོམ་ན་ནམ་ཞིག་འབྲས་བུ་རེ་སྨིན་པར་བྱེད་པ་དང་བཞི་ལས།འདིར་དམ་ཆོས་སྤང་བ་དང་།བྱང་སེམས་དང་།རྡོ་རྗེ་སློབ་དཔོན་དང་།རྒྱུ་འབྲས་ཁྱད་གསོད་ཀྱི་ལོག་ལྟ་ལ་སོགས་པ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཀྱི་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ཤིང་བསགས་ན་ཡང་།དེས་ནི་མི་བསད་པའི་ནག་ཆེན་ཞིག་དགྲས་བསྐོར་ཚེ་སྐྱེལ་མ་དཔའ་བོ་ལ་བརྟེན་ནས་མི་བསད་པའི་འཇིགས་པ་ཆེན་པོ་ལས་སྐྱོབས་པ་ལྟར་དུ།བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་མཐོང་ཆོས་ཚེ་འདིར་མྱོང་གྱུར་གྱི་ལས་དང་།སྐྱེས་ནས་མྱོང་གྱུར་གྱི་ལས་རྣམས་ཀྱིས་དམྱལ་བར་སོང་ན་ཡང་སྐད་ཅིག་ཡུད་ཙམ་གྱིས་སྒྲོལ་བར་འགྱུར་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ལ་བག་ཡོད་པ་ཅན་རྣམས་ཀྱིས་ཅིས་མི་བསྟེན་ཏེ་བརྟེན་དགོས་སོ།།ལྔ་པ་དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ་ནི།དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས།།སོགས།སྲེག་པར་བྱེད།།ཅེས་པའི་བར་གྱིས་བསྟན།དེ་ཡང་བྱང་ཆུབ་ཀྱི་སེམས་དེས་ནི་དཔེ་དུས་མཐའི་མེས་རྩ་སྦུར་ཕྲ་མོ་བསྲེགས་པ་བཞིན་དུ་མི་དགེ་བཅུ་ལ་སོགས་པའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་མྱོང་བར་མ་ངེས་པའི་ལས་ཀྱི་སྡིག་པ་ཆེན་པོ་རྣམས་དུས་སྐད་ཅིག་གཅིག་གིས་རྩ་བ་དྲུང་ནས་ཕྱུང་ཏེ་ངེས་པར་བསྲེག་པར་བྱེད་དོ།།དྲུག་པ་འདིར་མ་བཤད་པ་གཞན་དུ་ཞལ་འཕངས་པ་ནི།དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག།།བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད།།ཅེས་པས་བསྟན།དེ་ཡང་གོང་དུ་བཤད་པ་དེ་ཙམ་དུ་མ་ཟད་པར་བྱང་ཆུབ་ཀྱི་སེམས་དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག་ནི་རྗེ་བཙུན་བྱམས་པ་མགོན་པོ་བློ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ་མདོ་སྡེ་ཕལ་པོ་ཆེའི་མཇུག་ཏུ་དཔེ་ཉིས་བརྒྱ་དང་སུམ་ཅུ་ལ་སོགས་པའི་སྒོ་ནས་ལེགས་པར་བཤད་ཡོད་པས་དེར་བལྟ་བར་བྱ་དགོས་སོ།།དེ་ཡན་ཆད་ཀྱིས་སེམས་བསྐྱེད་སྤྱིའི་ཕན་ཡོན་བཤད་གྲུབ་ནས།དེ་ནས་གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་འཆད་པ་ལ་གསུམ་སྟེ།དང་པོ།སྨོན་འཇུག་གི་དབྱེ་བའི་ཁྱད་པར་ནི།བྱང་ཆུབ་སེམས་དེ་མདོར་བསྡུས་ན།།སོགས།ཤེས་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་བྱང་ཆུབ་ཀྱི་སེམས་དེ་ལ་དབྱེ་ན་གཅིག་ནས་དྲུག་ཚན་གྱི་བར་དུ་དབྱེ་བ་དང་།ས་མཚམས་ཀྱི་དབྱེ་བ་ཉེར་གཉིས་དང་མི་ཟད་པ་བརྒྱད་ཅུ་ལ་སོགས་པའི་དབྱེ་བ་མང་དུ་ཡོད་ཀྱང་།ཚུར་མདོར་བསྡུས་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ།གཉིས་གང་ཞེ་ན།འབྲས་བུ་ལ་དམ་བཅའ་བ་སྨོན་པའི་སེམས་བསྐྱེད་དང་།རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་གཉིས་སམ།རྒྱལ་སྲས་ཐོགས་མེད་རིན་པོ་ཆེས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ནི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་དང་ནི།སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ་ཞུགས་ཤིང་ལམ་དེ་སྒྲུབ་པར་འདོད་པ་ནི།བྱང་ཆུབ་ཏུ་འཇུག་པའི་སེམས་བསྐྱེད་པ་ཉིད་ཡིན་ནོ།།དེ་གཉིས་ཀྱི་དཔེ་ནི།རྒྱ་གར་ལ་སོགས་ཡུལ་གཞན་དུ་འགྲོ་བར་འདོད་པ་ནི་དེའི་སྨོན་སེམས་དང་།ཡུལ་དེར་ལམ་ལ་ཞུགས་ཤིང་འགྲོ་བ་དངོས་ནི།དེ་ཡི་འཇུག་སེམས་ཡིན་པའི་བྱེ་བྲག་གི་ཁྱད་པར་ཇི་ལྟ་བར་ཤེས་པ་ལྟར་དུ།དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པས་སྨོན་འཇུག་འདི་གཉིས་ཀྱི་བྱེ་བྲག་གི་ཁྱད་པར་ནི།གོང་ལྟར་འགྲོ་བར་འདོད་པ་ལྟ་བུ་སྨོན་སེམས་དང་།འགྲོ་བ་དངོས་ལྟ་བུ་འཇུག་པ་སེམས་བསྐྱེད་གཉིས་ཀྱི་དབྱེ་བའི་ཁྱད་པར་གོང་འོག་གི་དཔེ་དང་དཔེ་ཅན་རིམ་པ་བཞིན་དུ་ཤེས་པར་བྱའོ།།གཉིས་པ་སྨོན་འཇུག་གི་ཕན་ཡོན་གྱི་ཁྱད་པར་ནི།བྱང་ཆུབ་སྨོན་པའི་སེམས་ལས་ནི།།སོགས་ནས།རབ་ཏུ་འབྱུང་།།ཞེས་པའི་བར་གྱིས་བསྟན།དེ་ཡང་བླ་ན་མེད་པ་བྱང་ཆུབ་ཏུ་སྨོན་པའི་སེམས་ལས་ཕན་ཡོན་ནི་འཁོར་བ་ན་གནས་པའི་ཚེ་ནའང་ལྷར་སྐྱེས་ན་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་།མིར་སྐྱེས་ན་འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པ་ཐོབ་པས་ན་འབྲས་བུ་རྒྱ་ཆེ་བ་འབྱུང་བར་འགྱུར་བ་ཡང་དཔེ་ཇི་ལྟར་ན་འཇུག་པའི་སེམས་བསྐྱེད་པ་བཞིན་དུ་བསོད་ནམས་བར་མ་ཆད་པ་དུས་རྒྱུན་ཆགས་སུ་འབྱུང་བ་མིན་ལ་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་པའི་དུས་གང་ནས་བཟུང་སྟེ་སེམས་ཅན་གྱི་ཁམས་མཐའ་ཡས་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་རབ་ཏུ་དགྲོལ་བར་བྱ་བའི་ཕྱིར་དུ་སྨོན་སེམས་ཀྱི་དམ་བཅའ་བའི་ལྕགས་ཀྱུ་དང་པོ་ལ།འཇུག་སེམས་ཀྱི་དམ་བཅའ་བའི་ལྕགས་ཀྱུ་གཉིས་པས་བཟུང་སྟེ་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ཡི་བྱང་ཆུབ་སེམས་ཀྱིས་སྦྱོར་དངོས་རྗེས་གསུམ་དང་ལྡན་པ་རྣམས་སུ་བྱས་ནས།འཇུག་པ་སེམས་བསྐྱེད་དེ་ཡང་དག་པར་རང་རྒྱུད་ལ་བླངས་པར་གྱུར་པ་དུས་དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དེ་ཉིད་ལུས་སེམས་བཟུང་དུ་མི་བཏུབ་པས་གཉིད་ལོག་གམ་རང་བཞིན་དུ་འདུག་པ་ལྟ་བུས་བག་མེད་པར་གྱུར་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསོད་ནམས་ཀྱི་དགེ་བའི་ཤུགས་དེ་ནི།རྒྱུན་མི་འཆད་པ་དུ་མ་མང་པོ་ཞིག་ནམ་མཁའ་འདིས་གང་ལ་ཁྱབ་པའི་སེམས་ཅན་གྱི་གྲངས་དང་མཉམ་པར་རབ་ཏུ་འབྱུང་བར་འགྱུར་རོ།།གསུམ་པ་སྨོན་འཇུག་གི་ཕན་ཡོན་ལུང་རིགས་ཀྱི་སྒོ་ནས་བསྒྲུབ་པ་ལ་གཉིས་ལས།དང་པོ་ལུང་གི་སྒོ་ནས་བསྒྲུབ་པ་ནི།འདི་ནི་འཐད་པ་དང་བཅས་པར།།༴སོགས་ནས།ཉིད་ཀྱིས་གསུངས།།ཞེས་པའི་བར་གྱིས་བསྟན།དེ་ཡང་དམིགས་ཡུལ་གྱི་སེམས་ཅན།སྡུག་བསྔལ་གྱི་རྣམ་གྲངས།བསྐལ་པའི་ཡུན།ཐོབ་བྱའི་འབྲས་བུ་དང་བཞིས་བསམ་ན་སྨོན་འཇུག་གི་བྱང་ཆུབ་སེམས་ཀྱི་ཕན་ཡོན་འདི་ནི་འཐད་པ་བཞི་དང་བཅས་པར།གང་དུ་གསུང་ན་དཀོན་མཆོག་བརྩེགས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་ལག་བཟང་གིས་ནི་ཞུས་པའི་མདོ་ལས་གསུངས་ལ།དགོས་པ་ཅིའི་ཕྱིར་གསུངས་ན་ཐེག་པ་དམན་པ་ལ་མོས་པའི་སེམས་ཅན་ཐེག་པ་ཆེན་པོ་ལ་ཞུགས་པའི་དོན་གྱི་ཕྱིར་དུ་གསུངས་ཤིང་།སུས་གསུངས་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་སོ།།གཉིས་པ་སེམས་དཔའ་རིགས་པས་བསྒྲུབ་པ་ལ་གཉིས་ལས།དང་པོ་སྨོན་སེམས་ཀྱི་ཕན་ཡོན་རིགས་པས་བསྒྲུབ་པ་ནི།སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ།།སོགས་ནས།གཞལ་གྱིས་ལངས།།ཞེས་པའི་བར་གྱིས་བསྟན།དེ་ཡང་།དེད་དཔོན་མཛའ་བོའི་བུ་མོའི་གཏམ་རྒྱུད་ལྟར་འཛམ་བུ་གླིང་གི་སེམས་ཅན་གྱི་ཀླད་པ་གཟེར་བའི་ནད་ཙམ་བསལ་ལོ་སྙམ་དུ་ཕན་སེམས་སྐད་ཅིག་མ་ཙམ་དུ་བསམ་ན་དེ་ཡང་གཞན་ལ་ཕན་འདོགས་པའི་བསམ་པ་དང་ལྡན་ཏེ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་བ་ཡིན་ན་བྱང་ཆུབ་སེམས་དཔའི་སྨོན་པ་སེམས་བསྐྱེད་ཀྱིས་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རེ་རེའི་འཁོར་བ་དང་ངན་སོང་གི་མི་བདེ་བ་དཔག་ཏུ་མེད་པ་བསལ་བར་འདོད་པ་དང་ལྡན་ཅིང་།མཐའ་ཡས་པའི་སེམས་ཅན་རེ་རེའི་རྒྱུད་ལའང་ལམ་དང་འབྲས་བུའི་ཡོན་ཏན་དཔག་མེད་བརྗོད་དུ་མེད་པ་བསྒྲུབ་པར་འདོད་པ་དེ་ནི་བསོད་ནམས་དཔག་མེད་དང་ལྡན་པར་ལྟ་སྨོས་ཀྱང་ཅི་དགོས་སོ།།བྱང་ཆུབ་སྨོན་སེམས་དང་ལྡན་པ་མང་པོ་འཇིག་རྟེན་ན་ཡོད་སྙམ་ན།རང་ལ་བརྩེ་སེམས་ཅན་གྱི་དྲིན་ཆེ་བའི་ཕའམ་ཡང་ན་མ་ཡང་རུང་སྟེ།གཉེན་བཤེས་སུ་ལའང་འདི་འདྲ་བའི་གཞན་ལ་ཕན་པའི་སེམས་ཡོད་དེ་མེད་ལ།གཞན་ཡང་འཇིག་རྟེན་ན་མཁས་པ་འདོད་ཁམས་སུ་ལྷ་དབང་བརྒྱ་བྱིན་དང་དབང་ཕྱུག།།ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱང་རུང་སྟེ་མེད་ལ།དེར་མ་ཟད་གཟུགས་ཁམས་སུ་ལས་དབང་གི་སྟོབས་ཆེ་བའི་ཚངས་པ་ལ་ཡང་སྨོན་སེམས་འདི་ཡོད་དམ་སྟེ་མེད་དོ།།དེར་མ་ཟད་ཕ་མ་དང་ཚངས་པ་བརྒྱ་བྱིན་དྲང་སྲོང་ལ་སོགས་པའི་སེམས་ཅན་དེ་དག་ཉིད་ལ་ད་སྔོན་ཡན་ཆད་དུ་རང་གི་དོན་དུ་བདག་སངས་རྒྱས་ཐོབ་པར་ཤོག་སྙམ་པའི་འདི་འདྲ་བའི་ཕན་སེམས་རྨི་ལམ་དུ་ཡང་མ་རྨིས་ན་གཞན་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་ཤོག་བསམ་པ་ག་ལ་སྐྱེས་ཏེ་སྐྱེ་བར་མི་འགྱུར་རོ།།ཚངས་པ་ལ་སོགས་པའི་སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་མི་འབྱུང་ཞིང་རྨི་ལམ་ཙམ་དུ་རྨིས་མ་མྱོང་བའི་སྨོན་སེམས་ཁྱད་པར་ཅན་ཞིག་བདག་གི་རྒྱུད་ལ་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་ནུས་མཐུས་སྐྱེས་ཏེ་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་སྙམ་པའི་སེམས་ཅན་མ་ལུས་པའི་དོན་དུ་སེམས་བསྐྱེད་པ་གང་ཡིན་པ།བྱང་ཆུབ་སེམས་ཀྱི་རིན་ཆེན་སྲིད་པ་གསུམ་ན་དཀོན་པའི་ཁྱད་པར་ཅན་འདི་ནི་དེ་སྔ་ཡན་ཆད་ན་རང་གི་རྒྱུད་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བ་བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས་སུ་བསམ་པ་ཁྱད་པར་ཅན་ཅིག་འཁྲུངས་པར་ངེས་སོ།།འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དགའ་བའི་རྒྱུ་མཆོག་ཏུ་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ལ།སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སེལ་བའི་བདུད་རྩིར་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་ན་རིན་ཆེན་བྱང་ཆུབ་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཕན་ཡོན་ནི་སོ་སྐྱེ་རྣམས་ཀྱིས་ལྟ་ཅི་འཕགས་པ་རྣམས་ཀྱིས་ཀྱང་ཇི་ལྟར་ན་གཞལ་གྱིས་ལངས་བར་འགྱུར་ཏེ་ཕན་ཡོན་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་ཡོད་པས་ན་གཞལ་གྱིས་མི་ལངས་བར་འགྱུར་རོ།།གཉིས་པ་འཇུག་པ་སེམས་བསྐྱེད་ཀྱི་ཕན་ཡོན་རིགས་པའམ་དཔེས་བསྒྲུབ་པ་ནི།ཕན་པར་བསམ་པ་ཙམ་གྱིས་ཀྱང་།།སོགས་ནས།ག་ལ་ཡོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་།སྨོན་པ་སེམས་བསྐྱེད་ཀྱིས་གཞན་ལ་ཕན་པར་བསམ་པ་ཙམ་གྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ན།འཇུག་པ་སེམས་བསྐྱེད་ཀྱིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བའི་དོན་ཐམས་ཅད་མྱུར་བ་ཉིད་དུ་འགྲུབ་པའི་ཐབས་མཆོག་ཕར་ཕྱིན་དྲུག་ལ་སྦྱོར་ཞིང་བརྩོན་པ་དེ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས།གཞན་དོན་ལ་བརྩོན་པ་འདི་ཕན་ཡོན་ཆེ་བ་ཅི་ཕྱིར་ཡིན་སྙམ་ན།ཁམས་གསུམ་འཁོར་བའི་ཕ་མ་སེམས་ཅན་འདི་རྣམས་ནི་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདོར་བར་འདོད་པའི་སེམས་ཡོད་ཀྱང་།ཉ་ཆུ་དང་འཕྲད་པ་ལྟར་རྒྱུད་མི་དགེ་བ་སྡུག་བསྔལ་གྱི་རྒྱུ་ཉིད་སྒྲུབ་པ་ལ་མངོན་པར་རྒྱུག་ཅིང་དགའ་བ་དང་།འབྲས་བུ་ལྷ་མིའི་བདེ་བ་ལ་སོགས་པ་འདོད་ཀྱང་གཏི་མུག་གི་དབང་དུ་སོང་བས་ན་བ་གྱང་ངོ་ལ་དེད་ཀྱང་མི་འགྲོ་བ་ལྟར་རང་གི་རྒྱུད་ལ་བདེ་བ་སྒྲུབ་མི་ཤེས་པ་དང་མི་མོས་པས་དགྲ་ལྟར་དུ་མི་དགའ་ཞིང་ཅི་ནུས་ཀྱིས་འཇོམས་པར་བྱེད་དོ།།དེའི་ཕྱིར་སེམས་ཅན་གང་དང་གང་ཞིག་བདེ་བ་ཀུན་གྱིས་ཕོངས་པ་ནི་བྱམས་པའི་དམིགས་པ་དང་།སྡུག་བསྔལ་མང་པོ་དང་ལྡན་པ་ནི་སྙིང་རྗེའི་དམིགས་པ་དང་།དམིགས་ཡུལ་དེ་དག་གཉིས་ལ་དམིགས་ནས་བདེ་བ་ཀུན་གྱིས་ཚིམས་པར་བྱེད་པ་བྱམས་པའི་རྣམ་པ་དང་།སྒོ་གསུམ་གྱི་སྡུག་བསྔལ་ཐམས་ཅད་གཅོད་པར་བྱེད་པ་ནི་སྙིང་རྗེའི་རྣམ་པ་ཡིན་ཅིང་།བདེ་སྡུག་གི་རྒྱུ་ལ་བླང་དོར་མི་ཤེས་པའི་རྩ་བ་གཏི་མུག་ཀྱང་ནི་སེལ་བར་བྱེད་པ་དེ་དང་དགེ་བ་མཚུངས་པ་ག་ལ་ཡོད་དེ་མེད་ལ།དེ་འདྲའི་ཕན་འདོགས་པའི་གྲོགས་པོ་མཛའ་བཤེས་ཀྱང་ག་ལ་ཡོད་དེ་མེད་ལ་བྱང་ཆུབ་ཀྱི་སེམས་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཡིན་པས་ན་བསོད་ནམས་དེ་འདྲ་བའང་ག་ལ་ཡོད་དེ་མེད་པས་སོ།།རྩ་བའི་ས་བཅད་གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བསྟན་པ་ནི།ཕན་བཏགས་ལན་ལྡོན་གང་ཡིན་པ།།སོགས་ནས།འབྱུང་གནས་དེ་ལ་སྐྱབས་སུ་མཆི།།ཞེས་པའི་བར་གྱིས་བསྟན།དེ་ཡང་མི་འགའ་ཞིག་ལ་སྡུག་བསྔལ་བའི་དུས་སུ་ཕར་ཕན་བཏགས་ཀྱང་བདེ་བ་དང་ལྡན་པའི་དུས་སུ་ཚུར་ལ་དྲིན་ལན་ལྡོན་པ་གང་ཡིན་པ་དེ་ལྟ་བུ་ཡང་རེ་ཞིག་གི་གནས་སྐབས་སུ་བསྔགས་པར་འོས་པ་ཡིན་ན།བྱང་ཆུབ་སེམས་ལ་ནི་དུས་དང་རྣམ་པ་ཀུན་ཏུ་ཚིག་ཙམ་གྱིས་ཀྱང་མ་བཅོལ་བཞིན་དུ་བདག་དང་གཞན་ལ་རྣམ་ཀུན་དགེ་བས་ལེགས་པར་བྱེད་པ་ཡི་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་བསྔགས་འོས་ཡིན་པར་སྨོས་ཀྱང་ཅི་དགོས།དཔེར་ན།ཡུལ་དམན་པ་འཛམ་བུའི་གླིང་གི་སེམས་ཅན་ཙམ་གྱི་འགྲོ་བ་ཅུང་ཟད་ལ་དུས་དམན་པ་ནར་མའི་ཟས་ཞེས་དུས་རྒྱུན་དུ་ལོ་ཟླ་འགའ་ཞིག་ཙམ་དུ་རྒྱུན་མི་འཆད་པའི་ཟས་སྦྱོར་བ་བྱེད་པ་དང་།དངོས་པོ་དམན་པ་བྱ་རྫོགས་སྐད་ཅིག་རེ་ལ་མགུ་བར་བྱེད་པའི་ཟས་ཙམ་སྦྱིན་པར་བྱེད་པ་དང་།སྦྱོར་བ་དམན་པ་བརྙས་བཅོས་ཁྱད་གསོད་དང་བཅས་ཏེ།ཕན་འདོགས་པ་དམན་པ་ཉིན་ཕྱེད་རེ་ཙམ་ལ་འགྱངས་པར་བྱེད་པ་ཀུན་ལ་ཡང་།དགེ་བ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་འོས་ཡིན་ན།དཔེ་ཅན་གྱི་དོན་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡུལ་ཁྱད་པར་ཅན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྲངས་མཐའ་ཡས་པ་ལ།དུས་ཁྱད་པར་ཅན་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡུན་རིང་པོ་ཉིད་དུ།དངོས་པོ་ཁྱད་པར་ཅན་བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད་པ་སྐུ་མཚན་དཔེ།གསུང་ཚངས་དབྱངས།ཐུགས་རྣམ་མཁྱེན་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་དེ་ཉིད།སྦྱོར་བ་ཁྱད་པར་ཅན་གུས་པ་དང་བཅས་པས་ཡིད་ལ་བསམ་པ་མཐའ་དག་རྫོགས་པར་བྱེད་པ་དེ་ལྟ་བུ་ཕན་འདོགས་པ་ཁྱད་པར་ཅན་དུས་རྟག་ཏུ་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སྐྱེ་བོ་ཡོངས་ཀྱི་བཀུར་འོས་ཡིན་པ་ལྟ་ཞིག་སྨོས་ཅི་དགོས་སོ།།མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་རིས་མེད་དུ་སྦྱིན་པའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་འདྲ་བའི་རྒྱལ་བའི་སྲས་པོ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྦྱིན་བདག་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ལ་གལ་ཏེ་ངན་སེམས་སྐད་ཅིག་མ་གཅིག་ཙམ་དུ་བསྐྱེད་པར་བྱེད་པ་དེ་ནི་ངན་སེམས་བསྐྱེད་པའི་ཡུན་ཐུང་ཚད་སེ་གོལ་གཅིག་གཏོག་པའི་ཡུན་ལ་དུས་མཐའི་སྐད་ཅིག་མ་དྲུག་ཅུ་ཡོད་པས་ན་བསྐལ་པ་དྲུག་ཅུའི་གྲངས་བཞིན་ལ་སོགས་པ་བསྐལ་པ་མང་པོར་ནི་དམྱལ་བར་གནས་པར་འགྱུར་རོ།།ཞེས་ཐུབ་པས་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལ་སོགས་པ་ནས་གསུངས་སོ།།འོན་ཏེ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་ངན་འབྲེལ་བྱས་ཀྱང་འཁོར་བ་མཐའ་ཅན་ཡིན་ན།བཟང་འབྲེལ་བྱས་ན་ཚེ་གཅིག་སངས་རྒྱས་སུ་འགྲོ་བས་ན་བྱང་ཆུབ་སེམས་དཔའ་གང་ཞིག་ལ་ཡིད་རབ་ཏུ་དང་ཞིང་དགའ་སྤྲོ་བྱེད་བཞིན་མཇལ་ན་ཡང་།ཡིད་དང་བར་བྱེད་བཞིན་བལྟས་པས་དེ་ཡི་དགེ་བའི་འབྲས་བུ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མིག་མེད་པར་གྱུར་པ་ལ་མིག་ཟུང་རེ་བྱིན་པ་ལྟ་བུའི་དགེ་བ་དེ་བས་ཀྱང་ལྷག་པར་འཕེལ་བ་མདོ་ལས་གསུངས་སོ།།རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་དོན་དུ་གྱུར་ན་སྲོག་ལ་བབས་པ་ལྟ་བུའི་དོ་གལ་ཆེན་པོས་ཀྱང་མི་མཐུན་ཕྱོགས་ཀྱི་དབང་དུ་མི་འགྲོ་བས་ན་སྡིག་པ་མི་འབྱུང་ཞིང་དངོས་སམ་བརྒྱུད་ནས་རྐྱེན་ངན་གྲོགས་སུ་སོང་སྟེ་ནགས་ཆེན་ལ་མེ་མཆེད་པ་བཞིན་དུ་ཕྱིན་དྲུག་གི་དགེ་བ་ངང་གིས་འཕེལ་བར་འགྱུར་བ་ནི་བདག་ཅག་གི་སྟོན་པ་ཚངས་དཔོན་སྦྱིན་ལ་དཔའ་བའི་སྐྱེ་བ་བཞེས་དུས་སུ་རང་སངས་རྒྱས་ལ་མཆོད་པའི་བར་ཆད་བདུད་མཆོད་སྦྱིན་གྱིས་བྱ་མ་ཐུབ་པར་ཕྱིན་དྲུག་གང་འཕེལ་དུ་སོང་བའི་གཏམ་རྒྱུད་ལྟར་རོ།།རྟེན་བྱང་ཆུབ་སེམས་དཔའ་གང་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་དམ་པ་ནོར་བུ་རིན་ཆེན་ལྟ་བུ་དེ་ཉིད་སྐྱེས་པ་པོ་བྱང་སེམས་དེ་ཡི་སྐུ་ལ་ཞི་བ་ལྷ་བདག་ལ་སོགས་པས་ཕྱག་འཚལ་ཞིང་།བྱང་ཆུབ་སེམས་དཔའ་གང་ལ་གནས་སྐབས་གནོད་པ་བྱས་ཀྱང་མཐར་ཐུག་བྱང་ཆུབ་ཀྱི་བདེ་བའི་ལམ་དང་འབྲེལ་བར་གྱུར་པ་དཔེར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་ཁྲག་གི་སྦྱིན་པ་མཛད་པ་ལ་གནོད་སྦྱིན་ཤ་ཟ་སྤུན་ལྔས་ལོངས་སྤྱད་པས་འཁོར་ལྔ་སྡེ་བཟང་པོར་སྐྱེས་པ་དང་།དྲང་སྲོང་བཟོད་པར་སྨྲ་བའི་སྐུ་ལུས་ལ་ཀ་ལིངྒའི་རྒྱལ་པོ་རྩོད་བྱུང་གིས་ཡན་ལག་ཉིང་ལག་དྲས་ཤིང་དུམ་བུ་མང་པོར་བཅད་པས་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པའི་མཆོག་འཕགས་པ་ཀུན་ཤེས་ཀཽ་ཌི་ཎྱར་གྱུར་པ་ལྟར་དེ་ལྟ་བུའི་བདེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བྱང་ཆུབ་སེམས་དཔའ་དེ་ལ་སྐྱབས་སུ་མཆིའོ།།འོ་ན་གོང་དུ་བྱང་སེམས་ལ་ངན་སེམས་སྐད་ཅིག་རེ་ཙམ་སྐྱེས་པས་བསྐལ་པ་མང་པོར་དམྱལ་བར་འགྲོ་བར་གསུངས་པ་དང་།འདིར་སྐུའི་ཤ་ཁྲག་ལ་ལོངས་སྤྱོད་པ་པོ་རྣམས་ཀྱང་འཁོར་གྱི་ཐོག་མར་སྐྱེས་ཏེ་བདུད་རྩི་བརྙེས་པར་གསུངས་པ་གཉིས་འགལ་ལོ་སྙམ་ན་སྐྱོན་མེད་དེ།གོང་བཤད་དེ་ནི་གདུལ་བྱ་གཞན་ངོས་ནས་ལས་ངན་བསགས་པས་དམྱལ་བར་འགྲོ་ལ།འོག་ཏུ་བཤད་པ་འདི་ནི་བྱང་ཆུབ་སེམས་དཔའི་རང་ངོས་ནས་སྨོན་ལམ་གྱི་སྟོབས་ཀྱིས་འཁོར་དུ་སྐྱེས་པར་གསུངས་པས་འགལ་བ་མེད་དོ།།ལེའུ་དང་པོ་ཕན་ཡོན་གྱི་སྐབས་སུ་ཞལ་རྒྱུན་ནི་བསོད་ནམས་ཀྱི་ཚོགས་བསགས་ན་བསམ་བཟང་བྱང་སེམས་གཉིས་ཕན་ཚུན་རྒྱུ་འབྲས་ལྟ་བུ་ཡིན་པས་ཡང་དང་ཡང་དུ་ཚོགས་བསགས་པ་དང་ཕན་ཡོན་ལེའུའི་ནང་ལྟར་བྱང་སེམས་བསྒོམ་པ་གལ་ཆེ་ལ།མཐར་བྱང་ཆུབ་ཀྱི་སེམས་ལ་ཡིད་ཆེས་ཀྱི་དད་པ་དང་དེ་ནས་དོན་གཉེར་གྱི་འདུན་པ་སྐྱེ་བར་འགྱུར་བས་ན་ཐོག་མར་ཕན་ཡོན་ལེའུ་སྒོམ་པ་གལ་ཆེ་གསུངས་སོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས་ལེའུ་དང་པོ་ཕན་ཡོན་གྱི་སྒོ་ནས་རྫོགས་བྱང་ལ་སྤྲོ་བ་བསྐྱེད་པའི་ལེའུའི་ཟིན་བྲིས་སོ།།ལེའུ་གཉིས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་སྤྱིའི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་ལ།གཞུང་དང་མཚན་གཉིས།དང་པོ་ལའང་སེར་སྣའི་གཉེན་པོར་མཆོད་པ་ཕུལ་བའི་ཡན་ལག།།ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག།།ལམ་ལོག་པ་ལས་སྐྱོབ་པའི་གཉེན་པོ་སྐྱབས་སུ་འགྲོ་བའི་ཡན་ལག།།གཏི་མུག་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས།དང་པོ་ལ།དངོས་སུ་འབྱོར་པའི་མཆོད་པ་དང་།ཡིད་ཀྱིས་སྤྲུལ་པའི་མཆོད་པ།སྨོན་ལམ་སྟོབས་ཀྱིས་མཆོད་པ།བླ་ན་མེད་པའི་མཆོད་པ།བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས།དང་པོ་ལའང་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་དང་།བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་དང་།ལུས་འབུལ་བའི་མཆོད་པ་རྣམ་པ་གསུམ་ལས།དང་པོ་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་ནི།རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར།།༴སོགས།ལེགས་པར་མཆོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་།གོང་དུ་ཕན་ཡོན་གྱི་ལེའུའི་ནང་དུ་བཤད་པ་ལྟར་དུ་ངེས་བཟུང་གི་སྒྲས་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ཉིད་རང་རྒྱུད་ལ་གཟུང་བར་བྱ་བའི་ཕྱིར་དུ་མཆོད་སྙམ་པ་ནི་བསམ་པ་རྣམ་པར་དག་པ།ཆོས་ཉིད་དེ་བཞིན་ཉིད་དང་མཐུན་པར་གཤེགས་པས་ན་དེ་བཞིན་གཤེགས་པ་ཞེས་བྱ་ལ།དེ་ཡང་སྤང་བྱ་རྣམས་སྤངས་པས་དེ་བཞིན་གཤེགས་པ་དང་།རྟོགས་བྱ་རྣམས་རྟོགས་པས་དེ་བཞིན་གཤེགས་པ་དང་།སྤངས་རྟོགས་གཉིས་ལས་སླར་མི་ལྡོག་པར་གཤེགས་པས་ན་དེ་བཞིན་གཤེགས་པ་སངས་རྒྱས་དཀོན་མཆོག་རྣམས་དང་།གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་དང་།གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་བདེན་ཏེ་དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་།རྒྱུད་བླ་མ་ལས།ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི།།སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི།།བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན།།གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས།།ཞེས་གསུངས་པ་ལྟར་དུ་ཐེག་ཆེན་ལ་མོས་པའི་ས་བོན།ཤེས་རབ་ཀྱི་མ།བསམ་གཏན་གྱི་བདེ་བའི་མངལ།སྙིང་རྗེའི་མ་མ་བཞི་དང་ལྡན་པས་ན་སངས་རྒྱས་ཀྱི་སྲས་ཡོན་ཏན་རྒྱ་མཚོ་ཅན་རྣམས་ལ་མཆོད་ཅེས་པ་ནི་ཞིང་དག་པ་ཡིན་ལ།རྒྱུ་བཟང་བ།དངོས་པོ་གཙང་བ།བཀོད་ལེགས་པས་ལེགས་པར་མཆོད་དོ།།ཞེས་པ་ནི་དངོས་པོ་དག་པ་སྟེ་དག་པ་གསུམ་ཡིན་ལ།ཁ་གསགས་ཚུལ་འཆོས།ཐོབ་འཇལ།གཞོག་སློང་།རྙེད་པས་རྙེད་ཚོལ་ཏེ་ལོག་འཚོ་ལྔ་དང་།སེར་སྣས་མ་བསླད་པས་རྒྱུ་བཟང་བ།ས་རྡུལ་དང་རུལ་བ་སོགས་དང་མ་འདྲེས་པས་དངོས་པོ་གཙང་བ་དང་།ཧ་ཅང་མ་གང་བ་དང་།གང་ཆེས་པ་དང་།བོ་བ་དང་།ཡ་ཡོ་ལ་སོགས་མེད་པས་བཀོད་ལེགས་པའོ།།གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི།མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་།།སོགས་ནས།མཐུས་བཞེས་ཤིག།།ཅེས་པའི་བར་གྱིས་བསྟན།དེ་ཡང་གོང་གི་ཤྭ་ལོ་ཀའི་དོན་དག་པ་རྣམ་པ་གསུམ་གྱིས་འོག་གི་མཆོད་པ་ཀུན་ལ་ཁྱབ་ཅིང་རིགས་འགྲེས་ཏེ།ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་ཆུ་དང་ཐང་རི་ལས་སྐྱེས་པའི་མེ་ཏོག་ཇི་སྙེད་པ་དང་།ནས་འབྲས་གྲོ་སྲན་ལ་སོགས་འབྲས་བུ་ཇི་སྙེད་ཡོད་པ་དང་།ཨ་བར་སྐྱུར་གསུམ།ག་པུར་ལི་ཤི་ཛཱ་ཏི་ལ་སོགས་སྨན་གྱི་རྣམ་པ་གང་དག་ཡོད་པ་རྣམས་དང་།ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན་གསེར་དངུལ་མུ་ཏིག་ཤེལ་སྤུག་པདྨ་རཱ་ག་རྡོའི་སྙིང་པོ་ལ་སོགས་པའི་རིན་ཆེན་ཇི་སྙེད་ཡོད་པ་དང་།ལྷ་དང་མིའི་ཆུ་གཙང་མ་ཡིད་དུ་འོང་བ་ཅི་ཡོད་པ་དང་།རི་རབ་རིན་ཆེན་སྣ་བཞི་ལས་གྲུབ་པ་དང་།གསེར་གྱི་རི་བདུན་ལ་སོགས་པའི་རིན་ཆེན་རི་བོ་ཐམས་ཅད་དང་ནི།དེ་བཞིན་དུ་གཅན་གཟན་ལ་སོགས་པའི་འཇིགས་པ་མེད་པས་ན་ནགས་ཚལ་དབེན་ཞིང་ཉམས་དགའ་བ་དང་།སྐྱེ་བོའི་རྒྱུ་འགྲུལ་དང་ཆོམ་རྐུན་ལ་སོགས་པ་མེད་པས་ན་ས་ཕྱོགས་དབེན་ཞིང་ཉམས་དགའ་བ་རྣམས་དང་།ལྗོན་ཤིང་ལ་མེ་ཏོག་གི་རྒྱན་གྱི་སྤྲས་པས་སྤུད་པ་སྟེ་མཛེས་པར་བྱས་པ་དང་།ཤིང་གང་ཞིག་འབྲས་བུ་བཟང་པོས་ཡལ་ག་དུད་པ་སྟེ་འབྲས་བུའི་ལྕིད་ཀྱིས་ཐུར་དུ་དགུག་པ་དང་།ལྷ་དང་ཀླུ་དང་མི་ལ་སོགས་པའི་འཇིག་རྟེན་ན་ཡང་ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་རྣམས་དང་ནི།ཙན་དན་ཤུག་པ་ལ་སོགས་པའི་སྤོས་ཀྱི་ཤིང་དང་།བློས་ཇི་ལྟར་དཔག་ཅིང་བསམ་པ་བཞིན་དུ་འབྱུང་བས་ན་དཔག་བསམ་གྱི་ཤིང་དང་།རིན་ཆེན་གསེར་ལ་སོགས་པ་སྣ་གཅིག་ནས་སྣ་བདུན་པའི་བར་གྱི་རིན་པོ་ཆེའི་རིགས་ལྗོན་ཤིང་མཉེན་ལྕུག་དང་ལྡན་པ།བདེ་བ་ཅན་ལ་སོགས་པའི་ཤིང་ལ་སོགས་པ་རྣམས་དང་།བསྐལ་པ་རྫོགས་ལྡན་གྱི་དུས་དང་བྱང་གི་སྒྲ་མི་སྙན་ལ་སོགས་པ་ན།མ་རྨོས་མ་བཏབ་པར་རང་བཞིན་དུ་འཁྲུངས་པའི་ལོ་ཏོག་གི་རྣམ་པ་རྣམས་དང་།དེ་ལས་གཞན་ཡང་མ་ལ་ཡཱ་ན་ཙན་དན་གྱི་ནགས་ཚལ།ཁ་ཆེའི་ཡུལ་ན་གུར་གུམ་རྩྭ་ལྟར་དུ་སྐྱེས་པ།རྒྱ་མཚོའི་གླིང་ན་ནོར་བུ་རྡོ་ལྟར་དུ་བཀྲམ་པ་ལ་སོགས་པའི་མཆོད་པར་འོས་པའི་རྒྱན་རྣམས་དང་ནི།འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེད་མོས་ཚལ་ན་མཚོ་པདྨས་བརྒྱན་པ་ལྟ་བུ་དང་དབྱར་གྱི་དུས་སུ་རྫིང་བུ་པདྨས་བརྒྱན་པ་རྣམས་དང་།མཚོ་ལ་སོགས་པ་དེ་རྣམས་ཀྱི་ནང་དུ་ངང་སྐྱ།ངང་སེར།ངུར་པ།མཐིང་རིལ་ལ་སོགས་པའི་ཆུ་བྱ་ཤིན་ཏུ་སྐད་སྙན་པ།འགྲོས་མཛེས་པ།དབྱིབས་ལེགས་པ།ལྟ་ན་སྡུག་པ།ཡིད་དུ་འོང་བ་དང་ལྡན་པ་སྟེ་གོང་དུ་བཤད་པའི་མཆོད་པའི་རྣམ་གྲངས་དེ་རེ་རེ་བཞིན་དུ་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བདག་པོས་ཡོངས་སུ་བཟུང་བ་མེད་པའི་མཆོད་པའི་དངོས་པོ་དེ་དག་ཀུན་བདག་གི་ཡིན་ནོ་སྙམ་པའི་བློ་ཡིས་བླངས་ནས་ཐུབ་པ་སྐྱེས་བུ་དམ་པ་རྣམས་ཀྱི་མཆོག་སངས་རྒྱས་རྣམས་དང་།སྲས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་དང་བཅས་པ་རྣམས་ལ་སྒོ་གསུམ་གུས་པས་ལེགས་པར་འབུལ་ན།ཡོན་གྱི་གནས་མཆོག་དམ་པ་ཐུགས་རྗེ་ཆེ་ཞིང་མྱུར་བ་དང་ལྡན་པ་རྣམས་ཀྱིས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ་བདག་གི་མཆོད་པ་འདི་དག་བཞེས་ཤིག།།ཕྱོགས་བཅུའི་ཞིང་དུ་བདག་པོས་མ་བཟུང་བའི་མཆོད་པ་རྣམས་འབུལ་དགོས་པའི་རྒྱུ་མཚན་ནི།འབྱོར་པས་དབུལ་བ་བདག་ནི་བསོད་ནམས་དང་མི་ལྡན་པས་བཀྲེན་ཆེན་ཏེ་སྤྲང་པོས་མཐར་ཐུག་པའི་ཕྱིར་ན་མཆོད་པའི་ནོར་གཞན་ནི་བདག་ལ་ཅང་འགའ་ཡང་མ་མཆིས་པ།དེས་ན་དུས་རྟག་ཏུ་གཞན་དོན་ལ་དགོངས་པའི་མགོན་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མཆོད་པ་འདི་རྣམས་བདག་གི་དོན་གྱི་སླད་དུ་རྒྱལ་བ་སྲས་དང་བཅས་པ་ཉིད་ཀྱི་མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས།ལྷའི་སྙན་གྱིས་གསན།ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས།རྫུ་འཕྲུལ་གྱི་ཞབས་ཀྱིས་བསྐྱོད་དེ།ཐུགས་རྗེ་ཆེན་པོའི་མཐུས་བཞེས་ཤིག།།གསུམ་པ་ལུས་དབུལ་བའི་མཆོད་པ་ནི།རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི།།སོགས་ནས།སླན་ཆད་མི་བགྱིད་དོ།།ཞེས་པའི་བར་གྱིས་བསྟན།དེ་ཡང་གང་ལ་འབུལ་ན།བདུད་བཞིའི་གཡུལ་ལས་རྒྱལ་བས་ན་རྒྱལ་བ་རྣམས་དང་།དེ་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ལ་འབུལ་ལོ།།སུས་འབུལ་ན་བདག་གིས་ནི་འབུལ་བར་བྱ་ལ།ཅི་འབུལ་ན་འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱེ་བ་ལན་ནོ་ཅོག་གི་བདག་གི་ལུས་ཀུན་འབུལ་ལ།དུས་ནམ་བར་དུ་འབུལ་ན་གཏན་བདེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དབུལ་བར་བགྱིའོ།།སེམས་དཔའ་མཆོག་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདག་ནི་ཡོངས་སུ་བཞེས་ཤིག།།སྒོ་གསུམ་གུས་པ་དང་བཅས་པས་རྒྱལ་བ་སྲས་བཅས་ཁྱེད་ཀྱི་འབངས་སུ་མཆི་སྟེ་ཞེས་གཡོག་ཏུ་འགྲོ་བར་བགྱིའོ།།བདག་ནི་རྒྱལ་བ་སྲས་བཅས་ཁྱེད་རྣམས་ཀྱིས་ཐུགས་བརྩེ་བས་ཡོངས་སུ་བཟུང་བར་གྱུར་པས་ན།སྲིད་པ་ཁམས་གསུམ་འཁོར་བའི་གནས་ཀུན་ན་མི་འཇིགས་ཤིང་།དཔེར་ན་ཚ་དམྱལ་གྱི་མེ་གསོད་པ་དང་།གྲང་དམྱལ་གྱི་འཁྱག་གཞུ་བ་དང་།ཡི་དྭགས་བཀྲེས་སྐོམ་ལ་བཟའ་བཏུང་སྟེར་བ་དང་།དུད་འགྲོ་ལ་ཡི་གེ་སློབ་པ་ལ་སོགས་པས་སེམས་ཅན་རྣམས་ལ་ཕན་གདགས་པར་བགྱིད་དོ།།སྔོན་གྱི་སྡིག་པ་རྣམས་ལས་ཡང་དག་པར་འགྱོད་པས་འདའ་བར་བགྱིད་ཅིང་།ཕྱིན་ཆད་སྡིག་པ་གཞན་གང་ཡང་སླན་ཆད་སྡོམ་སེམས་ཀྱིས་སྲོག་ལ་བབས་ཀྱང་མི་བགྱིད་དོ།།གཉིས་པ་ཡིད་སྤྲུལ་གྱི་མཆོད་པ་ལ།ཁྲུས་ཀྱི་སྐུ་ཕྱི་སོགས་ཀྱིས་མཆོད་པ་དང་།ཉེར་སྤྱོད་ཀྱིས་མཆོད་པ་གཉིས་ལས།དང་པོ་ནི།ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ།།སོགས་ནས།བརྒྱན་པར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་རྒྱལ་བ་སྲས་བཅས་ནམ་མཁའི་དབྱིངས་སུ་བྱོན་ལམ་ན།ཁྲུས་ཀྱི་ཁང་པ་རྒྱུ་ཙན་དན་ལས་གྲུབ་པས་ཤིན་ཏུ་དྲི་ཞིམ་པ།སྟེང་ན་གསེར་གྱི་ཅོ་འབེབ་དང་ཕྱོགས་བཞི་ཡོངས་སུ་ར་བས་བསྐོར་བ།འོག་གི་ས་གཞི་ནི་ཤེལ་གྱི་ས་གཞི་མནན་ན་སོར་བཞིས་ནེམ་པ།བཏེག་ན་སོར་བཞི་སྤར་བ།ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ།ནག་ནོག་ལ་སོགས་པའི་དྲི་མ་མེད་པས་ན་གསལ་ཞིང་།འོད་དང་འོད་ཟེར་འབར་བས་འཚེར་བ།སེར་དམར་ལྗང་སྔོ་དཀར་བ་ལ་སོགས་པའི་གྲུ་བཞི་མང་པོ་འཇའ་འགྲིགས་ལྟ་བུའི་བསྒྲིགས་ལེགས་པས་ན་བསྟར་བ།ཕྱོགས་བཞི་ན་ཐེམ་བུ་ཁུངས་དང་བཅས་པ་སྟེང་གི་འགེབས་དང་འོག་གི་ར་བའི་བར་ན་རྩིག་པ་མེད་པས་སྟོང་བ།རིན་པོ་ཆེའི་གོས་སྒྲོག་ཅན།རིན་ཆེན་སྣ་ཚོགས་ཀྱི་འོད་འབར་བའི་ཀ་བ་ཡིད་དུ་འོང་བ་དང་ལྡན་པ།མུ་ཏིག་འོད་ཆགས་པ་རྣམས་ཀྱིས་ཁྲུས་ཁང་གི་ནམ་མཁའ་ལ་བླ་རེ་དང་།ཕྱོགས་བཞིར་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་འཕྱང་འཕྲུལ་བྲེས་པ་དེར་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་རྣམས་དང་དེ་ཡི་སྐུ་གསུང་ཐུགས་ཀྱི་སྲས་རྣམས་ལ།གསེར་དངུལ་ཤེལ་གཡུ་ནོར་བུ་ལ་སོགས་པའི་རིན་ཆེན་རྣམ་པ་སྣ་ཚོགས་ཀྱི་བུམ་པ་མང་པོ་དྲི་བཟང་གི་སྤོས་ཀྱི་ཆུ་ཤིན་ཏུ་དྲི་ཞིམ་པོས་ཧ་ཅང་གང་བ་དང་མ་གང་བ་གཉིས་ཀ་མ་ཡིན་པ་རན་པར་ཡིད་དུ་འོང་བ་ལེགས་པར་བཀང་ཡོད་པ་རྣམས་རྒྱལ་བ་སྲས་བཅས་ཁྲུས་ཁང་ནང་དེར་བཞུགས་མ་ཐག་ཏུ་ན་བཟའ་རྣམས་རིན་པོ་ཆེའི་གོས་སྒྲོག་ལ་བཀལ་ཏེ།ལྷ་མོ་དྲི་ཆབ་མ་རྣམས་ཀྱིས་སྤོས་ཆུའི་བུམ་པ་སྐུ་ལུས་ཀྱི་སྟེང་དུ་ཡོ་བ་དང་མཉམ་དུ་འོད་ཀྱི་འདོད་ཡོན་གྱི་སྣམ་བུའི་སྟེང་དུ།ལྷ་མོ་གླུ་མ་རྣམས་ཀྱིས་རྒྱལ་དང་དེ་སྲས་ལ་བསྟོད་པ་སྣ་ཚོགས་ཀྱི་གླུ་ལེན་པ་དང་ནི་མཉམ་དུ་རོལ་མོ་འབུད་བརྡུང་དཀྲོལ་གསུམ་ཐོགས་པའི་ལྷ་མོ་ཐམས་ཅད་ཀྱིས་རོལ་མོ་སྒྲོགས་པ་དང་བཅས་པ་ནམ་མཁའ་གང་བའི་ལྷ་མོ་དུ་མས་སྐུ་ཁྲུས་གསོལ་བར་བགྱིའོ་སྙམ་པ་དེ་ལྟར་དུ་བསྒོམ་མོ།།དེ་ནས་ཁྲུས་ཁང་གི་འོག་གི་ཕྱོགས་བཞིའི་ཐེམ་བུ་བླངས་ཤུལ་ནས་ཁྲུས་ཆུ་རྣམས་སྣོད་བཅུད་ཀུན་དང་ཁྱད་པར་ངན་སོང་གསུམ་དང་ཡང་དགོས་སུ་མི་མ་ཡིན་སྡེ་བརྒྱད་འབྱུང་པོ་མི་བསྲུན་པ་རྣམས་ལ་ཕོག་པ་ཙམ་གྱིས་བསམ་ངན་སྦྱོར་རྩུབ་ཞི་ནས།བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ལྷང་གིས་སྐྱེས་པར་བསམ་མོ།།རྒྱལ་བ་སྲས་བཅས་དེ་དག་གི་སྐུ་ལ་མི་རྣམས་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གོས་དང་།དེ་ལས་ལྷ་གོང་མ་གོང་མའི་གོས་མཆོག་ཏུ་གྱུར་པས་ན་མཚུངས་པ་མེད་པའི་གོས།ནག་ནོག་གི་དྲི་མ་མེད་པས་གཙང་མ་ལ་སྨན་ཕྱེ་དྲི་ཞིམ་པོ་རབ་ཏུ་བསྒོས་པས་སྐུའི་རླན་གྱི་ཆ་ཐམས་ཅད་བྱི་བདར་བྱས་ཏེ་དག་པར་བསམ་པའོ།།ཁྲུས་དང་སྐུ་ཕྱི་ཟིན་པ་དང་མཉམ་དུ་དེ་ནས་རྒྱལ་བ་སྲས་བཅས་དེ་རྣམས་ཀྱི་སྐུ་ལ་ན་བཟའ་འབུལ་ཚུལ་ལས།དང་པོ་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་ལ།རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད།།སྨན་ཤིང་རྩི་དང་མཐིང་ཤིང་མཚལ།།སིནྡྷུ་ར་དང་གུར་གུམ་སྟེ།།འདི་དག་ཚོན་ཆེན་བརྒྱད་དུ་འདོད།།ཅེས་གསུངས་པས།མི་རུང་ཚོན་ཆེན་བརྒྱད་ཀྱི་ཁ་དོག་སྤངས་པ་དང་།རུང་བའི་ཚོན་གསུམ་ནི།སྔོན་པོ་བཙག་དང་ངུར་སྨྲིག་རྩི།།འདི་དག་རུང་བའི་ཚོན་ཡིན་ནོ།།ཞེས་གསུངས་པ་ལྟར།རུང་བའི་ཚོན་གསུམ་གྱིས་ཁ་དོག་ལེགས་པར་བསྒྱུར་བའི་ཆོས་གོས་བླ་གོས་དང་།ཆོས་གོས་སྣམ་སྦྱར་དང་།ཆོས་གོས་མཐང་གོས་རྣམ་པ་གསུམ་དང་།འཚོ་མཁོ་ལྷག་པའི་ཡོ་བྱད་རྣམས་ཀྱི་ན་བཟའ་ཤིན་ཏུ་དྲི་བཟང་རབ་ཏུ་ཞིམ་པོས་བསྒོས་པ་མཆོག་ཏུ་དམ་པ་འབུལ་བར་བགྱིའོ།།དེ་བཞིན་དུ་ལོངས་སྐུ་ཆགས་ཅན་གྱི་རྣམ་པ་ཅན་ལའང་།ལྷའི་པཉྩ་ལི་ཀའི་གོས་རྒྱུ་བཟང་རབ་ཏུ་སྲབ་ལ་རེག་བྱ་འཇམ་པ།ཁ་དོག་སྣ་ཚོགས་པའི་ཅོད་པན་དང་ཟི་ལྡིར་ཏེ་གཅིག།།དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག་དང་གཉིས།དམར་སེར་ལ་སོགས་པ་སྤེལ་མའི་ཚི་གུས་སྨད་དཀྲིས་དང་གསུམ།དར་དཔྱང་དང་བཞི།དར་ལྗང་གུའི་སྐུ་རེག་སྟེ་དར་གྱི་ཆས་གོས་ལྔ་དང་།རིན་པོ་ཆེའི་དབུ་རྒྱན་དང་གཅིག།།སྙན་རྒྱན་དང་གཉིས།མགུལ་རྒྱན་དང་གསུམ།དཔུང་རྒྱན་དང་བཞི།ཕྱག་གདུབ་དང་ལྔ།སོར་གདུབ་དང་དྲུག།།དོ་ཤལ་ཏེ་ཕྲེང་བ་ཐུང་བ་དང་།སེ་མོ་དོ་སྟེ་ཕྲེང་བ་རིང་བ་གཉིས་གཅིག་ཏུ་བརྩིས་པས་བདུན།ཞབས་གདུབ་དང་བརྒྱད་དེ་རིན་པོ་ཆེའི་རྒྱན་གྱི་མཆོག་བརྒྱ་ཕྲག་མང་པོ་དང་བཅས་ཏེ་གོས་དེ་དང་།རྒྱན་དེ་དག་གིས་འཕགས་པ་ཀུན་ཏུ་བཟང་པོ་དང་།འཇམ་དཔལ་དབྱངས་དང་།འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོགས་ཉེ་བའི་སྲས་ཆེན་བརྒྱད་དང་།ཆོས་འཕགས་པ་དང་།རྟག་ཏུ་ངུ་དང་།སྐལ་བཟང་གི་སེམས་དཔའ་བཅུ་དྲུག་ལ་སོགས་པ་རྣམས་ལའང་བརྒྱན་པར་བགྱིའོ།།དེ་ལྟར་ན་བཟའ་དང་རྒྱན་རྣམས་ཕུལ་བས་སྔར་གྱི་ན་བཟའ་རྙིང་པ་རྣམས་འོད་དམར་པོའི་ཚུལ་གྱིས་རང་གཞན་གྱི་སྨིན་མཚམས་སུ་ཐིམ་པས་སེམས་ཅན་ཐམས་ཅད་ཀྱི་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཐོབ་པར་གྱུར་ཅིག་བསམ་མོ།།གཉིས་པ་ཉེར་སྤྱོད་ཀྱི་མཆོད་པ་རྣམས་ལས།དང་པོ་དྲི་ཆབ་ཀྱི་མཆོད་པ་ནི།སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི།།སོགས་ནས།བྱུག་པར་བགྱིད།།ཞེས་པའི་བར་གྱིས་བསྟན།དེ་ཡང་།འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ནས་འགྲོ་བ་རིས་ལྔ་གླིང་བཞི་གླིང་ཕྲན་བརྒྱད་དང་།འདོད་ལྷ་རིགས་དྲུག་གཟུགས་ཁམས་སུ་ལྷ་ཚངས་པའི་གནས་མན་ཆད་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག།།དེ་འདྲ་བ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས།དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས།དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ།དེ་ན་རི་རབ་དང་གླིང་བཞི་ཉི་ཟླ་ལ་སོགས་པ་དུང་ཕྱུར་བཅུ་རེ་ཡོད་པ་དེ་ལྟ་བུའི་ཕྱོགས་བཅུའི་ཞིང་གི་སྟོང་གསུམ་ཀུན་ཏུ་དྲི་བཟང་གི་ངད་པ་སྟེ་དྲི་ཞིམ་པོ་ཕྱོགས་ཐམས་ཅད་དུ་ལྡང་བ་ཡི་ནི་དྲི་ཞིམ་བཟང་པོ་མཆོག་ཏུ་གྱུར་པ་རྣམས་ཆུ་ཡིད་དུ་འོང་བ་དང་བསྲེས་ནས་དུང་དཀར་གཡས་འཁྱིལ་མང་པོའི་ནང་དུ་བླུགས་པ་དྲི་ཆབ་ཀྱི་ལྷ་མོ་རྣམས་ཀྱིས་ཐོགས་ཏེ་ཐུབ་པའི་དབང་པོ་ཀུན་གྱི་སྐུའི་རྔུལ་ཆུ་འབྱུང་བའི་གནས་རྣམས་ལ་དབྱུགས་ཏེ།སྐུ་དེ་ཡང་།དཔེར་ན་གསེར་ལན་མང་དུ་བཞུས་ནས་སྦྱངས་པ་དང་།སྨན་སྣ་མང་པོའི་ནང་དུ་བཙོས་པས་བཙོ་མ་དང་།ལན་གྲངས་དུ་མར་ཤིན་ཏུ་བྱི་དོར་བྱས་ན་གསེར་མདོག་ཤིན་ཏུ་ལེགས་པ་ལྟར་དུ་རྒྱལ་བ་རྣམས་ཀྱི་སྐུ་དཀྱིལ་མཚན་དཔེ་ཡོན་ཏན་རྒྱ་མཚོའི་འོད་མདངས་ཆགས་ཤིང་བཀྲགས་མདངས་འབར་བ་རྒྱལ་བ་སྲས་དང་བཅས་པ་དེ་དག་གི་སྐུ་ལ་བྱུག་པར་བགྱིའོ།།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་ལས་སྐྱོབས་པར་གྱུར་ཅིག་སྙམ་དུ་བསམ་མོ།།དེ་ནས་མེ་ཏོག་གིས་མཆོད་པ་ནི།ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི།།སོགས་ནས།རྣམས་ཀྱིས་མཆོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་།མེ་ཏོག་གི་མཆོད་པ་རྣམས་གང་ལ་མཆོད་ན།ཐུབ་པའི་དབང་པོ་མཆོད་པའི་གནས་ཀྱི་མཆོག་རྣམས་ལ་མཆོད་དོ།།གང་གིས་མཆོད་ན་ཡིད་དུ་འོང་བའི་མེ་ཏོག་མནྡྷ་ར་བ་དང་མནྡྷ་ར་བ་ཆེན་པོ་དང་པདྨ་དང་པདྨ་ཆེན་པོ་དང་།ཨུཏྤལ་སེར་པོ་དང་དམར་པོ་དང་སྔོན་པོ་དང་རི་དང་ཐང་དང་ཆུ་ལས་སྐྱེས་པ་ལ་སོགས་པའི་མེ་ཏོག་དྲི་ཞིམ་པོ་ཐམས་ཅད་དགེ་སློང་གིས་བཅད་པ་དང་དུག་རིགས་ཀྱི་མེ་ཏོག་མ་ཡིན་པ་རྣམ་པ་མང་པོ་དང་།ཚུལ་ཇི་ལྟར་མཆོད་ན་མེ་ཏོག་དེ་ཐམས་ཅད་ཀྱིས་འཇའ་ཚོན་གྱི་ཁ་དོག་འདྲ་བའི་ཕྲེང་བ་སྤེལ་ལེགས་པ་ཡིད་དུ་འོང་བ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་བ་དན་བླ་རེ་ལ་སོགས་པ་བྱས་པས་མཆོད་དོ།།དེ་ལྟར་ཡང་དཀོན་མཆོག་ཏ་ལ་ལའི་མདོ་ལས།མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་།།མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།།མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས།།བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།།ཅེས་གསུངས་པ་ལྟར་དུ་མཆོད་པར་དམིགས་ཏེ།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་ཀྱི་བློ་ཤེས་རབ་ཀྱི་པདྨོ་ཁ་བྱེ་བར་གྱུར་ཅིག་བསམ་པར་བྱའོ།།དེ་ནས་བདུག་སྤོས་ཀྱི་མཆོད་པ་ནི།སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི།།སོགས་ནས།དེ་ལ་འབུལ།།ཞེས་པའི་བར་གྱིས་བསྟན།དེ་ཡང་།ཙན་དན་དཀར་དམར་དང་ཤུག་པ་ལ་སོགས་པ་རྣམས་ནི་ལྷན་སྐྱེས་དང་།སྤོས་ཀྱི་རིང་བུ་སྦྱར་བྱུང་སྟེ་དེ་གཉིས་ཀྱིས་བསྡུས་པའི་སྤོས་ཀྱི་མཆོག་སྣས་ཚོར་བ་ཙམ་གྱིས་ཡིད་དབང་འཕྲོག་པར་བྱེད་པའི་དྲི་བཟང་གི་ངད་ཞིམ་པོས་ཕྱོགས་ཀུན་ཁྱབ་པ་ཡི་ནི་བདུག་པའི་སྤྲིན་གྱི་དུད་པས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བའི་སྤྲིན་ཕུང་གི་ཚོགས་ཆེན་པོ་རྣམས་ཀྱང་རྒྱལ་བ་སྲས་བཅས་དེ་དག་རྣམས་ལ་དབུལ་བར་བགྱིའོ།།བདུག་སྤོས་ཕལ་ཆེར་བདུག་སྤོས་བླ་བྲེ་སོགས་སྔར་ལྟར་དམིགས་པས་ཕུལ་ཏེ།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག་བསམ་པར་བྱའོ།།དེ་ནས་ཞལ་ཟས་ཀྱི་མཆོད་པ་ནི།ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི།།སོགས་ནས།དབུལ་བར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཞལ་དུ་གསོལ་བའི་ཟས་ཡིན་པས་ན་ཞལ་ཟས།དེ་ལ་བཞི་སྟེ།སྣ་ཚོགས་འབྲས་ཆེན་ཟན་དང་ཤ།།ཕྱེ་དང་འཁུར་བ་བཟའ་བ་ལྔ།།ཞེས་དང་།རྩ་བ་སྡོང་བུ་མེ་ཏོག་འབྲས།།ལོ་མ་ཡང་ནི་བཅའ་བ་ལྔ།།ཞེས་དང་།ཇ་ཆང་འོ་མ་ལ་སོགས་པའི་བཏུང་བ་དང་།།ཀ་ར་བུ་རམ་སྦྲང་རྩི་ལྟ་བུ་ལྡག་མྱོང་སྟེ་མདོར་ན་བཟའ་བཅའ་བཏུང་བ་ལྡག་མྱོང་གི་རིགས་སྣ་ཚོགས་དང་བཅས་པ་ཡི་ནི་ལྷ་བཤོས་ཞེས་རྒྱ་གར་ན་རྒྱལ་པོ་རྣམས་ལ་ལྷ་དང་།དེའི་ཞལ་དུ་གསོལ་བའི་རིགས་ལ་བཤོས་ཞེས་བརྗོད་པས་ན།ཆེན་པོ་ལ་འོས་པའི་གསོལ་ཟས་སྣ་ཚོགས་པས་རིན་པོ་ཆེའི་གཞོང་པ་མང་པོའི་སྣོད་བཀང་སྟེ།ལྷ་མོ་ཞལ་ཟས་ཐོགས་པ་མང་པོ་རྣམས་ཀྱིས་ཀྱང་ཕྱོགས་བཅུའི་ཞིང་གི་རྒྱལ་དང་དེ་སྲས་ཡོངས་ལ་གསོལ་ཚིག་དབུལ་བར་བགྱིའོ་སྙམ་དུ་བསམ་པར་བྱའོ།།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་ཟས་དང་ལྡན་པར་གྱུར་ཅིག་ཅེས་བསྒོམ་མོ།།དེ་ནས་མར་མེའི་མཆོད་པ་ནི།གསེར་གྱི་པདྨ་ཚར་དུ་དངར་བ་ཡི།།སོགས་ནས།དབུལ་བར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་།འོག་གཞིའི་གདན་ཐམས་ཅད་འཛམ་བུའི་ཆུ་གསེར་གྱི་པདྨ་སྤུངས་པའི་རྣམ་པ་ཅན་མང་པོ་གྲལ་ལ་ཤིན་ཏུ་བསྒྲིགས་ལེགས་པས་ན་ཚར་དུ་དངར་བ་ཡི་ནི་རིན་པོ་ཆེ་ནོར་བུ་རྣམས་ཀྱི་འོད་རྒྱང་གྲགས་དང་དཔག་ཚད་ལ་སོགས་པ་གསལ་བའི་སྒྲོན་མེ་དང་དེ་བཞིན་དུ་ཏིལ་ལ་སོགས་པའི་འབྲུ་མར།རྒྱུ་རྩི་བཅུད་ཀྱིས་བསྐྱེད་པའི་འོ་མ་ལས་བྱུང་བའི་རྩི་མར་གྱིས་སྦྱར་བའི་མར་མེའི་ཕྲེང་བ་ཅི་འབྱོར་གྲངས་མེད་པ་རྣམས་ཀྱང་རྒྱལ་དང་དེ་སྲས་རྣམས་ལ་དབུལ་བར་བགྱིའོ།།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་ཀྱི་བློ་མ་རིག་པའི་མུན་པ་སེལ་བར་གྱུར་ཅིག་སྙམ་དུ་བསྒོམ་མོ།།དེ་ལྟར་མར་མེ་འབུལ་སྐབས་སུ་སྲིན་བལ་མ་གཏོགས་ཇོ་རས་ཀྱི་སྡོང་ཐུར་མི་དཀྲི་བ་དང་།སྡོང་ཐུར་ཡང་ཤུག་པ་སོགས་དྲི་བཟང་གི་ཤིང་མ་གཏོགས་སྨྱུག་མས་མི་བྱེད་པ་གལ་ཆེ་གསུངས་སོ།།དེ་ནས་ས་གཞིའི་མཆོད་པ་ནི།ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར།།སོགས་ནས།དགྲམ་པར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་གཞོན་ནུ་མའི་ལག་མཐིལ་ལྟར་མཉམ་པ་ལ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བའི་ས་གཞི་ལྗང་སེར་དམར་དཀར་སྔོ་བ་ལ་སོགས་པའི་ཚོན་མདངས་བསྒྲིགས་ལེགས་པས་ན་བསྟར་བ།དྲི་ཞིམ་པོའི་སྤོས་ཀྱི་ཆུས་ཡོངས་སུ་བྱུག་པ་དེར་མེ་ཏོག་གི་རིགས་མང་པོ་ཡིད་དུ་འོང་བ།ཡུ་བ་ལ་སོགས་པ་མེད་པས་སིལ་མ་མི་འགྲེང་གཅིག་ནས་བདུན་གྱི་བར་དུ་དགྲམ་པས་ཕྱོགས་བཅུ་ཀུན་ན་རི་སོགས་མེད་ཅིང་ཤིན་ཏུ་མཉམ་པའི་ས་གཞི་ཕུན་སུམ་ཚོགས་པ་རྒྱལ་བ་སྲས་བཅས་རྣམས་ལ་དབུལ་བར་བགྱིའོ།།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་ཀྱི་ཡོན་ཏན་གྱི་ས་གཞི་ལ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་འཁྲུངས་པར་བསམ་མོ།།དེ་ནས་གཞལ་མེད་ཁང་གིས་མཆོད་པ་ནི།གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན།།སོགས་ནས།དབུལ་བར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་བློས་གཞལ་དུ་མེད་ཅིང་རྒྱལ་བ་སྲས་དང་བཅས་པ་བཞུགས་པའི་སྐུ་མཁར་ཡིན་པས་ན་ཕོ་བྲང་།འདོད་སྣམ་གྱི་སྟེང་ན་ལྷ་མོ་རྣམས་ཀྱིས་བསྟོད་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པས་དཀོན་མཆོག་གསུམ་ལ་བསྟོད་ཅིང་།མུ་ཏིག་གི་ཕྲེང་བ་ལ་རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་པ་རྣམས་ཀྱིས་དཔལ་བེའུ་དང་ནོར་བུ་ལ་སོགས་པའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་འཕྲུལ་གྱི་རྣམ་པས་མཛེས་ཤིང་འོད་འབར་བ།ཚུར་མཐོང་གི་བློས་དཔག་ཏུ་མེད་པས་ན་དཔག་ཡས་ནམ་མཁའི་དབྱིངས་ཀྱིས་གར་ཁྱབ་ལ་གཞལ་མེད་ཁང་གིས་ཁྱབ་ཅིང་རྒྱན་དུ་གྱུར་པ་དེ་དག་གིས་ཀྱང་གསེར་བུམ་གསེར་གྱི་རང་བཞིན་ཡིན་པ་བཞིན་དུ་སྲས་བཅས་རྒྱལ་བ་རྣམས་ཀྱི་ཐུགས་འགྲོ་ལ་རྟག་ཏུ་བརྩེ་བའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་རྣམས་ལ་དབུལ་བར་བགྱིའོ།།དེ་ལྟར་ཕུལ་བས་སེམས་ཅན་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པར་བསམ་མོ།།དེ་ནས་གདུགས་ཀྱི་མཆོད་པ་ནི།རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན།།སོགས་ནས།དབུལ་བར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་།ནོར་བུ་རིན་ཆེན་མང་པོ་ཕྲེང་བར་བརྒྱུས་པའི་གདུགས་མཛེས་ཤིང་གསེར་གྱི་ཡུ་བ་ཅན་ལ།ཕྱི་ནང་གི་ཁོ་ར་འཁོར་ཡུག་ཐམས་ཅད་དུ་རྒྱན་གྱི་རྣམ་པ་ཡིད་དུ་འོང་བ་མང་པོས་བརྒྱན་ཅིང་།དཔང་ཧ་ཅང་མཐོ་བ་དང་དམའ་བ་གཉིས་ཀ་མ་ཡིན་པས་ན་དབྱིབས་ལེགས་པར།མཐོང་ཚེ་བལྟ་ན་སྡུག་པ་གྱེན་དུ་བསྒྲེང་བ།རང་ལས་སྤྲུལ་པའི་ལྷ་མོ་གྲངས་མེད་པས་གདུགས་ཐོགས་པ་ཕུལ་བའམ།ཡང་ན་གཏི་མུག་ཤས་ཆེ་བ་ལ་སེང་གེ།ཞེ་སྡང་ཅན་ལ་གླང་ཆེན།ང་རྒྱལ་ཅན་ལ་རྟ་མཆོག།།འདོད་ཆགས་ཅན་ལ་རྨ་བྱ།ཕྲག་དོག་ཅན་ལ་ཤང་ཤང་སྟེ།དེ་རྣམས་ཀྱི་སྟེང་ན་གདུགས་གྲངས་མེད་པས་བརྒྱན་པ་ཡང་དུས་རྟག་ཏུ་ཐུབ་པའི་དབང་པོ་སྲས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ།།དེ་ལྟར་ཕུལ་བས་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་གྲིབ་བསིལ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ་མོ།།གསུམ་པ་སྨོན་ལམ་གྱི་མཆོད་པ་ནི།དེ་ལས་གཞན་ཡང་མཆོད་པའི་ཚོགས།།སོགས་ནས།འབབ་པར་ཤོག།།ཅེས་པའི་བར་གྱིས་བསྟན།དེ་ཡང་དངོས་འབྱོར་དང་ཡིད་སྤྲུལ་གྱི་མཆོད་པ་དེ་ལས་གཞན་དུ་ཡང་མཆོད་པའི་ཚོགས་ཀྱི་རྣམ་གྲངས་ནི།འབུད་རྡུང་དཀྲོལ་གསུམ་གྱི་ས་འཛིན་དྲུག་སྐྱེས་བར་མ་ལ་སོགས་པའི་རོལ་མོ་སྙན་པ་དང་།འགྱུར་ཁུག་ཕྲ་སྦོམ་འདེགས་འཇོག་ལ་སོགས་པའི་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ།སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱིས་ཐོས་ན་ཡང་སིམ་པ་སྟེ་བདེ་བར་བྱེད་པའི་རོལ་མོའི་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ཚོགས་རྣམས་རྒྱལ་བ་སྲས་དང་བཅས་པ་སོ་སོའི་སྤྱན་སྔར་ཐུགས་ལ་ཅི་བཞེད་པའི་གནས་སུ་གྱུར་ཅིག།།སྐྱོབ་པ་རྫོགས་པའི་སངས་རྒྱས་དམ་པའི་ཞལ་ནས་གསུངས་པ་དང་།རྗེས་གནང་དང་བྱིན་རླབས་ཀྱི་ཆོས་དཀོན་མཆོག་རིན་པོ་ཆེ་དང་།དམ་པའི་ཆོས་ལ་འཆད་ཉན་བྱེད་པའི་གནས་དང་།འཆད་ཉན་བྱེད་པ་པོ་ལ་སོགས་པ་ཐམས་ཅད་དང་།སྐུ་གདུང་ཆ་བརྒྱད་ཀྱི་རྣམ་པའི་མཆོད་རྟེན་རྣམས་དང་།རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་རིས་སུ་བྲིས་པ་དང་།ལུགས་སུ་བླུགས་པ་དང་།འབུར་དུ་བཏོད་པ་དང་བཅས་པ་ཐམས་ཅད་ལ།རིན་ཆེན་སྣ་ཚོགས་ཀྱི་ཆར་དང་།མེ་ཏོག་སྣ་ཚོགས་ཀྱི་ཆར་པ་དང་།དེ་བཞིན་དུ་བདུག་སྤོས་སྣང་གསལ་ལ་སོགས་པའི་ཆར་པ་དུས་རྟག་ཏུ་རྒྱུན་མི་འཆད་པར་མངོན་སུམ་དུ་འབབ་པར་ཤོག་ཅིག་བསམས་པས།ཚུལ་འཆལ་གྱིས་དེ་ལྟར་བསྒོམ་ན་ཕུལ་བའི་ཕན་ཡོན་འབྱུང་ལ།ཚུལ་ཁྲིམས་དང་ལྡན་པས་བསྒོམ་ན་དངོས་སུ་འབབ་སྟེ་སྤྱན་སྔར་འབྱུང་བར་གསུངས་སོ།།བཞི་པ་བླ་ན་མེད་པའི་མཆོད་པ་ནི།ཇི་ལྟར་འཇམ་དབྱངས་ལ་སོགས་པས།།སོགས་ནས།བཅས་རྣམས་མཆོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་གོང་གི་མཆོད་པའི་དངོས་པོ་དེ་རྣམས་དཔེ་ཇི་ལྟར་ན་འཇམ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པས་རྒྱལ་བ་རྣམས་ལ་མཆོད་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་གཤེགས་པ་མགོན་པོ་རྫོགས་པའི་སངས་རྒྱས་ཐམས་ཅད་དང་།རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ལ་མཆོད་པར་བགྱིའོ།།ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི།ཡོན་ཏན་རྒྱ་མཚོ་རྣམས་ལ་བདག།།སོགས་ནས།འབྱུང་བར་ཤོག།།ཞེས་པའི་བར་གྱིས་བསྟན།དེ་ཡང་གང་ལ་བསྟོད་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡོན་ཏན་གངས་ཆེན་གྱི་རྒྱ་མཚོ་ཅན་གྱི་མངའ་བདག་རྣམས་ལ་བསྟོད་དོ།།སུས་བསྟོད་ན་བདག་གིས་བསྟོད་ལ།ཚུལ་ཇི་ལྟར་བསྟོད་ན་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་རེ་རེའི་སྤྱན་སྔར་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ཏེ།ལུས་རེ་རེ་ལ་མགོ་དཔག་ཏུ་མེད་པ་དང་།མགོ་རེ་རེ་ལའང་ལྕེ་དཔག་ཏུ་མེད་པ་དང་།ལྕེ་རེ་རེས་ཀྱང་བསྟོད་དབྱངས་དཔག་ཏུ་མེད་པ་བྱེད་པ་དང་།བསྟོད་པ་རེ་རེའི་དབྱངས་ཀྱི་ཡན་ལག་ལའང་འགྱུར་ཁུག་ཕྲ་སྦོམ་འདེགས་འཇོག་ལ་སོགས་པའི་རྣམ་པ་མང་པོ་བསམ་གྱིས་མི་ཁྱབ་པ་དཔག་མེད་བཞི་དང་ལྡན་པའི་བསྟོད་ཚོགས་རྒྱ་མཚོས་བསྟོད་པར་བགྱི་སྟེ།བསྟོད་པའི་དབྱངས་སྙན་པོའི་སྤྲིན་གྱིས་ནམ་མཁའི་དབྱིངས་ཀུན་ཁྱབ་སྟེ་རྒྱལ་བ་སྲས་བཅས་དེ་དག་གི་སྤྱན་སྔར་བསྟོད་སྤྲིན་རྣམས་ལས་མངོན་སུམ་དུ་ངེས་པར་འབྱུང་བ་དང་དུས་རྣམ་པ་ཀུན་ཏུ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག།།ཅེས་སོ།།དེ་ཡན་ཆད་ཀྱིས་མཆོད་པ་འབུལ་བའི་ཡན་ལག་དང་པོ་སོང་ནས།གཉིས་པ་གུས་པའི་ཕྱག་གི་མཆོད་པ་ནི།དུས་གསུམ་གཤེགས་པའི་སངས་རྒྱས་ཀུན།།སོགས་ནས།བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ།།ཞེས་པའི་བར་གྱིས་བསྟན།དེ་ཡང་འདས་པའི་དུས་ཀྱི་རྒྱལ་བ་གཤེགས་ཟིན་པ་དང་།མ་འོངས་པའི་དུས་ཀྱི་རྒྱལ་བ་གཤེགས་པར་འགྱུར་བ་དང་།ད་ལྟའི་དུས་ཀྱི་རྒྱལ་བ་གཤེགས་བཞིན་པ་སྟེ།དུས་གསུམ་དུ་བྱོན་བཞུགས་འབྱོན་གྱུར་གྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཀུན།དེ་རྣམས་ཀྱི་ཞལ་ནས་གསུངས་པ་ལ་སོགས་པའི་ཆོས་དང་།འབྲལ་བ་མེད་པ་ཚོགས་ཀྱི་མཆོག་དགེ་འདུན་དང་བཅས་པ་རྣམས་ལ་ཕྱོགས་དུས་ཞིང་གི་རྡུལ་སྙེད་ཀུན་གྱི་གྲངས་སྙེད་ཀྱི་རྣམ་པར་སྤྲུལ་པའི་ལུས་བསམ་གྱིས་མི་ཁྱབ་པས་བཏུད་དེ་གུས་པ་དང་བཅས་པས་ནི་བདག་གིས་ཕྱག་འཚལ་ལོ།།བྱང་ཆུབ་སེམས་རིན་པོ་ཆེ་ཉིད་ཀྱི་འབྱུང་བའི་གཞི་ནི།རྫོགས་པའི་སངས་རྒྱས་བྱོན་བཞུགས་སོགས་ཀྱི་གནས་རྣམས་ཡིན་ཏེ།ཚིགས་བཅད་བཞི་པ་ལས།དེ་བཞིན་གཤེགས་པ་བཞུགས་པ་དང་།།འཆག་པ་དང་ནི་བཞེངས་པ་དང་།།སེང་གེ་ལྟ་བུར་གཟིམ་པ་ཡི།།གནས་དེ་ལ་ནི་བདག་ཕྱག་འཚལ།།ཞེས་གསུངས་པ་ལྟར་དང་།དེ་བཞིན་དུ་ཐེག་པ་ཆེན་པོའི་སྡེ་སྣོད་འཆད་ཉན་མཛད་པའི་གནས་རྣམས་དང་།སྐུ་གདུང་ཆ་བརྒྱད་ཀྱི་རྣམ་པར་བཞུགས་པའི་མཆོད་རྟེན་རིས་སུ་བྲིས་པ་དང་།ལུགས་སུ་བླུགས་པ་དང་།འབུར་དུ་བཏོད་པའི་ཕྱག་མཆོད་པའི་རྟེན་རྣམས་ལ་བདག་གིས་ཕྱག་འཚལ་ལོ།།རང་ལ་བསླབ་ཚིག་གསུམ་གང་རུང་སྦྱིན་པའི་སོ་ཐར་ལུགས་ཀྱི་མཁན་པོ་དང་།དེ་བཞིན་དུ་ལས་ཀྱི་སློབ་དཔོན་དང་གཞན་ཡང་བྱ་བ་སྔ་མ་མི་དགེ་བ་བརྟུལ་ཞིང་ཕྱི་མ་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་ལམ་ལ་ཞུགས་པའི་སྐྱེས་བུ་དམ་པ་མཆོག་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།ཀུན་མཁྱེན་ཀློང་ཆེན་པས།ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི།།འཆར་ཀའི་པདྨ་ཁ་འབུས་ཕྱེ་འདྲ་བའི།།ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས།།ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ།།ཞེས་གསུངས་པ་དེ་ལྟར་ཕྱག་འཚལ་བའི་ཚེ་ཡང་ལུས་དྲང་པོར་བསྲངས་ཏེ་ལག་གཉིས་པདྨ་ཁ་འབུས་པའི་ཚུལ་གྱིས་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ཏེ།རྒྱལ་བ་སྲས་དང་བཅས་པའི་སྐུ་ལ་ཕྱག་འཚལ་ལོ།།རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་།མ་བྱིན་པ་ལེན་པ་དང་།མི་ཚངས་པར་སྤྱད་པ་ལ་སོགས་པ་ལུས་ཀྱི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་སྟེ།དབུའི་གཙུག་ཏོར་འགྲུབ་པར་གྱུར་ཅིག།།ཐལ་མོ་མགྲིན་པར་སྦྱར་ཚེ་རྒྱལ་བ་སྲས་དང་བཅས་པའི་གསུང་ལ་ཕྱག་འཚལ་ལོ།།རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ལ་སོགས་པའི་སྒྲིབ་པ་དག་སྟེ།གསུང་དབྱངས་ཀྱིས་ཕྱོགས་བཅུའི་ཞིང་ཀུན་ཁྱབ་པའི་གསུང་ཆོས་ཀྱི་དུང་འགྲུབ་པར་གྱུར་ཅིག།།ཐལ་མོ་སྙིང་གར་སྦྱར་ཚེ་རྒྱལ་བ་སྲས་དང་བཅས་པའི་ཐུགས་ལ་ཕྱག་འཚལ་ལོ།།རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི་སྒྲིབ་པ་དག་སྟེ།ཐུགས་ཀ་དཔལ་གྱི་བེའུ་དང་།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག།།དཔྲལ་བ།ལག་མཐིལ་གཉིས།པུས་མོ་གཉིས་ཏེ་ལུས་ཀྱི་མ་ལྔ་ས་ལ་ཕབ་པའི་ཚེ་ན།རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ཕྱག་འཚལ་ལོ།།རང་གཞན་ཐམས་ཅད་ཀྱི་ཕུང་པོ་ལྔ་དང་ཉོན་མོངས་དུག་ལྔའི་སྒོ་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་སྟེ།སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག་སྙམ་དུ་བསམ་པར་བྱ་དགོས་གསུངས་སོ།།གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི།བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།།སོགས།དེ་བཞིན་སྐྱབས་སུ་མཆི།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཐེག་དམན་ལས་ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་གསུམ་ལྡན་གྱིས་འཕགས་ཏེ།དང་པོ་དུས་ཀྱི་ཁྱད་པར་ནི།ཐེག་དམན་གྱིས་ནི་གནས་སྐབས་ཇི་སྲིད་འཚོའི་བར་དང་།མཐར་ཐུག་ཉན་རང་གི་འབྲས་བུ་ཐོབ་པའི་བར་དུ་སྐྱབས་སུ་འགྲོ་ལ།ཐེག་ཆེན་པ་རྣམས་ཀྱིས་ནི་ཕྱིའི་བྱང་ཆུབ་སྙིང་པོར་ནི་ཞེས་པ་རྒྱ་གར་རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆིས་ཏེ་ཞེས་འགྲོ་བའི་བར་དང་།དེ་ནས་བྱང་ཆུབ་ཤིང་ལ་སྐུ་རྒྱབ་གཏད་དེ་སྐྱིལ་ཀྲུང་གིས་བཞུགས་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དང་།ནང་གི་བྱང་ཆུབ་སྙིང་པོ་རིག་པ་བདེ་གཤེགས་སྙིང་པོ་སྒྲིབ་གཉིས་དྲི་མ་དང་བྲལ་ཏེ་མངོན་པར་སངས་རྒྱས་པའི་དུས་ཀྱི་བར་དུ་སྐྱབས་སུ་འགྲོ་བའོ།།གཉིས་པ་ཡུལ་གྱི་ཁྱད་པར་ནི།ཐེག་དམན་པ་རྣམས་ནི།སངས་རྒྱས་ཆོས་སྐུ་དང་།ཆོས་འགོག་བདེན་དང་།དགེ་འདུན་ཉན་རང་གི་རྒྱུན་ཞུགས་དང་།ཕྱིར་འོང་དང་།ཕྱིར་མི་འོང་དང་།དགྲ་བཅོམ་སྟེ་སྐྱེས་བུ་ཟུང་བཞི་དང་།དེ་རེ་རེ་ལའང་ལམ་ལ་ཞུགས་པ་དང་།འབྲས་བུ་ལ་གནས་པ་གཉིས་རེ་ཕྱེ་བས་གང་ཟག་ཡ་བརྒྱད་ལ་སྐྱབས་སུ་འགྲོ་བའི་ཡུལ་དུ་བྱེད་ལ།ཐེག་ཆེན་པ་ལྟར་ན་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་རྣམས་ལ་དུས་འདི་ནས་བཟུང་སྟེ་རྫོགས་སངས་རྒྱས་པའི་བར་དུ་བློ་ཕ་ལ་མི་དྲི།གྲོས་མ་ལ་མི་བྱེད།ཐག་རང་གིས་མི་གཅོད་པར་ཅི་མཛད་ཁྱེད་ཤེས།བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་སུ་མཆིའོ།།འགོག་ལམ་གཉིས་ཀྱིས་བསྡུས་པའི་ཆོས་དང་།རྒྱལ་སྲས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡི་ནི་ཚོགས་འཕགས་པའི་དགེ་འདུན་དང་བཅས་པ་རྣམས་ལའང་གོང་དུ་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་བཞིན་དུ་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།།གསུམ་པ་བསམ་པའི་ཁྱད་པར་ནི།ཐེག་དམན་རྣམས་རང་དང་།གླིང་བཞི་དང་།སྟོང་གསུམ་ཙམ་གྱི་སེམས་ཅན་གྱི་དོན་དུ་སྐྱབས་སུ་འགྲོ་ལ།ཐེག་ཆེན་པ་རྣམས་ཀྱིས་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བའི་ཕྱིར་དུ་སྐྱབས་སུ་འགྲོའོ།།དེ་ལྟ་བུའི་སྐྱབས་འགྲོ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཉིས་ལས།དང་པོ་རྒྱུ་ཡི་སྐྱབས་འགྲོ་ནི།གཞན་རྒྱུད་ལ་བྱོན་ཟིན་པའི་སངས་རྒྱས་ལ་སྟོན་པ།ཆོས་ལ་ལམ།དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་ཀྱི་ཚུལ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་།གཉིས་པ་འབྲས་བུའི་སྐྱབས་འགྲོ་ནི་ད་ལྟ་ལམ་བསྒྲུབ་པས་མ་འོང་པ་ན་མཐར་ཐུག་གི་དཀོན་མཆོག་གསུམ་པོ་དེ་རང་རྒྱུད་ལ་འགྲུབ་འདོད་ཀྱི་སྨོན་པས་སྐྱབས་སུ་འགྲོ་བ་དང་།འབྲས་སྐྱབས་འདི་དང་སྨོན་སེམས་གཉིས་ཀྱི་ཁྱད་པར།སློབ་དཔོན་བསོད་ནམས་རྩེ་མོས།སྨོན་སེམས་ལ་ངེས་པར་དམ་བཅའ་བ་ཞིག་དགོས་པས།དམ་བཅའི་ལྕགས་ཀྱུའི་གཞན་དབང་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡིན་ནོ་གསུངས།ཀུན་མཁྱེན་ཀློང་ཆེན་པས།འབྲས་སྐྱབས་རང་དོན་དང་།སྨོན་སེམས་གཞན་དོན་ལ་དམིགས་པའི་ཁྱད་པར་ཡིན་ནོ་གསུངས་སོ།།སྐྱབས་འགྲོའི་བསླབ་བྱ་ལ་སོགས་ནི་རྒྱས་པར་ཤེས་དགོས་སོ།།བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ།བཤགས་ཡུལ་མངོན་དུ་བྱ་བ་དང་།བཤགས་པ་དངོས་བཤད་པ་གཉིས་ལས།དང་པོ་ནི།ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི།།སོགས་ནས།གསོལ་བ་ནི།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཕྱོགས་མཚམས་སྟེང་འོག་བཅུ་རྣམས་ཀུན་ན་བཞུགས་པ་ཡི་ནི།རྫོགས་པའི་སངས་རྒྱས་ཐམས་ཅད་དང་།བྱང་ཆུབ་སེམས་དཔའ་ཐུགས་ལ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་སྡིག་བཤགས་ཀྱི་ཞུ་གསོལ་འབུལ་བ་འདི་ལ་ནི།རྒྱལ་བ་སྲས་དང་བཅས་པས་མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས།ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས།རྫུ་འཕྲུལ་གྱི་ཞབས་ཀྱིས་གཤེགས།ལྷའི་སྙན་གྱིས་གསན་ཏེ་རང་མདུན་ནམ་མཁར་མངོན་སུམ་དུ་བཞུགས་པར་བསམ།གཉིས་པ་བཤགས་པ་དངོས་བཤད་པ་ལ།གཉེན་པོ་སྟོབས་བཞི་ལས།དང་པོ་སུན་འབྱིན་པའི་སྟོབས་ནི།ཐོག་མ་མེད་ལྡན་འཁོར་བ་ནས།།སོགས་ནས།བདག་གིས་ཇི་ལྟར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཐོག་མ་མེད་པའི་དུས་དང་ལྡན་པའི་འཁོར་བ་འདིར་འཁྱམས་པ་ནས་བཟུང་སྟེ།ཚེ་རབས་ཀྱི་སྐྱེ་བ་འདིའམ་སྐྱེ་བ་སྔོན་མ་གཞན་དག་ཏུ་ཡང་བདག་གིས་མ་འཚལ་ཞིང་མ་ཤེས་པའི་དབང་གིས་སྡིག་པ་རང་གིས་བགྱིས་པའམ།གཞན་རྣམས་ལའང་སྡིག་པ་བགྱིད་དུ་སྩལ་བ་སྟེ་བྱེད་དུ་བཅུག་པ་ཉིད་དང་ནི།དགེ་སྡིག་ལ་བླང་དོར་མི་ཤེས་པའི་གཏི་མུག་དང་།ཉོན་མོངས་པའི་དབང་དུ་སོང་སྟེ་འཁྲུལ་པས་བདག་རབ་ཏུ་ནོན་ཏེ་གཞན་གྱིས་སྡིག་པ་བགྱིས་པ་ལ་དགའ་བས་རྗེས་སུ་ཡི་རང་གར་བགྱིས་པ་དེ་ཡིས་སྡིག་པ་མཉམ་དུ་ཐོབ་པ་ཡིན་ཏེ།མངོན་པ་མཛོད་ལས།དམག་ལ་སོགས་པ་དོན་གཅིག་ཕྱིར།།ཐམས་ཅད་བྱེད་པ་པོ་བཞིན་ལྡན།།ཞེས་གསུངས་པ་ལྟར།སྡིག་པ་གཅིག་གིས་ཀྱང་སྡིག་པ་མང་པོར་འཕེལ་བྱེད་ཡི་རང་གི་ནོངས་པ་སྟེ་ཉེས་པ་དེ་ལ་སོགས་པ་ཐམས་ཅད་ལ་ནི་ཉེས་པར་མཐོང་བར་བགྱིས་ནས།ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་བསམ་པ་ཐག་པས་མགོན་པོ་རྒྱལ་བ་སྲས་བཅས་ལ་བཤགས་སོ།།ཁྱད་པར་དུ་བདག་གིས་རྒྱལ་བའི་སྐུ་རྟེན་བཤིགས་པ་དང་བཙོང་བ་ལ་སོགས་པ་སངས་རྒྱས་དཀོན་མཆོག་ལ་བརྟེན་པའི་སྡིག་པ་དང་།ཆོས་སྨྲ་བའི་ཆ་རྐྱེན་འཕྲོག་པ་དང་།ཆོས་ལ་ལར་བཟང་པོར་འདུ་ཤེས།ལ་ལ་ལ་ནི་ངན་པར་འདུ་ཤེས་ཏེ་དམ་པའི་ཆོས་སྤང་བ་དང་།ཆོས་ཀྱི་གླེགས་བམ་བཤིགས་པ་དང་།བཙོང་བ་དང་གཏའ་མར་འཇོག་པ་སོགས་ཆོས་དཀོན་མཆོག་ལ་བརྟེན་པའི་སྡིག་པ་དང་།དགེ་འདུན་འདུ་བའི་སྒོ་འཕྲོག་ཞེས་དགེ་འདུན་གྱི་སྤྱི་རྫས་སོགས་འཕྲོག་པ་དང་།ངན་སྨྲས་སྐུར་འདེབས་བརྡུང་བརྡེག་འཕྲོག་བཅོམ་ལ་སོགས་པ་བྱས་པ་ནི་དགེ་འདུན་དཀོན་མཆོག་ལ་བརྟེན་པའི་སྡིག་པ་དང་།དེ་ལྟ་བུའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གནོད་འཚེའི་བསམ་པས་སྡིག་པ་བྱས་པ་དང་ནི་དྲིན་ཅན་ཕ་མ་ལ་གནོད་པར་བྱས་པའམ་ཡོན་ཏན་ཅན་གྱི་བླ་མ་གཞན་དག་ལ་གནོད་པ་བྱས་པ་སོགས་དེ་ལྟ་བུའི་མཆོག་དམན་གྱི་ཡུལ་ཐམས་ཅད་ལ་བསམ་པ་ངན་པ་ཉོན་མོངས་པ་རྣམས་ཀྱི་སྒོ་ནས་ལུས་ཀྱི་སྲོག་གཅོད།མ་བྱིན་བླངས་དང་།མི་ཚངས་སྤྱོད་སོགས་བྱས་པ་དང་།ངག་གིས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་།ཡིད་ཀྱིས་བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི་གནོད་པ་བགྱིས་པ་གང་ལགས་པ་ཚེ་རབས་མང་པོའི་ཉེས་པ་དུ་མས་སྐྱོན་སྣ་ཚོགས་བྱས་པ་རང་རྒྱུད་ལ་ཆགས་པའི་སྡིག་པ་ཅན་བདག་གིས་སྡིག་པ་བསམ་གྱིས་མི་ཁྱབ་པ་བྱས་པ་གང་དང་གང་ཤིན་ཏུ་མི་བཟད་པ་ཞེས་ཡིད་ལ་དྲན་མི་སྤོབས་པ་དང་ཁ་རུ་བརྗོད་མི་ནུས་པ་བགྱིས་པ་དེ་དང་དེ་ཐམས་ཅད་འགྲོ་བའི་འདྲེན་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཞེ་ཐག་པ་ནས་བཤགས་སོ།།བདག་གིས་ནི་ད་ལྟ་ཉིད་དུ་སྡིག་པ་དེ་རྣམས་བཤགས་དགོས་ཏེ།འཆི་ཆུས་ལ་སྡིག་བཤགས་འདི་ལས་གལ་ཆེན་མེད་པར་ཤེས་ཏེ་སྡིག་པ་བཤགས་ཐབས་སུ་འཆི་བ་མི་རྟག་པ་དྲན་པ་ནི།རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཐུགས་བློ་གནང་པར་གསུངས་པས་ན་སྡིག་པ་མ་བྱང་བར་དེའི་སྔོན་དུ་འགུམ་པར་ཞེས་འཆི་བར་འགྱུར་དུ་མཆི་ན་དམྱལ་བ་ངན་སོང་ལས་འགྲོ་བ་མེད་པས་ན་ཐབས་ཇི་དང་ཇི་ལྟར་དུ་སྡིག་པ་འདི་ལས་ངེས་པར་ཐར་བར་ད་ལྟ་ཉིད་དུ་མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ་བར་ཞུའོ།།བློ་གཏད་མེད་པར་ཡིད་བརྟན་དུ་མི་རུང་བའི་འཆི་བདག་འདི་ནི།ཁང་པ་ལ་སོགས་པའི་བྱ་བའི་མགོ་བརྩམས་ཏེ་བྱས་པ་སྡོད་དབང་མེད་པ་དང་།ད་བཟོད་བྱ་བ་གང་བྱེད་སྙམ་པས་མ་བྱས་པ་རྣམས་མི་སྡོད་པས་ན།ན་བ་རྣམས་དང་མི་ན་བ་ཀུན་གྱིས་ཀྱང་གར་མཁན་གྱི་ལག་པ་དང་གློག་གི་ཟློས་གར་ལྟ་བུའི་གློ་བུར་གྱི་ཚེ་སྐད་ཅིག་མ་འདི་ལ་ཡིད་གཏད་བྱས་ཀྱང་མི་བརྟན་པས་འཆི་བའི་ནང་པར་ལུས་སེམས་སྐད་ཅིག་མ་འབྲལ།བློ་ལྷག་རི་རབ་ཙམ་མང་པོ་ལུས་ནས།ཚེ་འདིའི་ལོངས་སྤྱོད་ཐམས་ཅད་ཤུལ་དུ་བསྐྱུར་ནས་བོར་ཏེ་ཆ་དགོས་ཞེས་འགྲོ་དགོས་པར་བདག་གིས་དེ་ལྟར་དུ་མ་ཤེས་པས་ན།ཕ་མ་ཉེ་འབྲེལ་ལ་སོགས་པ་མཛའ་བའི་དོན་ལ་དམིགས་ནས་ཆགས་ཞེན་གྱི་དབང་གིས་སྡིག་པ་བྱས་པ་དང་།ལུས་སེམས་ལོངས་སྤྱོད་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལ་སོགས་མི་མཛའ་བའི་དགྲ་བོའི་དོན་གྱི་ཕྱིར་དུ་ཞེ་སྡང་གི་དབང་དང་།བླང་དོར་མི་ཤེས་པའི་གཏི་མུག་ལ་སོགས་པའི་སྡིག་པ་རྣམ་པ་སྣ་ཚོགས་བྱས་ཀྱང་འདུས་བྱས་ཀྱི་མཐར་མི་མཛའ་བའི་དགྲ་རྣམས་ཀྱང་མེད་པར་འགྱུར་ཞིང་མཛའ་བ་དང་ཉེ་འབྲེལ་རྣམས་ཀྱང་མེད་པར་འགྱུར་ལ།དེ་ལྟར་མཛའ་བཤེས་ཐམས་ཅད་ཀྱིས་ཀྱང་བདེ་སྡུག་གང་དག་བྱུང་ཚེ་ཟ་གྲོགས་ཙམ་མ་གཏོགས་ཕན་པ་གང་ཡང་མེད་དེ།རྗེ་མི་ལས།སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན།ཞེས་གསུངས་པ་དང་།དེར་མ་ཟད་བདག་ཉིད་ཀྱང་ནི་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས་ཏེ་མེད་པར་འགྱུར་བ་ལ་བསམས་ཏེ།དེ་བཞིན་དུ་འདུས་བྱས་འདི་རྣམས་ཐམས་ཅད་ནི།མཐོན་པོའི་མཐའ་མ་ལྟུང་བ་དང་།།འདུས་པའི་ཐ་མ་འབྲལ་བ་དང་།།བསགས་པའི་ཐ་མ་འཛད་པ་དང་།།སྐྱེས་པའི་ཐ་མ་འཆི་བ་སྟེ།།མི་རྟག་མཐའ་བཞིས་བསྡུས་པ་ཡིན་གྱི།མདོ་སྡེ་འཛངས་བླུན་ལས།མི་རྟག་ཐམས་ཅད་ཟད་པར་འགྱུར།།མཐོ་བ་དེ་ཡང་མཐར་ལྟུང་ངོ་།།འདུ་བ་ཡོད་ན་འབྲལ་བར་འགྱུར།།སྐྱེ་བ་ཡོད་ན་འཆི་བར་འགྱུར།།ཞེས་གསུངས་པ་ལྟར།འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ནི་མེད་པར་འགྱུར་རོ།།སྔོན་ཆད་བདེ་སྐྱིད་དགའ་བ་ལ་སོགས་པ་ཅི་བྱུང་བ་ཐམས་ཅད་འཆི་ཁར་སྡུག་བསྔལ་གྱི་སྣོན་མར་གྱུར་ཏེ་བྱ་སྤྱོད་ཐམས་ཅད་དཔེར་ན།རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་བདེ་སྡུག་ལ་སོགས་པའི་དངོས་པོ་གང་དང་གང་ལ་ལོངས་སྤྱད་པ་དེ་དང་དེ་ཐམས་ཅད་སེམས་ལ་དྲན་པའི་ཡུལ་དུ་འགྱུར་བ་ཙམ་ལས།སྔོན་ཆད་འདས་པ་ཐམས་ཅད་མཐོང་བར་མི་འགྱུར་རོ།།ཚེ་རབས་ཀྱི་ཕྲེང་བ་གཞན་ཐམས་ཅད་ཕར་ཞོག་དང་རེ་ཞིག་ད་ལྟའི་གསོན་པོའི་ལུས་རྟེན་གྱི་ཚེ་འདི་ཉིད་ལའང་མཛའ་བའི་གཉེན་དང་།མི་མཛའ་བའི་དགྲ་དུ་མ་ནི་འདས་ཏེ་ཤི་བ་ཁོ་ན་ཡིན་ཏེ།དགྲ་གཉེན་དེ་དག་གི་དོན་དུ་ཆགས་སྡང་ལ་སོགས་པ་བྱས་པའི་སྡིག་པ་མི་བཟད་པ་ཞེས་མ་རུངས་པ་གང་ཡིན་པ་རྣམས་ནི་མདུན་ན་སྟེ་སྡིག་པ་བྱས་པའི་འབྲས་བུ་སྔོན་དུ་གནས་ཤིང་ཚེ་འདིའི་སྣང་བ་འགགས་མ་ཐག་ཏུ་ཕྱི་མའི་གནས་སུ་དཔེར་ན་ལྕགས་སྲེག་གི་ས་གཞི་དང་མཚོན་ཆ་སྣ་ཚོགས།དམྱལ་ཟངས་དང་ཁྲོ་ཆུ་ཁོལ་མ་ལ་སོགས་པ་ཐམས་ཅད་དཔོན་ཆེན་ལ་སྒར་གྲལ་བསྒྲིགས་པ་ལྟར་སྡིག་པས་སྔོན་བསུ་ཕྱི་མའི་གནས་སུ་སོང་ཟིན་པ་དེ་ལྟར་དུ་བདག་གི་གློ་བུར་བ་ཞེས་ཚེ་ཕྱི་མ་དང་སང་གི་ཉི་མ་གཉིས་གང་སྔ་མི་ཤེས་པ་ཞག་གཅིག་གི་མགྲོན་པོ་དང་ཚོང་པས་གནས་ཚང་ལ་བདག་གཟུང་བྱས་པ་ལྟར་རང་དབང་མེད་པར་གར་འགྲོ་དང་གར་འོང་ངེས་མེད་བྲལ་བ་དང་མཐོང་བ་ཕྱིན་ཆད་མཉམ་དུ་འདུས་པ་མེད་པ་ཡས་མར་གྱི་མགྲོན་པོ་སོ་སོར་གྱེས་པ་ལྟ་བུ་ཡིན་ཏེ།ཇི་སྐད་དུ།ཚོང་དུས་མགྲོན་པོ་ཚོང་ཟིན་ནང་པར་གྱེས།།གསུངས་པ་ལྟར་འདིར་སྣང་སྐད་ཅིག་མ་རྟག་བརྟན་མེད་པ་འདི་བདག་གིས་རྟོགས་པར་མ་གྱུར་པས་ན་རྒྱུ་འབྲས་ལ་བླང་དོར་མི་ཤེས་པའི་གཏི་མུག་དང་།རང་ཕྱོགས་ལ་ཆགས་པ་དང་།གཞན་ཕྱོགས་ལ་ཞེ་སྡང་གི་དབང་གིས་སྡིག་པ་རྣམ་པ་དུ་མ་བྱས་ཏེ།དེ་ཡང་སྡིག་པ་ལ་འགྱོད་པ་སྐྱེད་བྱེད་འཆི་བ་མི་རྟག་པ་དྲན་ཏེ་མི་རྟག་པ་ཞག་གྲངས་བཅད་ནས་སྒོམ་དགོས་པའི་ཕྱིར་ཉིན་དང་མཚན་དུ་སྡོད་པ་ཡོད་པ་མེད་པར་ཚེ་འདི་ནི་དུས་རྟག་ཏུ་གོད་པ་སྟེ་ཟད་པར་འགྱུར་ཞིང་།ལྟག་ཆུ་བཅད་པའི་རྫིང་བུ་བཞིན་དུ་ཚེ་ལ་སྣོན་པ་གུད་ནས་སམ་ལོགས་ནས་འོང་བ་མེད་ན།བདག་ཉིད་དང་བདག་ལྟ་བུའི་སེམས་ཅན་གཞན་ཡང་འཆི་བར་ཅིས་མི་འགྱུར་ཏེ་ཉི་མ་ནུབ་རིར་སྙེགས་པ་དང་ཆུ་བོ་རྒྱ་མཚོར་འབབ་པ་བཞིན་དུ་ནམ་འཆི་ཆ་མེད་ཡིན་པས་སོ།།འཆི་བའི་དུས་ལ་བབ་ཚེ་བདག་ཉིད་ནི་མལ་ས་ན་འདུག་བཞིན་དུ།ཕ་མ་ལ་སོགས་པའི་གཉེན་དང་མཛའ་གཅུག་ཡིད་མཐུན་ལ་སོགས་པའི་མཛའ་བཤེས་ཀུན་གྱིས་བདག་གི་མཐའ་བསྐོར་ཏེ་བསྡད་ཀྱང་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་ཤིན་ཏུ་ཚབས་ཆེ་བ་སྲོག་འཆད་པ་ཡི་ཚོར་བ་དག་ནི་གཉེན་བཤེས་སུས་ཀྱང་སྡུག་བསྔལ་མྱོང་གྲོགས་མི་བྱེད་པར་བདག་ཉིད་གཅིག་པུས་འཆི་ཁའི་སྡུག་བསྔལ་རྣམས་ནི་དུས་གཅིག་ལ་མྱོང་བར་འགྱུར་བ་དེ་ལྟ་བུ་ཡིན་པས།དེ་ཕྱིར་མི་རྟག་པ་བསྒོམ་སྟེ།བཅོམ་ལྡན་འདས་ཀྱིས།འདུ་ཤེས་ཐམས་ཅད་ཀྱི་ནང་ནས་འཆི་བའི་འདུ་ཤེས་སྒོམ་པ་མཆོག་ཡིན་ནོ།།ཞེས་སོགས་གསུངས་པ་དེ་བཞིན་དུ་ལུས་སེམས་སོ་སོར་འབྲལ་ཏེ་ཚེ་ཕྱི་མའི་ལམ་པོ་ཆེར་འཆི་བདག་གཤིན་རྗེའི་ཕོ་ཉས་ཟིན་ཏེ་ཁྲིད་འགྲོ་བའི་དུས་ལ་བབ་པ་ལ་ནི་ཕ་མ་ལ་སོགས་པའི་གཉེན་གྱིས་ཀྱང་ཅི་ཕན།དེ་བཞིན་དུ་མཐོན་པོའི་ཐོབ།དཔའ་བའི་དཔུང་།མཛེས་མའི་གཟུགས།མགྱོགས་པའི་བང་ལ་སོགས་པ་གང་གིས་ཀྱང་མི་ཕན་ཏེ་སྔོན་ཆད་མཐོ་དམན་དྲག་ཞན་བཙན་ཕྱུག་ལ་སོགས་པ་ཤི་བ་མཐོང་བ་ལྟ་བུ་ཡིན་པས་ན།འཆི་བའི་དུས་ལ་བབ་པ་དེའི་ཚེ་ན་སྲོག་གཅོད་སྤངས་པས་ཚེ་རིང་བ་དང་།མ་བྱིན་པ་ལེན་པ་སྤངས་པས་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཆེ་བ་ལ་སོགས་པ་ལྟ་བུར་ཡིན་པས་དམ་པའི་ཆོས་བསྒྲུབས་པའི་བསོད་ནམས་ཉག་གཅིག་སྐྱབས་གཅིག་པུ་ཡིན་ནའང་དེ་ལྟ་བུའི་བསོད་ནམས་ཀྱི་སྐྱབས་དེ་ཡང་བདག་གིས་རྩེ་གཅིག་ཏུ་རང་རྒྱུད་ལ་མ་བསྟེན་པས་སྐྱབས་མེད་མགོན་མེད་དུ་གྱུར་ཏོ།།ད་ནི་མགོན་པོ་རྒྱལ་བ་སྲས་དང་བཅས་པ་ཐུགས་རྗེ་ཅན།རང་གི་ཉེས་ལྟུང་ལ་འཛེམས་པར་བྱ་མི་ནུས་ཤིང་བག་མེད་དུ་གྱུར་པ་བདག་གིས་ནི་འཆི་བའི་འཇིགས་པ་ཤིན་ཏུ་སྡུག་བསྔལ་བ་འདི་འདྲ་བ་ཡོད་པ་མ་ཤེས་ཤིང་མ་འཚལ་ནས།རང་ལ་རང་དབང་ཡོད་དུས་དྲན་དགོས་རྒྱུའི་འཆི་བ་མི་རྟག་པ་ནི་མ་དྲན་པར།དྲན་མི་དགོས་རྒྱུའི་སྐད་ཅིག་ཀྱང་མི་རྟག་པ་ཚེ་འདིའི་ཆེད་ཁོ་ན་དག་ཏུ་ལྟོ་གོས་དང་དགྲ་འདུལ་གཉེན་སྐྱོངས་ལ་སོགས་པའི་དོན་དུ་སྡིག་པ་མང་པོ་ཉེ་བར་བསྒྲུབས་ཟིན་པས་ད་ལྟ་སྡིག་པ་དེ་རྣམས་བཤགས་མ་ནུས་ན་འཆི་ཁར་བྲང་ལག་འཐབ་བྲང་སེན་རྗེས་ཀྱིས་བཀང་སྟེ་འཆི་ཙ་ན།ཕོ་ལ་སྐྱེས་འདུན་མ་མ་ལེགས་པ་ཡིན་ཏེ།རྗེ་མི་ལས།མི་སྡིག་ཅན་འཆི་བ་མཐོང་ཙ་ན།།ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡོད།།ཅེས་གསུངས་པ་ལྟར་ཡིན་པས་རང་དབང་ཡོད་དུས་སུ་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པས་བཤགས་ཐབས་གལ་ཆེའོ།།དེ་ལྟར་མ་ནུས་ན་འཆི་བའི་སྡུག་བསྔལ་ཁོ་ནར་མ་ཟད།ཤི་རྒྱབ་སྤྱིར་འགྲོ་དྲུག་གི་སྡུག་བསྔལ་དང་སྒོས་དམྱལ་བའི་སྡུག་བསྔལ་བཟོད་བླག་མེད་པ་མྱོང་དགོས་སྟེ།དཔེར་ན་ད་ལྟའི་དུས་སུ་སྐྱེ་བོ་ཁྲིམས་དང་འགལ་བ་ཞིག་སོར་མོ་ལྟ་བུའི་ཡན་ལག་ཙམ་གཅོད་པའི་སར་དེ་རིང་ཁྲིད་པ་ནའང་ཤིན་ཏུ་སྐྲག་ཅིང་བྲེད་པར་འགྱུར་ཏེ།སྐད་ཆ་སོགས་བཤད་མི་ནུས་པར་ཁ་ཡང་སྐམ་ཤིང་།མགོ་ལྤགས་ཀུན་གཉའ་ལྟག་སུ་འདུས་ཏེ་མིག་ལ་འདུག་རྒྱུ་མེད་པར་མིག་རྩ་རིག་རིག་ཏུ་བྱེད་པས་ན་མིག་རྩ་ངན་པ་ལ་སོགས་ཏེ།སྔ་མ་རང་ཐད་དུ་ཡོད་པ་དང་མི་འདྲ་བར་དེ་ལས་གཞན་དུ་སྤྱོད་ལམ་ཐམས་ཅད་འགྱུར་བར་སྣང་བ་དེ་ལྟ་བུ་ཡིན་ན།ཤི་བའི་དུས་སུ་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས་ཏེ་འགྲོ་བའི་ཚེ་ན་འཆི་བདག་གཤིན་རྗེའི་ཕོ་ཉ་སྐྲ་སྤྱི་བོར་བཅིངས་པ།མིག་ཤེལ་མིག་ཏུ་ཡོད་པ།གསུས་པ་ཆེ་བ།ལག་ན་ཁྲམ་ཤིང་ཐོགས་པ།ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་པ།ཉྭ་ཤ་ཀུན་འགྱར་འགྱུར་དུ་ཡོད་པ།མཐོང་བ་ཙམ་གྱིས་སྙིང་རྩ་འདར་བ།འཇིགས་སུ་རུང་བ།འཇིགས་ཤིང་རྔམ་པ་དེ་ལྟ་བུའི་ཤ་ཚུགས་ཅན་གྱིས་ཟངས་ལྕགས་ཀྱི་སྡེར་མོས་བཟུང་སྟེ་སྤུ་གྲིའི་ཐང་ཚེར་མའི་ལམ་སོགས་ལ་ཁྲིད་དེ་རང་དབང་སྤུ་རྩེ་ཙམ་ཡང་མེད་པའི་དུས་ལ་བབ་པར་གྱུར་ཅིང་།མཐོང་ཚད་གཤིན་རྗེ།ཐོས་ཚད་རྒྱོབ་སོད།དྲན་ཚད་སྡུག་བསྔལ།རེག་ཚད་མེ་མཚོན་ལ་སོགས་པའི་འཇིགས་པ་ཆེན་པོའི་ནད་ཀྱིས་ཐེབས་པར་གྱུར་པ་དེའི་ཚེ་རབ་ཏུ་ཉམ་ཐག་ཅིང་སྔ་མ་གསོན་པོའི་དུས་ལས་གཞན་དུ་འགྱུར་བར་སྣང་བ་ནི་སྨོས་ཅི་དགོས་ཏེ།འཛམ་བུའི་གླིང་པའི་མི་ཞིག་གིས་དམྱལ་བའི་སེམས་ཅན་སྡུག་བསྔལ་མྱོང་བ་ཞིག་མཐོང་ན་ཁ་ནས་ཁྲག་ཚ་བ་སྐྱུགས་ཏེ་འཆི་བར་གསུངས་པ་དང་།ཀུན་དགའ་བོའི་ཚ་བོ་གཉིས་ཀྱིས་དགེ་འདུན་གྱི་རྫས་ལ་བག་མེད་དུ་སྤྱད་ཅིང་ཆོས་ལ་ཐོས་བསམ་སོགས་མ་བྱས་པའི་ཚེ་ན།འཕགས་པ་མཽ་གལ་གྱི་བུ་ཆེན་པོས་རྫུ་འཕྲུལ་གྱིས་དམྱལ་བ་བསྟན་པ་ཚ་བོ་གཉིས་ཀྱིས་སྔ་དྲོའི་དུས་སུ་དམྱལ་བ་དྲན་ཚེ་ཟས་ཟ་མི་ཕོད་པ་དང་།ཕྱི་དྲོའི་དུས་སུ་དྲན་ན་ཟས་ཟོས་པ་ཀུན་སྐྱུགས་ཏེ་ལུས་ལ་མི་ཆགས་པ་ལ་སོགས་པའི་ལོ་རྒྱུས་དང་།གཞན་ཡང་དམྱལ་བ་རི་མོར་བྲིས་པ་མིག་གིས་མཐོང་བ་དང་།དམྱལ་བའི་ལོ་རྒྱུས་བརྗོད་པ་རྣ་བས་ཐོས་པ་ལ་སོགས་པའང་ཤིན་ཏུ་འཇིགས་ཤིང་སྐྲག་པའི་གནས་ཡིན་ན།སྡིག་པའི་སྡུག་བསྔལ་གྱི་རྣམ་སྨིན་དངོས་སུ་ཉམས་སུ་མྱོང་བ་ལ་ནི་སྡུག་བསྔལ་ཆེ་བར་སྨོས་ཅི་དགོས་ཏེ།འཕགས་པ་ཀླུ་སྒྲུབ་ཀྱིས།དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་།།དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་།།འཇིགས་པ་བསྐྱེད་པར་བགྱིད་ན་མི་བཟད་པའི།།སྡུག་བསྔལ་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ།།ཞེས་གསུངས་པ་ལྟར་ཡིན་པས་ན་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་།འཆི་བའི་ནད་ཀྱིས་ཐེབས་ཚེ་སྔར་ནད་མེད་པའི་ཚེ་འཕགས་པའི་དགེ་འདུན་སོགས་ལ་དད་པ་དང་དག་སྣང་ཅི་ཡང་མེད་སྟེ་འབར་ཤ་སྐུར་འདེབས་ཁོ་ན་བྱེད་པ་ཞིག་ཡིན་ནའང་ད་གཟོད་འཆི་བ་ལ་སྐྲག་ནས།བླ་མ་དང་སྨན་པ།མོ་མ་དང་གཏོ་བ་ལ་སོགས་པ་སུ་ཞིག་གིས་འཆི་བའི་འཇིགས་པ་ཆེན་པོ་འདི་ལས་བདག་ལེགས་པར་སྐྱོབ་པར་བྱེད་ནུས་པར་འགྱུར་བ་ཡོད་དོ་ཞེས་སྐྲག་ཅིང་ངོ་ལ་བྲེད་ཤ་ཞེས་སྐྲག་པའི་ཉམས་ཐོན་པའི་མིག་བགྲད་ཅིང་བལྟས་ནས་ཕྱོགས་བཞིར་འཆི་བའི་སྐྱབས་དག་ཚོལ་བར་བྱེད་ཀྱང་།བླ་མ་དང་སྨན་པ་ལ་སོགས་པ་ཀུན་གྱིས་ཀྱང་ནད་པ་འཆི་བར་ཤེས་ནས་རང་ཡུལ་དུ་འགྲོ་བ་རང་ཉིད་ཀྱིས་ཀྱང་ཤེས་ནས་ཕྱོགས་བཞིར་འཆི་བ་ལ་སྐྱབས་མེད་པར་མཐོང་བར་གྱུར་ནས་བློ་ནི་མི་བདེ་ཞིང་།དེ་ནས་དུས་དང་རྣམ་པ་ཀུན་ཏུ་ཡི་མུག་ཁོ་ན་ལྡང་བར་འགྱུར།རྒྱུ་མཚན་དེའི་ཕྱིར་ན།ཕོ་མོ་རང་མདོ་ཆེ་ཆུང་ད་རེས་ཤེས།གསུངས་པ་ལྟར།རིན་པོ་ཆེ་གསེར་གླིང་དུ་སླེབས་དུས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་སོགས་ཅི་ནུས་ལ་འབད་དགོས་ཏེ།འཆི་དུས་ཀྱི་གཏད་སོ་ཞིག་ད་རེས་འགྲུབ་དགོས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་།མགོན་པོ་འོད་དཔག་མེད་ལ་གསོལ་བ་བཏབ་སྟེ་ཟབ་ལམ་འཕོ་བའི་གདམས་ངག་སྒོམ་པ་དང་།དགེ་སྒྲུབ་སྡིག་སྤང་སོགས་ལ་འབད་དེ་འཆི་ཁར་མི་འགྱོད་པ་ཞིག་དགོས་མ་གཏོགས།སྤྱིར་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་དང་།སྒོས་བླ་མ་དང་སེར་མོ་བ་ཞིག་བྱས་པ་ལ་དོན་ཞིག་ཡོད་དགོས་ཏེ།དེ་ལྟར་ཅི་ཡང་མེད་ནས་འཇིག་རྟེན་ཚེ་འདི་ཁོ་ན་ལ་གཡེང་བའི་དབང་དུ་སོང་ན་རྒྱལ་པོ་ཨཽ་ཊི་ཡ་ན་རང་གི་སྲས་གཙུག་ཕུད་ཅན་གྱིས་བཀྲོངས་པ་དང་།རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་རང་གི་སྲས་མ་སྐྱེས་དགྲས་བགྲོང་བའི་གཏམ་རྒྱུད་ལྟར་འཆི་བའི་གནས་དེར་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་སྐྱབས་གཞན་ཅི་ཡང་ཡོད་པ་མ་ཡིན་པས་ན།འཆི་བའི་དུས་ལ་བབ་པ་དེའི་ཚེ་ན་བདག་གིས་ཇི་ལྟར་བྱ་སྟེ་ཅི་ཡང་ཐབས་མེད་དོ།།དེ་བས་ད་ལྟ་ཉིད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དགོས་ཏེ།སུན་འབྱིན་སྟོབས་ཀྱི་ངོ་བོ་འགྱོད་པ་ཡིན་པར་གསུངས་སོ།།གཉིས་པ་རྟེན་གྱི་སྟོབས་ནི།དེ་བས་རྒྱལ་བ་འགྲོ་བའི་མགོན།།སོགས་ནས།བསལ་དུ་གསོལ།།ཞེས་པའི་བར་གྱིས་བསྟན་ཏེ།དེ་ཡང་རང་དབང་ཡོད་དུས་སུ་དམ་པའི་ཆོས་རྣམ་དག་གཅིག་མ་འགྲུབ་ན་འཆི་བའི་དུས་ལ་བབ་ཚེ་སྐྱབས་མེད་མགོན་མེད་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུ་ཡིན་ཕྱིར།།དེ་བས་ན་ད་ལྟ་ཉིད་དུ་བདུད་བཞིའི་གཡུལ་ལས་རྒྱལ་བས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ནི་མ་ལུས་འགྲོ་བའི་སྐྱབས་མགོན་དུ་གྱུར་ཅིང་།གཞན་དོན་ལ་བསྐུལ་མ་དགོས་པར་འགྲོ་བ་ཐམས་ཅད་སྐྱོབ་པའི་དོན་ཉག་གཅིག་ལ་བརྩོན་པར་མཛད་པ།སྟོབས་བཅུའི་སྟོབས་དང་ལྡན་པས་ན་སྟོབས་ཆེན།དབང་བཅུའི་དབང་གིས་མཚན་ཅིང་མི་འཇིགས་པའི་ཡོན་ཏན་བཞི་དང་ལྡན་པས་ན་འཁོར་བའི་འཇིགས་པ་ཀུན་སེལ་བའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་རྣམས་ལ།བློ་ཕ་ལ་མི་འདྲི།གྲོས་མ་ལ་མི་བྱེད།ཐག་རང་གིས་མི་གཅོད་པར།ཅི་མཛད་ཁྱེད་ཤེས་བློ་གཏད་མིང་བསྐྱུར་གྱི་སྒོ་ནས་ཉི་མ་དེ་རིང་ཉིད་ནས་སྐྱབས་སུ་མཆིའོ།།སྐྱོབས་པ་སངས་རྒྱས་དེ་ཡི་ཐུགས་སུ་ཆུད་པའི་འགོག་ལམ་གྱིས་བསྡུས་པའི་ཆོས་རིན་པོ་ཆེ་འཁོར་བའི་སྡུག་བསྔལ་དང་ངན་སོང་གི་འཇིགས་པ་ཀུན་སེལ་བའི་བདག་ཉིད་ཅན་དུ་བཞུགས་པ་དང་།ཐེག་པ་ཆེན་པོའི་དགེ་འདུན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་ཡང་།ཉི་མ་དེ་རིང་ནས་སངས་རྒྱས་ལ་བློ་ཐག་ཆོད་གྱིས་སྐྱབས་སུ་སོང་བ་དེ་བཞིན་དུ་ཁ་ཞེ་ངོ་ལྐོག་མེད་པར་ཡང་དག་པར་སྐྱབས་སུ་མཆིའོ།།ལར་རྐྱེན་ཅི་ཞིག་གི་འཆི་མི་ཤེས་པས་དེ་རིང་ཉིད་ནས་བློ་ཐག་ཆོད་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གལ་ཆེའོ།།བདག་ནི་འཁོར་བའི་སྡུག་བསྔལ་དང་འཆི་བའི་འཇིགས་པས་དུས་དང་རྣམ་པ་ཀུན་ཏུ་ཤིན་ཏུ་སྐྲག་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་བདག་ཉིད་འབུལ་ལོ།།དེ་བཞིན་དུ་གང་ལ་འབུལ་ན་རྗེ་བཙུན་འཇམ་པའི་དབྱངས་ལ་སོགས་པ་ལའང་འབུལ་བར་བགྱིའོ།།སུས་འབུལ་ན་བདག་ཉིད་ཀྱིས་འབུལ་བར་བགྱི་ལ།དངོས་པོ་ཅི་འབུལ་ན་བདག་གི་ལུས་འདི་དབུལ་བར་བགྱིའོ།།ནང་གི་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་གཟིགས་པ་དང་།ཕྱིའི་མཛད་བཟང་གི་སྤྱོད་པ་རྒྱ་མཚོས་གཞན་དོན་ལ་དགྱེས་པ་གཉིས་མ་འཁྲུལ་ཞིང་ཕན་ཚུན་འཆོལ་བ་མེད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་མགོན་པོ་དེ་ལ་ཡང་སྐྱེ་ཤིའི་འཇིགས་པས་ཉམ་ཐག་ཅིང་སྨྲེ་སྔགས་ཀྱི་གདུང་ཤུགས་དྲག་པོའི་ང་རོས་འོ་དོད་འབོད་ཅིང་གསོལ་བ་འདེབས་པ་ལགས་ན།བཅས་པ་དང་རང་བཞིན་གྱི་སྡིག་པ་དང་ལྡན་པ་བདག་ལ་མྱུར་བ་ཉིད་དུ་སྐྱབ་ཏུ་གསོལ་ཞེས་ཞུའོ།།སྡིག་ལྟུང་ཐམས་ཅད་མཚན་ཐོས་པ་ཙམ་གྱིས་འདག་པའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་དང་།སྐྱེ་འཁྲུང་གི་ལོ་ཏོག་ལ་སོགས་པ་དང་འབྲུ་བཅུད་འཕེལ་བར་བྱེད་པའི་ལྷ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དག་དང་ནི།ལས་ངན་གྱི་སྒྲིབ་པ་རྣམ་པར་སེལ་བར་མཛད་པས་སྒྲིབ་སེལ་དང་།བྱམས་པ་ཆེན་པོས་འགྲོ་ལ་བུ་བཞིན་དགོངས་པས་རྗེ་བཙུན་བྱམས་མགོན་ལ་སོགས་པའི་ཉེ་བའི་སྲས་ཆེན་རྣམས་དང་།བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེ་བའི་མགོན་པོ་ཐམས་ཅད་ལ་གཏན་གྱི་སྐྱབས་སུ་འཚོལ་ཞིང་སྙིང་ཐག་པ་ནས་གདུང་བས་འོ་དོད་འབོད་པ་ལ་གསན་ནས་བསྐྱབ་པར་མཛད་དུ་གསོལ།ཕྱག་ན་རྡོ་རྗེ་གང་ཞིག་མཐོང་ནས་འཆི་བདག་གཤིན་རྗེ་ཡི་ནི་ཕོ་ཉ་ཁྭ་ཏ་རྡོ་རྗེའི་མཆུ་ཅན།བྱ་རྒོད་འདབ་འཇིག་ཁྱི་དང་གཅན་གཟན་ལས་མཁན་ལ་སོགས་པ་དམྱལ་བའི་སེམས་ཅན་ལ་ཤིན་ཏུ་ཞེ་སྡང་བ་དེ་རྣམས་ཀྱང་།སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ་ཞེས་བྲོས་ཏེ་འཐོར་བར་བྱེད་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བསྣམས་པ་ཅན་དེ་ལ་ཉི་མ་དེ་རིང་ཉིད་ནས་སྐྱབས་སུ་མཆིའོ།།ད་སྔོན་ཡན་ཆད་ལ་ནི་རྒྱལ་བ་སྲས་བཅས་ཁྱེད་ཀྱི་བཀའ་ལས་འདས་ཏེ་དགེ་སྡིག་ལ་སྤང་བླང་མ་བྱས་པའི་དབང་གིས་ངན་སོང་དུ་འགྲོ་བར་ངེས་པས།ད་ནི་འཁོར་བ་དང་ངན་སོང་གི་འཇིགས་པ་ཤིན་ཏུ་ཆེས་ཆེར་མཐོང་ནས།རྒྱལ་བ་སྲས་དང་བཅས་པ་ཁྱེད་ལ་སྐྱབས་སུ་མཆི་བ་ལགས་ཀྱིས་འཇིགས་པ་དེ་དག་ཐམས་ཅད་མྱུར་དུ་བསལ་བར་མཛད་དུ་གསོལ་ཞེས་སྙིང་ཐག་པ་ནས་ཞུ་བའོ།།དེ་ལྟ་བུའི་རྟེན་གྱི་སྟོབས་ཀྱི་ངོ་བོ་ནི་ཡིད་ཆེས་ཀྱི་དད་པ་ཡིན་ཏེ།ཇི་སྐད་དུ།ཡོན་ཏན་ལྡན་པ་འདི་དག་མ་གཏོགས་པ།།འཇིག་རྟེན་མགོན་སྐྱབས་གྱུར་པ་གཞན་འགའ་མེད།།ཅེས་གསུངས་པ་ལྟར་སྐྱབས་གནས་དཀོན་མཆོག་གསུམ་མ་གཏོགས་པ་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་བསྐྱབ་ནུས་པ་སུ་ཡང་མེད་པར་ཡིད་ཆེས་པའོ།།གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ།གཉེན་པོ་བརྟེན་དགོས་པའི་རྒྱུ་མཚན་དང་།གཉེན་པོ་དངོས་གཉིས་ལས།དང་པོ་ནི།ཐ་མལ་ནད་ཀྱིས་འཇིགས་ན་ཡང་།།སོགས་ནས།བསམ་པའི་རིགས།།ཅེས་པའི་བར་གྱིས་བསྟན།དེ་ཡང་།དཔེར་ན་རླུང་མཁྲིས་བད་ཀན་ལ་སོགས་པའི་ཐ་མལ་གྱི་ནད་ཀྱིས་གཟིར་ཏེ་ཤིན་ཏུ་འཇིགས་པའི་དུས་ན་ཡང་མི་གཉིད་པ་དང་ཟས་ལ་འཛེམ་བག་བྱེད་པ་ལ་སོགས་པ་སྨན་པའི་ངག་གིས་བསྒོ་བ་བཞིན་དུ་བྱ་དགོས་པ་ཡིན་ན།འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པས་རབ་ཏུ་གཟིར་ཏེ་འཁོར་བ་དང་ངན་སོང་གི་གནས་སུ་ཐར་དུས་མེད་པའི་བཙོན་པ།སོས་དུས་མེད་པའི་ནད་པ་ལྟ་བུའི་ཉེས་པ་བརྒྱ་ཕྲག་མང་པོ་ཡི་ནི་ནད་ཀྱིས་དུས་རྟག་ཏུ་བཏབ་པ་བདག་ཅག་གིས་ནི་སྨན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་བཀའ་ལྟར་དུ་བྱེད་དགོས་པ་ནི་སྨོས་ཅི་དགོས་ཏེ་བཀའ་ལྟར་དུ་བྱེད་པར་རིགས་ཏེ།ཚེ་འདིར་ཉོན་མོངས་པའི་ནད་ལ་བསམ་ནས་དང་།ཕྱི་མར་ངན་འགྲོའི་གཡང་སར་བསམ་ནས་དང་།གནས་སྐབས་སུ་མྱུར་དུ་འཆི་བ་ལ་བསམ་དགོས་ཏེ་གཉེན་པོ་བརྟེན་དགོས་པས་སོ།།ཚེ་འདིའི་ནད་ཀྱིས་ནི་ཡུལ་ལུང་པ་ཙམ་རེའི་སེམས་ཅན་རྣམས་བརླག་པར་བྱེད་ལ།ཉོན་མོངས་འདོད་ཆགས་ལ་སོགས་པའི་ནད་དེ་གཅིག་གིས་ཀྱང་འཛམ་བུའི་གླིང་གིས་མཚོན་པའི་ཕྱོགས་བཅུ་ཀུན་ན་གནས་པའི་མི་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་བརླག་པར་བྱེད་པ་ཡིན་ན་ཡང་ཐ་མལ་གྱི་ནད་གསོ་བའི་སྨན་ནི།ཨ་རུ་རའི་ཚབ་ཏུ་འོམ་བུ་གཏོང་བ་ལྟར་སྨན་དངོས་དེའི་ཚབ་གང་རུང་གིས་ཐུས་ཀ་བསྡབས་པས་གསོ་ནུས་ལ།ཆགས་སོགས་ཉོན་མོངས་པའི་ནད་དེ་དག་གསོ་བའི་སྨན་ནི་དམ་པའི་ཆོས་མ་གཏོགས་པ་གཉེན་པོ་གཞན་ནི་ཕྱོགས་རྣམས་ཀུན་ནས་ཀུན་ཏུ་ཡང་ཡང་བཙལ་ཀྱང་མི་རྙེད་པ་ཡིན་ན།ཐ་མལ་ལུས་ཀྱི་ནད་གསོ་བ་ལ་ནི་སྨན་པ་ཞིག་གིས་རྩ་མདོ་དང་ཆུ་མདོ་ལྟ་བུའི་ལྡེབ་གྲངས་ཆ་ཤས་ཙམ་རེ་ཤེས་པས་གསོ་ནུས་ལ།ཉོན་མོངས་པའི་ནད་དེ་སེལ་བ་ལ་ནི་སྨན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་དགོས་སོ།།ཐ་མལ་ལུས་ཀྱི་ནད་གསོ་བའི་སྨན་པས་ནི་དཔེར་ན་ཚ་བའི་ནད་ལ་ཕན་པའི་སྨན་ག་པུར་ལ་སོགས་བཏང་བས་གྲང་ནད་སློང་བ་ལྟར་ཅིག་ཅར་དུ་ཚ་གྲང་ལ་སོགས་པའི་ནད་རྣམས་གསོ་མི་ནུས་ལ།ཀུན་མཁྱེན་སངས་རྒྱས་ཀྱིས་དམ་པའི་ཆོས་བསྟན་པའི་སྨན་གྱིས་ནི་བདག་འཛིན་ཉོན་མོངས་པའི་ནད་ཚབས་དྲག་པོས་སྙིང་ལ་རྟག་ཏུ་བཏབ་པའི་ཟུག་རྔུ་ཐམས་ཅད་དུས་གཅིག་ཏུ་འབྱིན་པར་བྱེད་པ་རྒྱལ་བ་དེ་ཡི་བཀའ་ལྟར་དུ་མི་བྱེད་སྙམ་དུ་སེམས་པ་དེ་ནི་ཤིན་ཏུ་མི་ཤེས་པའི་གཏི་མུག་པའི་དབང་གིས་དགེ་སྡིག་གི་བླང་དོར་མ་རྨོངས་ཤིང་།འཕགས་པ་རྣམས་ཀྱིས་སྨད་པའི་གནས་སུ་འགྱུར་བས་ན་སྡོམ་པ་གསུམ་གྱི་གནང་བཀག་གི་བཅད་མཚམས་ཐམས་ཅད་སངས་རྒྱས་ཀྱི་བཀའ་ལྟར་དུ་བྱེད་དགོས་ཤིང་།དེ་ཡན་ཆད་ཀྱིས་འཁོར་བ་དང་ངན་སོང་གི་རྒྱུ་སྡིག་པ་ལ་སྐྲག་དགོས་པའི་དོན་ཡིན་གསུངས་སོ།།ཡང་དེ་བཞིན་དུ་ལས་ཉོན་གྱིས་བསྐྱེད་པའི་འབྲས་བུ་སྡིག་པ་ལ་སྐྲག་དགོས་ཏེ།དཔེར་ན་གཅོང་རོང་གི་གནས་དང་བྲག་རི་ལ་སོགས་པའི་གཡང་ས་ཐ་མལ་ཆུང་ངུ་ཙམ་དུ་འགྲོ་བའི་དུས་ལའང་།ཤིན་ཏུ་གཟབ་སྟེ་བག་ཡོད་ལ་གནས་པར་བྱ་དགོས་ན།དཔག་ཚད་བརྒྱ་སྟོང་དུ་ལྷུང་བ་ཡི་ནི་བསྐལ་པ་མང་པོར་སྡུག་བསྔལ་མྱོང་བའི་ངན་སོང་གི་གནས་སུ་ཡུན་རིང་དུ་མཐོང་ཐོས་མེད་པའི་གཡང་སར་ལྷུང་དོགས་ཀྱིས་བག་ཡོད་ལ་གནས་པར་བྱ་དགོས་པ་ནི་སྨོས་ཅི་དགོས་སོ།།དེས་ན་ཉོན་མོངས་པའི་ནད་ཀྱི་གཉེན་པོར་སྤྱིར་དམ་པའི་ཆོས་དང་བྱེ་བྲག་ཏུ་བྱང་ཆུབ་ཀྱི་སེམས་ཡིན་ངེས་གསུངས་སོ།།སྡིག་སྡུག་གི་རྒྱུ་འབྲས་དེ་གཉིས་ལ་འཇིགས་ཤིང་སྐྲག་པའི་རྩ་བ་འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ་སྟེ།ད་ལོ་དང་སང་ཕོད་མི་དགོས་ཉི་མ་དེ་རིང་ཁོ་ན་ཙམ་ལ་ཡང་མི་འཆིའོ་ཞེས་བདེ་བར་འདུག་པ་རིགས་ཤིང་འཐད་པ་མ་ཡིན་ཏེ།འཆི་དུས་གནད་གཅོད་ཀྱི་སྡུག་བསྔལ་དང་།ཤི་རྒྱབ་དམྱལ་བའི་སྡུག་བསྔལ་ལ་སོགས་པ་མྱོང་དགོས་པས་ཀྱང་བློ་མི་བདེ་ལ།ནམ་འཆི་ཆ་མེད་དང་གར་སྐྱེ་ངེས་མེད་ཡིན་པ་འདི་ལ་རྟགས་དང་སྒྲུབ་བྱེད་རྒྱུ་མཚན་ཅི་ཡང་མེད་པས་མི་འཆི་བའི་གདེངས་མེད་དོ།།བློ་སེམས་མི་བདེ་བ་ཅི་ཕྱིར་སྙམ་ན།བདག་ནི་མེད་པར་འགྱུར་བའི་དུས་དེ་ནི་གདོན་མི་ཟ་བར་ཞེས་ཐེ་ཚོམ་ཟ་མི་དགོས་པར་འགྱུར་ལ།བདག་ལ་འཆི་མི་དགོས་པའི་མི་འཇིགས་པའི་གདེངས་སུ་ཡིས་བྱིན་མཁན་མེད་ན་འཆི་བ་འདི་ལས་ཇི་ལྟར་དུ་ངེས་པར་ཐར་བར་འགྱུར་ཏེ།སྐྱེ་རྒུའི་བདག་པོ་ནས་བཟུང་སྟེ་སྤྲང་པོ་འཚོ་བ་ལམ་ཟན་ལ་རེ་བ་ཡན་ཆད་ཚེ་ཐར་ལ་སོང་བ་གཅིག་ཀྱང་མེད་པའི་ཕྱིར་རོ་སྙམ་དུ་ཤོ་ལོ་ཀ་འདི་བསྒོམ་དགོས་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ།།གདོན་མི་ཟ་བར་བདག་མེད་པར་འགྱུར་དུ་ངེས་ན་སྲོག་གཅོད་གཤེད་མས་བལྟས་ཡོད་དུས་ཅི་ལྟར་ན་བདག་གི་ཡིད་ནི་བདེ་བར་འདུག་སྟེ་འདུག་མི་རིགས་སོ།།འཕགས་པ་ཀླུ་སྒྲུབ་ཀྱིས།ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི།།ཆུ་ཡི་ཆུ་བུར་བཞིན་དུ་མི་རྟག་ན།།དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས།།སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ།།ཞེས་གསུངས་པ་ལྟར་རོ།།ཡང་འདི་ལྟར་དུ་བསམ་སྟེ།འཆི་བ་ཐམས་ཅད་ལ་འོངས་པ་ཡིན་མ་གཏོགས།བདག་གཅིག་པུ་ལ་ནི་འོངས་པ་མ་ཡིན་པས་ཡི་མུག་བྱ་འདུག་ཅི་དགོས།དེ་བས་མ་ཤིའི་བར་དུ་ཤ་ཆང་བུད་མེད་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་བདེ་བ་ཉམས་སུ་མྱོང་དགོས་སྙམ་ན།ད་སྔོན་ཡན་ཆད་ཤ་ཟ་ཆང་འཐུང་བུད་མེད་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་བདེ་བ་ཉམས་སུ་མྱོང་མྱོང་ནས་ཡུན་རིང་པོར་སོང་སྟེ་ལོངས་སྤྱད་ཀྱང་།བྱིས་པས་བུ་རམ་ཟོས་པ་ལྟར་སྲེད་པ་ལན་ཚྭའི་ཆུ་འཐུང་བ་དང་འདྲ་བས་ཚིམ་པ་མེད་པས་བདེ་བ་ཡང་ཡང་ཞིག་པ་ལས།བདག་ལ་ད་སྔོན་གྱི་འདོད་བདེ་མྱོང་བ་འདྲ་བ་མ་གཏོགས།རྟག་བརྟན་འགྱུར་མེད་ཀྱི་ཤ་ཆང་བུད་མེད་ལ་སོགས་པ་ལྟ་བུ་ལ་ལོངས་སྤྱོད་རྒྱུ་ནི་སྔོན་ཆད་དེ་ལས་ལྷག་པ་ཅི་ཞིག་ཡོད་དེ་མེད་ན།ཤི་ཁར་ཡང་ད་དུང་ཞེན་པ་མ་ཆོད་པར་ལས་ངན་བདག་ནི་སྔོན་དུས་ཀྱི་ཡུལ་དང་ཤེས་པ་འཕྲད་པའི་བདེ་བ་སྐད་ཅིག་མ་དེ་ལ་ཡང་ཡང་མངོན་པར་ཞེན་ནས་བླ་མའི་བཀའ་དང་འགལ་བར་བྱས་པས་དམྱལ་བ་ལས་འགྲོ་ས་མེད་ཚེ་གསོན་པོའི་ཚེ་འདི་ཡང་སྤངས་ཏེ་འགྲོ་བ་དང་།དེ་བཞིན་དུ་ཕ་མ་སྤུན་སྲིང་ལ་སོགས་པའི་གཉེན་དང་ཕན་འདོགས་པའི་ཡིད་འོང་མཛའ་བཤེས་གཅེས་པ་རྣམས་ཀྱང་སྤངས་ནས་གྲོགས་མེད་གཅིག་པུ་གར་འགྲོ་ངེས་མེད་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས་ཏེ་ཤོག་སྐྱ་རླུང་གིས་དེད་པ་བཞིན་དུ་འཁོར་བའི་གནས་ངན་དུ་ག་ཤེད་འགྲོ་དགོས་ངེས་ཡིན་ན།འཕྲང་རིང་བར་དོའི་གནས་སོགས་ལ་བསུ་སྐྱེལ་མི་བྱེད་པས་ན་མཛའ་བའི་གཉེན་རྣམས་དང་མི་མཛའ་བའི་དགྲ་ཀུན་གྱིས་ཀྱང་ཅི་རུང་ཞེས་ཅི་མཁོ་སྟེ་ཕན་འདོགས་མི་ནུས་སོ།།དགྲ་གཅིག་དང་མི་འདྲ་བར་བར་དོའི་འཕྲང་དུ་ཁ་སུབ་དང་འབུར་འཇོམས་བྱེད་མཁན་གྱི་དགྲ་ངན་པ་དེ་ནི་གང་ཡིན་སྙམ་ན།རྒྱུ་མི་དགེ་བ་ལས་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་མཐའ་དག་འབྱུང་བ་ཡིན་ལ།སྡུག་བསྔལ་རྒྱུ་འབྲས་དེ་ལས་ཇི་ལྟར་དུ་ངེས་པར་ཐར་བའི་ཐབས་སུ་འགྱུར་རོ་ཞེས་ཉིན་མི་དལ།མཚན་མི་གཉིད་པར་དུས་རྟག་ཏུ་བདག་གིས་ནི་འདི་ཉིད་འབའ་ཞིག་གམ་གཅིག་པུ་བསམ་པའི་རིགས་སོ།།བསམ་བྱ་མཐར་ཐུག་པ་ནི་ཤོ་ལོ་ཀ་གཅིག་འདི་གལ་ཆེ་ཞེས་ཡང་ཡང་གསུངས་སོ།།གཉིས་པ་གཉེན་པོ་དངོས་ནི།བདག་ནི་མི་ཤེས་གཏི་མུག་པས།།སོགས་ནས།བཤགས་པར་བགྱི།།ཞེས་པའི་བར་གྱིས་བསྟན།དེ་ཡང་བདག་ནི་ལྟུང་བ་འབྱུང་བའི་སྒོ་བཞིའི་དབང་དུ་སོང་སྟེ།དགེ་སྡིག་ལ་བླང་དོར་མི་ཤེས་ཤིང་མ་རིག་གཏི་མུག་པས་རྨོངས་པ་དང་།ཤེས་ཀྱང་བསླབ་པ་ལ་མ་གུས་པ་དང་།གུས་ཀྱང་བག་མེད་པས་འཇོམས་བག་བྱ་མ་ནུས་པ་དང་།འཇོམས་ཀྱང་ཉོན་མོངས་པ་མང་བའི་དབང་གིས།མི་དགེ་བ་བཅུ་དང་།མཚམས་མེད་ལྔ་ལ་སོགས་པ་ཁྱིམ་པ་དང་རབ་བྱུང་སུ་ཞིག་གིས་བྱས་ཀྱང་སྡིག་པར་འགྱུར་བས་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཞེས་ངག་ཏུ་བརྗོད་མི་ནུས་པའི་སྡིག་པ་བྱས་པའམ།སྟོན་པས་བཅས་པ་མཛད་པའི་སོར་བྱང་སྔགས་གསུམ་དང་འགལ་བའི་སྡིག་པ་གང་དང་གང་ཡིན་པ་ལས།བཅས་རང་གི་ཉེས་པ་གང་ཡང་རུང་བ་བགྱིས་པ་དེ་རྣམས་མགོན་པོ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སེམས་ཀྱིས་མི་འཆབ་སྟེ་མི་གསང་ཞིང་ངག་གིས་མི་སྦེད་པར་མངོན་སུམ་དུ་ལག་པ་གཉིས་ཀྱིས་ཐལ་མོ་སྦྱར་ཏེ།སྡུག་བསྔལ་མཐའ་དག་ལ་འཇིགས་སྐྲག་གི་སེམས་ཀྱིས་འཆི་བ་དང་གཤིན་རྗེས་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ལ་སྐྲག་པས་ཡང་དང་ཡང་དུ་ཕྱག་འཚལ་ཏེ་ཞེས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་ཤིན་ཏུ་སྐྲག་སྟེ་སྙན་ངག་ཉམས་ལྡན་གྱི་གཟུགས་སུ་བྱས་པ་ཡིན་གྱིས་སྡིག་པ་ལ་འགྱོད་སེམས་མེད་པར་ཕྱག་མང་པོ་འཚལ་བའི་དོན་མིན་པར་གསུངས་པས་ན་བཅས་པ་དང་རང་བཞིན་གྱི་སྡིག་པ་དེ་དག་ཐམས་ཅད་མ་ལུས་པ་བཤགས་པར་བགྱིའོ།།ཞེས་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་ངོ་བོ་ནི་གཉེན་པོ་དགེ་བ་བྱང་ཆུབ་ཀྱི་སེམས་ལ་དོན་གཉེར་གྱི་འདུན་པ་འདི་གལ་ཆེན་བྱ་དགོས་ཞེས་གསུངས་སོ།།བཞི་པ་སོར་ཆུད་པའམ་ཕྱིན་ཆད་སྡོམ་པའི་སྟོབས་ནི།འདྲེན་པ་རྣམས་ཀྱིས་བདག་གི་སྡིག།།སོགས་ནས།ཡང་མི་བགྱིད།།ཅེས་པའི་བར་གྱིས་བསྟན།འདྲེན་པ་རྒྱལ་བ་སྲས་བཅས་རྣམས་ཀྱིས་བདག་གི་སྒོ་གསུམ་ནི་སྡིག་པ་ཅན་ཞིག་ཡིན་པ་དང་།ཉེས་པ་ལ་ཉེས་པར་མཐོང་བས་ན་ནོངས་པ་ཅན་དུ་ལགས་པ་ཞེས་སྡིག་ཅན་ཡིན་པར་བཟུང་དུ་གསོལ་ལོ།།འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་བསྐྱེད་པས་ན་སྡིག་པ་འདི་ནི་བཟང་པོ་མ་ལགས་པས་ན་སླན་ཆད་ནི་སྲོག་ལ་བབ་ཀྱང་བདག་གིས་ནི་སྡིག་པའི་ལས་རྣམས་ཡོངས་ཡེ་མི་བགྱིད་དོ་ཞེས་སོར་ཆུད་པའི་སྟོབས་ཀྱི་ངོ་བོ་ནི་སྡོམ་སེམས་ཡིན་ནོ་ཞེས་གསུངས་སོ།།དེ་ཡང་མདོར་ན།འགྱོད་པ་དང་དད་པ་དང་འདུན་པ་དང་སྡོམ་སེམས་དང་བྱང་ཆུབ་ཀྱི་སེམས་ལྔ་དང་ལྡན་ན་སྡིག་པ་ཐམས་ཅད་ཀུན་རྫོབ་ཡིན་པས་འདག་པར་ངེས་སོ་ཞེས་ཞལ་རྒྱུན་ནོ།།གཉིས་པ་ལེའུའི་མཚན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའོ།།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས་བྱང་ཆུབ་སེམས་ཀྱི་སྤྱིའི་མི་མཐུན་ཕྱོགས་སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའི་ཟིན་བྲིས་སུ་བགྱིས་པའོ།།གསུམ་པ་མཐུན་ཕྱོགས་བྱང་སེམས་ཡོངས་སུ་བཟུང་བའི་ལེའུ་ལ་གཞུང་དང་མཚན་གཉིས།དང་པོ་ལེའུའི་གཞུང་ལ།སྦྱོར་བ་སྔོན་དུ་འགྲོ་བའི་ཆོས།དངོས་གཞིའི་དམ་བཅའ་བ།མཇུག་རང་གཞན་དགའ་བ་བསྒོམ་པ་དང་གསུམ་ལས།དང་པོ་ལའང་།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བསྐྱེད་པའི་ཐབས་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་བསགས་པ་དང་།ཉེ་བར་ལེན་པའི་རྒྱུ་བློ་སྦྱོང་བ་གཉིས་ལས།དང་པོ་ལ་ཚོགས་བསགས་ཡན་ལག་བརྒྱད་ཡོད་པ་ལས།མཆོད་པ་དང་།ཕྱག་འཚལ་བ་དང་།སྐྱབས་སུ་འགྲོ་བ་དང་།སྡིག་པ་བཤགས་པའི་ཡན་ལག་བཞི་ལེའུ་གཉིས་པའི་སྐབས་སུ་བཤད་ཟིན་ནས།འདིར་བཤད་པར་བྱ་བ་ལ།ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་དང་།འདོད་ཆགས་དང་ཆོས་སྤང་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པའི་ཡན་ལག་དང་།ལོག་ལྟ་དང་ཐུགས་དཀྲུག་གི་གཉེན་པོ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་དང་།ཐེ་ཚོམ་དང་ལུང་མ་བསྟན་གྱི་གཉེན་པོ་དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས།དང་པོ་ནི།སེམས་ཅན་ཀུན་གྱི་ངན་སོང་གི།སོགས་ནས།རྗེས་སུ་ཡི་རང་ངོ་།།ཞེས་པའི་བར་གྱིས་བསྟན།དེ་ཡང་།གང་ལ་རྗེས་སུ་ཡི་རང་བའི་དགེ་བ་ལ་གཉིས་ཏེ།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའམ།ཡང་ན་འབྲས་མིང་རྒྱུ་ལ་བཏགས་པ་བསོད་ནམས་ཆ་མཐུན་གྱི་དགེ་བ་དང་།ཐར་པ་ཆ་མཐུན་གྱི་དགེ་བ་གཉིས་ཡོད་དེ།དང་པོ་བསོད་ནམས་ནི་འབྲས་བུ་ལྷ་དང་མིའི་གོ་འཕང་ཡིན་ལ།དེ་ལྟ་བུའི་ལྷ་མིའི་གོ་འཕང་དེ་འཐོབ་བྱེད་ཀྱི་རྒྱུའི་དགེ་བ་བསགས་པ་ལ་ནི་འབྲས་བུ་དེ་དང་ཆ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་བྱ།དེ་ལ་རྒྱུ་དང་འབྲས་བུའི་དགེ་བ་གཉིས་ལས།དང་པོ་ནི།འཁོར་བའི་སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་རྣམས་ལས་ངལ་བསོ་བའི་ཕྱིར་དང་ལྷ་མིའི་གོ་འཕང་འཐོབ་ཕྱིར་དམ་པ་གསུམ་གྱིས་མ་ཟིན་པར་དགེ་བ་བསགས་པ་ལ་ནི་སྐྱེས་བུ་ཆུང་ངུའི་དགེ་བ་བསོད་ནམས་ཆ་མཐུན་གྱི་རྒྱུའི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་།ངན་སོང་གི་སྡུག་བསྔལ་ཅན་དག་དགེ་བའི་འབྲས་བུ་ལྷ་དང་མིའི་གོ་འཕང་གི་བདེ་བར་གནས་ཏེ་བདེ་འགྲོའི་ལུས་རྟེན་ཐོབ་པ་ལ་དགའ་བས་རྗེས་སུ་ཡི་རང་བ་ནི་བསོད་ནམས་ཆ་མཐུན་གྱི་འབྲས་བུ་ལ་སྤྲོ་བས་ཡི་རང་ངོ་།།གཉིས་པ་ཐར་པ་ཆ་མཐུན་གྱི་དགེ་བ་ལ་དབྱེ་ན།ཐེག་དམན་ཐར་པ་ཆ་མཐུན་དང་།ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་དགེ་བ་གཉིས་ཡོད།དང་པོ་ཐེག་དམན་ཐར་པ་ཆ་མཐུན་གྱི་དགེ་བ་ལ་རྒྱུ་དང་འབྲས་བུའི་དགེ་བ་གཉིས།དང་པོ་ཐོག་དམན་ཐར་ཆའི་རྒྱུའི་དགེ་བ་ལ་ཡི་རང་བ་ནི།ཉན་རང་བྱང་ཆུབ་འཐོབ་བྱེད་ཀྱི་རྒྱུར་གྱུར་པའི་དགེ་བ་བསགས་པ་དེ་ལ་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་ཞེས་རྒྱུ་དང་།གཉིས་པ་ལུས་ཅན་མང་པོ་ཕུང་པོ་ལྔའི་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་ཐར་ནས་ཉན་རང་གི་དགྲ་བཅོམ་པའི་གོ་འཕང་མངོན་དུ་མཛད་པ་ལ་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་།།ཞེས་པའི་སྐྱེས་བུ་འབྲིང་གི་དགེ་བའམ།ཐེག་དམན་ཐར་པ་ཆ་མཐུན་གྱི་འབྲས་བུའི་དགེ་བ་ལ་རྗེས་སུ་ཡི་རང་བ་ཡིན་ནོ།།ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་བ་ལ་རྒྱུ་དང་འབྲས་བུ་གཉིས་ལས།འབྲས་བུ་སྔོན་དུ་གསུངས་པ་ཡིན་ལ།འབྲས་བུ་དེ་ལའང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཉིས་ཡོད་པ་ལས།དང་པོ་ཐེག་ཆེན་ཐར་པ་ཆ་མཐུན་གྱི་མཐར་ཐུག་གི་འབྲས་བུའི་དགེ་བ་ལ་ཡི་རང་བ་ནི།སྐྱོབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་མཛད་པ་མ་དགའ་ཞིང་སྤྲོ་བས་ཡི་རང་བ་དང་།གཉིས་པ་ཐེག་ཆེན་ཐར་པ་ཆ་མཐུན་གྱི་གནས་སྐབས་ཀྱི་འབྲས་བུའི་དགེ་བ་ལ་ཡི་རང་བ་ནི།རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་རབ་དགའ།གཉིས་པ་ལ་དྲི་མ་མེད་པ།གསུམ་པ་འོད་བྱེད་པ།བཞི་པ་འོད་འཕྲོ་བ།ལྔ་པ་སྦྱང་དཀའ་བ།དྲུག་པ་མངོན་དུ་གྱུར་པ།བདུན་པ་རིང་དུ་སོང་བ།བརྒྱད་པ་མི་གཡོ་བ།དགུ་པ་ལེགས་པའི་བློ་གྲོས།བཅུ་པ་ཆོས་ཀྱི་སྤྲིན་ཏེ་ས་བཅུ་དེ་ལ་ཡི་རང་བ་དང་།ནང་གི་སྒྲས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་ལ་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་ཞེས་འབྲས་བུ་གཉིས་དང་།གཉིས་པ།ཐེག་ཆེན་ཐར་པ་ཆ་མཐུན་གྱི་རྒྱུ་སྨོན་འཇུག་གི་དགེ་བ་གཉིས་ཡོད་པས།དང་པོ་སྨོན་སེམས་ནི།སེམས་ཅན་ཐམས་ཅད་ལ་དུས་དང་རྣམ་པ་ཀུན་ཏུ་བདེ་ཞིང་སྐྱིད་པར་མཛད་པའི་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟ་བུ་ལ་རྗེས་སུ་ཡི་རང་བ་དང་།གཉིས་པ་འཇུག་སེམས་ལ་ཡི་རང་བ་ནི།འགྲོ་བ་སེམས་ཅན་ཀུན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཕན་པར་མཛད་པ་ལ་བསམ་ངན་ཐམས་ཅད་སྤངས་ནས་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ་ཞེས་སོ།།དེ་ཡང་ཐར་པ་ནི་བྱང་ཆུབ་གསུམ་ཡིན་ལ།དེ་རྣམས་ཀྱི་ཆ་དང་མཐུན་པའི་རྒྱུ་དགེ་བ་བསྒྲུབ་པ་ལ་ཐར་པ་ཆ་མཐུན་ཞེས་བྱའོ།།ཐེག་ཆེན་པ་ཐར་པ་ཆ་མཐུན་གྱི་དགེ་བའམ་སྐྱེས་བུ་ཆེན་པོའི་དགེ་བ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སོ།།མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཀུན་ལ་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་བྱས་ན་བསོད་ནམས་མཉམ་དུ་ཐོབ་པ་ཡིན་ཏེ།ཆགས་མེད་རིན་པོ་ཆེས།གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ།།དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།།སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།།དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།ཞེས་དང་།མདོ་སྡེ་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས།མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི།།སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་ན།།སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་།།རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན།།ཞེས་གསུངས་པ་ལྟར་ཉལ་བས་ཆོག་པའི་ཆོས་ནི་རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ཡིན་ནོ་གསུངས་སོ།།གཉིས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པའི་ཡན་ལག་ནི།ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ།།སོགས་ནས།སྦར་དུ་གསོལ།།ཞེས་པའི་བར་གྱིས་བསྟན་ཏེ།ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང་བཅུས་བསྡུས་པའི་ཞིང་རྣམས་ཀུན་གྱི་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ལ།བདག་གི་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་ནི་ཞེས་པ་ཞུ་རྒྱུ་ཡོད་ཅེས་པའི་དོན་ཡིན་ལ།ཅི་ཞིག་ཞུ་ན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་བླང་དོར་ལ་བསྒྲིབས་ཏེ་མུན་པར་འཐོམས་ནས་ངན་སོང་ནས་འགྲོ་ས་མེད་པའི་སེམས་ཅན་འདི་རྣམས་ལ།བླང་དོར་གྱི་གནས་སྟོན་པའི་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བར་མཛད་དུ་གསོལ་ཞེས་ཞུའོ།།དེ་ཡང་རང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པར་གསལ་བཏབ་ཏེ།གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་།དུང་དཀར་གཡས་འཁྱིལ་ལ་སོགས་པའི་མཆོད་པའི་དངོས་པོ་ཕུལ་ཏེ་གསོལ་བ་བཏབ་ན།རྒྱལ་བ་རྣམས་ཀྱི་མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ནས་ཆོས་ཀྱི་འཁོར་ལོ་གདུལ་བྱའི་རྒྱུད་ལ་བསྐོར་ཚེ་རང་རྒྱུད་ལ་ཚོགས་གཉིས་ཀྱི་བསོད་ནམས་དཔག་མེད་ཐོབ་པར་གསུངས་སོ།།གསུམ་པ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་ནི།རྒྱལ་བ་མྱ་ངན་འདའ་བཞེད་ལ།།ཐལ་མོ་སྦྱར་ཏེ་གསོལ་བ་ནི།།འགྲོ་འདི་ལྡོངས་པར་མི་འགོད་ཅིང་།།བསྐལ་པ་གྲངས་མེད་བཞུགས་པར་གསོལ།།ཞེས་པས་བསྟན་ཏེ།དེ་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་རྒྱལ་བ་རྣམས་མཛད་པ་གཞན་རྣམས་ཡོངས་སུ་རྫོགས་ནས་གདུལ་བྱའི་སྣང་ངོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་གྱིས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་བདག་གི་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་ཞིང་གསོལ་བ་འདེབས་སྙིང་ནི།སྟོན་པ་འགྲོ་བའི་མིག་གཅིག་ཁྱེད་རྣམས་འཇིག་རྟེན་དུ་མགོན་སྐྱབས་སུ་མ་བཞུགས་ན།སེམས་ཅན་རྣམས་མིག་མེད་པས་ལོང་བ་ཤ་སྟག་ཏུ་འགྱུར་བས་ན།ཇི་སྲིད་དུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དེ་སྲིད་དུ་འགྲོ་བ་འདི་རྣམས་མིག་མེད་པའི་ལྡོངས་པ་ཞེས་མ་རིག་པའི་ལིང་ཏོག་གིས་བསྒྲིབས་པའི་ལོང་བར་མི་འགོད་ཅིང་།བསྐལ་པ་གྲངས་མེད་པ་མང་པོར་མྱ་ངན་ལས་མི་འདའ་བར་སྔོན་དུས་སུ་དགེ་བསྙེན་ཙུན་དས་སྟོན་པ་ལ་གསོལ་བ་བཏབ་ནས་ཡུན་རིང་པོར་བཞུགས་པ་ལྟར་བདག་གིས་གསོལ་བ་འདེབས་པས་བཞུགས་པར་གསོལ་ལོ་ཞེས་ཞུ་བའོ།།བཞི་པ་དགེ་རྩ་གཞན་དོན་དུ་བསྔོ་བ་ནི།དེ་ལྟར་འདི་དག་ཀུན་བྱས་ཏེ།།སོགས་ནས།ཉེ་བར་གནས་གྱུར་ཅིག།།ཅེས་པའི་བར་གྱིས་བསྟན།དེ་ཡང་དགེ་རྩ་རྫོགས་བྱང་དུ་བསྔོ་བ་མ་གཏོགས་གཞན་དོན་དུ་བསྔོ་བ་ཅི་ཕྱིར་ཡིན་སྙམ་ན།བྱང་ཆུབ་སེམས་དཔའི་བསྔོ་བ་དང་བློ་སྦྱོང་ཆུན་གཅིག་ཏུ་མཛད་པ་ཡིན་པས་སོ།།གོང་དུ་བཤད་པ་དེ་ལྟར་དུ་ཡན་ལག་བདུན་པོ་འདི་དག་ཀུན་ཡོངས་སུ་རྫོགས་པར་བྱས་ཏེ་དགེ་བ་བདག་གིས་བསགས་༼འདིར་པར་ལོག་རྒྱག་དུས་ལྡེབ་མའི་ཉིན་སྲིབ་བསྣོར་འདུག་པ་བཅོས་ཡོད།༽པ་གང་ཡང་ཡོད་པ་དེས་ནི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འཁོར་བ་དང་ངན་སོང་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ནི་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པ་ཡིན་ལ།བསལ་བར་ཤོག་ཅིག་སྙམ་པ་ནི་སྙིང་རྗེའི་རྣམ་པ་ཡིན་ཏེ།དེ་ཡང་དམིགས་པ་ནི་ཡུལ་ལ་དམིགས་པ་ཡིན་ལ།རྣམ་པ་ནི་བློའི་རྣམ་པ་ཡིན་ནོ་ཞེས་གསུངས་སོ།།དེ་བཞིན་དུ་འགྲོ་བ་འདི་རྣམས་ཀྱི་ལུས་འབྱུང་འཁྲུགས་ཀྱིས་གཟིར་བའི་ནད་དང་།སེམས་ཉོན་མོངས་པས་གཟིར་བའི་ནད་པ་རྣམས་ཇི་སྲིད་དུ་ནད་སོས་པར་གྱུར་གྱི་བར་དུ་ནི་བདག་སྐྱེ་བ་ཚེ་རབས་ཐམས་ཅད་དུ་སྲོག་ཆགས་དེས་པ་ལ་སོགས་ལྟ་བུའི་སྨན་དུ་གྱུར་པ་དང་།སྨན་པ་འཚོ་བྱེད་ལྟ་བུ་ལ་སོགས་པའི་སྨན་པ་ཉིད་དག་ཏུ་འགྱུར་བ་དང་།སེམས་ཅན་ནད་པ་དེ་ཡི་ནད་གཡོག་བྱེད་པར་ཤོག་ཅིག་ཅེས་ནད་པའི་དོན་དུ་བསྔོ་བ་དང་།རོ་བརྒྱ་པ་ལ་སོགས་པའི་ཟས་ཀྱི་ཆར་དང་།ཇ་ཆང་འོ་ཞོ་ལ་སོགས་པའི་སྐོམ་གྱི་ཆར་ཕབ་སྟེ་བཀྲེས་པ་དང་སྐོམ་པའི་གནོད་པ་ནི་སྙིང་རྗེའི་དམིགས་པ།བསལ་བར་ཤོག་ནི་སྙིང་རྗེའི་རྣམ་པ།ནས་འབྲས་ལ་སོགས་པའི་འབྲུ་ཇི་སྙེད་སྒམ་ཆུང་ལྟ་བུའི་སྣོད་དུ་བཅུག་སྟེ་སྲུང་བ་ལ་གབ་ཚེ་བ་དང་།འབྲུ་རེ་གཉིས་རྙེད་པ་ཆུ་ནང་དུ་བསྐོལ་ནས་འབྲུ་ཐུར་མས་འཚོལ་ཏེ་ཟ་ཞིང་ཁུ་བ་འཐུང་བ་ལ་ཐུར་འཚོལ་བ་དང་།དེང་སོང་གི་དུས་ཀྱི་རུས་པ་རྣམས་བསྡུས་ཏེ་བསྐོལ་ནས་ཕ་ཁུ་རྩམ་ཟན་རུས་པའོ་སྙམ་ནས་ཁུ་བ་འཐུང་བས་ཞག་བདུན་གྱི་བར་དུ་འཚོ་བ་ལ་རུས་གོང་བ་སྟེ་མུ་གེའི་བསྐལ་པ་གསུམ་གྱི་བར་མའི་ཚེ་ན་བདག་ཉིད་ནི་ཟས་དང་སྐོམ་དུ་གྱུར་ཅིག།།སེམས་ཅན་བཟའ་བ་ཟས་ཀྱིས་ཕོངས་པ་ལ་ཟས་དང་།བགོ་བ་གོས་ཀྱིས་ཕོངས་པ་ལ་གོས་དང་།འགྲོགས་པ་གྲོགས་ཀྱིས་ཕོངས་པ་ལ་གྲོགས་དང་།འདུག་པ་གནས་ཀྱིས་ཕོངས་ཤིང་དབུལ་བ་ལ་སོགས་པ་རྣམས་སུ་བདག་ནི་གང་ལ་གང་འདོད་དང་ཅི་ལ་འདོད་ཀྱི་མི་ཟད་པའི་གཏེར་ཆེན་པོར་གྱུར་ཏེ།བདག་བཟུང་མེད་པར་ཉེ་བར་སྤྱད་པའི་ཡོ་བྱད་མཁོ་དགུ་རྣམ་པ་སྣ་ཚོགས་སུ་འགྲོ་བ་རང་རང་གི་མདུན་ན་ཙ་རིའི་ཚོས་ཁ་༼ཚུས་ཞེས་པའི་མཆན་ཆུང་ཞིག་འདུག།།༽བཞིན་དུ་ཉེ་བར་གནས་པར་གྱུར་ཅིག་ཅེས་བསམས་ཏེ་ཁ་ཡེངས་མིག་ཡེངས་སུ་མ་སོང་བར་ཡན་ལག་བརྒྱད་པ་ཁྲིད་སྦྱང་འབུམ་ཐེར་རེ་གལ་ཆེ་ཞེས་ཡང་ཡང་གསུངས་སོ།།གཉིས་པ་བློ་སྦྱོང་བ་ལ་བློ་སྦྱོང་བ་དངོས་དང་།དེའི་འཐད་པ་དགོད་པ།ལུས་བྱེ་བྲག་ཏུ་གཏོང་བ།བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་བཏབ་པ་དང་བཞི་ལས།དང་པོ་ནི།ལུས་དང་དེ་བཞིན་ལོངས་སྤྱོད་དང་།།སོགས་ནས།གཏང་བར་བྱ།ཞེས་པའི་བར་གྱིས་བསྟན།དེ་ལ་བདག་ཏུ་འཛིན་པའི་གཞི་གསུམ་ནི་གཅེས་པར་བཟུང་བའི་ལུས་དང་།དེ་བཞིན་དུ་ལུས་ཀྱི་ཕྱིར་དུ་ཚེ་འདི་ལ་མཁོ་བའི་ལོངས་སྤྱོད་རྣམས་དང་།ཚེ་ཕྱི་མར་མཁོ་བའི་འདས་པའི་དགེ་རྩ་བསགས་ཟིན་པ།མ་འོངས་པའི་དགེ་རྩ་གསོག་པར་འགྱུར་བ།ད་ལྟའི་དགེ་རྩ་བསག་བཞིན་པ་སྟེ་རང་གི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་དེ་དག་ཀྱང་ནི་གང་གཏོང་རྒྱུའི་དངོས་པོ་ཡིན་ལ།ཡུལ་གང་ལ་དགོས་པ་ཅིའི་ཕྱིར་བཏང་ན་སེམས་ཅན་ཐམས་ཅད་ཀུན་གྱི་གནས་སྐབས་མངོན་མཐོའི་ཕན་པ་དང་།མཐར་ཐུག་གི་བདེ་བ་ངེས་ལེགས་འཐོབ་པའི་དོན་སྒྲུབ་པའི་ཕྱིར་དུ་གཏོང་ལ།ཚུལ་ཇི་ལྟར་གཏོང་ན་སེར་སྣ་དང་ཕངས་པ་ཆགས་པ་དང་ཞེན་པ་མེད་པར་གཏང་བར་བྱའོ་སྙམ་དུ་བསམ་པ་གལ་ཆེའོ།།གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོངས།།ཞེས་གསུངས་པ་ལྟར་དུ།འདོད་པའམ་སྲེད་པ་གང་ལ་ཆེ་བ་དེ་གཅོད་དགོས།ཆོས་དང་གཅོད་དོན་མཐར་ཐུག་དེ་ཡིན།རང་འདོད་འདི་བདག་འཛིན་ཡིན་པས་གཅོད་དགོས།བདག་འཛིན་གཏན་ནས་མེད་ཀྱང་།ཉོན་ཡིད་འདི་འཕགས་པའི་ལམ་དུ་མཉམ་པར་གཞག་ནས་ས་བདུན་པ་ཐོབ་དུས་གཏན་ནས་མེད་པ་ཡིན།ས་མ་ཐོབ་བར་ཡོད་ནའང་ལྷ་འདྲེ་གནས་པའི་གཉན་སར་དང་།གཅན་གཟན་རྒྱུ་བའི་འབྲོག་དགོན་དང་ནགས་ཚལ་དང་དུར་ཁྲོད་ལ་སོགས་པར་སོང་ཚེ་ངའམ་ངའི་ཞེས་བདག་འཛིན་ལྷང་ལ་མངོན་ཚེ་སློང་ཚད་སོགས་ཡིན་ཏེ།ཏེ་ལོ་པ་ཆེན་པོས།བུ་སྣང་བས་མི་འཆིང་ཞེན་པས་འཆིང་།།ཞེན་པ་ཆོད་ཅིག་ནཱ་རོ་པ།།གསུངས་པ་ལྟར།སྐད་ཅིག་དང་པོར་ཡུལ་སྣང་སེམས་ལ་ཤར་བ་ཙམ་གྱིས་མི་འཆིང་ལ།སྐད་ཅིག་གཉིས་པར་ཡུལ་ལ་སེམས་ཞེན་པས་འཆིང་བ་ན།ཇོ་བོ་རྗེས།གཉིས་འཛིན་གྱི་ཐག་པ་ཕྲ་སར་ཆོད།།གསུངས་པས་ན།བདག་ཏུ་འཛིན་པའི་གཞི་ལུས་ལོངས་སྤྱོད་དགེ་རྩ་གསུམ་པོ་འདི་ལ་རང་འདོད་ཀྱི་འཁྲི་བ་བཙན་ཐབས་སུ་གཅོད་པ་འདི་ལོང་བས་བ་རྔ་ཟིན་པ་ལྟར་དང་།ཆོས་ཐམས་ཅད་བདག་འཛིན་ཉོན་མོངས་པའི་གཉེན་པོར་འགྲོ་བ་ནི་སྤྱོད་འཇུག་ཤེས་པའི་དོན་ཡིན་ནོ་ཞེས་ཞལ་རྒྱུན་ལྟར་བཀོད་པའོ།།གཉིས་པ་དེའི་འཐད་པ་ནི།ཐམས་ཅད་གཏོང་བས་མྱ་ངན་འདའ།།སོགས་ནས།གཏོང་བ་མཆོག།།ཅེས་པའི་བར་གྱིས་བསྟན།དེ་ཡང་ལུས་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་བློས་གཏང་བས་མྱ་ངན་ལས་འདའ་བར་འགྱུར་ལ།དེའི་ཕྱིར་ན་བདག་གི་བློ་འདི་ནི་འཁོར་བའི་སྡུག་བསྔལ་ལས་ཐར་ཕྱིར་ལམ་ལ་བརྟེན་ནས་མྱ་ངན་ལས་འདས་པ་བསྒྲུབ་པ་ལ་ནི།བདག་ཏུ་འཛིན་པའི་གཞི་གསུམ་པོ་གཏང་ན་ནི་མྱ་ངན་ལས་འདའ་ལ།མ་བཏང་ན་མི་འདའ་བའི་རྒྱུ་མཚན་གྱི་ཕྱིར་ན་གཏོང་བར་བྱའོ།།བདག་འཛིན་གཏན་ནས་མེད་དེ་ཕུང་པོ་ལྔའི་རྒྱུན་འགགས་ཚེ་འཁོར་བར་འཛིན་བྱེད་མེད་པས་ན་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་གསུངས་སོ།།ཡང་རྒྱུ་མཚན་གཅིག་ནི།ལུས་ངན་མ་འདི་དང་།ལོངས་སྤྱོད་ཧྲལ་ཧྲོལ་དང་།དགེ་བ་འདྲ་འདྲའི་ཡལ་ཡོལ་འདི་གསུམ་པོ་ཐམས་ཅད་བློས་ནི་མི་ཐོང་རྗེས་སུ་ནི་མི་འབྲང་།ཕྱི་ལྟས་བྱེད་བཞིན་དུ་འགྲོ་དགོས་ནའང་མཐར་ནི་དེ་གསུམ་པོ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་ཤུལ་དུ་བསྐྱུར་ཏེ་རང་དབང་མེད་པར་གཏོང་བར་ཆབ་གཅིག་ཡིན་པ་ལ།དེ་བས་ད་ལྟ་བློས་ཐོང་ཚེ་སེམས་ཅན་རྣམས་ལ་བསྔོས་ཏེ་བཏང་བ་མཆོག་ཡིན་ནོ།།དེ་ཡང་ཞེན་པ་ནམ་སྐྱེས་དུས་གཏོང་བ་དང་འཛིན་ཞེན་གཅོད་དགོས་མ་གཏོགས།འཆི་ཚེ་ཀུན་གྱིས་མཁོ་སྙམ་ནས་བདག་ཏུ་བཟུང་བ་ཡིན་ཀྱང་འཆི་བ་ཐོག་བབས་སུ་བྱུང་དུས་གསེར་དངུལ་རྡེལ་ཚད་མང་པོ་སྣེ་ལ་བཏགས་ནས་བསྡད་ཀྱང་།བཏགས་སའི་སྐེ།བཏགས་རྒྱུའི་གསེར་དངུལ།གནོན་བྱེད་ཀྱི་ལག་པ་བཅས་ཤུལ་དུ་ལུས་ཏེ་འགྲོ་བ་ཡིན་པ་ནི་མདོ་སྡེ་མཛངས་བླུན་ལས་མི་གཅིག་གིས་གསེར་བུམ་པ་བསགས་ནས་ས་འོག་ཏུ་སྦས་མཐར་ལན་གྲངས་མང་པོར་སྦྲུལ་དུ་སྐྱེས་པའི་གཏམ་རྒྱུད་གསུངས་སོ།།གསུམ་པ་ལུས་བྱེ་བྲག་ཏུ་གཏོང་བ་ནི།བདག་གིས་ལུས་ཅན་ཐམས་ཅད་ལ།།སོགས་ནས།ཅི་ཞིག་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟ་བུའི་ལུས་འདི་སུས་བྱིན་ན་བདག་གིས་བྱིན་ལ།གང་ལ་བྱིན་ན་ལུས་ཅན་ཏེ་སེམས་ཅན་ཐམས་ཅད་ལ་བྱིན་ནོ།།དངོས་པོ་གང་བྱིན་ན་ལུས་འདི་བྱིན་ཞིང་།ཚུལ་ཇི་ལྟར་བྱིན་ན་ཐབས་ཅི་བདེར་བྱིན་ཟིན་གྱིས།རྒྱུ་མཚན་དེའི་ཕྱིར་ན་ཡབ་སྲས་མཇལ་བའི་མདོ་ལས་གསུངས་པ་ལྟར།བདག་རྟག་ཏུ་གསོད་པར་བྱེད་པ་དང་ཚིག་རྩུབ་ཀྱིས་སྨོད་པའམ།བརྡེག་པ་དང་ཕྲོགས་པ་ལ་སོགས་པར་ཅི་དགའ་དང་གང་དགར་བྱེད་ལ་རག་ཅེས་བྱེད་མ་རག་པ་ཡིན་ནོ།།བདག་གི་ལུས་ལ་འདོད་པས་རྩེ་བར་བྱེད་དམ།ཅོ་འདྲི་ཞེས་སྙད་སྐོ་བའམ་སྣེ་བཏོགས་པའི་རྒྱུ་དང་།ག་ཞའི་རྒྱུ་ཞེས་ངག་གིས་རྩེད་མོས་འཕྱ་འདྲེ་བཞད་གད་ཀྱི་རྟེན་བྱེད་ཀྱང་བདག་གི་ལུས་འདི་ནི་བྱིན་ཟིན་གྱིས་ལུས་འདི་ཡི་ཁ་ཏས་ཞེས་པ་ནི་ལུས་ལ་བསྟོད་དགའ་སྨད་སྡུག་ཁ་ར་སོ་ཚུས་བསྲུང་འདུག་རྒྱུ་ཅི་ཞིག་བྱའོ་སྙམ་དུ་བསམ་མོ།།བཞི་པ་བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་འདེབས་པ་ནི།དེ་ལ་གནོད་པར་མི་འགྱུར་བའི།།སོགས་ནས།ཉེར་འཚེའི་རྒྱུར་ཡང་ཤོག།།ཅེས་པའི་བར་གྱིས་བསྟན་ཏེ།ཕ་རོལ་པོ་བྱིན་ཡུལ་དེ་ལ་གནོད་པར་མི་འགྱུར་བའི་བཟང་ངན་ལས་ཀྱིས་འབྲེལ་བ་གང་དང་གང་ཡིན་པ་མ་ལུས་པའང་བྱེད་དུ་ཆུག་ཅིག་དེ་དག་ཐམས་ཅད་གཞན་གྱིས་བདག་ལ་དངོས་སུ་བྱེད་པར་བསམ་པ་གལ་ཆེ་ཞེས་ཡང་ཡང་གསུངས་སོ།།བདག་གིས་སྟོང་ཉིད་ངང་ལ་མཉམ་པར་འཇོག་མ་ནུས་པས་བདག་ལ་དམིགས་ནས་བཟང་འབྲེལ་དང་ངན་འབྲེལ་བྱེད་པ་དེ་རྣམས་རྒྱལ་པོ་བྱམས་པའི་སྟོབས་ལ་གནོད་སྦྱིན་ཤ་ཟ་སྤུན་ལྔས་ཤ་ཁྲག་གི་སྦྱིན་པ་ཞུས་ཏེ་ཁྲག་ལ་ལོངས་སྤྱད་པས་འཁོར་གྱི་ཐོག་མར་སྐྱེས་ཏེ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམས་ནས་དགྲ་བཅོམ་ཐོབ་པ་ལྟར་དུ་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་དུས་ནམ་དུ་ཡང་།བདག་ལ་འབྲེལ་པས་འགའ་ཡང་དོན་མེད་པར་མ་གྱུར་པ་དོན་དང་ལྡན་པར་གྱུར་ཅིག་ཅེས་བསམ་མོ།།བཟང་ངན་གྱིས་འབྲེལ་བའི་དོན་དུ་འགྱུར་བའི་བློ་སྦྱོང་གི་སྨོན་ལམ་དམ་པ་ནི།གང་ཟག་བདག་ལ་དམིགས་ནས་ཕ་རོལ་པོ་སེམས་ཅན་གང་དག་གིས་རྒྱུད་ལ་ཁྲོ་བའི་དབང་དུ་གྱུར་ནས་བདག་ལ་གནོད་པ་བྱེད་པར་འདོད་པའམ་དད་པ་སྐྱེས་པའི་སེམས་ཀྱི་དབང་གིས་ཐལ་མོ་སྦྱར་ཏེ་ཆོས་ཞུ་བ་ལ་སོགས་བྱུང་ན་ཡང་བཟང་ངན་གྱི་འབྲེལ་པ་དེ་ཉིད་དུས་རྟག་ཏུ་ཕ་རོལ་པོའི་སེམས་ཅན་དེ་དག་གི་སེམས་ལ་བཟང་ངན་གྱི་དོན་ཐམས་ཅད་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་སྙིང་ཐག་པ་ནས་བསམ་པར་བྱའོ།།སེམས་ཅན་ཡང་དག་གིས་བདག་ལ་སྐྱོན་མཚངས་ནས་བྲུས་ཏེ་དངོས་སུ་རྐུན་མ་སྡོམ་ཤོར་ལ་སོགས་ཁ་མང་པོ་ཟེར་བར་འགྱུར་རམ།གཞན་དག་གིས་བརྡུང་བརྡེག་ཆད་པ་ལ་སོགས་པས་བདག་ལ་གནོད་པ་བྱེད་པ་དང་བྱེད་དུ་འཇུག་པའམ།དེ་བཞིན་དུ་ལྐོག་ཏུ་མི་སྙན་པ་འབར་ཤ་སྐུར་འདེབས་སྒྲོ་འདོགས་ལ་སོགས་ས་ཕྱོགས་ཀུན་སྒྲོག་པའི་ཕྱར་ཀ་གཏོང་བ་གང་སུ་ཡང་རུང་སྟེ།མདོར་ན་ཁྱད་པར་དུ་བདག་ལ་གནོད་བྱེད་ཐམས་ཅད་གཅིག་ཀྱང་མ་ལུས་པ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོའི་སྐལ་བ་དང་ལྡན་ཏེ་སངས་རྒྱས་པར་གྱུར་ཅིག་ཅེས་ཡང་ཡང་བསམ་པ་གལ་ཆེ་སྟེ།གོང་དུ་ཕན་ཡོན་ལེའུའི་ནང་དུ།གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།།ཞེས་པའི་དོན་གྱི་རྩ་བ་ཐམས་ཅད་འདི་རྣམས་བསྒོམ་པའི་འབྲས་བུ་ཡིན་ཞིང་།མཐར་ཐུག་བདེ་བས་ནོམས་པའི་ཏིང་ངེ་འཛིན་ཐོབ་བྱེད་ཀྱི་ཐབས་ཡིན་པར་གསུངས་སོ།།བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ཡང་བླ་མ་དང་།དཔོན་པོ་དང་།ཕ་མ་ལ་སོགས་པ་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག་དང་།དེ་བཞིན་དུ་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་དུ་གྱུར་ཅིག་དང་།ཆུ་བོ་བརྒལ་འདོད་པ་རྣམས་ཀྱི་གྲུ་དང་ནི་རྒྱ་མཚོར་བརྒལ་འདོད་པ་རྣམས་ཀྱི་ནི་གཟིངས་སུ་གྱུར་པ་དང་།ཆུ་བྲན་བརྒལ་འདོད་པ་རྣམས་ཀྱི་ནི་ཟམ་པ་ཉིད་དུ་གྱུར་ཅིག་ཅེས་བསམ་མོ།།ནོར་བུ་ལེན་པ་ལ་སོགས་པ་རྣམས་རྒྱ་མཚོའི་ཆུའི་སྟེང་དུ་ལོ་ཟླ་མང་པོར་སྤང་ལྗོངས་སྐྱེད་ཚལ་མི་མཐོང་བས་སྐྱོ་སྟེ་སྤང་ལྗོངས་དང་བཟའ་ཤིང་ར་བའི་སྐྱེད་ཚལ་དང་ལྡན་པའི་གླིང་དོན་དུ་གཉེར་བ་རྣམས་ལ་ནི་གསེར་གླིང་དང་པྲི་ཡང་ཀུའི་གླིང་ལ་སོགས་པ་རྣམས་དང་ནི་མུན་ནག་གི་གླིང་དང་སྔོན་དུས་སུ་ཙན་དན་ས་མཆོག་ལེན་པའི་ཚོང་པ་ལྔ་བརྒྱ་རྒྱ་མཚོའི་གླིང་གི་སྲིན་མོས་རླུང་བཏང་བས་མུན་པས་བསྒྲིབས་པ་དང་སྡུག་བསྔལ་འཇིགས་སྐྲག་གིས་ནོན་པ་རྣམས་ལ་བདག་ཅག་གི་སྟོན་པ་འདི་དྲང་སྲོང་ཞིག་གི་སྐྱེ་བ་བཞེས་ཚེ་ཕྱག་གཡས་པ་སྣུམ་གྱིས་བྱུགས་པའི་རས་ཀྱིས་དྲིལ་ཏེ་མེ་སྦར་ནས་ཞག་བདུན་གྱི་བར་དུ་ལམ་སྣ་མཛད་དེ་མཐར་རང་གི་གནས་སུ་བདེ་བར་བཞག་ནས་མངོན་པར་ཤེས་པ་ལྔ་ལ་བཀོད་པ་བཞིན་དུ་བདག་ཀྱང་མུན་པའི་གླིང་ལ་སོགས་པར་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་སེམས་ཅན་མར་མེ་འདོད་པ་རྣམས་ལ་མར་མེ་ལྟ་བུར་གྱུར་ཅིག་དང་།གནས་ཁང་དང་ཉལ་མལ་འདོད་པ་རྣམས་ལ་བདག་གི་གཞི་གསུམ་ནི་གནས་ཁང་དང་ཉམ་མལ་དུ་གྱུར་ཅིག་དང་།བདག་ནི་ལུས་ཅན་བྲན་གཡོག་འདོད་པ་ཀུན་གྱི་བྲན་དུ་འགྱུར་བར་ཤོག་ཅིག་ཅེས་བསམ་པར་བྱའོ།།མདོར་ན་བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་ཅི་བསམ་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་།སྨོན་ལམ་ཅི་བཏབ་འགྲུབ་པའི་བུམ་པ་བཟང་པོ་ལྟ་བུ་དང་།རིགས་སྔགས་གྲུབ་པའི་ཚེ་ན་མདངས་པདྨ་ལས་གསལ་བ་དང་།སྟོབས་གླང་པོ་ཆེ་བས་ཆེ་བ་དང་།ཚེ་ཉི་ཟླ་བས་ཀྱང་རིང་བ་ལ་སོགས་པ་དང་།སྨན་ཆེན་དངུལ་ཆུ་བཅུད་ལེན་གྱི་རིལ་བུ་ལྟ་བུ་དང་།བློས་ཅི་ལྟར་དུ་དཔག་ཅིང་བསམ་ཏེ་སྨོན་ལམ་བཏབ་པའི་དོན་ཐམས་ཅད་ཤིང་ལས་འབྱུང་བས་ན་སྒྲ་མི་སྙན་དང་ལྷ་ཡུལ་གྱི་དཔག་བསལ་གྱི་ནི་ཤིང་ལ་སོགས་པ་དེ་ལྟ་བུ་དག་ཏུ་གྱུར་ཅིག་དང་།ལུས་ཅན་སེམས་ཅན་རྣམས་ཀྱི་ཡིད་ལ་གང་འདོད་མ་ལུས་པ་འབྱུང་བའི་འདོད་རྒུ་ཕུན་སུམ་ཚོགས་པ་འཇོ་བར་གྱུར་ཅིག་ཅེས་ཇི་འདོད་འབྱུང་བར་ཤོག་ཅིག་ཅེས་པའི་དོན་ཏོ།།གོང་དུ་བདག་ཏུ་འཛིན་པའི་གཞི་གསུམ་པོ་ཐམས་ཅད་བཏང་བའི་འབྲས་བུ་གཞན་དོན་ལ་བསྔོས་པ་དེ་རྣམས་མི་དཀོན་པར་རྒྱ་ཆེ་བ་དང་རྒྱུན་མི་ཆད་པའི་སྨོན་ལམ་གཉིས་ནི།དཔེར་ན་འཇིག་རྟེན་གྱིས་མི་གོ་བར་གཞན་ལ་ཕན་འདོགས་ཆེ་ཞིང་སེར་སྣ་ཕོངས་སེམས་མེད་པར་ས་གཞི་འདིས་ནི་སྤྱིར་སྐྱེ་འཁྲུང་གི་རྟེན་བྱེད་པ་དང་།ཁྱད་པར་དུ་ཞིང་དང་འདུག་གནས་ཀྱི་ཁང་པ་དང་།ཉེར་སྤྱད་ཀྱི་ཐབ་ཀ་དང་།ཡང་སྒོས་སུ་དགེ་བའི་ལས་སཙྪ་དང་སྐུ་རྟེན་དང་མཆོད་རྟེན་དང་ལྷ་ཁང་ལ་སོགས་པའི་རྒྱུར་བྱེད་པ་སོགས་དང་།འབྱུང་བ་ཆུ་འདིས་ཀྱང་དེ་བཞིན་དུ་ཚ་བ་དང་སྐོམ་པ་སེལ་བ་དང་།ཆར་ཆུ་དུས་སུ་བབ་པས་ལོ་ཕྱུགས་རྟག་ཏུ་ལེགས་པ་ལྟ་བུའི་སྨོན་པའི་གནས་དང་།ཡོན་ཆབ་དང་ཆུ་གཏོར་ལ་སོགས་པས་ཀྱང་ཚོགས་རྒྱ་ཆེན་པོར་གསོག་པའི་མཆོག་ཏུ་གྱུར་པ་ལ་སོགས་པ་དང་།འབྱུང་བ་མེ་ཡིས་ཀྱང་གྲང་བའི་ནད་སེལ་བ་དང་།གཡོ་སྐོལ་དང་འབྲུ་སོགས་སྨིན་པ་དང་།སྦྱིན་སྲེག་གིས་ཀྱང་ལས་བཞི་འགྲུབ་པ་སོགས།རླུང་གིས་ཀྱང་ཚ་བ་སེལ་ཞིང་སྒུལ་བསྐྱོད་ཀྱི་བྱ་བ་དང་འཕེན་སྡུད་ཀྱི་ལས་དང་།དབུགས་ཀྱི་འགྲོ་འོང་དང་།མཐར་དག་པ་ཡེ་ཤེས་ཀྱི་རླུང་ལས་སུ་རུང་བས་མ་དག་འཁོར་བའི་རླུང་ཆམ་ལ་ཕབ་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་གསལ་བ་ལ་སོགས་པ་བྱེད་པའི་འབྱུང་བ་ཆེན་པོ་བཞི་དང་།ནམ་མཁའ་འདི་ལའང་སྟོང་པའི་ནམ་མཁའ་ནི་བརྟན་གཡོ་ཀུན་ལ་ཁྱབ་པའི་སྟོང་པ་ཉིད་ཡིན་ལ།རྒྱན་གྱི་ནམ་མཁའ་ནི་གླིང་དང་གླིང་ཕྲན་ལ་ཁྱབ་པའི་ཤར་ཤེལ།ལྷོ་བཻཌཱུརྱ།ནུབ་པདྨ་རཱ་ག།།བྱང་གསེར་རམ་ཨིནྡྲ་ནི་ལའི་ཁ་དོག་སྟེ་དཀར་སྔོ་དམར་སེར་རམ་ཡང་ན་བྱང་གི་ནམ་མཁའི་ཁ་དོག་ལྗང་གུ་ལས།འདིར་ནི་ཁང་པ་དང་བུམ་པ་སོགས་ཀྱི་ནམ་མཁའ་སྟོང་པ་འདིས་ནི་ལུས་བདེ་བ་དང་།སྣང་བ་ཡངས་པ་དང་།དངོས་པོ་ཀུན་ལ་གོ་སྐབས་ཕྱེ་བ་དང་།སྣོད་བཅུད་ཀྱི་དངོས་པོ་ཀུན་ཤོངས་པར་བྱེད་པ་ལ་སོགས་པ་ཡིན་ཏེ།ཇི་སྐད་དུ།ནམ་མཁའ་ཡངས་པའི་སྣོད་ནང་དུ།།སྣོད་བཅུད་མ་ལུས་ཤོངས་ཀྱང་ཤོངས།།ཤོངས་ཀྱང་ཤོངས་ལ་ཡངས་ཀྱང་ཡངས།།ཞེས་གསུངས་པ་ལྟར་དུ་ནམ་མཁའ་བཞིན་དུ་དུས་རྟག་པར་ཡང་མཐའ་ཡས་པའི་སེམས་ཅན་མ་ལུས་པ་དཔག་ཏུ་མེད་པ་ཡི་ནི་རྒྱུ་ལ་བདག་ཏུ་འཛིན་པའི་གཞི་གསུམ་པོ་ལས་གང་འདོད་ཀྱི་ཡོ་བྱད་རྣམ་པ་མང་པོས་སྲོག་ཉེ་བར་འཚེ་བའི་གཞིར་ཡང་ནས་ཡང་ཤོག་ཅིག་ཅེས་རྒྱ་ཆེ་བ་དང་།ཡང་དེ་བཞིན་དུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ།དུས་དང་རྣམ་པ་ཀུན་ཏུ་ཕ་མའི་གཙོས་བྱས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ཐོབ་མ་སོང་གི་བར་དུ་བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་ཀྱིས་ནི་འགྲོ་བའི་སྲོག་ཉེ་བར་འཚོ་བའི་རྒྱུར་ཡང་ནས་ཡང་དུ་ཤོག་ཅིག་ཅེས་རྒྱུན་མི་འཆད་པའི་སྨོན་ལམ་འདེབས་པའོ།།དེ་ལྟར་ན་ཐུན་མགོ་ཐམས་ཅད་དུ་ཡན་ལག་བརྒྱད་པ་འདོན་ཞིང་།ཐུན་གཞུག་ཀུན་ཏུ་ལུས་སེམས་ཁོང་ཀློད་ནས་བདག་འཛིན་ལ་གཅོད་བྱར་བྱེད་པ་དང་།ཐུན་མཇུག་རྣམས་ལ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་དགོས་ཏེ།བདག་འཛིན་གྱི་ཁུར་ཐག་ཆད་དུས་སུ་བློ་སྦྱོང་མཐར་ཕྱིན་པའི་རྟགས་ཡིན་པས་དེ་བར་སྦྱང་དགོས་སོ་ཞེས་གསུང་རྒྱུན་དང་།ཐམས་ཅད་ཀྱིས་དགོས་པ་མེད་པ་དང་།རང་དོན་དུ་སངས་རྒྱས་ཙམ་ཡང་མི་འདོད་པ་བྱུང་དུས་ད་གཟོད་ཞི་བདེ་ལས་ལྡོག་པའི་ཕྱིར་དང་།ཐར་པ་ཐམས་ཅད་མཁྱེན་པའི་ལམ་དང་བྱང་ཆུབ་འགྲུབ་པའི་གཞི་མ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་སོ།།དངོས་གཞི་དམ་བཅའ་བའི་སྔོན་དུ་མཎྜལ་འབུལ་བ་དང་།དེ་ནས་གཞུང་འདིའི་བཤད་པ་དང་སེམས་བསྐྱེད་སྡོམ་ལུང་གཉིས་ཀའི་བླ་མ་བརྒྱུད་རིམ་ལ་གསོལ་འདེབས་ནི།སྟོན་མཆོག་ལྷ་མིའི་བླ་མ་ཤཱཀྱའི་གཙོ།།ཞེས་སོགས་ནས།འབྱོང་བར་བྱིན་གྱིས་རློབས།།ཞེས་པའི་བར་བརྗོད།ཞེས་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་མཛད་པ་སྔོན་དུ་འགྲོ་བས།གཉིས་པ་དངོས་གཞི་དམ་བཅའ་བ་ལ།དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ལ།།སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་ནས།།ཞེས་དང་།སྔོན་རྒྱལ་བ་སྲས་བཅས་ཀྱི་སྨོན་འཇུག་བྱང་ཆུབ་ཀྱི་བརྟུལ་ཞུགས་ཀྱི་བསླབ་བྱ་ད་ལྟ་རང་རྒྱུད་ལ་བཟུང་བར་དམ་བཅའ་བ་དང་གསུམ་ལས།དང་པོ་དགོངས་གསོལ་ནི།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།ས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་།བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།གཉིས་པ་སྐྱབས་འགྲོས་རྩོམ་བྱེད་དུ་བྱས་ཏེ་གཞི་བཟུང་བ་ནི།གོང་གི་ལེའུ་གཉིས་པའི་སྐབས་སུ་ཐེག་དམན་ལས་ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་གསུམ་ལྡན་ཅན་འདིར་འདོན་དགོས་ཏེ།བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།།སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།།ཆོས་དང་བྱང་ཆུབ་སེམས་དཔའ་ཡི།།ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།།ཞེས་སྦྲེལ་ཏེ།དམ་བཅའ་བ་དངོས་ནི།ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།།སོགས་ནས།བསླབ་པར་བགྱི།།ཞེས་པའི་བར་ཚར་གསུམ་གྱིས་བསླབ་པ་ལ་སློབ་པར་དམ་བཅའ་བ་ཡིན་ཏེ།དེ་རྣམས་ཀྱི་ཚིག་དོན་ནི་དཔེ་ཇི་ལྟར་ན་སྔོན་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པར་མཛད་པ་དང་།འཇུག་པ་བྱང་ཆུབ་སེམས་དཔའི་བསླབ་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་།སེམས་ཅན་དོན་བྱེད་གྱི་ཚུལ་ཁྲིམས་རྣམ་པ་གསུམ་ལ།རྒྱལ་བ་སྲས་བཅས་དེ་དག་རིམ་པ་བཞིན་དུ་བསླབ་ཏེ་གནས་པར་མཛད་པ་ལྟར་དུ་དཔེ་དེ་བཞིན་དུ་མ་གྱུར་འགྲོ་བ་ཀུན་ལ་ཕན་པའི་དོན་དུ་བདག་གིས་ཀྱང་སྨོན་པ་བྱང་ཆུབ་ཏུ་སེམས་ནི་བསྐྱེད་པར་བགྱི་ཞིང་དེ་བཞིན་དུ་ནི་འཇུག་པ་བྱང་སེམས་ཀྱི་བསླབ་བྱ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་།སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་བསླབ་པ་རྣམས་ལའང་རང་གིས་ཅི་ནུས་ཀྱིས་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་དམ་བཅས་ཚེ་གྱི་མཐར་བྱང་སེམས་སྡོམ་ཐོབ་ངེས་པའོ།།དེ་ཡང་ཚུལ་ཁྲིམས་ཞེས་པ་ནི་རྒྱལ་བ་སྲས་བཅས་ཀྱི་ཚུལ་དེ་རང་རྒྱུད་ལ་ཁྲིམས་སུ་བཅའ་བས་ན་ཚུལ་ཁྲིམས་དང་།རིམ་པ་བཞིན་དུ་བསླབ་ཅེས་པ་ནི།སྨོན་འཇུག་གི་བསླབ་བྱ་རྣམས་གཏན་ནས་བློས་མི་འདོར།མི་ནུས་བཞིན་དུ་མི་བརྩོན་པར་རང་གི་རྒྱུད་ཚོད་དང་སྦྱར་ཏེ་སློབ་དགོས་ཏེ།ལས་དང་པོ་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་གཙོ་བོར་སློབ་པ་དང་།ཅུང་ཟད་བརྟན་པ་ཐོབ་ནས་དགེ་བ་ཆོས་སྡུད་དང་།ཤིན་ཏུ་བརྟན་པ་ཐོབ་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་སློབ་པར་བྱེད་པའི་དོན་ཡིན་ནོ་ཞེས་ཞལ་རྒྱུན་ནོ།།གསུམ་པ་མཇུག་ཏུ་དགའ་བ་བསྒོམ་པ་ལའང་།རང་དགའ་བ་བསྒོམ་པ་དང་།གཞན་དགའ་བ་སྒོམ་དུ་གཞུག་པ་གཉིས་ལས།དང་པོ་ནི།དེ་ལྟར་བློ་དང་ལྡན་པ་ཡིས།།སོགས་ནས།ཚིམ་པར་བྱེད་པ་ཡིན།།ཞེས་པའི་བར་གྱིས་བསྟན་ཏེ།གོང་དུ་བཤད་པ་དེ་ལྟར་དུ་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཡིས་ནི་སེམས་ཉོན་མོངས་པས་མ་རྙོག་པར་རབ་ཏུ་དྭངས་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོར་དངོས་གཉིས་ཀྱིས་རང་རྒྱུད་ལ་ལེགས་པར་བཟུང་ནས་རྒྱ་གར་གྱི་རྒྱལ་པོ་རྣམས་ཀྱིས་དགེ་བ་རྒྱ་ཆེན་གྲུབ་པའི་རྗེས་སུ་ཉིན་ཞག་མང་པོ་ལ་དགའ་སྤྲོ་བྱེད་པ་ལྟར་དུ།དེ་ལྟ་བུའི་བྱང་ཆུབ་སེམས་བཟུང་བའི་མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར་དུ་རང་གི་སེམས་ནི་འདི་ལྟར་དུ་དགའ་ཞིང་སྤྲོ་བས་གཟེངས་བསྟོད་པར་བྱེད་དོ།།སེམས་གཟེངས་བསྟོད་པ་འདིས་དགེ་སྡིག་གང་ཡང་རྒྱ་ཆེ་བར་བྱེད་པས་ན་འདི་སྐབས་སུ་སེམས་གཟེངས་བསྟོད་པ་གལ་ཆེ་ལ།དེའི་ཚུལ་ནི་ཉི་མ་དེང་གི་དུས་ད་ལྟ་ཉིད་དུ་བདག་གི་ཚེ་འདི་ནི་འབྲས་བུ་ཡོད་པ་ཡིན་ལ།ད་སྔོན་ཡན་ཆད་ཀྱི་ལུས་རྟེན་ཐོབ་ཚད་འབྲས་བུ་མེད་པ་ཡིན་པས་ད་རེས་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྟེན་གྱི་མི་ལུས་ཐོབ་ཀྱང་།ད་ཕྱིན་ཆད་ཀྱང་བྱང་ཆུབ་སེམས་དང་མ་བྲལ་ན་འབྲས་བུ་ཡོད་པ་གཞིར་བཅས་ཤིང་།དེར་མ་ཟད།ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན།།ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན།།ཞེས་གསུངས་པའི་དོན་རྩ།བླ་མ་ཡང་མི་དང་།སྡིག་རྒན་ཀྱང་མི་ཡིན་པ་འདྲ་ཡང་དགེ་སྡིག་ལ་བླང་དོར་ཤེས་པ་དང་མ་ཤེས་པའི་ཁྱད་པར་གྱིས་ཡིན་ཚུལ་ཤེས་ཏེ།ད་སྔོན་གྱི་ལུས་རྟེན་ཐོབ་པ་ཀུན་མ་ལེགས་ཀྱང་ད་རེས་ནི་མི་ཡི་ལུས་རྟེན་གྱི་སྲིད་པ་ལེགས་པར་ཐོབ་པ་འདི་ལ་བསམ་སྟེ།ཉན་རང་དགྲ་བཅོམ་ལས་ཀྱང་ཁྱད་པར་དུ་འཕགས་པ་སྤྲང་པོ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སར་སྐད་ཅིག་གིས་སླེབ་པ་ལྟར་ཉི་མ་དེ་རིང་ནས་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་སྐྱེས་ཏེ་སངས་རྒྱས་རྣམས་ཀྱི་སྲས་སུ་ད་ལྟ་ཉིད་དུ་གྱུར་པ་ནི་རབ་ཏུ་ངོ་མཚར་ཏོ།།དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྲས་དང་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤུན་ཟླར་གྱུར་ཀྱང་བཟང་ཡ་པ་ཐོན་ཏེ་རྗེས་འཚོ་དཀའ་ཟེར་བ་ལྟར་རང་ལ་རང་གིས་དཔའ་བསྐྱེད་དེ་ད་ནི་བདག་གིས་ཅི་ནས་སྲོག་ལ་བབ་ཀྱང་རྒྱལ་དང་རྒྱལ་སྲས་ཀྱི་རིགས་དེ་དང་མཐུན་པའི་གཞན་ཕན་གྱི་ལས་ཁོ་ནའི་བྱ་བ་བརྩམས་ཏེ།སྔོན་གྱི་རྒྱལ་བ་སྲས་བཅས་དང་ད་ལྟ་རྩ་བའི་བླ་མའི་ཞབས་མ་འདྲེན་པ་ཞིག་དགོས་སྙམ་ནས་མཚམས་མེད་ལྔ་ལ་སོགས་པ་བྱ་བ་ངན་པ་མ་བྱས་པས་ན་སྐྱོན་མེད་པའི་རིགས་དང་།ཉན་རང་གི་སར་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའི་རིགས་འཆོལ་ཏེ་དཔེར་ན་རྒྱལ་པོའི་བཙུན་མོ་དམ་པ་ལས་བློན་པོའི་སྲས་བྱུང་ན་རྒྱལ་རིགས་འཆོལ་བ་ལྟར་ཡིན་པའི་ཕྱིར་ཉན་རང་གི་སར་སེམས་མ་བསྐྱེད་པས་ན་བཙུན་པའི་རིགས་བཟང་།ཉན་རང་སངས་རྒྱས་ཀྱི་རིགས་གསུམ་གྱི་ནང་ནས་རྫོགས་པའི་སངས་རྒྱས་ཀྱི་རིགས་འདི་ལ།ད་སྔོན་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ་རིགས་དང་ཞིང་གཙང་བ་ཕུན་སུམ་ཚོགས་པ་ཡན་ལག་བརྒྱད་ལྡན་གྱི་མཚོ་ཆེན་པདྨས་བརྒྱན་པ་ལྟ་བུ་འདི་ཉིད་ངའི་རིགས་འདི་ལ་སྡིག་ལས་དང་དམན་སེམས་ཀྱིས་རྙོག་པར་མི་འགྱུར་བ་དེ་ལྟར་དུ་བྱ་དགོས་སོ་བསམ་མོ།།དཔེར་ན།རྙེད་དོན་མེད་པ་ལོང་བས་རྙེད་པ་མེད་པ་ཕྱག་དར་གྱི་ཕུང་པོ་ཆེན་པོ་ལས།དཔེ་ཇི་ལྟར་ན་རྙེད་རྒྱུ་མེད་པ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་རྙེད་ནས་ད་ཕན་ཆད་ང་ཚེ་སྡུག་སྨུག་པ་དང་མེད་ལྟ་བུ་དེ་མི་དགོས་སྙམ་ནས་སེམས་ལ་དགའ་སྤྲོ་ཚད་མེད་པ་སྐྱེས་པ་ལྟར།དཔེ་དེ་བཞིན་དུ་བདག་རྙེད་དོན་མེད་པ་ཐོག་མ་མེད་པ་ནས་མ་རིག་པས་བསྒྲིབས་པའི་ལོང་བ་ཞིག་གིས།རྙེད་པ་མེད་པ་ཁམས་གསུམ་འཁོར་བ་ལས་ཉོན་ཕྱག་དར་གྱི་ཕུང་པོ་ཆེན་པོ་ལས།རྙེད་རྒྱུ་མེད་པ་ཇི་ཞིག་ལྟར་ན་ཕན་ཚུན་སྟེས་དབང་དང་སྟབས་ལེགས་ལྟ་བུ་ཞིག་གི་དབང་དུ་གྱུར་ནས་རང་གཞན་གྱི་དོན་གཉིས་སྒྲུབ་བྱེད་དང་ཉོན་མོངས་པའི་གཅོང་ནད་མ་ལུས་པ་ཞི་བར་བྱེད་པའི་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ་འདི་ཉིད་བདག་གི་རྒྱུད་ལ་སྐྱེས་པའི་དུས་འདིར་ད་རེས་གཟབ་གཟབ་དགོས་བསམ་པ་གལ་ཆེ་སྟེ།ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པའི་ཕྱིར་རོ་གསུངས།འགྲོ་བའི་འཆི་བདག་འཇོམས་པར་བྱེད་ཅིང་འཆི་མེད་ཞི་བའི་གོ་འཕང་ཐོབ་པར་བྱེད་པའི་བདུད་རྩི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ།།ཡིད་བཞིན་གྱི་ནོར་བུ་དང་མི་འདྲ་བར་ཚེ་རབས་གཏན་གྱི་འགྲོ་བའི་དབུལ་བ་སེལ་བར་བྱེད་པ་ཡི་ནི་མི་ཟད་པའི་གཏེར་ཆེན་པོའི་ནོར་བུ་ཡང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ།།ཁམས་གསུམ་འགྲོ་བའི་ལུས་ཀྱི་ནད་རླུང་མཁྲིས་བད་ཀན་སོགས་དང་།སེམས་ཀྱི་ནད་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ།།སྲིད་པ་འཁོར་བའི་ལམ་དུ་འཁྱམ་ཤིང་དུབ་པ་ཡི་ནི་འགྲོ་བའི་ངལ་བསོ་བར་བྱེད་པའི་ལྗོན་ཤིང་གྲིབ་མ་སྣུམ་པོ་ཅན་ལྟ་བུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ནོ།།འགྲོ་བ་ཐམས་ཅད་ངན་སོང་གི་འགྲོ་བ་ཀུན་ལས་སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཞེས་པ་ནི་ཐེམས་སྐས་དང་ཟམ་པ་ལྟ་བུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ནོ།།འགྲོ་བའི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ཤར་བ་ཡིན་ནོ།།འགྲོ་བའི་སེམས་རྒྱུད་ཀྱི་མི་ཤེས་པའི་རབ་རིབ་མཐའ་དག་དཔྱིས་འབྱིན་ཞེས་རྩ་བ་དྲུང་ནས་འབྱིན་པར་བྱེད་པའི་སྟོང་གསུམ་གཅིག་ཅར་དུ་གསལ་བར་བྱེད་པའི་ཉི་མ་ཆེན་པོ་ལྟ་བུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ནོ།།སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དམ་པའི་ཆོས་འོ་མའི་རྒྱ་མཚོ་ཆེན་པོ་ལྟ་བུ་དེ་བརྩོན་འགྲུས་ཀྱིས་བསྲུབ་པ་ལས་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ནི་མར་ཕྱུང་བ་དང་འདྲ་སྟེ།ཐེག་ཆེན་གྱི་མདོ་སྡེ་དེ་རྣམས་ལས་སྤྱོད་འཇུག་འདི་ནི་མར་གྱི་ཉིང་ཁུ་ཞུན་མར་ཕྱུང་བ་ལྟ་བུ་ཡིན་ཏེ་བརྗོད་བྱ་བྱང་ཆུབ་ཀྱི་སེམས་དང་ཕར་ཕྱིན་དྲུག་དང་བཅས་རྗོད་བྱེད་ཀྱི་གཞུང་ཚིག་ཉུང་ངུ་འདི་ཙམ་གྱིས་སྟོན་པར་མཛད་པའི་ཕྱིར་རོ།།འགྲོ་བ་རིགས་དྲུག་གཅིག་ནས་གཅིག་ཏུ་ཟོ་ཆུའི་ཁྱུད་མོ་བཞིན་དུ་སྐྱེ་ཤིའི་འཁོར་ལོ་ཁ་བརྒྱུད་དེ་འགྲོ་བས་ན་འགྲོ་བའི་མགྲོན་པོ།གང་ལ་འགྲོ་ན་སྲིད་པའི་ལམ་ལ་རྒྱུ་ཞིང་འགྲོ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་ལོངས་སྤྱོད་ཐམས་ཅད་ལ་སྤྱད་པར་འདོད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་ཙཱ་རིའི་ཚོས་ཁ་བཞིན་དུ་བདེ་བའི་མཆོག་ཏུ་ཉེ་བར་གནས་ཏེ་སེམས་ཅན་མགྲོན་ཆེན་ཞེས་པ་ནི་ཕར་སོང་ནས་ཕྱིན་ཆད་ཚུར་ལ་འོང་དུ་མེད་པ་དང་སྐད་ཅིག་ཙམ་དུ་ཡང་མི་འདུག་པར་འགྲོ་བ་དང་འགྲོ་ཡུལ་ལ་མཐའ་མེད་པས་ན་མགྲོན་ཆེན་ཐམས་ཅད་ཚིམ་པར་བྱེད་པ་ཡིན་ནོ།།གཉིས་པ་གཞན་དགའ་བ་སྒོམ་དུ་གཞུག་པ་ནི།བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།།སོགས་ནས།དགའ་བར་གྱིས།།ཞེས་པའི་བར་གྱིས་བསྟན་ཏེ།འདིའི་བཤད་གཞི་མས་ནས་བླངས་ཏེ།མགྲོན་དུ་བོས་ཟིན་པ་ཡིན་ལ།སུས་བོས་ན་བདག་གིས་སོ།།དུས་ནམ་ཡིན་ན་ཉི་མ་དེ་རིང་འབོད་དོ།།གནས་གང་དུ་བོད་ན།རྒྱལ་བ་སྲས་བཅས་དཔང་པོར་བཀོད་དེ་སྐྱོབ་པ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འབོད་དོ།།སུ་འབོད་ན་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་འབོད་པ་ཡིན་ཞིང་།དངོས་པོ་ཅི་བྱིན་ན་སེམས་ཅན་རེ་རེ་བཞིན་དུ་བདེ་བར་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཉིད་སྦྱིན་པར་བྱེད་པ་དང་།སངས་རྒྱས་དེ་ནི་བསྐལ་པ་གྲངས་མེད་མང་པོའི་མཐར་ཐོབ་དགོས་པས་དེ་མ་ཐོབ་ཀྱི་བར་དུ་ལྷ་དང་མིའི་བདེ་བ་ལ་མགྲོན་དུ་བོས་ཟིན་པ་ཡིན་གྱིས།དུས་ཆེན་ཀུན་ལ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་འོང་བས་ཁྱད་པར་དུ་བྱང་སྡོམ་ལེན་པ་དང་འདི་འདོན་པ་གལ་ཆེ་བས་ན།རྒྱུ་མཚན་དེའི་ཕྱིར་རིགས་དྲུག་གི་གཙོ་བོ་ལྷ་དང་ལྷ་མིན་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་གསུངས་པའི་དོན་མདོར་ན།བདག་གིས་དུས་དེ་རིང་ནས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་འགྲོ་བ་ཀུན་ལ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྦྱིན་ལ་སངས་རྒྱས་མ་ཐོབ་བར་དུ་མཐོ་རིས་ལྷ་མིའི་བདེ་བ་ཁོ་ན་ཐོབ་པར་བྱེད།ངན་སོང་ལ་ནི་མི་གཏོང་ངེས་པ་ཅན་ཡིན་པས་སེམས་ཅན་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་སྤྲོ་དགའ་བསྐྱེད་པ་ཡིན་ནོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས་མཐུན་རྐྱེན་རང་རྒྱུད་ལ་ཡོངས་སུ་བཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའི་ཟིན་བྲིས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ལེའུ་གསུམ་སོང་ནས།ད་ནི་གཉིས་པ་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་ནི།འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་བག་ཡོད་ཀྱི་ལེའུ།རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ།བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་དང་གསུམ་ལས།དང་པོ་བག་ཡོད་ཀྱི་ལེའུ་ལའང་།ལེའུའི་གཞུང་དང་།ལེའུའི་མཚན་གཉིས།དང་པོ་གཞུང་ལ་མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར།།སོགས་ནས།འབད་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོང་དུ་ལེའུ་གསུམ་གྱི་ནང་དུ་བཤད་པ་དེ་ལྟ་བུར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རང་རྒྱུད་ལ་སྦྱོར་དངོས་རྗེས་གསུམ་གྱིས་རབ་ཏུ་བརྟན་པར་བཟུང་ནས།བག་མེད་དང་གཉིད་དང་རྣམ་གཡེང་ལ་སོགས་པས་གཡེལ་བ་མེད་པར་དུས་རྟག་ཏུ་ཡང་ནས་ཡང་དུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་།ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་།ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམས་ལས་སྒོ་གསུམ་མི་འདའ་བར་འབད་པར་བྱ་དགོས་སྙམ་པས་གཟབ་གཟབ་གལ་ཆེ་སྟེ།སྔོན་རལ་གྲིའི་འཁྲུལ་འཁོར་ཅན་དང་ཤིང་རྟ་ཅན་གྱི་གཏམ་རྒྱུད་ལྟར་དུ།ཤིང་རྟ་ཅན་གྱིས་བདག་མ་བསད།།བདག་ནི་བག་མེད་པ་ཡིས་བསད།།བུད་མེད་བཞིན་ལ་ལྟ་བས་བསད།།ཅེས་དང་།མདོ་དྲན་པ་ཉེར་བཞག་ལས།བག་ཡོད་བདུད་རྩིའི་གནས་ཡིན་ཏེ།།བག་མེད་འཆི་བའི་གནས་ཡིན་ནོ།།ཞེས་སོགས་གསུངས་པས་སོ།།གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ཏེ།བསྒྲུབ་བྱ་བསླབ་པ་ལ་བསམ་ཏེ་བག་བྱ་བ།རྟེན་དལ་འབྱོར་ལ་བསམ་ཏེ་བག་བྱ་བ།སྤང་བྱ་ཉོན་མོངས་པ་ལ་བསམ་ཏེ་བག་བྱ་བ་དང་གསུམ་ལས།དང་པོ་ལའང་།བསམ་པ་སེམས་བསྐྱེད་མི་ཉམས་པར་སྲུང་བ་དང་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་སྲུང་བ་གཉིས་ལས།དང་པོ་ནི།བབ་ཅོལ་བརྩམས་པ་གང་ཡིན་པའམ།།སོགས་ནས།ཡུན་རིང་ཐོགས།།ཞེས་པའི་བར་གྱིས་བསྟན།དེ་ཡང་བྱ་བ་གང་དང་གང་ལའང་རི་བོང་ཅལ་འགྲོགས་ཀྱི་གཏམ་རྒྱུད་ལྟར་མ་བརྟགས་ལ་དཔྱད་པར་བབ་ཅོལ་དུ་བརྩམས་པ་གང་དང་གང་ཡིན་པའམ།ཡང་ན་བྱ་བ་གང་ཞིག་ལ་ཅུང་ཟད་ཅིག་ནི་བརྟགས་ཀྱང་ཐོག་མཐའ་ཀུན་ལ་ལེགས་པར་ནི་མ་བརྟགས་པ་དེ་གཉིས་གང་རུང་བ་ནི་དམ་བཅས་བྱས་པར་གྱུར་ཀྱང་དགོས་པ་ཡོད་ན་ནི་བྱའམ་དགོས་པ་མེད་ན་ནི་བྱ་བ་དེ་བཏང་ངོ་ཞེས་སྤང་བླང་གི་གནས་ཕྲན་བུ་དེ་ལྟ་བུ་ནི་བརྟག་པའི་རིགས་ལ།ད་ལམ་འདིར་ནི་སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོས་བསྐལ་པ་མང་པོར་བརྟགས་པ་ཡིན་ཏེ།བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།།ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཉིད་ལ་བརྟགས་པས་ཀྱང་རང་གཞན་ལ་ཕན་པར་གཟིགས་པ་དང་།རྒྱལ་བ་དེ་ཡི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོས་ཀྱང་བྱང་ཆུབ་ཀྱི་སེམས་གང་ཞིག་ལ་བརྟགས་ཤིང་དཔྱད་ན་ཡང་ཕན་བདེའི་མཆོག་ཡིན་པར་གཟིགས་པ་དང་།བདག་ཉིད་ཀྱིས་ཀྱང་སངས་རྒྱས་ཀྱི་བཀའ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཉོན་མོངས་པའི་ནད་འཇོམས་པ་ལ་ནི་སྨན་པའི་སྨན་ཁུག་ནང་གི་སྨན་ལྟར་མི་ཟབ་པ་གང་ཡང་མེད་ཀྱང་།བྱང་ཆུབ་ཀྱི་སེམས་ནི་ནད་བརྒྱ་འཇོམས་པའི་སྨན་དཀར་པོ་ཆིག་ཐུབ་ལྟ་བུ་ཡིན་པར་བརྟགས་བརྟགས་ནས།ད་ལྟ་བླ་མ་དཀོན་མཆོག་གི་ཐུགས་རྗེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་ལེན་ཟིན་པ་དེ་ལ་ད་ནི་ཕར་ལ་བཤོལ་དུ་ཅི་ཞིག་ཡོད་དེ་བྱང་ཆུབ་ཀྱི་སེམས་དེ་སྤངས་མི་ཉན་ནམ་སྙམ་པ་ཞེ་ཐག་པ་ནས་བསམ་སྟེ་ད་རེས་གཟབ་གཟབ་དགོས།གཟབ་གཟབ་དགོས།གཟབ་གཟབ་དགོས་ཞེས་ལན་གསུམ་རེ་ནི་ཤོ་ལོ་ཀ་རེ་རེའི་མཇུག་ཏུ་དགོས་ཞེས་ཞལ་རྒྱུན་ལགས་སོ།།གལ་ཏེ་གོང་དུ་ལེའུ་གསུམ་པའི་ནང་དུ་བཤད་པ་དེ་ལྟར་དུ་རྒྱལ་བ་སྲས་བཅས་དཔང་པོར་བཞུགས་སུ་གསོལ་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་པར་ཁས་བླངས་དམ་བཅས་བྱས་ཟིན་ནས།ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལས་ཀྱིས་གཞན་ལ་ཕན་པ་བསྒྲུབ་པར་མ་བྱས་ན་ནི་རྒྱལ་བ་སྲས་བཅས་དབུ་གཡོགས་ཤིང་།མ་རྒན་སེམས་ཅན་དེ་དག་ཀུན་བསླུས་པ་ཡིན་པས་ན།ད་ནི་བདག་གི་ཚེ་ཕྱི་མའི་འགྲོ་བ་ཞེས་ལུས་རྟེན་ནི་ཅི་འདྲ་བར་འགྱུར་ཏེ་སངས་རྒྱས་དང་སེམས་ཅན་གཉིས་ཀ་བསླུས་པས་ངན་སོང་ཤིན་ཏུ་གཏིང་ཟབ་པ་ལས་འགྲོ་ས་ཅི་ཡོད།དེ་བས་ད་ལྟ་རང་དབང་ཡོད་དུས་བསམ་པ་བྱང་ཆུབ་སེམས་བསྐྱེད་འདི་ཉམས་མི་ཉན་གཟབ་གཟབ་དགོས་ལན་གསུམ་རིགས་འགྲེའོ།།དེ་ལྟར་དམ་བཅས་དང་འགལ་བ་ལ་དེ་ཙམ་གྱིས་ཉེས་པ་ཆེའམ་སྙམ་ན་འགྲོ་བ་ཐམས་ཅད་བསླུས་པ་དེར་མ་ཟད།ཁབ་ལ་སོགས་པའི་དངོས་པོ་ཕལ་པ་ཞེས་ཕྲན་བུ་ཐབ་མི་ཆགས་ཙམ་པ་ཅུང་ཟད་ལའང་ངག་ཏུ་ངས་ཁྱོད་ལ་ཁབ་ལ་སོགས་པའི་དངོས་པོ་ཞིག་སྦྱིན་ནོ་ཞེས་བརྗོད་ནས་མ་བྱིན་ན་དམྱལ་བར་སྐྱེ་བ་དང་།ཡིད་ཀྱིས་སྦྱིན་པར་བསམ་པར་བྱས་ནས་སེར་སྣ་ཅན་གྱི་མི་གང་ཞིག་གིས་གཞན་ལ་སྦྱིན་པར་མི་བྱེད་པ་དེ་ཡང་ཡི་དྭགས་སུ་སྐྱེ་བར་འགྱུར་བ་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་ཡོད་ན།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པར་དམ་བཅས་པ་དང་འགལ་ན་དེ་ནི་ཉེས་པ་ཆེ་སྟེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ལ།གཞན་སུ་ཞིག་གིས་བཙན་བཙུག་དང་དབང་ཡོད་ལ་སོགས་པ་མ་ཡིན་པར་རང་གི་ཞེ་བསམ་པ་ཐག་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་བར་བྱས་ནས་འགྲོ་བ་ཐམས་ཅད་བསླུས་པར་བྱས་ན་བདེ་འགྲོར་ཇི་ག་འགྲོ་བར་འགྱུར་རམ་སྟེ་མི་འགྲོ་ཐག་ཆོད་ཡིན་པ་དེ་བས་ན་ད་ལྟ་རང་དབང་ཡོད་དུས་སུ་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཉམས་མི་ཉན་པར་གཟབ་གཟབ་དགོས་གསུམ་འགྲེའོ།།ཡང་འདི་ལྟར་བསམ་སྟེ་སྔོན་འཕགས་པ་ཤཱ་རིའི་བུས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལག་པ་གཡས་པ་བདུད་ཀྱིས་བསླང་ཚེ་ལག་གཡས་བཅད་དེ་ལག་གཡོན་པས་བྱིན་ཚེ་ལག་པ་གཡོན་པས་བྱིན་པ་ནི་བདག་ལ་མ་གུས་པའོ་ཞེས་བརྗོད་ནས་བདུད་ཀྱིས་མ་བླངས་ཚེ་ཤཱ་རིའི་བུས་བྱང་ཆུབ་ཀྱི་སེམས་བཏང་ཡང་ཉན་ཐོས་དགྲ་བཅོམ་ཐོབ་པ་དང་།གསེར་མདོག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་བཞི་བཅུའི་བར་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་བསླབ་ཀྱང་བུ་ཞིག་གིས་མ་ལ་ལོག་པར་ཞུགས་པར་མཐོང་བའི་རྐྱེན་གྱིས་བྱང་ཆུབ་ཀྱི་སེམས་བཏང་ན་ཡང་དེ་མ་ཐག་ཏུ་རང་རྒྱལ་དགྲ་བཅོམ་ཐོབ་པ་ལྟར་ད་ལྟ་བདག་གིས་བྱང་ཆུབ་སེམས་བསྐྱེད་ཉམས་ཤོར་ན་ཡང་ཉན་རང་གང་རུང་གི་དགྲ་བཅོམ་ཞིག་འཐོབ་ཨི་མི་ནུས་སྙམ་ན་དེ་ལྟར་བསམ་མི་ཉན་ཏེ།སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པ་དང་།སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དང་།ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་།སྨན་དང་སྔགས་དང་རིག་སྔགས་ལ་སོགས་པའི་འཁྱུད་སྤྱད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་བཞི་ཡོད་པ་ལས།སྔོན་ཤཱ་རིའི་བུ་དང་གསེར་མདོག་ལ་སོགས་པའི་མི་གང་ཞིག་གིས་བྱང་ཆུབ་ཀྱི་སེམས་བཏང་ན་ཡང་དེ་དག་གཉིས་ཀ་ཉན་རང་དགྲ་བཅོམ་ཐོབ་ནས་འཁོར་བ་ལས་ཐར་བར་མཛད་པ་དེ་ནི་སེམས་ཅན་གྱི་ལས་ཀྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་སྟེ།སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་པས་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་པས་ན་བསམ་བཟང་བྱང་ཆུབ་ཀྱི་སེམས་མི་ཉམས་པར་སྲུང་དགོས་གཟབ་གཟབ་དགོས།རང་མི་དགའ་བའི་སེམས་ཅན་དགྲ་ལྟ་བུ་ཞིག་ལ་ངས་ཁྱོད་ལ་ཕན་འདོགས་པའི་དུས་བྱུང་ཡང་ཕན་མི་གདགས།གནོད་པ་བསལ་པའི་དུས་བྱུང་ཡང་གནོད་པ་མི་སེལ་སྙམ་པའི་བློ་སྐྱེས་ན་སྨོན་སེམས་གཏོང་བ་དང་།རྫོགས་བྱང་ལ་སློབ་མི་ནུས་སྙམ་པས་ཉན་རང་གི་སར་སེམས་བསྐྱེད་ན་ཡང་སྨོན་སེམས་གཏོང་འགྲོ་བ་ཡིན་ནོ།།དེ་བས་ན་སེམས་ཅན་གཅིག་བློས་བཏང་ན་མདུད་པ་གྲོལ་ན་ཆུན་པོ་འཇིག་གསུངས་པ་ལྟར་སེམས་ཅན་གཅིག་ཙམ་བློས་བཏང་བ་དང་།ཐེག་དམན་ལ་སེམས་བསྐྱེད་པ་ལྟ་བུའི་སྨོན་པ་སེམས་བསྐྱེད་བཏང་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མདོ་སྔགས་གཉིས་ཀར་ལྟུང་བའི་ནང་ན་ཡང་ལྟུང་བ་ལྕི་བ་ཡིན་པར་ཤེས་པར་བྱ་སྟེ།སྨོན་སེམས་སྲུང་ན་རྫོགས་བྱང་གི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ་མ་བསྲུང་ན་གྱང་མེད་ན་རི་མོ་མེད་པ་བཞིན་དུ་མདོ་སྔགས་གཉིས་ཀྱི་ལུགས་ལའང་ཀུན་དཀྲིས་དང་ཐུན་ཚོད་མེད་པར་ཉམས་སླ་བས་ན།འདི་ལྟར་སྨོན་སེམས་བཏང་བའི་ལྟུང་བ་དེ་ནི་བྱུང་བར་གྱུར་ན་བྱང་སེམས་དེ་ནི་སེམས་ཅན་ཀུན་གྱི་དོན་བྱེད་པ་ལ་དམན་ཞིང་ཉམས་པའི་ཕྱིར་ན་དང་པོ་ཉིད་ནས་སྨོན་སེམས་མི་ཉམས་པར་གཟབ་གཟབ་བྱས་ཏེ་སྲུང་དགོས།སྨོན་སེམས་ཉམས་མི་དགོས་དང་བྱང་སེམས་ཀྱི་དགེ་རྩ་ཕྲན་ཚེགས་རེ་ཙམ་སྒྲུབ་པ་ལ་གེགས་བྱས་ན་ཡང་ཉེས་པ་ཚད་མེད་དེ།གང་ཞིག་སེམས་ཅན་གཞན་ཞིག་གིས་དུས་སྐད་ཅིག་ཙམ་ཡང་བྱང་སེམས་འདིའི་སྦྱིན་གཏོང་ཕྲན་བུ་ལ་སོགས་པ་བསོད་ནམས་བསགས་པ་བར་ཆད་ཀྱིས་དགེ་བའི་གེགས་བྱེད་པ་དེ་ནི་ངེས་པ་དང་མ་ངེས་པའི་ཕྱག་རྒྱའི་མདོ་ལས་གསུངས་པ་ལྟར་དུ་བསོད་ནམས་བསགས་པ་པོའི་བྱང་སེམས་དེ་ནི་སེམས་ཅན་གྱི་དོན་བྱེད་པ་ལ་དམན་པར་གྱུར་པས་ན་དགེ་བ་མཐའ་ཡས་པའི་སེམས་ཅན་གྱི་གྲངས་བཞིན་དུ་འཕེལ་རྒྱུ་མེད་པར་བྱས་ལ།བྱང་སེམས་ལ་བར་ཆད་བྱེད་པ་པོ་དེ་ཡི་ལུས་རྟེན་ནི་ངན་སོང་ངན་འགྲོ་མུ་མཐའ་མེད་པ་ལ་སྐྱེ་བར་འགྱུར་བས་ན་དགེ་བ་རྒྱ་ཆེན་སྒྲུབ་མ་ནུས་ཀྱང་།གཞན་དགེ་བ་སྒྲུབ་པ་ལ་གེགས་མི་བྱེད་པར་གལ་ཆེའོ།།བྱང་ཆུབ་སེམས་དཔས་དགེ་བ་ཕྲན་ཚེགས་སྒྲུབ་པ་ལ་གེགས་བྱས་ན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བཤིག་པ་ཡིན་ཏེ།དཔེར་ན་ལུག་ལྟ་བུའི་སེམས་ཅན་གཅིག་གིས་དོན་མེད་པར་ཡར་སྐྱེས་ཀྱི་རྩྭ་ཟ་བ་དང་།མར་འབབ་ཀྱི་ཆུ་འཐུང་བ་ཏེ་བདེ་བར་གནས་ཚེ་ལུག་ལྟ་བུའི་སེམས་ཅན་གཅིག་གི་བདེ་བ་དེ་ཡང་བཤིག་སྟེ།སྐད་ཅིག་གཅིག་གིས་བསད་ན།བདག་ཉིད་བར་བསྐལ་གཅིག་ཏུ་དམྱལ་བའི་སྡུག་བསྔལ་མྱོང་ནས་དེ་ལས་ཐར་ན་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་སྲོག་ལེན་འཇལ་དགོས་པ་ལ་སོགས་པས་རང་ཉམས་པར་འགྱུར་བ་ཡིན་ན།བྱང་ཆུབ་སེམས་དཔའི་དགེ་བའི་བར་ཆད་བྱས་ན་ནི་ནམ་མཁའ་འདིས་གར་ཁྱབ་ཀྱི་འགྲོ་བ་མ་ལུས་པ་མཐའ་ཀླས་པའི་ལུས་ཅན་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བཤིག་པ་དེ་ནི་ཉམས་པར་འགྱུར་བ་ཡིན་པས་སྨོས་ཀྱང་ཅི་དགོས་སོ།།དེ་བས་ན་སེམས་དང་ཆོས་བསྲེས་ནས་རྒྱུ་དང་འབྲས་བུ་ལ་བདེན་པར་ཡིད་ཆེས་དུས་དད་པ་ངོ་མ་ཡིན་པས་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དགོས་སོ།།སྡིག་པ་ཚབས་ཆེན་བསགས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྡིག་པ་འདག་པར་འགྱུར་རོ་སྙམ་ན།གོང་དུ་བཤད་པ་དེ་ལྟར་དུ་སྨོན་སེམས་བཏང་བ་ལྟ་བུའི་ལྟུང་བ་སྟོབས་དང་ལྡན་པ་རེ་བྱས་པ་དང་སེམས་ཅན་གཅིག་ཀྱང་མ་ལུས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་སྙམ་པའི་བླ་མེད་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་རེ་བསྐྱེད་དེ།ལྟུང་བ་དང་བྱང་སེམས་དེ་དག་གཉིས་ཀ་ཁམས་གསུམ་འཁོར་བར་སྡིག་རེས་དང་དགེ་རེས་གཉིས་ཀྱིས་ཕན་ཚུན་འདྲེ་ལོག་པར་བྱེད་བཞིན་གནས་ན།ས་གོང་མའི་ཡོན་ཏན་ཐོབ་པ་ལ་ནི་ཡུན་རིང་པོར་ཐོགས་ཏེ།ཚེ་འདིར་ཉེས་བྱས་ཕྲ་བ་ཞིག་ལ་འགལ་ནའང་།འགྱོད་པས་བཤགས་ན་ཉེས་ལྟུང་གི་སྡིག་པ་དག་ནས་བྱང་ཆུབ་སེམས་ཀྱི་མཐུས་ངན་སོང་དུ་མི་འགྲོ་ན་ཡང་།གོང་མའི་ཡོན་ཏན་ནི་ལུས་རྟེན་འདི་ལ་མི་ཐོབ་པས་ན་གཟབ་གཟབ་བྱས་ཏེ་སྡིག་ལྟུང་ལ་འཛེམ་བག་བྱས་ནས་བྱང་ཆུབ་ཀྱི་སེམས་སྲུང་དགོས་སོ།།གཉིས་པ་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་སྲུང་བ་ནི།དེ་ལྟས་ཇི་ལྟར་དམ་བཅས་བཞིན།།སོགས་ནས།མྱོང་བར་འགྱུར།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་བསམ་པ་སེམས་བསྐྱེད་བླངས་པ་དང་མི་འགལ་བར་བྱེད་དགོས་པ་དེ་ལྟ་བུ་ཡིན་པས་ན་དེ་ལྟས་བདག་གི་ཇི་ལྟར་དུ་དམ་བཅས་པ་བཞིན་དུ་བདག་གིས་ནི་ཡོན་ཏན་ལ་གུས་པས་བསྒྲུབ་པར་བྱ་དགོས་ཏེ།དེ་ཡང་དེང་གི་དུས་ད་ལྟ་ཉིད་ནས་བསླབ་པ་ལ་བརྩོན་པར་མ་བྱས་ན་ནི།སྣང་བ་ནས་མུན་པ་འོག་ནས་འོག་ཏུ་འགྲོ་བར་འགྱུར་རོ།།ཡང་ད་སྔོན་རྩ་བའི་བླ་མ་སོགས་མཇལ་ནས་དངོས་པོ་ཅི་འབྱོར་རེ་ཡང་ཕུལ་ཡོད་པས་ངན་སོང་ལ་མི་གཏོང་ངོ་སྙམ་ན།སྔོན་གྱི་རྒྱལ་བ་རྣམས་ལས་ལྷག་པའི་སེམས་ཅན་ཐམས་ཅད་ལས་རྒྱུ་འབྲས་ཀྱི་ལམ་དུ་མི་མངག་པར་ཐར་ལམ་ལ་འདྲེན་མི་ནུས་པ་དང་།སངས་རྒྱས་རྣམས་ལ་རྟ་ལ་སོགས་པ་མ་ཕུལ་བས་བདག་མ་འདྲེན་པ་མིན་ཀྱང་།ད་སྔོན་ཡན་ཆད་དུ་འདས་པའི་དུས་ཐམས་ཅད་ལའང་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་སངས་རྒྱས་གྲངས་མེད་མང་པོ་མྱ་ངན་ལས་འདས་པར་གྱུར་ཀྱང་།བདག་གི་ནི་རང་གི་རྒྱུད་ཀྱི་མི་དགེ་བའི་ཉེས་པས་འདས་པའི་སངས་རྒྱས་དེའི་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་པས་ད་ལྟའི་བར་དུ་ལུས་པར་གྱུར་ཏོ།།ད་དུང་དུ་ཡང་དགེ་བ་ནི་སྤངས།དཔེར་ན་ཤོག་གུ་དྲིལ་ཤུལ་དང་།ཆུ་ཁྲིད་ཤུལ་དང་།སྡོང་པོ་དྲུད་ཤུལ་ལྟར་དུ་སེམས་མི་དགེ་བའི་ལམ་དུ་མངགས་ནས་སྡིག་རྒྱུན་མ་བཅད་ན་ནི།ཅི་འདྲ་བ་ཡི་ལས་བསགས་པ།།དེ་འདྲ་བ་ཡི་འབྲས་བུ་འབྱུང་།།གསུངས་པ་དེ་བཞིན་བདག་གིས་སྡིག་པ་བྱེད་བཞིན་བསྡད་ན་མ་འོངས་པའི་དུས་ཐམས་ཅད་དུ་མཐོ་རིས་དང་ངན་སོང་གཉིས་སུ་ཡང་དང་ཡང་དུའང་དེ་བཞིན་དུ་འཁོར་ནས་ཤིན་ཏུ་སྡུག་བསྔལ་ཏེ་ངན་སོང་ངན་འགྲོར་ཚ་གྲང་བཀྲེས་སྐོམ་སོགས་ཀྱི་ནད་དང་།ལྕགས་སྒྲོག་དང་ཤིང་སྒྲོག་ལ་སོགས་པའི་འཆིང་བ་དང་།མགོ་དང་ཡན་ལག་ལ་སོགས་པ་དུང་ཕྱུར་མང་པོ་བཅད་པ་དང་།སྟ་རེ་དང་སོག་ལེ་མེ་འབར་བ་ལ་སོགས་པས་ལུས་ཚང་མ་གཤགས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བས་ན།ད་ལྟ་རང་དབང་ཡོད་དུས་སུ་སྦྱོར་བ་བརྩོན་འགྲུས་འདི་མི་ཉམས་པར་གཟབ་གཟབ་བསྲུང་དགོས་བསམ་མོ།།གཉིས་པ་རྟེན་དལ་འབྱོར་ལ་བསམས་ཏེ་བག་བྱ་བ་ལ།དལ་འབྱོར་རྙེད་དཀའི་ཚུལ་ལ་བསམས་ཏེ་བག་བྱ་བ།ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ།དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས།དང་པོ་ནི།དེ་བཞིན་གཤེགས་པ་འབྱུང་བ་དང་།།སོགས་ནས།ཐོབ་དཀར་གསུངས།།ཞེས་པའི་བར་གྱིས་བསྟན།དེ་ཡང་དལ་བརྒྱད་འབྱོར་བཅུ་མདོར་བསྡུས་ན།འཇིག་རྟེན་ན་ཨུ་དུམྦ་ར་ལས་ཀྱང་དཀོན་པ་དེ་བཞིན་གཤེགས་པ་འབྱུང་བ་དཀོན་པ་དང་།སངས་རྒྱས་བྱོན་པ་ལས་ཀྱང་རང་ལ་དད་པ་ཡོད་པ་དཀོན་ཏེ་ཕྱི་རོལ་པ་ལྟ་བུ་དང་།ཡང་དད་པ་དུད་འགྲོས་ཀྱང་ཤེས་ཏེ་སྤྲེའུ་དང་ནེ་ཙོས་སངས་རྒྱས་ལ་དད་པ་བྱས་པས་ཚེ་འཕོས་ཏེ་ད་གཟོད་མི་ལུས་ཐོབ་ནས་དགྲ་བཅོམ་དུ་གྱུར་པ་ཡིན་ཀྱང་མི་ལུས་ཐོབ་པ་དཀོན་པ་དང་།མི་ལུས་ཐོབ་པ་མང་ཡང་སེམས་ལ་དགེ་བ་གོམས་སུ་རུང་བ་འདི་ལྟ་བུ་གཅིག་ལས་ཀྱང་གཅིག་གིས་དཀོན་པ་ཡིན་ན།མི་ལུས་ཆོས་ལྡན་ཅན་ནི་ནམ་ཞིག་ན་ཐོབ་པར་འགྱུར་ཏེ།ཕྱིན་ཆད་ཐོབ་རྒྱུ་མེད་པས་ད་རེས་མི་ལུས་ཐོབ་ཚེ་ཆོས་སྒྲུབ་པ་ལ་གཟབ་གཟབ་དགོས།ལུས་ལས་སྙིང་པོ་ཆོས་ལོན་དགོས།རང་ལ་ནད་མེད་པའི་ཉི་མ་འདི་ལྟ་བུ་ལ་ནི་བདག་མི་འཆི་སྙམ་ན་ཐམས་ཅད་ནད་ཁོ་ནས་ཤི་བ་མིན་ཏེ།ནད་མིན་ན་ཡང་འཆི་རྐྱེན་མང་པོ་ཡོད་པས་ནམ་འཆི་ཆ་མེད་ཡིན་ནོ།།བདག་ཟས་དང་བཅས་པས་མི་འཆིའོ་སྙམ་ན་ཐམས་ཅད་མུ་གེ་ཁོ་ནས་ཤི་བ་མིན་པས་འབྲུ་ནོར་བང་བ་མང་པོ་ཤུལ་དུ་ལུས་ཏེ་ཤི་འགྲོ་བས་ན་ནམ་འཆི་ཆ་མེད་ཡིན་ནོ།།དགྲ་ཇག་ཆོམ་རྐུན་དང་མེ་ཆུ་དུག་མཚོན་ལ་སོགས་པས་འཚེ་བ་མེད་པས་མི་འཆིའོ་སྙམ་ན།སེམས་ཅད་ཐམས་ཅད་དགྲས་འཚེ་བ་ཁོ་ནས་ཀྱང་བསད་པ་མིན་པས་རང་གི་གནས་ཁང་དུ་མལ་སྟན་འཇམ་པོ་ལ་ཉལ་བཞིན་དུ་བདག་ནི་འཆི་བར་འགྱུར་ཏེ།ཚེ་འདི་ནི་སྐད་ཅིག་སྐད་ཅིག་གིས་བསླུ་བར་འགྱུར་བ་ཤེས་པར་བྱ་སྟེ།དཔེར་ན།ཆུ་བོ་རྒྱ་མཚོར་འབབ་པ་དང་།ཉི་མ་ནུབ་རིར་སྙེགས་པ་དང་།བཤའ་ལུག་གསོད་པར་ཁྲིད་པ་དང་།སྐྱེན་པོས་མདོང་འཕང་བ་དང་།སྣུམ་ཟད་ཀྱི་མར་མེ་བཞིན་དུ་འགྲོ་འདུག་ཟ་ཉལ་གྱི་སྤྱོད་ལམ་བཞི་པོ་ཁོ་ནས་མི་ཚེ་ལྐོག་ཏུ་འཛད་ཀྱང་རང་གིས་ནི་མི་ཤེས་སོ།།བདག་གི་ལུས་འདི་ནི་ཐང་ཅིག་ཅེས་སྐོར་གཅིག་ཙམ་ལ།བརྙན་པོ་ཞེས་པ་ནི་གཡར་པོ་ཡིན་ཏེ།དེ་ཕྱིར་བདག་གི་ལུས་འདི་ནི་འབྱུང་བ་བཞི་ལ་གཡར་པོ་བཞིན་དུ་ཡིན་པས་གཡར་པོ་ལ་བེད་གཅོད་དགོས།སྤྱིར་དམ་པའི་ཆོས་དང་སྒོས་བྱང་ཆུབ་ཀྱི་སེམས་ལ་སྦྱངས་དགོས་ཏེ་བེད་གཅོད་པ་གལ་ཆེ།འཇིག་རྟེན་པའི་ཁ་སྐད་ལའང་།བདག་པོ་སླེབས་དུས་ཐབ་ཟངས་ཟེར་བ་ལྟར་རང་ལ་འོང་ངེས་པ་ནི་འཆི་བ་ཡིན་ཏེ།བཅོམ་ལྡན་འདས་ཀྱིས་སྐྱེས་པའི་མཐའ་མ་ནི་འཆི་བའོ་ཞེས་མཐའ་གཅིག་ཏུ་ལུང་བསྟན་པ་ཡིན་པས།ལུས་སེམས་སོ་སོར་མ་བྲལ་གོང་དུ་དགེ་བ་སྒྲུབ་པ་ལ་གཟབ་དགོས།མི་ལུས་ཐོབ་ཀྱང་བདག་གི་ད་ལྟའི་སྤྱོད་པ་འདི་འདྲ་བས་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་དགོས་དང་མི་ཡི་ལུས་ཉིད་ཀྱང་ཐོབ་པར་མི་འགྱུར་ཏེ།སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས།།ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས།།ཞེས་གསུངས་པ་ལྟར་དུ་གཞི་ཚུལ་ཁྲིམས་རྣམ་པར་མ་དག་ན་རྐྱེན་སྨོན་ལམ་རྣམ་དག་མི་འགྲུབ་ཅིང་།སྨོན་ལམ་མ་འགྲུབ་ན་མི་ལུས་མི་ཐོབ་པོ།མི་ཡི་ལུས་རྟེན་ཐོབ་པར་མ་གྱུར་ན་ནི་ཁྲ་དང་འཕར་སྤྱང་ལ་སོགས་པ་ལྟ་བུ་སྡིག་པ་འབའ་ཞིག་ཁོ་ན་བསགས་པ་ལས་དགེ་བ་ནི་ཏིལ་འབྲུ་ཙམ་ཡང་འགྲུབ་དུས་མེད་དོ།།མི་ལུས་ཐོབ་པ་གང་གི་ཚེ་ན་ཕྱུག་པོ་དང་འབྱོར་པོ།བཙན་པོ་དང་དབང་ཡོད་ལ་སོགས་པ་ཡོད་ཀྱང་།ཆོས་སྒྲུབ་པའི་མཐུན་རྐྱེན་མ་ལུས་པ་ཚང་བའི་མི་ལུས་འདི་ནི་དགེ་བ་ལ་སྤྱད་པའི་སྐལ་བ་བཟང་པོ་དང་ལྡན་ན་ཡང་།རང་ལ་རང་དབང་ཡོད་དུས་དགེ་བ་བདག་རང་གིས་མ་བྱས་ན་ནི་སང་གི་ཉི་མ་ཙམ་ལ་ཤི་ནས་མགོ་ལ་རྭ་ཅོ་སྐྱེས་པའི་དུད་འགྲོའམ་ཁ་ལ་རྭ་ཅོ་སྐྱེས་པའི་བྱ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེས་ཏེ་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ནས་ཤིན་ཏུ་གླེན་པ་བླང་དོར་གྱི་གནས་ཀུན་ལ་རྨོངས་པ་དེ་འདྲ་བ་ཞིག་ཏུ་སྐྱེས་པའི་ཚེ་ན་བདག་གིས་ཅི་ཞིག་བྱར་ཡོད་དེ།དེ་བས་ད་ལྟ་མི་ལུས་ཐོབ་ནས་རང་དབང་ཡོད་དུས་སུ་གཟབ་གཟབ་བྱས་ཏེ་དགེ་བ་ལ་བརྩོན་དགོས་པས་སོ།།མི་ལུས་ཐོབ་དུས་བ་གླང་ལ་སོགས་པ་གྱང་ངོ་ལ་དེད་ཀྱང་མི་འགྲོ་བ་ལྟར་དགེ་བ་རྣམ་དག་ཞིག་ཀྱང་མ་བྱས་ལ།སྡིག་པ་དག་ལ་སྤྱད་པའི་ཚེ་ན་ནི་སློབ་མི་དགོས་པར་ཉ་ཆུ་དང་འཕྲད་པ་བཞིན་དུ་སྡིག་པ་རྣམ་པ་སྣ་ཚོགས་ཀྱང་ཉེ་བར་བསགས་པ་ལ་དགའ་བསྡད་ན།བསྐལ་པ་བྱེ་བ་བརྒྱ་སྟོང་མང་པོར་ཡང་མཐོ་རིས་ཀྱི་ལུས་རྟེན་ནི་ཐོབ་པ་ལྟ་ཅི།བདེ་འགྲོའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་བར་ངན་སོང་མུ་མཐའ་མེད་པར་འཁྱམས་འགྲོ་བས་ན།དེ་བས་ད་ལྟ་བདེ་འགྲོ་ཐོབ་དུས་ཉོན་མོངས་པ་སྤངས་པའི་གཉེན་པོར་དམ་པའི་ཆོས་སྒྲུབ་དགོས།རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ལས་ཟད་པ་མིན་ལ་ཉོན་མོངས་པ་སྤངས་པས་སངས་རྒྱས་པ་ཡིན་པར་ཤེས་ཏེ་དགེ་བ་ལ་བརྩོན་དགོས་སོ།།རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་རྒྱ་མཚོ་ཆེ་བའི་ཁར་གཡེངས་པའི་གསེར་གྱི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་དཀའ་བ་ལྟར་དུ་མི་ཡི་ལུས་ཉིད་ནི་ཤིན་ཏུ་ཐོབ་དཀའ་བར་གསུངས་པས་ན།ཐོབ་དཀའི་མི་ལུས་ཐོབ་ཚེ་གཟབ་གཟབ་བྱས་ཏེ་དལ་འབྱོར་སྙིང་པོ་ཆོས་ལ་ཉམས་ལེན་དགོས།གཉིས་པ་ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ་ནི།སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་།།སོགས་ནས།རབ་ཏུ་སྐྱེ།།ཞེས་པའི་བར་གྱིས་བསྟན།དེ་ཡང་མི་ཚེ་རེའི་དགེ་སྡིག་གིས་མཐོ་རིས་དང་ངན་སོང་རེ་གྲུབ་པ་ཙམ་གྱིས་མི་ཆོག་པར་བྱང་སེམས་དང་རྡོ་རྗེ་སློབ་དཔོན་ལ་སོགས་པ་ལ་ཁོང་ཁྲོ་ལ་སོགས་པ་སྐད་ཅིག་མ་གཅིག་ཙམ་དུ་བྱས་པའི་སྡིག་པས་ཀྱང་བསྐལ་པ་མང་པོར་དམྱལ་བ་མནར་མེད་པར་གནས་པར་འགྱུར་དགོས་ན།ཐོག་མ་མེད་པའི་དུས་སུ་འཁོར་བར་བསགས་པའི་སྡིག་པ་དེ་དག་གིས་ནི་བདེ་འགྲོར་མི་འགྲོ་བར་མནར་མེད་གནས་པར་འགྱུར་བ་ནི་སྨོས་ཅི་དགོས་ཏེ།ད་ལྟ་རང་དབང་ཡོད་དུས་ངན་སོང་གི་རྒྱུ་སྡིག་པ་ལ་འཛེམ་བག་གལ་ཆེའོ།།དཔེར་ན་བུ་ལོན་སྔ་མ་མ་སོད་གོང་དུ་ཕྱི་མ་ལེན་པ་བཞིན་དུ་དགེ་བའི་ལས་བཟང་པོ་ཐམས་ཅད་ནི་མྱོང་ནས་ཟད་ལ།ལས་ངན་པའི་སྡིག་པ་ཐམས་ཅད་ནི་ལུས་ཡོད་པས་སྔ་མའི་དམྱལ་བར་འགྲོ་བྱེད་ཀྱི་ཁོང་ཁྲོ་ལ་སོགས་པ་སྡིག་པའི་ལས་དེ་ཙམ་ཁོ་ན་ཞིག་མྱོང་བར་གྱུར་ནས་སེམས་ཅན་དེ་ནི་རྣམ་པར་ཐར་པར་མི་འགྱུར་ཏེ།འདི་ལྟར་སྡིག་པའི་ལས་སྔ་མ་དེ་ནི་མྱོང་བཞིན་དུ་དམྱལ་བ་ཡང་སོས་ལ་སོགས་པར་སྐྱེས་ཚེ་ཉིན་རེ་བཞིན་དུ་ལན་གྲངས་མང་པོར་གསོད་རེས་བྱས་པས་རང་གིས་གཞན་དམྱལ་བའི་སེམས་ཅན་བསད་ཚད་ཐམས་ཅད་ལ་སྲོག་ལེན་ཇི་ལྟ་བ་བཞིན་དུ་འཇལ་དགོས་པ་ལ་བསམ་ན་ཐར་དུས་མེད་པས་ན།སྡིག་པ་གཞན་དང་གཞན་དག་རང་རྒྱུད་ལ་རབ་ཏུ་སྐྱེ་བར་བྱེད་པས་ན་ངན་སོང་དུ་མ་སྐྱེས་པའི་དུས་འདིར་གཟབ་གཟབ་བྱས་ཏེ་ངན་སོང་གི་རྒྱུ་སྡིག་པ་སྤངས་པ་ལ་འབད་དགོས་སོ།།གསུམ་པ་དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་ནི།འདི་འདྲའི་དལ་བ་རྙེད་གྱུར་ནས།།སོགས་ནས།ཅི་ཞིག་ཡོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་འདི་འདྲ་བའི་དལ་བ་རྙེད་པར་གྱུར་ནས་ཀྱང་བདག་གིས་སེམས་དགེ་བ་ལ་གོམས་པར་མ་བྱས་ན་ནི།དཔེར་ན་གསེར་དངུལ་རྡིལ་ཚད་མང་པོ་ཞིག་གཞན་གྱིས་མགོ་བསྐོར་ནས་སྟེར་རླག་ཤོར་བ་བརྒྱ་བས་ཀྱང་ཤ་ཟ་ཆང་འཐུང་ཟ་དགའ་གཉིད་སྐྱིད་ལ་སོགས་པ་ཡུལ་གྱི་ངོས་ནས་ཚེ་འདིའི་སྣང་ཤེས་བཟང་བཟང་ཁོ་ན་འདི་ཉིད་ཀྱིས་བསླུས་པ་ལས་སྡུག་བསྔལ་བ་ནི་བསླུས་པ་གཞན་ན་མེད་དེ་སྐྱིད་འདོད་ཀྱི་ངང་དུ་མི་ཚེ་འདི་དམ་ཆོས་མ་འགྲུབ་པར་སྡུག་བསྔལ་དང་རྣམ་གཡེང་ཁོ་ནས་ཟད་པའི་ཕྱིར་རོ།།ཡུལ་ཅན་རང་གི་ངོས་ནས་ཀྱང་དལ་འབྱོར་ཐོབ་དུས་རང་གིས་མ་ཤེས་པའི་དབང་གིས་དགེ་སྒྲུབ་སྡིག་སྤངས་མ་བྱས་པར་མི་ཚེ་སྟོང་ཟད་ལ་སོང་བ་འདི་ལས་ཀྱང་རྨོངས་པ་དང་མི་ཤེས་པའང་གཞན་འཇིག་རྟེན་ན་མེད་དོ།།དེ་བས་ད་ལྟ་ཉིད་དུ་མི་ལུས་ཐོབ་དུས་སུ་དགེ་བ་རང་རྒྱུད་ལ་གོམས་པའི་ཐབས་ལ་གཟབ་སྟེ་འབད་པར་བྱ་དགོས་སོ།།གལ་ཏེ་བདག་གིས་དལ་འབྱོར་རྙེད་དཀའ་བ་དང་།རྙེད་དུས་དམ་པའི་ཆོས་སྒྲུབ་དགོས་པ་དེ་དག་ཐམས་ཅད་རྟོགས་ཤིང་ཤེས་ནས་ཀྱང་རྨོངས་པ་མི་ཤེས་པས་རྐྱེན་བྱས་ཏེ་སྔར་ཆོས་མ་ཐོབ་པའི་དུས་སུ་དགེ་བློ་ཕྲན་བུ་རེ་ཡོད་ནའང་ཕྱིས་སུ་བླ་མ་བསྟེན།དམ་པའི་ཆོས་མང་པོ་ཐོབ།དགེ་སྡིག་ལ་སྤང་བླང་ཤེས།ཆོས་སྒྲུབ་ཆོག་དུས་སྔར་བས་ཀྱང་ཤེས་རྒྱུད་ཆོས་དང་འགལ་ཏེ་དམ་པའི་ཆོས་ཕྱོགས་ལ་བརྩོན་འགྲུས་སྒྲིམས་རྒྱུ་མེད་པར་ཟས་ཟ་བ་དང་གཉིད་དང་རྣམ་གཡེང་ལ་སོགས་པ་ལ་ཞེན་པ་དེས་རང་གིས་རང་ལ་མཚར་སྣང་སྐྱེས་པས་དམ་ཆོས་སྒྲུབ་པ་ལ་དཔའ་ཞུམ་ནས་སྒྱིད་ལུག་པར་གྱུར་ནས་འཆི་སྙམ་ཡིད་ལ་མེད་པའི་སྐབས་ཤིག་ན།འཆི་བདག་གི་གཤིན་རྗེས་ཁྲིད་ནས་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས་ཏེ་འཆི་བར་འགྱུར་བའི་དུས་ཀྱི་ཚེ་ན།བདག་ལ་རང་དབང་ཡོད་དུས་སུ་དམ་པའི་ཆོས་ཤིག་མ་འགྲུབ་སྙམ་པའི་སེམས་ལ་མྱ་ངན་གྱི་སྡུག་བསྔལ་ཆེན་པོ་ལྡང་བར་འགྱུར་རོ།།དེའི་ཕྱིར་རྗེ་མི་ལས།ད་ཅུང་ཞིག་སྡོད་དེ་སྙམ་པ་ལ།།འཆི་བདག་གཤིན་རྗེ་སྐད་པ་དེ།།ཐིབས་ནོན་གྱི་མུན་པ་གཙུག་ནས་འཁྱིལ།།འཆོར་མེད་ཀྱི་ཞགས་པ་ལག་ན་ཐོགས།།དུས་ནམ་ཞིག་ཚེ་ལ་རང་དབང་མེད།།འབྱུང་བཞི་ལུས་ཀྱི་མདངས་འཕྲོག་ཅིང་།།ནང་སྲོག་གི་དབང་པོ་འགགས་པར་བྱེད།།དེ་ནས་བར་དོའི་སྣང་བ་འཆར།།སྣང་མུན་འོད་ཀྱི་ལམ་འཕྲང་དེར།།བརྩེ་མེད་གཤིན་པོ་ཕྱི་བཞིན་འབྲང་།།ཉམས་ཐག་མནར་བའི་སྡུག་བསྔལ་མྱོང་།།ཞེས་གསུངས་པ་ལྟར་དུ་འཆི་ཁའི་སྡུག་བསྔལ་ལས་ཐུ་བ་ཤི་རྗེས་སུ་ད་ལྟའི་མེ་ལས་བདུན་འགྱུར་གྱིས་ཚ་བ་ཙན་དན་མེ།དེ་ལས་བདུན་འགྱུར་དུས་མཐའི་མེ།དེ་ལས་བདུན་འགྱུར་གྱིས་ཚ་བ་དམྱལ་བའི་མེ་བཟོད་པར་དཀའ་བས་དུས་ཡུན་རིང་པོ་ཉིད་དུ་བདག་གི་ལུས་ལ་བསྲེག་པར་གྱུར་ན།ད་དུང་དེ་ལས་ཀྱང་ཐུ་ཚབས་ཆེ་བ་བདག་ལ་རང་དབང་ཡོད་དུས་སུ་དམ་པའི་ཆོས་ཤིག་བསྒྲུབས་ནས་དམྱལ་བའི་གནས་ཀྱི་སྡུག་བསྔལ་མི་བཟད་པ་འདི་མྱོང་མི་དགོས་པ་ཞིག་མ་བྱས་སྙམ་ནས་འགྱོད་པ་མི་བཟད་དྲག་པོ་མེ་འབར་བས་སེམས་ཤིན་ཏུ་གདུངས་པར་འགྱུར་བ་ནི་གདོན་མི་ཟ་བས་ན།ད་རེས་མི་ལུས་ཐོབ་ཚེ་ངན་སོང་དུ་མི་འགྲོ་བའི་དམ་ཆོས་ཤིག་ཅི་འགྲུབ་བྱེད་དགོས་སོ།།དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་བ།རང་ལ་ཕན་འདོགས་པའི་ས་བ་འདི་ཉིད་ཇི་ཞིག་ལྟར་ན་སྟེས་དབང་དང་སྟབས་ལེགས་ལྟ་བུ་ཞིག་གིས་རྙེད་པར་གྱུར་ནས་ཀྱང་བདག་ཉིད་བྱིས་པ་ཆུང་ངུ་དང་སྨྱོན་པ་སོགས་མ་ཡིན་པར་དགེ་སྡིག་ལ་ངོ་ཤེས་པ་དང་ལྡན་བཞིན་དུ་ཕྱིར་ཡང་དམྱལ་བ་ངན་སོང་གི་གནས་དེར་ཁྲིད་པར་བྱེད་ན་བདག་གི་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་ནོ་ཞེས་པ་ནི་མདོ་སྒྲུབ་དང་མཐུ་བྱད་དུ་བཅུག་པ་འདྲ་ལ།བདག་གིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་པ་དང་སེམས་ཅན་གྱི་བདེ་སྐྱིད་འཕྲོག་པ་སོགས་མེད་པས་མཐུ་བྱད་དང་མདོ་སྒྲུབ་འོང་དོན་མེད་སྙམ་ན་བདག་ལ་འདིར་རང་སེམས་མེད་པ་ཉིད་དུ་ཟད་དོ།།འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་དགོས་བསམ་པ་ཡོད་པས་སེམས་ཡོད་དོ་སྙམ་ན།ཆང་ལ་སོགས་པ་ཅིས་རྨོངས་བདག་གིས་ཀྱང་མ་ཤེས་པ་ཡིན་ཏེ།དགེ་བ་སྒྲུབ་པ་ལ་ནི་མི་མོས།མི་དགེ་བ་བྱེད་པ་ལ་ནི་དགའ།སྤྱིར་འཁོར་བ་དང་ངན་སོང་གི་སྡུག་བསྔལ།ཁྱད་པར་དམྱལ་བའི་སྡུག་བསྔལ་རྣམས་ལ་མི་སྐྲག་པ་འདི་ལ་བསམ་ན་གང་ལྟར་ཡང་བདག་གི་ཁོང་ན་འདྲེ་སྡེ་བརྒྱད་མ་རུངས་པ་ཅི་ཞིག་ཡོད་སྙམ་ནས་གཞན་སྐྱོན་རྟོགས་པ་ཉག་གཅིག་ལས་དང་པོ་རང་སྐྱོན་ཁོ་ན་རྟོགས་དགོས།རང་སྐྱོན་ངོས་འཛིན་དགོས།རང་སྐྱོན་རང་གིས་རིག་ན་སངས་རྒྱས་ཡིན།།རང་སྐྱོན་ངོས་འཛིན་འདི་ལས་ཟབ་པ་མེད།།ཅེས་གསུངས་པ་ལྟར་དུ་དལ་འབྱོར་ཐོབ་དུས་དམ་ཆོས་མ་འགྲུབ་ན་ཁོང་དུ་འདྲེ་ཞུགས་པ་དང་འདྲ་བས་ད་ལྟ་ཉིད་དུ་ཆོས་ལ་ཉམས་ལེན་དང་།ད་རེས་དལ་འབྱོར་ཐོབ་དུས་དགེ་བ་ལ་འཇུག་པ་དང་སྡིག་པ་ལས་ལྡོག་དགོས་སོ།།གསུམ་པ་སྤང་བྱ་ཉོན་མོངས་པ་ལ་བསམ་ཏེ་བག་བྱ་བ་ལ།ཉོན་མོངས་པའི་ཉེས་དམིགས་བཤད་པ།ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ།ཉོན་མོངས་པ་ཇི་ལྟར་སྤང་ཚུལ་དང་གསུམ་ལས།དང་པོ་ནི།ཞེ་སྡང་སྲེད་སོགས་རྣམས་དང་ནི།།སོགས་ནས།བདེ་བ་ག་ལ་ཡོད།།ཅེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་བདག་གི་ཁོང་ན་ཆོས་སྒྲུབ་མི་འཇུག་པའི་འདྲེ་ནི་ཉོན་མོངས་པའི་དགྲ་ངན་འདི་ཡིན་ལ།དེ་ཡང་ཁམས་གསུམ་འཁོར་བའི་འདྲེ་ཐམས་ཅད་ཀྱི་ཕ་ནི་ཞེ་སྡང་དང་མ་ནི་སྲེད་པ་ཡིན་ལ།སོགས་ཁོང་ན་ཁམས་གསུམ་འཁོར་བའི་འདྲེ་ཕྲུག་ང་རྒྱལ་ཕྲག་དོག་འགྲན་སེམས་ལ་སོགས་པའི་དགྲ་རྣམས་ནི་འཇིག་རྟེན་ཚེ་འདིའི་དགྲ་ལྟ་བུ་མགོ་དང་རྐང་ལག་ལ་སོགས་པ་ཡོད་པ་མིན་ལ།འོ་ན་ཉོན་མོངས་པའི་དགྲ་འདི་རྣམས་དཔའ་བོ་བརྩོན་འགྲུས་ཅན་ཞིག་ཡིན་ནོ་སྙམ་ན་དེ་མིན་ཏེ་ལེ་ལོ་དང་མཚུངས་ལྡན་དུ་ཡོད་པ་ཞིག་ཡིན་ནོ།།ཡང་ན་མཛངས་པ་ཤེས་རབ་ཅན་ཅིག་ཡིན་ནོ་སྙམ་ནའང་མིན་ཏེ་མ་རིག་པ་དང་མཚུངས་ལྡན་དུ་ཡོད་པ་ཡིན་ནོ།།དེས་ན་ཉོན་མོངས་པའི་དགྲ་ངན་དེ་རྣམས་དཔའ་བོ་དང་མཛངས་པ་ཞེས་བརྩོན་འགྲུས་ཅན་དང་མཁས་པ་ཤེས་རབ་ལྡན་པ་མིན་ཡང་།ཇི་ཞིག་ལྟར་ཞེས་པ་ནི་ཇི་འདྲ་འདྲ་ཞིག་ཡིན་ན་ཉོན་མོངས་པའི་དགྲ་དེ་དག་གིས་ནི་དཔོན་པོས་གཡོག་པོ་དེད་པ་ལྟར་དུ་བདག་བྲན་བཞིན་དུ་བྱས་ནས་ཉོན་མོངས་པ་ཆགས་སྡང་ལ་སོགས་པས་དེད་སྡོད་པ་འདི་ལ་བསམ་ན།དཔོན་པོ་དབང་ཡོད་ནི་ཉོན་མོངས་པ་མ་གཏོགས་གཅིག་ཀྱང་མེད་དེ།མཐོ་དམན་བཙན་ཕྱུག་ཐམས་ཅད་ཆགས་སྡང་གི་གཡོག་པོ་ཁོ་ན་ཡིན་པས་ཉོན་མོངས་པ་འདི་དང་པོ་ངོས་འཛིན་དགོས་གལ་ཆེའོ་གསུངས་སོ།།འོ་ན་ཉོན་མོངས་པའི་དགྲ་འདི་གང་ན་གནས་ཡོད་སྙམ་ན་གཞན་ན་ཅི་ཡང་མེད་དེ།བདག་གི་སེམས་འདི་ལ་གནས་བཞིན་དུ་ཉོན་མོངས་པ་ཁོ་རང་གིས་ཅི་མོས་ཀྱིས་དགའ་མགུར་བྱས་ཏེ།བདག་ལ་ནི་མི་རྩི་བར་གནོད་པ་སྣ་ཚོགས་བྱེད་པ་པོའི་དགྲ་དེ་ལའང་གཉེན་པོ་སྐད་ཅིག་ཙམ་ཡང་མི་བརྟེན་པར་ད་དུང་ཉོན་མོངས་པ་ལ་མི་ཁྲོ་བར་བཟོད་པ་བྱེད་འདུག་པ་ནི་གནས་མིན་བཟོད་པ་ཞེས་བཟོད་པ་སྒོམ་ཡུལ་མ་ཡིན་པ་ལ་བཟོད་འདུག་པ་ནི་རྒྱལ་བ་སྲས་བཅས་ཀྱིས་སྨད་པའི་གནས་ཡིན་པས་ཉོན་མོངས་པའི་དགྲ་འདི་ལ་བཟོད་པར་མི་བྱའོ།།དགྲ་འདུལ་གཉེན་སྐྱོང་གི་ཕྱིར་དུ་ཉོན་མོངས་པ་འདི་དགོས་སོ་སྙམ་ན།གལ་ཏེ་དཔེར་ན་འཇིག་རྟེན་ན་སྟོབས་ཆེ་བ་ལྷ་ཚངས་པ་བརྒྱ་བྱིན་ལ་སོགས་འཁོར་ཚོགས་དང་།ཐག་བཟང་རིས་དང་སྒྲ་གཅན་འཛིན་ལ་སོགས་པའི་ལྷ་མིན་རྣམས་དང་བཅས་ཏེ་འདོད་གཟུགས་ཐམས་ཅད་བདག་ལ་དགྲར་ལངས་ཏེ་བསྐོར་ཀྱང་ལྷ་དང་ལྷ་མིན་དེ་དག་ཀུན་གྱིས་ཀྱང་བདག་དམྱལ་བ་མནར་མེད་པའི་མེ་ནང་དུ་འཁྲིད་ཅིང་འཇུག་པར་བྱེད་མི་ནུས་ཏེ།རང་རང་ཐམས་ཅད་དམྱལ་བའི་མེ་ནང་དུ་ལྟུང་བ་ལ་ཤིན་ཏུ་སྐྲག་པའི་ཕྱིར་རོ།།དེ་དང་མི་འདྲ་བར་ཉོན་མོངས་པའི་དགྲ་འདིས་གནོད་ཚབས་ཆེ་བ་ནི།ཉོན་མོངས་པའི་དབང་དུ་མ་སོང་བ་མེད་པས་ན་སྟོབས་ཆེན་པོའི་དགྲ་འདིས་ནི་དམྱལ་བའི་མེ་གང་དང་ཕྲད་ན་རིའི་རྒྱལ་པོ་རི་རབ་ཀྱང་ཐལ་བ་ཙམ་དུ་ཡང་ནི་མི་ལུས་པར་བྱེད་པ་དམྱལ་མེའི་ནང་དེར་བླ་མ་དང་བྱང་སེམས་ཕ་མ་སོགས་ལ་ཁོང་ཁྲོ་སྐད་ཅིག་མ་རེ་ཙམ་སྐྱེས་པས་ཀྱང་བདག་སྐད་ཅིག་གཅིག་ལ་འདོར་བར་བྱེད་པས་ན།རྒྱུ་མཚན་དེའི་ཕྱིར་དུ་ཕྱི་གཟུགས་བརྙན་གྱི་ཆོས་ལ་མི་བརྩོན་པར་ནང་སེམས་ཀྱི་ཉོན་མོངས་པའི་དགྲ་འདི་གཞོམ་པ་ལ་གཟབ་གཟབ་དགོས་ཞེས་ཞལ་རྒྱུན་ནོ།།ཡང་ཉོན་མོངས་པའི་དགྲ་འདིས་གནོད་ཡུན་རིང་བ་ནི།བདག་གི་ཉོན་མོངས་པའི་དགྲ་བོ་གང་ཡིན་པ་འདིས་ནི་དུས་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་ཚེ་རབས་ཐམས་ཅད་དུ་བདག་ལ་གནོད་པ་སྣ་ཚོགས་བྱེད་པ་དང་།དེ་ཡང་སྐྱེ་འཆི་བར་དོ་རྨི་ལམ་ཚུན་ཆད་དུ་གནོད་པ་བྱེད་བཞིན་འཁོར་བའི་མཐའ་མ་མེད་པ་སངས་རྒྱས་ཐོབ་མ་སོང་གི་བར་དུ་གནོད་པ་བྱེད་པ་དེ་ལྟར་ནི་ཚེ་འདིའི་དགྲ་གཞན་ཀུན་གྱིས་ཀྱང་ཉོན་མོངས་པའི་དགྲ་དེ་ལྟ་བུར་ཡུན་རིང་ཉིད་དུ་གནོད་པ་བྱེད་ཐུབ་པ་མ་ཡིན་པས་ན་གནོད་ཡུན་རིང་བ་ཡིན་ནོ།།ཉོན་མོངས་པའི་དགྲ་འདི་ལ་བརྟེན་རྒྱུ་མེད་པ་ནི།འཇིག་རྟེན་ཚེ་འདིའི་དགྲ་ལ་ནི་རྒྱུ་ཟས་བྱིན་ནས་དེའི་བློ་དང་མཐུན་པར་གཡོག་གིས་རིམ་གྲོ་ལ་སོགས་པར་བྱས་ཏེ་དགྲ་དེ་ལ་བསྟེན་པར་བྱས་ན་དུས་དང་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་བྱེད་པ་ཡིན་ན།ཉོན་མོངས་པའི་དགྲ་རྣམས་ནི་ཡང་དང་ཡང་དུ་བསྟེན་པར་བྱས་ན་ཇེ་ཐུར་སོང་ནས་ཕྱིར་ཞིང་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པ་བྱེད་པས་ན་ཉོན་མོངས་པའི་དགྲ་འདི་ལ་ནི་བསྟེན་རྒྱུ་མེད་པ་དང་།བསྟེན་པར་དཀའ་བ་ཡང་ནས་ཡང་དུ་བསམས་ཏེ་དགྲ་ལ་དགྲར་མཐོང་དགོས།དགྲ་ངོ་ཤེས་དགོས།དཔེར་ན་འབེན་མ་མཐོང་བར་དུ་མདའ་མི་འཕེན་པ་ལྟར་སྤང་བྱ་མ་ཤེས་བར་དུ་གཉེན་པོ་ཅི་ལ་བསྟེན་ཏེ།དང་པོ་སྤང་བྱའི་དགྲ་ཉོན་མོངས་པ་འདི་ངོས་ཟིན་དགོས་སོ།།གོང་དུ་བཤད་པ་དེ་ལྟར་དུ་ཉོན་མོངས་པའི་དགྲ་འདི་གནོད་ཚབས་ཆེ་བ་དང་།གནོད་ཡུན་རིང་བ་དང་།བསྟེན་རྒྱུ་མེད་པས་ན་འཁོར་བ་ཐོག་མ་མེད་པ་ནས་མཐར་འཁོར་བ་ལས་མཐར་གྱི་བར་དུ་ཡུན་རིང་གི་དགྲར་གྱུར་པ་ཡོད་པ་དང་།འགྲོ་འདུག་ཟ་ཉལ་གྱི་སྤྱོད་ལམ་དང་།སྐྱེ་འཆི་བར་དོ་རྨི་ལམ་ཐམས་ཅད་དུ་ཡང་སྐད་ཅིག་ཙམ་དུ་འབྲལ་བ་མེད་པས་ན་རྒྱུན་ཆགས་ཀྱི་དགྲར་གྱུར་པ་ཡིན་ཕྱིར་གནོད་པའི་ཚོགས་ཐམས་ཅད་མ་ལུས་པ་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ།ཉོན་མོངས་པའི་འཕེལ་གདུང་དེ་ནི་འཁོར་བ་ཐོག་མ་མེད་པ་ནས་བདག་གི་སྙིང་ལ་ངེས་པར་གནས་འཆའ་ཞེས་ཉོན་མོངས་པའི་དགྲ་ཚོགས་འདིས་བདག་ཏུ་བཟུང་ནས་བསྡད་ཡོད་པས་ན་ཕུང་པོ་ལྔའི་འཁོར་བ་འདིར་འཇིགས་པ་མེད་པར་ག་ལ་འགྱུར་ཏེ་དགྲ་མཁར་ཡིན་པའི་ཕྱིར་འཇིགས་དགོས་སོ།།དགའ་བར་ག་ལ་འགྱུར་ཏེ་སུ་ཡང་དགྲ་ལ་མི་དགའ་བས་ན་ཤོ་ལོ་ཀ་འདི་ཚིག་རྩ་ཡིན་པས་རེམ་རེམ་ཞེས་ལན་གསུམ་གྱི་བར་དུ་གསུངས་ཏེ།དོན་རྩ་མདོར་བསྡུས་ན་ཁམས་གསུམ་འཁོར་བ་འདིར་གནས་བསྡད་ན་ཉོན་མོངས་པའི་དགྲ་དང་མི་འབྲལ་བས་ན་ཁམས་གསུམ་འཁོར་བ་ཉོན་མོངས་པའི་དགྲའི་གྲོང་ཁྱེར་འདི་ལ་ད་ནི་ཞེན་ལོག་ཅིག་དགོས་སོ་གསུངས་པ་ཞལ་རྒྱུན་ནོ།།ཕུང་པོ་ལྔ་ནི་འཁོར་བའི་བཙོན་རའི་གནས་ནས་ཐར་དུ་མི་འཇུག་པའི་ཚེ་སྲུང་མ་དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་སུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གསོད་པར་བྱེད་པའི་གཤེད་མར་གྱུར་པ་ཉོན་མོངས་པའི་དགྲ་འདི་དག་ཐམས་ཅད་ནི།གལ་ཏེ་རང་གི་བློ་ལ་གནས་ནས།དཔེར་ན་ཚེ་འདིའི་དགྲ་འདི་གསོད་དགོས་སྙམ་པ་ནི་ཞེ་སྡང་ཡིན་ལ།ལོ་ཟླ་མང་པོར་མ་སོང་བར་དུ་སེམས་ལ་འཛིན་ཆགས་བྱེད་པ་ནི་ཆགས་པའི་དྲ་བ་ཡིན་ཏེ།བྱ་རྣམས་བྱ་རྒྱས་བཟུང་བ་ལྟར་ཉོན་མོངས་རྣམས་བདག་གི་སེམས་ན་ཆགས་སྲེད་ཀྱིས་ཡང་བཟུང་བྱས་ཏེ་གནས་བསྡད་ཡོད་ན།སྤྱང་ལུག་གཉིས་སྦྲེལ་བ་བཞིན་དུ་བདག་ལ་བདེ་བ་ག་ལ་ཡོད་དེ།བདག་དང་སྲོག་གཅོད་གཤེད་མའི་དགྲ་ཉོན་མོངས་པ་དང་སྦྲེལ་ཡོད་པས་ན།ད་རེས་གཟབ་གཟབ་བྱས་ཏེ་ཉོན་མོངས་པའི་འཛིན་ཞེན་གྱི་ཆོད་ཐབས་སུ་འབད་དགོས་སོ།།གཉིས་པ་ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ་ནི།དེ་ལྟར་ཇི་སྲིད་བདག་གི་དགྲ་འདིས་མངོན་སུམ་དུ།།སོགས་ནས།ཕྱིར་མི་ལྡོག་པར་བྱ།།ཞེས་པའི་བར་གྱིས་བསྟན་ཏེ།ཉོན་མོངས་པའི་དགྲ་འདི་གནོད་ཚབས་ཆེ་བ་དང་གནོད་ཡུན་རིང་བ་དང་།བསྟེན་རྒྱུ་མེད་པ་གོང་དུ་བཤད་པ་དེ་ལྟར་དུ་དུས་ཇི་སྲིད་དུ་བདག་གིས་ཉོན་མོངས་པའི་དགྲ་འདི་ནི་མངོན་སུམ་དུ་མཐོང་ས་འདིར་ངེས་པར་མེད་པར་བྱས་ཏེ་མ་བཅོམ་པའི་བར་དེ་སྲིད་དུ་བདག་གིས་དུས་འདིར་ཉོན་མོངས་པའི་དགྲ་གཞོམ་པའི་བརྩོན་པ་མི་འདོར་ངེས་པ་ཅན་ཡིན་ཏེ།རང་རྒྱུད་ཀྱི་ཉོན་མོངས་པའི་དགྲ་འདི་སྤངས་ཐུབ་ན་ཆོས་དང་གདམས་ངག་ཐམས་ཅད་དེར་འདུས་པ་ཡིན་ལ།ཉོན་མོངས་པ་འདི་དང་འགྲོགས་ཡུན་རིང་ཞིང་རྒྱུན་ཆགས་སུ་འབྲལ་བ་མེད་དེ་བསྟེན་རྒྱུ་མེད་པ་དེ་ལྟ་བུ་ཡིན་ཡང་མ་ངན་ན་མི་ལུས་པས་ན་བརྩོན་འགྲུས་དགོས་ཏེ།དུས་རེ་ཞིག་ཚེ་འདིའི་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་པར་གྱུར་པ་དེའི་ཚེ་ན་ང་རྒྱལ་བདོ་ཞིང་རྒྱས་པ་རྣམས་ཀྱིས་ཕྲོག་བཅོམ་སོགས་བྱེད་པ་དེ་མ་བཅོམ་པར་གཉིད་མི་འོང་ན་གཏན་གྱི་དགྲ་ཉོན་མོངས་འཇོམས་པ་ལ་གཉིད་མི་འོང་བར་བརྩོན་དགོས་སོ།།དཔེར་ན་ཚེ་འདིའི་ཕྲོག་བཅོམ་སོགས་བྱེད་པའི་དགྲ་དེ་རྣམས་ནི་མ་བསད་ནའང་རང་བཞིན་གྱིས་འཆི་བས་དཀའ་ཚེགས་ཀྱིས་སྡུག་བསྔལ་བར་གྱུར་པའི་ཉམས་ཆུང་བའི་ཉོན་མོངས་པ་ཚེ་འདིའི་དགྲ་དེ་དག་ཕན་ཚུན་དགྲ་འཐབ་པའི་གཡུལ་ངོར་ཕྱིན་ནས་དཔའ་བོ་རལ་ཀ་སྤྲད་དེ།དངར་ཚེ་ཞེས་པ་ནི་དམག་མི་གྲལ་ལ་བསྒྲིགས་ཏེ་འོང་བའི་ཚེ་ན་གཅིག་གིས་གཅིག་ནན་ཏན་གྱིས་གཞོམ་པར་འདོད་པར་གྱུར་པ་ཡང་།མདའ་དང་མདུང་དང་མཚོན་ཆ་སྣ་ཚོགས་ཀྱིས་ཕོག་པའི་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་མི་གསོད་པ་དང་།ནོར་འཕྲོག་པ་ལ་སོགས་པའི་དགོས་པའི་དོན་ཐམས་ཅད་མ་གྲུབ་བར་དུ་ཁ་ཕྱིར་ཕྱོགས་ནས་འབྱེར་ཞེས་པ་ནི་བྲོས་ཏེ་འོང་བར་མི་བྱེད་པ་ཡིན་ན།དོན་ལ་ཉོན་མོངས་པའི་དགྲ་འདི་ནི་རྟག་ཏུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ་དང་།རང་ལ་ཉེས་པ་མེད་བཞིན་དུ་དམྱལ་བ་ལ་སོགས་པར་འཕེན་པས་ན་རང་བཞིན་གྱི་དགྲར་ངེས་པ་དེ་ཉིད་གཞོམ་པའི་ཐབས་སུ་བརྩོན་པའི་ཚེ་ན།བདག་ལ་དེང་སང་གི་དུས་སུ་རང་རྒྱུད་ཀྱི་ཉོན་མོངས་པའི་དགྲ་དང་འཐབ་འཛིངས་བྱེད་རྒྱུ་འདི་ཁོ་ན་ཆོས་སྒྲུབ་པ་ཡིན་དུས།བདག་གིས་ཉོན་མོངས་པའི་གཉེན་པོར་ཆོས་ལ་དཀའ་སྤྱད་སྙིང་རུས།དཀའ་ཚེགས་ངལ་དུབ།ཚ་གྲང་བཀྲེས་སྐོམ།ཁ་མུ་གེ་རྒྱབ་ལྷག་པ་ལ་སོགས་པ་ཆོས་ཐམས་ཅད་ཕྱིར་དུ་སྡུག་བསྔལ་བརྒྱ་ཕྲག་གི་རྒྱུར་གྱུར་པ་གང་གིས་ཀྱང་ད་སྔོན་ཡན་ཆད་ཀྱི་བྱ་བ་ལམ་དུ་མ་སོང་སྙམ་པས་ཡི་ཆད་པར་མི་འགྱུར་བ་དང་།ད་ཕྱིན་ཆད་ཉོན་མོངས་སྤང་མི་ཐུབ་སྙམ་པས་སྒྱིད་ལུག་པར་མི་འགྱུར་བ་དང་།ཉོན་མོངས་པའི་དགྲ་ངན་དེ་སྤང་ནས་ཕྱིན་ཆད་རྒྱུད་ལ་མི་སྐྱེ་བ་ཞིག་མ་ཐུབ་ཀྱི་བར་གྱི་དོན་དེ་མ་གྲུབ་བར་དུ་ཁ་ཕྱིར་ཕྱོགས་ཏེ་འབྱེར་བར་མི་བྱེད་པ་སྨོས་ཅི་དགོས་སོ།།དཔེར་ན་འཇིག་རྟེན་དུ་དོན་མེད་པའི་དགྲ་ཡིས་རང་དོན་མེད་པར་ར་མདའ་ལ་སོགས་པར་འགྲོ་བའི་ལུས་ལ་རྨ་སྲོལ་ཞེས་པ་ནི་རྨ་ལམ་བཏོད་པ་ཙམ་ཡང་།དཔའ་རྟགས་སུ་རྨ་སྒྲོ་དེ་ལུས་ལ་རྒྱན་ཆ་དང་འདྲ་བར་བྱེད་ཅིང་གཞན་ལ་ངོམས་པ་དང་།སྲེལ་བྱེད་ན་ཞེས་པ་ནི་རྨ་སོས་ཏེ་རྨ་སྒྲོ་མེད་སོང་ན་མི་དགའ་བར་བྱེད་ཅིང་རྨ་སྒྲོ་སྡོད་ན་དགའ་བར་བྱེད་ན།རང་གཞན་གཉིས་ཀྱི་དོན་ཆེན་པོ་དམ་པའི་ཆོས་སྒྲུབ་པའི་ཕྱིར་དུ་བསམ་པ་ཡང་དག་པར་བརྩོན་པར་གྱུར་པ་དེའི་ཚེ་ན།བདག་ལ་དམ་པའི་ཆོས་སྒྲུབ་པའི་ཕྱིར་དུ་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཕྲན་བུ་རེ་བྱུང་བ་ཅི་ཕྱིར་དུ་གནོད་བྱེད་ཡིན་ཏེ་གནོད་བྱེད་མིན་ནོ།།དེའི་རྒྱུ་མཚན་ཆོས་ཕྱིར་ཚ་གྲང་ངལ་དུབ་ཕྲན་བུ་རེ་མྱོང་བ་ཙམ་གྱིས་བསྐལ་པ་མང་པོའི་སྡིག་སྒྲིབ་འདག་པ་དང་།ལྟོག་པས་ཆོས་སྒྲུབ་རྒྱུ་བྱུང་ན་རྗེ་མི་ལ་ལྟར་ཆོས་པའི་རྒྱན་ཡིན།རྗེ་མི་ལས།ཆོས་མཛད་ཚེ་ཟས་གོས་སོགས་མེད་པ་ནི་ཆོས་ཕྱིར་དཀའ་བ་སྤྱད་པའི་བསོད་ནམས་ཡོད་པ་ཡིན་ཞེས་ཡང་ཡང་གསུངས་སོ།།ཚེ་འདིའི་ཟས་ཕྲན་བུའི་དོན་དུ་དཀའ་སྤྱད་སྙིང་རུས་ཐུབ་ན་ཆོས་ཕྱིར་དཀའ་སྤྱད་ལོས་ནུས་ཏེ།དཔེར་ན།ཉ་པ་རྣམས་ཚ་གྲང་དང་སྲོག་གི་འཇིགས་པ་སོགས་ལ་མི་ལྟ་བར་རྒྱུན་ཏུ་ཉ་གསོད་པ་དང་།གདོལ་པ་ནི་རྔོན་པ་ཡིན་ཏེ།ལུས་ཁྱིམ་དུ་འདུག།།སེམས་རི་ལ་འགྲོ།མིག་རི་རྩེ་ལ་གཏོད།བསམ་པ་གསོད་སེམས་ཁོ་ནས་དུས་འདའ།ཚེ་ཕྱེད་རི་ལ་ཟད།།ནང་བ་མོས་ཀྱིས་ལྷམ་བྱེད།ནུབ་བ་མོས་ཀྱིས་ཞྭ་གྱོན།གལ་སྲིད་རི་དྭགས་རེ་སོད་པ་ཙམ་གྱིས།བཟའ་ཁྱིམ་ཚང་།གཉེན་ཉེ་འབྲེལ།ཡུལ་མི་ཁྱིམ་མཚེས་དང་བཅས་པ་ལ་སྡིག་འགྱེད་བཏང་ནས་ཐམས་ཅད་ངན་སོང་དམྱལ་བ་ལ་ཁྲིད་པར་བྱེད་པའི་ཡུལ་ནག་དང་།ཞིང་པ་རྣམས་ཀྱིས་ནི།རྐང་ཁྲག་རྡོ་ལ་སྦྱར།ལག་ཁྲག་ཤིང་ལ་འབྱར།དཀའ་ཚེགས་ངལ་དུབ་ཁོ་ནས་དུས་འདའ་བ་དང་།དེ་བཞིན་དུ་ཇག་པ་དང་རྐུན་མ་ལ་སོགས་པ་རྣམས་ཀྱིས་ནི་རང་རང་གི་བཟའ་བཏུང་གི་འཚོ་བ་ཁམ་བུ་གང་ཙམ་ཞིག་སེམས་ཤིང་འདུག་པ་ཐམས་ཅད་ཀུན་ཡང་གྲང་བ་དང་ཚ་བ་དང་།བཀྲེས་སྐོམ་ངལ་དུབ་ལ་སོགས་པའི་གནོད་པ་ཐམས་ཅད་ལ་བཟོད་པ་བྱེད་འདུག་ན།དོན་ལ་བདག་གིས་དམ་པའི་ཆོས་བསྒྲུབ་ནས་མཁའ་ཁྱབ་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་བདེ་བ་སངས་རྒྱས་ཐོབ་ཕྱིར་བདག་རང་དང་བདག་ལྟ་བུའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ཆོས་ཕྱིར་དཀའ་སྤྱད་ཅིས་ཀྱང་མི་བཟོད་དེ་བཟོད་དགོས་སོ།།ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་དང་བཅུའི་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་བསྒྲལ་བར་དམ་བཅས་པ་གང་གི་ཚེ་ན།བདག་ཉིད་ཀྱི་རྒྱུད་འདི་ཉིད་ཀྱང་ནི་ཉོན་མོངས་པ་རྣམས་ལས་སྤུ་རྩེ་ཙམ་ཡང་མ་གྲོལ་བར་བསྡད་ཡོད་དུས།བདག་གི་རྒྱུད་ཚོད་འདི་ཉིད་ཀྱང་འཁོར་བ་དང་ངན་སོང་གང་དུ་འགྲོ་བར་མི་ཤེས་པར་ཡིན་དུས་སུ་ཁྱེད་སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་ངས་བསྒྲལ་བར་བྱའོ་ཞེས་སྨྲ་བ་ནི་ཇི་ལྟར་ན་སྨྱོན་པ་མིན་ཏེ་ཡིན་ནོ།།རང་རྒྱུད་ཉོན་མོངས་པ་རྣམས་ལས་མ་གྲོལ་བར་དུ་གཞན་སྒྲོལ་མི་ནུས་པ་གོང་དུ་བཤད་པ་དེ་ལྟས་བདག་གིས་ནི་དང་པོ་རང་རྒྱུད་ཀྱི་ཉོན་མོངས་པའི་དགྲ་འདི་རྣམས་གཞོམ་པར་བྱེད་པ་ལ་དུས་རྟག་ཏུ་ཕྱིར་མི་ལྡོག་པར་བྱ་དགོས་སོ།།གསུམ་པ་ཉོན་མོངས་པ་ཇི་ལྟར་སྤང་ཚུལ་ནི།འདི་ལ་བདག་གིས་ཞེན་བྱ་ཞིང་།།སོགས་ནས།སོས་པ་ག་ལ་ཡོད།།ཅེས་པའི་བར་གྱིས་བསྟན།རྒྱུ་མཚན་དེས་ན་ཉོན་མོངས་པའི་དགྲ་འདི་ལ་བདག་གིས་སྤངས་པའི་དུས་ཤིག་ནམ་འོང་ན་སྙམ་པས་ཞེན་ཆགས་བྱ་དགོས་ཏེ།ཉོན་མོངས་པའི་དགྲ་འདིས་བདག་ལ་གནོད་པ་ཚབས་ཆེ་བ་དང་།གནོད་ཡུན་རིང་བ་དང་།བསྟེན་རྒྱུ་མེད་ཅིང་བསྟེན་དཀའ་བ་དང་།རྒྱུན་ཆགས་སུ་འགྲོགས་ནས་གནོད་པ་ཅི་ནུས་སུ་བྱེད་པའི་དགྲ་ངན་འདིའོ་སྙམ་པའི་ཞེ་སྡང་གིས་འཁོན་དུ་བཟུང་ནས་སྤང་བྱའི་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་དང་གཉེན་པོའི་ཆགས་སྡང་གཉིས་ཕན་ཚུན་གཡུལ་ངོར་རལ་ཁ་སྤྲད་དེ་འཐབ་འཛིངས་བྱེད་དགོས་ལ།ཡང་འདི་ལྟར་བསམས་ཏེ།སྔར་རང་རྒྱུད་ལ་ཡོད་པའི་སྤང་བྱ་ཉོན་མོངས་ཆགས་སྡང་ལ་སོགས་ཐམས་ཅད་ཕར་ལ་སྤོང་མི་ནུས་པར་ཡོད་བཞིན་པའི་སྟེང་དུ།ཡང་ཕྱིས་འདིར་གཉེན་པོའི་ཆགས་སྡང་གཉིས་རྒྱུད་ལ་བསྐྱེད་པས་ཅི་དགོས་སྙམ་ན།དེ་ཅི་ནས་ཀྱང་དགོས་ཏེ།བདག་གིས་ཉོན་མོངས་དགྲ་འདི་ནམ་སྤང་ནུས་སྙམ་པའི་ཞེན་ཆགས་འདི་དང་།ཉོན་མོངས་འདིས་གནོད་ཚབས་ཆེ་བ་བྱེད་པ་ལ་སོགས་པ་ལ་ཞེ་སྡང་བསྐྱེད་ནས་འཁོན་དུ་བཟུང་བར་བྱེད་འདུག་པའི་རྣམ་པ་དེ་འདྲ་བའི་གཉེན་པོ་ཆགས་སྡང་གི་ཉོན་མོངས་པ་དེ་གཉིས་ཀྱིས་ནི་སྔར་སྤང་བྱའི་ཉོན་མོངས་པ་ཐམས་ཅད་འཇོམས་བྱེད་ཡིན་པས།འདིས་ནི་སྤང་བྱའི་ཉོན་མོངས་པ་ནི་མ་གཏོགས་སོ་ཞེས་སྤང་བྱའི་གྲལ་དུ་རྩི་བགྲང་མི་བྱེད་དོ།།འདིའི་དུས་སུ་ལས་ངན་བསགས་བྱེད་ཀྱི་ཉོན་མོངས་པའི་དགྲ་འདི་ཡིན་པས་འདི་ལ་ཆགས་སྡང་དགོས་པ་ཡིན།ཆགས་སྡང་གི་ཡུལ་སྤང་བ་བས་གཉེན་པོ་བརྟེན་པ་མཆོག་སྟེ་ཉོན་མོངས་པའི་དབང་དུ་མ་གྱུར་པ་ཞིག་ཨི་ཐོན་ལྟར་དགོས་གསུངས་སོ།།བདག་ནི་མེ་ནང་དུ་བསྲེགས་ཏེ་བཞག་ནའང་ཉོན་མོངས་པའི་དགྲ་འདི་ནི་ད་ནི་འདུད་པར་མི་བྱའོ།།དེ་བཞིན་དུ་བདག་བསད་པར་གྱུར་ཏམ་བདག་གི་མགོ་བོ་བཅད་བཞག་ཀྱང་བླའི།ཉི་མ་ད་ཕྱིན་ཆད་དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ངན་འདི་ལ་ནི་གུས་འདུད་བྱེད་པར་མི་བྱའོ་ཞེས་དམ་བཅའ་དགོས་སོ།།དང་པོ་སྨན་པས་ནད་པའི་ནད་ངོས་འཛིན་པ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འདི་སྤང་མདོག་བྱེད་པ་ལས་ངོས་འཛིན་པ་གལ་ཆེ།ཞེས་ཡང་ཡང་གསུངས་སོ།།དང་པོ་ཉོན་མོངས་པ་འདི་ཤུགས་ཆེ་བས་ལྡོག་དཀའ།དེའི་རྐྱེན་གྱིས་དམ་བཅའ་དང་འགལ་ཡང་རིམ་པ་བཞིན་དུ་བརྟན་པོར་འོང་སྟེ།ཡུན་རིང་དགོས་ཏེ།ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེད།།ཅེས་གསུངས་སོ།།ཉོན་མོངས་པའི་དགྲ་སྤངས་ནུས་སམ་སྙམ་ན།དཔེར་ན།ཐ་མལ་ཚེ་འདིའི་དགྲ་བོ་ནི་རང་གི་ཡུལ་ནས་ཕྱིར་ཕྱུངས་ཏེ་ཕུད་ན་ཡང་།ཚེ་འདིའི་དགྲ་དེ་ནི་དགྲ་ཡུལ་གཞན་ཞིག་དག་ཏུ་གནས་ཤིང་ཡུལ་ཡོངས་བཟུང་ནས་མི་གཞན་མང་པོ་དང་འདྲིས་ཤིང་འགྲོགས་ཏེ་རང་ལ་མི་དགའ་བ་དེ་འཇོམས་པའི་ནུས་པ་བརྟས་ཞེས་པ་ནི་རྒྱས་པར་གྱུར་ནས་དེ་ནས་བཟུང་སྟེ་རང་ཡུལ་ལ་ཕྱིར་ལྡོག་ནས་སྔོན་རང་གི་དགྲ་བོ་རང་ཡུལ་ནས་ཕྱུང་མི་དེ་གསོད་པ་ལ་སོགས་པ་བྱེད་ནུས་ཀྱང་།དོན་ལ་ཉོན་མོངས་པའི་དགྲ་རྣམས་ཀྱི་ཚུལ་དེ་ནི་ཚེ་འདིའི་དགྲ་དེ་དང་འདྲ་བ་མ་ཡིན་ཏེ།རང་གི་སེམས་ཀྱིས་སྤངས་ཟིན་ནས་ཚུར་ལ་མི་ལྡོག་ངེས་པ་སྔོན་གྱི་རྒྱལ་བ་སྲས་བཅས་ལྟ་བུ་ཡིན་ནོ།།ཉོན་མོངས་གཉིས་གསུངས་པའི་ཉོན་མོངས་དང་པོ་ནི་རང་རང་གི་མིང་ནས་བཟུང་བ་ཡིན་ཏེ།ཞེ་སྡང་གི་ཁྱོད་ཅེས་པ་ལྟ་བུ་དང་།གཉིས་པ་ནི་སྨད་པའི་ཚིག་ཡིན་ཏེ།ཉོན་མོངས་པ་ངན་པ་ཁྱོད་དཀའ་མ་འཇུག་ལྟ་བུ།བདག་གིས་ཤེས་རབ་ཀྱི་མིག་གིས་སྤངས་ཏེ་བདག་གི་ཡིད་འདི་ལས་བསལ་ན།ཉོན་མོངས་པ་ཁྱོད་ཡུལ་གང་དུ་འགྲོ་བར་འགྱུར་ཏེ་འགྲོ་ཡུལ་མེད་དོ།།སེམས་ཅན་གཞན་གྱི་སེམས་ཐོག་ལ་སོགས་པ་གང་དུ་གནས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་དུ་འོང་སྟེ།འོང་མི་ཤེས་པ་ནི་བྱུང་པ་དང་གནས་པ་མེད་པ་ཡིན་ནོ།།དེ་ལྟར་ཉོན་མོངས་པ་ལ་བྱུང་གནས་འགྲོ་གསུམ་མེད་ན།ཉོན་མོངས་པའི་དགྲ་འདི་སྤོང་མི་ནུས་པའི་དོན་ཅི་ཡིན་སྙམ་ན།བློ་ཞན་པ་ངན་པ་བདག་གིས་ཨ་མ་དང་འདྲེ་མོ་ནོར་བ་ལྟར་ཉོན་མོངས་འདི་དགྲ་ལ་དགྲར་མ་མཐོང་ནས་དགྲ་ཡིན་པར་མ་ཤེས་ནས་ངན་པ་བདག་ལ་བརྩོན་པ་མེད་པར་ཟད་དོ།།དེའི་ཕྱིར་ན་ཉོན་མོངས་པ་འདི་རྣམས་ནི་ཡུལ་ཕྱི་ཐོག་ན་རང་མཚན་དུ་གྲུབ་པར་མི་གནས་ཏེ།ཡུལ་སྦྲུལ་ལྟ་བུ་ཞིག་མཐོང་ཚེ་བདག་ལ་ཞེ་སྡང་སྐྱེས་འོངས་པས།ཡུལ་ཐོག་ན་ཉོན་མོངས་ཞེ་སྡང་སོགས་རང་མཚན་བདེན་གྲུབ་ཏུ་ཡོད་དམ་སྙམ་ན།འོ་ན་སྦྲུལ་དེ་མཐོང་ཚད་ལ་ཞེ་སྡང་སྐྱེས་དགོས་རྒྱུ་ལ་སྦྲུལ་གཞན་རྣམས་ཀྱིས་མཐོང་ཚེ་གྲོགས་ལ་སོགས་པར་མཐོང་བའི་ཕྱིར་ན།ཡུལ་ཐོག་ཏུ་ཉོན་མོངས་པ་ཞེ་སྡང་སོགས་བདེན་གྲུབ་མེད་པའི་རྟགས་དང་།ནང་མིག་ལ་སོགས་པའི་དབང་པོ་ཚོགས་པ་རྣམས་ལའང་བདེན་གྲུབ་ཏུ་གནས་པ་མིན་ཏེ།གནས་ན་མིག་གིས་གང་མཐོང་ལ་ཞེ་སྡང་སྐྱེ་དགོས་རྒྱུ་ལ་མི་སྐྱེ་སྟེ།དགྲ་ལ་ཞེ་སྡང་སྐྱེས་ནའང་གཉེན་ལ་ཆགས་སེམས་སྐྱེས་པ་དབང་ཚོགས་ལ་ཉོན་མོངས་པ་རང་མཚན་མེད་པའི་རྟགས་དང་།ཡུལ་དང་ཡུལ་ཅན་གཉིས་ཀྱི་བར་ནའང་ཉོན་མོངས་པ་གནས་པ་མིན་ཏེ།ནམ་མཁའ་བར་སྣང་སྟོང་པ་ཡིན་ནོ།།ཡུལ་དང་ཡུལ་ཅན་དེ་ལས་གཞན་སྣོད་ལ་སོགས་ལའང་གནས་པ་མིན་ན།ཉོན་མོངས་པ་འདི་དག་གར་གནས་ཏེ་གནས་པ་མེད་ལ།འགྲོ་བ་ཀུན་ལ་གནོད་པ་སུས་བྱེད་དེ་བྱེད་མཁན་མེད་དོ།།སེམས་ཅན་རྣམས་འཁྲུལ་འགྲོ་བ་འདི་ནི་མེད་བཞིན་དུ་སྣང་ལ།སྣང་བཞིན་དུ་སྟོང་པ་སྒྱུ་མ་དང་རྨི་ལམ་འདྲ་བ་ཡིན་ལ།རྒྱུ་མཚན་དེ་ཕྱིར་ན་སྙིང་ལ་འཇིགས་པ་སྤོངས་ལ་སྐྲག་མི་དགོས་ཏེ།ཉོན་མོངས་པ་བརྟག་ན་རང་བཞིན་མེད་པ་དང་།སྤངས་ཚར་ནས་ཚུར་ལ་ལོག་མི་འོང་བས་ན་སྐྲག་མི་དགོས་སོ།།ཉོན་མོངས་རང་མཚང་རིག་ན་སངས་རྒྱས་ཡིན།།གསུངས་པ་ལྟར།རང་བཞིན་མ་གྲུབ་པའི་ཉོན་མོངས་པའི་ཡིན་ལུགས་ཤེས་པར་བྱ་བའི་ཕྱིར་དུ་བརྩོན་པ་རང་རྒྱུད་ལ་བསྟེན་དགོས་སོ།།ཉོན་མོངས་པ་རྣམས་སོལ་བ་བཀྲུ་རྒྱུ་མེད་པ་ལྟར་མ་ཡིན་པར་ཉོན་མོངས་སྤང་རྒྱུ་ཡོད་བཞིན་དུ་མི་སྤོང་བར།དོན་མེད་པ་ཁོ་ན་ཉིད་དུ་བདག་ལ་དམྱལ་བ་དང་ཡི་དྭགས་དུད་འགྲོ་ལ་སོགས་པ་རྣམས་སུ་ཅི་སྟེ་ཞེས་པ་ནི་ཅིའི་དོན་དུ་རང་ལ་གནོད་པ་བྱེད་དུ་འཇུག་པ་ཡིན་ཏེ་ད་ནི་གནོད་པ་བྱེད་མ་འཇུག།།ཅེས་པའི་དོན་ཏོ།།གོང་དུ་བཤད་པའི་བསྒྲུབ་བྱ་བསླབ་པ།རྟེན་དལ་འབྱོར།སྤོང་བྱ་ཉོན་མོངས་ལ་བསམས་ཏེ་བག་བྱ་བའི་ས་བཅད་དེ་ལྟར་རེ་རེ་བཞིན་དུ་རྣམ་པར་ཡིད་ལ་བསམས་ཤིང་སྒོམ་པ་དེ་རྣམས།སྡོམ་པ་གསུམ་གྱི་ནང་དུ་གསུངས་ཚད་ཇི་སྐད་བཤད་པ་ཡི་ནི་བསླབ་པ་དེ་རྣམས་གོ་ལོ་དང་ཐོས་ལོར་མ་སོང་བར་བསྒོམས་པས་རང་རྒྱུད་ལ་བསྒྲུབ་པའི་ཆེད་དུ་འབད་པར་བྱ་དགོས་མ་གཏོགས།མ་འབད་ན།དཔེར་ན།སྨན་པའི་ངག་ལ་མ་ཉན་ན་སྨན་དག་གིས་བཅོས་དགོས་པའི་ནད་པ་སོས་པར་གྱུར་པ་ག་ལ་ཡོད་དེ་མི་སོས་སོ།།སྨན་པ་ནི་སངས་རྒྱས་ཀྱིས་མཛད་དེ།ཞི་བ་ལྷའི་སྤྱོད་འཇུག་གི་སྨན་རང་རྒྱུད་ཀྱི་ཉོན་མོངས་པའི་ནད་ཀྱི་གཉེན་པོར་འགྲོ་དགོས་གསུངས་སོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།བག་ཡོད་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།།ཞེས་པས་བསྟན་ཏེ།བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།བག་ཡོད་བསྟན་པ་ཞེས་བྱ་བ་སྟེ།ལེའུ་བཞི་པའི་ཟིན་བྲིས་སོ།།ལྔ་བ་རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ་ལའང་གཞུང་དང་།མཚན་གཉིས་ལས།དང་པོ་གཞུང་ལའང་བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ།སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟེན་ཚུལ།དྲན་ཤེས་དང་ལྡན་པའི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ།སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས།དང་པོ་ལའང་མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།བསླབ་པ་བསྲུང་བར་འདོད་པ་ཡི།།སོགས་ནས།བསྲུང་བར་ཡོང་མི་ནུས།།ཞེས་པའི་བར་གྱིས་བསྟན།དེ་ཡང་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་སྟེ་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་ནས་ཉོན་མོངས་པ་མགོ་གནོན་པར་བྱས་ཏེ།ལྷག་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་དྲུང་ནས་འཇོམས་པས་ན།དེ་ལྟ་བུའི་བསླབ་པ་རྣམས་ནི་བསྲུང་བར་འདོད་པ་དེ་ཡིས་ཐང་ལྷོད་མེད་པར་གཞུ་མོའི་རྒྱུད་ལྟ་བུ་རབ་ཏུ་བསྒྲིམས་ནས།གང་ཞིག་ལུས་མེད་ཕུག་ན་གནས།།གསུངས་པ་ལྟར་ནང་སེམས་ཀྱི་ཐོག་ཏུ་ཆགས་སྡང་ལ་སོགས་པ་ལས་སེམས་བསྲུང་སྟེ་ཆོས་དང་སེམས་འདྲེས་པ་ཞིག་བྱེད་དགོས་ལ།རང་གི་སེམས་འདི་ཉོན་མོངས་པ་ལས་བསྲུང་བར་མ་བྱས་ན་ནི་བསླབ་པ་རྣམས་བསྲུང་བར་ཡོང་ཡེ་མི་ནུས་ཏེ།དེའི་ཕྱིར་ན་སློབ་དཔོན་གྱིས་སློབ་ཕྲུག་གསར་པ་འཚོ་བ་དང་།མས་བུ་ཆུང་འཚོ་བ་ལྟར་དུ་རང་ལ་བརྟགས་དགོས་ཏེ།གཅོད་པས་གཉན་ས་གཅོད་པ་ཡང་ཤེས་བཞིན་གོམས་བྱེད་ཡིན་པས།ཤེས་བཞིན་མཐར་ཕྱིན་དུས་སངས་རྒྱས་པ་ཡིན་པས་ཤེས་བཞིན་གོམས་དགོས་གསུངས་སོ།།གཉིས་པ་རྒྱས་པར་བཤད་པ་ལ།གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ།དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ།དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ་དང་གསུམ་ལས།དང་པོ་ནི།སེམས་ཀྱི་གླང་པོ་ཡན་བཏང་བས།།སོགས་ནས།གཞན་འགའ་མེད།།ཅེས་པའི་བར་གྱིས་བསྟན་ཏེ།དེ་ཡང་སེམས་ཀྱི་གླང་པོ་ཆེ་སྨྱོན་པ་འདི་དྲན་ཤེས་ཀྱི་ཐག་པས་མ་བཟུང་ན་ཚོགས་དྲུག་ཡུལ་ལ་ཡན་པར་བཏང་བས་བསླབ་པ་གསུམ་དང་འགལ་ནས་དམྱལ་བ་མནར་མེད་པའི་གནོད་པ་འདི་རང་གིས་རང་ལ་བྱེད་པ་དེ་ལྟར་དུ།ཚེ་འདིའི་གླང་ཆེན་ལྕགས་ཀྱུས་མ་ཐུལ་བའི་མྱོས་པ་ཡིས་ནི་འཁོར་བ་འདི་ན་སེམས་ཀྱི་གླང་པོ་ཆེ་སྨྱོན་པ་དེ་འདྲའི་གནོད་པ་ནི་མི་བྱེད་དོ།།ཇོ་བོ་རྗེས།དྲན་ཤེས་ཀྱི་ཐག་པ་མ་ཆད་ན་བསྒོམ་པའི་མཆོག།།ཅེས་གསུངས་པ་ལྟར་དུ།དུས་དང་རྣམ་པ་ཀུན་ཏུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པའི་ཐག་པ་དེ་ཡིས་སེམས་ཀྱི་གླང་པོ་ཆེ་དེ་ཆོས་ལ་དམིགས་པའི་ཀ་བ་ལ་དམ་དུ་བཏགས་ན་ཚེ་འདི་དང་ཕྱི་མའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་།གནས་སྐབས་དང་མཐར་ཐུག་གི་དགེ་བ་ཐམས་ཅད་ལག་ཏུ་འོང་བར་འགྱུར་རོ།།གོང་དུ་བཤད་པ་དེ་ལྟར་དུ་ཚེ་འདིའི་འཇིགས་པ་ནི་སྟག་གི་འཇིགས་པ་དང་།དེ་བཞིན་དུ་སེངྒེ་དང་གླང་ཆེན་དང་དྲེད་མོ་དང་།སྦྲུལ་དང་དགྲ་རྣམས་ཀྱི་འཇིགས་པ་ཐམས་ཅད་སེམས་འདི་བསྲུང་མ་ནུས་པར་ཚེ་སྔོན་ལས་ངན་བསགས་པའི་དབང་གིས་ད་ལྟ་བྱུང་བ་ཡིན་ལ།སེམས་མ་ཡེངས་བཞིན་དུ་སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན་ལ་སོགས་ལེ་ཚན་བཏོན་ན་སྔོན་ལས་མ་གཏོགས་དེ་རྣམས་ཀྱིས་རང་མི་མཐོང་བ་དང་།ཚེ་ཕྱི་མའི་གནོད་པ་ནི་སེམས་ཀྱི་ཞེ་སྡང་ལ་སོགས་པའི་ལས་ངན་བསགས་ནས་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་གནོད་པ་བྱེད་པ་དང་།སེམས་དྲན་ཤེས་ཀྱིས་མ་ཟིན་པའི་ཚེ་ན་ཕ་རོལ་བྱད་མ་རྣམས་ཀྱིས་སྒོ་གསུམ་བྱད་དུ་བཅུག་པར་བྱེད་པ་དང་།དེ་བཞིན་དུ་འདྲེ་ལས་མི་བསྐལ་པ་བརྒྱ་སྟོང་གི་བསོད་ནམས་ཆེ་ན་ཡང་སེམས་ལས་སུ་མ་རུང་བ་དང་སེམས་ཡེངས་པ་ཀུན་ལ་འདྲེ་སྲིན་པོ་རྣམས་ཀྱིས་གནོད་པ་བྱེད་པ་ཡིན་ལ།སེམས་འདི་གཅིག་པུ་དྲན་ཤེས་ཀྱི་ཐག་པས་ཆོས་ལ་བཏགས་པ་དེ་ཡིས་ཚེ་འདི་ཕྱིའི་འཇིགས་པ་དེ་དག་ཐམས་ཅད་བཏགས་པར་འགྱུར་ཞིང་།སེམས་འདི་གཅིག་པུ་དམ་པའི་ཆོས་ཀྱིས་བཏུལ་བ་ན་འཇིགས་པ་དེ་དག་ཐམས་ཅད་ཐུལ་བར་འགྱུར་ཏེ།སེམས་དགེ་བའི་ལག་ཏུ་བཞག་ན་རྡོ་སོགས་ཟངས་ཐལ་དུ་འབིགས་པ་དང་།ཌོམ་བྷི་ཧེ་རུ་ཀས་སྟག་ལ་ཆིབས་པ་སོགས་རྒྱ་བོད་ཀྱི་གྲུབ་ཐོབ་ཐམས་ཅད་ཀྱིས་གྲུབ་རྟགས་སྣ་ཚོགས་བསྟན་པ་ནི་སེམས་འདི་ཁོ་ན་བརྟུལ་བ་ལས་བྱུང་བ་ཡིན་པས་སེམས་དྲན་ཤེས་ཀྱིས་འདུལ་བར་གལ་ཆེའོ།།འདི་ལྟར་ཚེ་འདི་ཕྱིའི་འཇིགས་པ་གོང་དུ་བཤད་པ་ཐམས་ཅད་དང་།ན་ཚ་འཁྱག་ལྟོག་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་བ་ཀུན་ཡང་།རང་གི་སེམས་ལས་སུ་མ་རུང་བ་ལས་བྱུང་བ་ཡིན་ནོ།།ཞེས་ཤིན་ཏུ་བདེན་པ་གསུངས་ཤིང་།རྫུན་མེད་པ།བདེན་པ་ཡང་དག་པར་གསུང་བ་སངས་རྒྱས་ཉིད་ཀྱིས་བསྟན་པས་ན།ངན་སེམས་ལས་སུ་རུང་དགོས་ཏེ།འཇིགས་པ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང་བའི་རྟགས་ནི།སེམས་ཅན་དམྱལ་བའི་ཡུལ་གྱི་མཚོན་ཆ་དེ་རྣམས་ཐམས་ཅད་ལས་མཁན་སུ་ཞིག་གིས་ནི་སྡུག་བསྔལ་བའི་སེམས་ཅན་སུའི་ཆེད་དུ་བྱས་ཏེ།བྱ་མཁན་མེད་པས་རང་སེམས་ལས་སུ་མ་རུང་བས་ཡིན་ལ།དེ་བཞིན་དུ་ནང་ཞེ་སྡང་གི་གཟུགས་བརྙན་ཕྱིར་ཤར་བ་མ་གཏོགས།དམྱལ་བ་ལྕགས་སྲེགས་ཀྱི་ས་གཞི་སུ་ཡིས་བྱས་ཏེ།བྱ་མཁན་མེད་དོ།།ཚེ་འདིར་ཆགས་ཞེན་ཆེ་བའི་དབང་གིས་སྣང་བ་མ་གཏོགས།ཤལ་མ་ལིའི་སྡོང་པོ་ལ་སོགས་ན་མཐོང་བའི་མེ་ཚོགས་དེ་དག་ཐམས་ཅད་ཅི་ལས་བྱུང་སྟེ་འབྱུང་པ་མེད་པས་ན།ལྕགས་སྲེགས་ཀྱི་ས་གཞི་ལ་སོགས་པ་དེ་འདྲ་བའི་སྡུག་བསྔལ་གྱི་སྣང་བ་དེ་དག་ཐམས་ཅད་ཀྱང་སྡིག་པ་མི་དགེ་བའི་སེམས་གོམས་པ་ལས་བྱུང་བ་ཡིན་པར་ཐུབ་པས་མདོ་སྡེ་རྣམས་ལས་གསུངས་པ་ལ་ཡིད་ཆེས་དགོས་སོ།།གོང་དུ་བཤད་པ་དེ་ལྟར་དུ་ས་འོག་དང་ས་སྟེང་དང་ས་བླའི་འཇིག་རྟེན་སྲིད་པ་གསུམ་པོ་ན།འཇིགས་པ་ཐམས་ཅད་རང་གི་སེམས་འཁྲུལ་པ་ལས་བྱུང་བ་མ་གཏོགས།སེམས་ལས་འཇིགས་པ་གཞན་དུ་འགའ་ཡང་མེད་པས་ན་ཉོན་མོངས་པ་ལས་སེམས་འདི་སྲུང་དགོས་སོ།།གཉིས་པ་དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ་ནི།གལ་ཏེ་འགྲོ་བ་དབུལ་བོར་བས།།སོགས་ནས།དོན་མེད་གྱི་ནར་འཁྱམས།།ཞེས་པའི་བར་གྱིས་བསྟན།དེ་ཡང་དགེ་བ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ལ།ཕར་ཕྱིན་དྲུག་ནི་སེམས་ལ་བསམ་པའི་རྣམ་རྟོག་མི་འདྲ་བ་དྲུག་གོམས་པ་ཡིན་ལ།དེ་རྣམས་ཀྱི་དང་པོ་སྦྱིན་པའི་ཕར་ཕྱིན་ཡུལ་ཐོག་ཏུ་མེད་དེ།ནང་སེམས་ཐོག་ན་ཡོད་ཚུལ་ནི།གལ་ཏེ་ཟས་མེད་པ་ལ་ཟས་དང་།གོས་མེད་པ་ལ་གོས་ལ་སོགས་པ་བྱིན་ནས་འགྲོ་བ་སྤྲང་པོ་རྣམས་ཀྱི་དབུལ་བ་བོར་བ་ཙམ་དུ་གྱུར་པས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་པ་ཡིན་ན།ད་དུང་འགྲོ་བ་བཀྲེན་པོ་ཞེས་སྤྲང་པོ་མང་པོ་ཡོད་ན།སྔོན་གྱི་དུས་སུ་སྐྱོབ་པ་སངས་རྒྱས་རྣམས་ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ཏེ།སྦྱིན་པའི་ཕ་རོལ་ཏུ་མ་ཕྱིན་པར་འདོད་དགོས་ཏེ།ད་དུང་སྤྲང་པོ་ཡོད་པའི་ཕྱིར་ན།སྦྱིན་པའི་ཕར་ཕྱིན་ཕྱི་ཡུལ་ཐོག་ཏུ་མེད་དོ།།འོ་ན་ཇི་ལྟར་ཡིན་སྙམ་ན།ནང་རང་སེམས་ཀྱི་ཐོག་ཏུ་བདག་ཏུ་འཛིན་པའི་གཞི་གསུམ་གྱི་བདོག་པ་ཡོད་ཚད་ཐམས་ཅད་འབྲས་བུ་དང་བཅས་ཏེ།སྐྱེ་བོ་སེམས་ཅན་ཀུན་ལ་བཏང་བའི་སེམས་ཀྱིས་དངོས་པོ་ཐམས་ཅད་ལ་གཏོང་སེམས་གོམས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་གསུངས་ཏེ།རྗེ་བཙུན་མི་ལས།བདག་འཛིན་བཏང་བའི་ཕ་རོལ་ན།།སྦྱིན་པ་བྱ་བ་ལོག་ན་མེད།།ཅེས་གསུངས་པ་ལྟར་དུ་སངས་རྒྱས་ཉིད་ཀྱི་ཐུགས་ཀྱི་འཛིན་པ་ཆད་པ་སྦྱིན་པའི་ཕར་ཕྱིན་ཡིན་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་སྦྱིན་པའི་ཕར་ཕྱིན་དེ་ནི་གཏོང་སེམས་གོམས་པ་ཉིད་དོ།།ཚེ་འདིར་སྦྱིན་པ་བཏང་ན་ཕྱི་མ་ལ་ལོངས་སྤྱོད་ཆེན་པོར་འབྱུང་ངོ་སྙམ་ནས་འབྲས་བུ་ལ་རེ་བཅས་ན་ཚོང་དང་འདྲ།ལམ་གོམས་པའི་དོན་དུ་ཕྱིན་དྲུག་ལ་སྤྱོད་པ་ཡིན་མ་གཏོགས།ཕན་ཡོན་ལ་རེ་ན་ཚོང་བྱས་པ་དང་འདྲ་སྟེ།བྱང་ཆུབ་སེམས་དཔའི་སྤྱོད་པ་མིན་པས་དགེ་བ་འབྲས་བུ་དང་བཅས་པ་སེམས་ཅན་ལ་གཏོང་དགོས་གསུངས་སོ།།དེས་ན་ཁྱད་ཆོས་བཞི་ལྡན་གྱི་གཏོང་སེམས་དགེ་བ་ས་བོན་དང་བཅས་པ་སྦྱིན་པའི་ངོ་བོའོ།།དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཕྱི་ཡུལ་ཐོག་ན་མེད་དེ།ཉ་དང་ར་ལུག་ལ་སོགས་པ་སེམས་ཅན་ཐམས་ཅད་འཆི་མེད་ཞི་བའི་གོ་འཕང་མ་ཐོབ་པ་དེ་སྲིད་དུ།མི་འཆི་བའི་གནས་གང་ཞིག་ཏུ་སེམས་ཅན་དེ་དག་གསོད་མི་འགྱུར་བར་བསྐྲད་དེ་མི་འཆི་བའི་གནས་སུ་འགྲོ་ས་མེད་དོ།།དཔེར་ན་ཉ་ལྟ་བུ་བདག་གིས་མ་བསད་ཀྱང་སྲམ་ལ་སོགས་པས་གསོད་པ་བཞིན་ནོ།།དེས་ན་ཚུལ་ཁྲིམས་ཇི་ལྟ་བུར་ཡིན་སྙམ་ན་ཕྱིན་ཆད་མི་དགེ་བ་མི་བྱེད་སྙམ་པའི་སྤོང་བའི་སེམས་ཐོབ་པ་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད་དོ།།ཁྱད་ཆོས་བཞི་ལྡན་གྱི་སྤོང་སེམས་དགེ་བ་ས་བོན་དང་བཅས་པ་ཚུལ་ཁྲིམས་ཀྱི་ངོ་བོའོ།།དེས་ན་སྡིག་པ་མི་བྱེད་སྙམ་པའི་སྤོང་སེམས་བརྟན་པོ་དགོས་གསུངས་སོ།།བཟོད་པ་ཡང་ཕྱི་ཡུལ་ན་མེད་དེ།ནང་སེམས་ན་ཡོད་ཚུལ་གྱི་སེམས་ཅན་མི་སྲུན་པ་ཞེས་མ་རུང་བ་ནི་མང་པོ་ཡོད་པས།དཔེར་ན་ནམ་མཁའ་སྟོང་པ་ལ་འབྲོས་པ་མེད་པ་དེ་བཞིན་དུ།ཕྱི་ཡུལ་གྱི་དགྲ་དེ་དག་གཞོམ་གྱིས་ཡོང་མི་ལང་སྟེ།དགྲ་བཏུལ་ཀྱང་མཐའ་མེད་པ་མཐོང་ཆོས་སུ་གྱུར་པ་ལྟ་བུ་ཡིན་ལ།དེ་བས་ན་རང་རྒྱུད་ཀྱི་ཁོང་ཁྲོ་བའི་སེམས་འདི་གཅིག་པུ་བཅོམ་ན་ཕྱི་ཡུལ་གྱི་དགྲ་དེ་དག་ཐམས་ཅད་ཆོམས་པ་དང་འདྲའོ།།དེས་ན་ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུགས་པའི་སེམས་དགེ་བ་ས་བོན་དང་བཅས་པ་བཟོད་པའི་ངོ་བོའོ།།དཔེར་ན་ཡུལ་གཞན་དུ་འགྲོ་འདོད་ན་ལམ་བདེ་བའི་ཕྱིར་དུ་ས་སྟེང་འདི་དག་ཐམས་ཅད་ཀོ་བས་གཡོག་ཏུ་བཅུག་ན་དེ་སྙེད་ཀྱི་ཀོ་བས་ག་ལ་ལང་སྟེ་མི་ལང་ངོ་།།ད་ཅི་དགོས་སྙམ་ན།རང་གི་ལྷམ་མཐིལ་ཙམ་གྱི་ཀོ་བས་ནི་ཕྱི་རོལ་གྱི་ས་སྟེང་ཐམས་ཅད་གཡོགས་པ་དང་འདྲ་བ་ན།དེ་བཞིན་དུ་ཕྱི་རོལ་ཡུལ་གྱི་དགྲའི་དངོས་པོ་ཀུན་ཡང་བདག་གིས་ཕྱིར་བཟློག་པར་བྱ་བས་མི་ལང་གི།དེ་བས་བདག་གི་རྒྱུད་ཀྱི་ཁོང་ཁྲོའི་སེམས་འདི་ཕྱིར་བཟློག་པར་བྱ་བའི་ལས་ལ་བརྩོན་ན།སེམས་ལས་གཞན་པའི་ཕྱི་ཡུལ་གྱི་དགྲ་གཞན་རྣམས་བཟློག་པར་བྱ་བ་ལ་བརྩོན་ན་སེམས་ལས་གཞན་པའི་ཕྱི་ཡུལ་གྱི་དགྲ་གཞན་རྣམས་བཟློག་གོ་སྙམ་པའི་སྡུག་བསྔལ་ཅི་ཞིག་དགོས་ཏེ་ཅི་ཡང་མི་དགོས་ཏེ།མེ་བསད་ན་དུད་པ་མེད་པ་བཞིན་ནོ།།དེ་ཡང་སྔོན་དུས་སུ་དགེ་སློང་གང་པོ་ཡུལ་གཞན་དུ་བཟོད་པ་བསྒོམ་བཞིན་འགྲོ་ཞུས་ཚེ་སངས་རྒྱས་ཀྱིས་ཡུལ་དེ་རྣམས་ཁྱེད་ལ་ཅི་ཡང་མ་ཕུལ་ན་ཅི་སྙམ།བཅོམ་ལྡན་འདས་བདག་ལ་འདི་རྣམས་ཀྱིས་ཅི་ཡང་མི་ཟེར་བཟང་ངེས་བསམ།ཚིག་རྩུབ་ཟེར་ན་བདག་མ་བརྡུང་བསམ།བརྡུང་ན་བདག་མ་བསད་བསམ།བསད་ན་བདག་དམྱལ་བ་སོགས་ལ་མ་འཕང་བསམ་ཞུས་པས།བཟོད་པ་སྒོམ་ནུས་པས་སོང་གསུངས་ནས་བྱོན་པའི་ཚེ་ཐོག་མར་རྔོན་པ་དང་ཕྲད་ནས་མདའ་གཞུ་བཟུང་སྟེ་མདས་གཟས་པའི་ཚེ།བྲང་བསྟན་ཏེ་གང་དཀའ་བ་འདི་ལ་འཕང་བྱས་པས་རྔོན་པ་ངོ་མཚར་ནས་ཆོས་ཞུས་པའི་ལོ་རྒྱུས་གསུངས་པར་མཛད་དོ།།བརྩོན་འགྲུས་ཀྱང་ལུས་ངག་གིས་འབད་པ་མིན་ཏེ་ནང་སེམས་ཀྱིས་སྤྲོ་སེམས་ཤུགས་དྲག་སྐྱེས་པ་དེ་ཡིན་ཏེ།མྱང་འདས་ཀྱི་མདོ་ལས་གསུངས་པ་ལྟར།མ་དང་བུ་མོ་གཉིས་ཆུས་ཁུར་ཚེ་མ་བུ་གཉིས་ཀས་གཅིག་གིས་གཅིག་ལ་བྱམས་པའི་སེམས་གསལ་པོ་གཅིག་བསྐྱེད་པའི་འབྲས་བུ་གང་ཡིན་པས་གཟུགས་ཁམས་ཚངས་པའི་གནས་ལ་སྐྱེས་པ་ལ་སོགས་པ་ཡིན་པ་ལྟར་དུ།ལུས་ངག་གི་འབད་པ་དྲག་པོ་དང་བཅས་པའི་འབྲས་བུ་དེ་ཡིས་འདོད་ཁམས་འདིར་སྐྱེ་ཡང་།གཟུགས་ཁམས་སོགས་སུ་མི་སྐྱེ་བས་ན།སྤྱོད་པ་ཞན་པས་སེམས་ཀྱི་སྤྲོ་སེམས་དེ་ལྟ་བུ་མིན་ནོ།།དེས་ན་ཁྱད་ཆོས་བཞི་ལྡན་གྱི་སྤྲོ་སེམས་དགེ་བ་ས་བོན་དང་བཅས་བརྩོན་འགྲུས་ཀྱི་ངོ་བོའོ།།བསམ་གཏན་ཀྱང་ཕྱི་ལུས་ངག་བསྟན་པ་ཙམ་མིན་ཏེ།མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ།།ཞེས་གསུངས་པ་ལྟར་དུ།ལྷ་སྔགས་བྱིན་རླབས་ནུས་པ་ནི་ལུས་ལྷར་གསལ་ནུས་ན་འོང་།གཞན་བྱ་རྒྱུད་དུ་གསུངས་པའི་བསམ་གཏན་འགྲུབ་པའི་ཡན་ལག་ཏུ་བཟླས་བརྗོད་བྱེད་པ་དང་ནི།ཟས་ཉུང་ན་གཤང་གཅི་མེད་པས་སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་ཐམས་ཅད་ཀུན།ཡུན་རིང་པོའི་དུས་སུ་སྤྱད་པར་བྱས་ཀྱང་།སེམས་ཡུལ་གཞན་དུ་གཡེངས་པས་ལུས་ངག་གིས་དགེ་བ་བྱས་པ་ན།སངས་རྒྱས་དེ་ཁོ་ན་ཉིད་ཀྱི་དོན་མ་རིག་པས་ཟག་བཅས་འཁོར་བའི་བདེ་བ་ཐོབ་ཀྱང་།ཐར་པ་ཐོབ་པ་ལ་ནི་དོན་མེད་པར་གསུངས་པས་ན།ཁྱད་ཆོས་བཞི་ལྡན་གྱི་དམིགས་པ་ལ་ནི་རྩེ་གཅིག་པའི་དགེ་བ་ས་བོན་དང་བཅས་པ་བསམ་གཏན་གྱི་ངོ་བོའོ།།གང་ཟག་གང་གིས་ཆོས་ཐམས་ཅད་ཀྱི་གཙོ་བོའི་དོན་ནམ་མཆོག་གང་ཡིན་པ་སེམས་ཀྱི་གསང་བ་ཡིན་ལུགས་འདི་མ་ཤེས་ན་ནི།བདེ་བ་ཐོབ་པར་འདོད་པ་དང་སྡུག་བསྔལ་གཞོམ་སྟེ་མེད་པར་འདོད་ནས་བརྩོན་འགྲུས་ཅི་བྱས་ཀྱང་།བྱས་པ་དེ་དག་ཐམས་ཅད་དོན་མེད་པར་གྱི་ནར་ཏེ་ཕལ་པ་ཁོ་ན་ཞིག་ཏུ་འཁྱམས་འགྲོ་བས་ན།ཤེས་རབ་ཀྱི་ཡུལ་ཤེས་བྱ་གཏན་ལ་འབེབས་པ་གཙོ་མི་ཆེ་བར་ཡུལ་ཅན་རང་སེམས་གཏན་ལ་འབེབས་དགོས་ཏེ།དཀོན་བརྩེགས་འོད་སྲུང་གིས་ཞུས་པའི་མདོ་ལས་གསུངས་པ་ལྟར།ཁྱི་ལ་རྡོ་འཕང་ཚེ་རྡོ་དེད་པ་ལྟར་རྣམ་རྟོག་ཡུལ་རྗེས་སུ་འབྲང་བས་འཁོར་བར་འཁྱམས་ལ།སེངྒེ་ལ་རྡོ་འཕང་ཚེ་རྡོ་མི་དེད་པར་འཕེན་མི་གསོད་པ་ལྟར།ཡུལ་ཅན་རང་སེམས་གཏན་ལ་དབབ་ཚེ།རང་དང་སེམས་གཉིས་ཐོག་མ་མེད་པ་ནས་འགྲོགས་ཀྱང་།སེམས་ཀྱི་མཚན་ཉིད་གནས་ལུགས་མི་ཤེས་པ་དཔེར་ན་རང་མིག་རང་གིས་མི་མཐོང་བ་ལྟར་ཡིན་ཀྱང་།ཆོས་ཐམས་ཅད་ཀྱི་གནས་ལུགས་མ་གྲུབ་པར་ཤེས་པ་གཙོ་ཆེ་སྟེ།ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་རྣམ་འབྱེད་ཀྱི་སེམས་དགེ་བ་ས་བོན་དང་བཅས་པ་ཤེས་རབ་ཀྱི་ངོ་བོའོ།།ཁྱད་ཆོས་བཞི་ནི་མདོ་སྡེ་རྒྱན་ལས།ཕྱིན་དྲུག་མི་མཐུན་ཕྱོགས་ཉམས་དང་།།རྣམ་པར་མི་རྟོག་ཡེ་ཤེས་ལྡན།།འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།།སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།།ཞེས་ཕར་ཕྱིན་དྲུག་རང་རང་གི་མི་མཐུན་ཕྱོགས་སེར་སྣ།ཚུལ་འཆལ།ཁོང་ཁྲོ།ལེ་ལོ་རྣམ་གཡེངས།ཤེས་འཆལ་དྲུག་ཉམས་པ་དང་།གྲོགས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རྩིས་ཟིན་པའི་ཡེ་ཤེས་དང་ལྡན་པ་དང་།སྦྱིན་པས་རེ་བ་རྫོགས་པ་དང་།ཚུལ་ཁྲིམས་ཀྱིས་ཡིད་དྭངས་བ་དང་།བཟོད་པས་གནོད་པ་དང་དུ་ལེན་པ་དང་།བརྩོན་འགྲུས་ཀྱིས་དགོས་པའི་གྲོགས་བྱེད་པ་དང་།བསམ་གཏན་གྱི་མངོན་པར་ཤེས་པས་འདུན་པ་དང་།ཤེས་རབ་ཀྱིས་བླང་དོར་སྟོན་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་།སེམས་ཅན་མ་སྨིན་པ་རྣམས་སྨིན་པར་བྱེད་པ་དང་།སྨིན་པ་རྣམས་བྱང་ཆུབ་རྣམ་པ་གསུམ་ལ་འགོད་པར་བྱེད་དོ།།དེས་ན་ཕྱིན་དྲུག་ནི།གཏོང་སེམས།སྤང་སེམས།མི་འཁྲུགས་པའི་སེམས།སྤྲོ་སེམས།དམིགས་པ་ལ་རྩེ་གཅིག་པའི་སེམས།ཆོས་རབ་རྣམ་འབྱེད་ཀྱི་སེམས་དྲུག་གོམས་པའོ།།གསུམ་པ་དེས་ན་སེམས་སྲུང་དགོས་པར་བསྟན་པ་ནི།དེ་ལྟས་བདག་གི་སེམས་འདི་ནི།།ལ་སོགས་ནས།ནམ་ཡང་ཉམས་མི་བྱ།།ཞེས་པའི་བར་གྱིས་བསྟན།དགེ་བ་དང་སྡིག་པ་ཐམས་ཅད་རང་གི་སེམས་ལས་བྱུང་བ་ཡིན་ཚུལ་གོང་དུ་བཤད་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་བདག་གི་སེམས་འདི་ནི་དགེ་བའི་ལམ་དུ་བཞག་ནས་དྲན་པས་ལེགས་པར་བཟུང་བར་བྱ་ཞིང་།མི་དགེ་བའི་ཕྱོགས་ལས་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ་དགོས་ཏེ།མི་དགེ་བའི་ཀུན་སློང་ཐམས་ཅད་སྤོང་།དགེ་བའི་ཀུན་སློང་ཐམས་ཅད་གོང་དུ་སྤེལ།ལུང་མ་བསྟན་པའི་ཀུན་སློང་ཐམས་ཅད་དགེ་བར་སྒྱུར་བྱེད་རང་གི་སེམས་བསྲུང་སྟེ།མི་དགེ་བ་བརྟུལ་བ་དང་དགེ་བ་ལ་ཞུགས་བྱེད་ཐབས་ཀྱི་བརྟུལ་ཞུགས་འདི་མ་གཏོགས་པ།གཞན་དུ་ལུས་ལ་གོས་རྒྱན་ལ་སོགས་པའི་བརྟུལ་ཞུགས་མང་པོས་ཅི་ཞིག་བྱ་སྟེ།འཁོར་བར་འཁྱམས་བྱེད་ཀྱི་རྒྱུ་ཡིན་པས་དགོས་པ་མེད་དེ།ལུས་མི་གཙང་ཤ་ཁྲག་གི་ཕུང་པོ་ཅི་ཞིག་གི་ནང་དུ་དྲིལ་ཀྱང་འདྲ་བས་སོ།།དཔེར་ན་བྱིས་པ་ཤེད་མ་ཕྱེས་པ་མི་གྲལ་དུ་མི་ཆུད་པས་ན་མ་དྲངས་པ།དབང་པོའི་སྒོ་ཐམས་ཅད་སྡོམ་པས་མ་བསྡོམས་པས་ན་གྲོལ་བའི་ཁྲོད་ན་གནས་པའི་ཚེ་ན།རབ་ཏུ་བསྒྲིམས་ཏེ་ལུས་ཀྱི་རྨ་ཡི་འཛེམ་བག་བྱེད་པ་དེ་བཞིན་དུ།དོན་ལ་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་ཡུལ་ཀུན་འདུས་པ།སྐྱེ་བོ་ངན་པའི་ཁྲོད་ན་གནས་པས་ཀྱང་ཆགས་སྡང་ལ་སོགས་པའི་རྣག་ཁྲག་ཐམས་ཅད་ཡུལ་ཐོག་ཏུ་ཟག་པས་ན་ཟག་པ་ཉོན་མོངས་པ་དང་།སེམས་ཡུལ་ལ་ཟག་པས་སྡུག་བསྔལ་ཉེ་བར་ལེན་པས་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔའི་དབང་པོའི་རྨ་སྒོ་འདི་ཐམས་ཅད་དུས་རྟག་ཏུ་བསྲུངས་བར་བྱ་དགོས་སོ།།དཔེར་ལུས་ལ་རྨ་ཡི་སྡུག་བསྔལ་ཆུང་ངུ་ཙམ་པ་རེ་ཡིས་སྐྲག་པ་ལའང་རྨ་ཡི་འཛེམ་བག་བྱེད་པ་ཡིན་ན།ཁོང་ཁྲོ་ལ་སོགས་པ་ཉོན་མོངས་པ་སྐད་ཅིག་མ་རེ་རེས་ཀྱང་དམྱལ་བའི་གནས་སུ།རང་གིས་སེམས་ཅན་གང་དང་གང་བསད་པ་དེ་དང་དེ་འདྲ་བའི་རི་མགོ་བརྙན་ཅན་མང་པོ་ཕན་ཚུན་བརྡུང་ཁ་བཀྱེ་བའི་བར་དུ་རང་ལུས་ཐལ་བ་རྡུལ་ཕྲན་བཞིན་དུ་བསྡུས་ཤིང་འཇོམས་པས་ན།དེ་ལྟ་བུའི་དམྱལ་བ་བསྡུས་འཇོམས་ཀྱི་རིས་རང་གི་ལུས་འཇོམས་ཤིང་སྐྲག་པ་དག་གིས་ནི།ཕྱི་ནང་གི་བརྟུལ་ཞུགས་ཐམས་ཅད་ཀྱི་རྒྱལ་པོ་མཆོག་དམ་པ་དུས་དང་རྣམ་པ་ཀུན་ཏུ་སྤྲེའུ་ལྟ་བུའི་ནང་རང་གི་སེམས་ཀྱི་རྨ་ལྟ་བུ་འདི་ཅིས་མི་སྲུང་སྟེ་སྲུང་དགོས་སོ།།དེས་ན་རང་སེམས་རང་གིས་སྲུང་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་འདི་འདྲ་བས་གནས་པར་བྱེད་ན།གང་ཟག་དེ་ནི་སོ་སོའི་སྐྱེ་བོ་ངན་པའི་ཁྲོད་ན་གནས་སམ་བུད་མེད་མང་པོའི་ཁྲོད་ན་གནས་ཀྱང་རུང་སྟེ།གསེར་ཞོ་གང་གིས་རང་ཚུགས་བཟུང་།ཟེར་བ་ལྟར་སྡོམ་པ་གསུམ་དང་བརྩོན་འགྲུས་དང་།བརྟན་པ་ཞེས་པ་ནི་དམ་བཅའ་ཁས་ལེན་ཐམས་ཅད་ཉམས་པར་མི་འགྱུར་རོ།།བདག་གི་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་དང་།ཕྱག་འཚལ་གདན་སྟོབ་ཀྱི་བཀུར་སྟི་དང་བཅས་ཏེ་མེད་ནས་མུ་གེས་ཤི་ན་ཡང་བླ་སྟེ།ད་སྔོན་ཡན་དུའང་སུ་ཡང་མུ་གེས་ཤི་ནས་དམྱལ་བར་སོང་བའི་ལོ་རྒྱུས་མེད་པས་སོ།།ལུས་ལ་ཟས་གོས་སོགས་མེད་པས་ཉམས་ནས་སྡུག་བསྔལ་མྱོང་ན་སྡུག་བསྔལ་ཞི་བ་དང་སྡོམ་པ་སྲུང་ཐུབ་པའི་ཐབས་ཡིན་པ་དང་།འཚོ་བ་སྲོག་མེད་ན་བླ་ཞིང་དེར་མ་ཟད་ལུས་ངག་གི་དགེ་བ་གཞན་ཡང་ཉམས་ན་བླ་ཡི།རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན།རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས།བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།།དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ།།ཞེས་གསུངས་པ་ལྟར་དུ།ནང་རང་གི་སེམས་འདི་ནི་དུས་ནམ་ཡང་དགེ་བ་ལས་ཉམས་པར་མི་བྱའོ།།གཉིས་པ་སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟེན་ཚུལ་ལས།མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས།དང་པོ་ནི།སེམས་བསྲུང་འདོད་པ་རྣམས་ལ་ནི།།སོགས་ནས།ཐལ་མོ་སྦྱར།།ཞེས་པའི་བར་གྱིས་བསྟན་ཏེ།བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བར་འདོད་པ་རྣམས་ལ་ནི་སྲོག་ལ་བབ་ཀྱང་།བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དང་ནི།རང་གི་སྒོ་གསུམ་ལ་བརྟགས་པའི་ཤེས་བཞིན་དེ་དག་གཉིས་ཀ་དུས་དང་རྣམ་པ་ཀུན་ཏུ་ཐབས་ཐམས་ཅད་ཀྱིས་འབད་པས་སྲུངས་ཤིག།།ཅེས་ཞི་བ་ལྷ་བདག་གིས་ནི་དེ་ལྟར་དུ་ཐལ་མོ་སྦྱོར་བ་ཡིན་ནོ།།དེ་ཡང་དཔེར་ན་བྱིས་པ་བུ་ཆུང་འདུག་མི་ནུས་པ་རྩེད་མོ་རྩེ་བར་བྱེད་ཚེ།ཕ་མས་གྱོད་བསྡིགས་ཀྱིས་སྐུ་ཚེ་རིང་འདུག་རོགས་ཅེས་མཐེ་བོང་བསླང་ངོ་ཞེས་པའི་དཔེ་ལྟར།སེམས་མི་བསྲུང་ན་ནི་ཕར་ཞོག་སེམས་སྲུང་སྙམ་ན་དེའི་ཆེད་དུ་དྲན་ཤེས་གཉིས་བསྲུང་དགོས་པའི་དོན་དུ་ཐལ་མོ་སྦྱོར་རོ་ཞེས་པའི་དོན་ཡིན་གསུངས་སོ།།གཉིས་པ་རྒྱས་པར་བཤད་པ་ལ།ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ་དང་།དྲན་པ་བརྟེན་ཐབས་དངོས་བཤད་པ་གཉིས་ལས།དང་པོ་ནི།ནད་ཀྱིས་དཀྲུགས་པའི་མི་དག་ནི།།སོགས་ནས།འཇོམས་པར་བྱེད།།ཅེས་པའི་བར་གྱིས་བསྟན་ཏེ།དཔེར་ན་ལུས་ནད་ཀྱིས་དཀྲུགས་པའི་མི་དེ་དག་ཐམས་ཅད་ནི་ཤེད་ཅན་དཔའ་བོ་ལ་སོགས་པ་ཇི་ལྟར་ཡིན་ཀྱང་།ལུས་སོགས་ཀྱིས་བྱ་བའི་ལས་རྣམས་ཀུན་ལ་མཐུ་མེད་པ་དེ་བཞིན་དུ་རྨོངས་པ་མི་ཤེས་པས་སེམས་དཀྲུགས་པ་དེ་ནི།དང་པོ་དད་བརྩོན་དང་ལྡན་པ་མཁས་པ་ཤེས་རབ་ཅན་ཇི་ལྟ་བུ་ཞིག་ཡིན་ན་ཡང་།དགེ་བའི་ལས་རྣམས་ཀུན་སྒྲུབ་པ་ལ་མཐུ་མེད་དོ།།དེས་ན་སྔོན་གྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཚེ།སྐུ་ལུས་ཀྱི་སྤྲུལ་པ་ལྔ་སྟོང་དུ་སྤྲུལ་ནས་སོ་སོར་ལས་མཛད་དུས།ཐུགས་སྐད་ཅིག་ཙམ་ལ་ཡེངས་པས་ཤིང་བཟོ་བརྒྱས་ཤིང་གི་སེངྒེ་བརྒྱའི་སྣ་བཅད་པ་ལ་སོགས་པ་བྱུང་བས་ན་ཤེས་བཞིན་ལ་ཉམས་པ་གལ་ཆེའོ།།དེས་ན་ལུས་ནད་ཀྱིས་དཀྲུགས་པ་དང་།སེམས་ཤེས་བཞིན་མེད་པས་དཀྲུགས་པ་གཉིས་འདྲའོ་གསུངས་སོ།།ཐོས་པ་ལ་སོགས་པ་བརྗེད་དམ་སྙམ་ནས་བརྟག་དཔྱད་མ་བྱས་པར་ཤེས་བཞིན་མེད་པའི་སེམས་དང་ལྡན་པའི་ཚེ་ན།ཐོས་པ་དང་བསམ་པ་དང་བསྒོམ་པ་དེ་རྣམས་ཀུན་ཡང་དཔེར་ན་གློ་རྡོལ་བའི་བུམ་པའི་ནང་དུ་ཆུ་མི་ཆགས་པ་བཞིན་དུ་ཤེས་བཞིན་མེད་ན་དྲན་པ་རྐྱང་བ་ལ་ནི་ཐོས་བསམ་སྒོམ་གསུམ་དེ་མི་གནས་པས་ན།དྲན་པ་རྟོད་ཕུར་ལྟ་བུ་དང་།ཤེས་བཞིན་བྱ་ར་ལྟ་བུ་གཉིས་ཟུང་འབྲེལ་དུ་དགོས་གསུངས་སོ།།ཐོས་པ་དང་ལྡན་པའི་མཁས་པ་ཤེས་རབ་ཅན་ཡིན་རུང་ཤེས་བཞིན་མེད་པས་བླང་དོར་གྱི་གནས་ཐམས་ཅད་དང་འགལ།ལས་དང་པོའི་དུས་སུ་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཅན་རྣམས་ཀྱང་།མཐར་ལོག་ལྟ་ཅན་དང་བཤན་པ་ལྟ་བུར་གྱུར་པ་ནི་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་བརྩོན་པ་ལྷུར་ལེན་ཞེས་དགེ་བའི་ཕྱོགས་ལ་དང་ལེན་བྱེད་མི་དུ་མ་མང་པོ་ཡང་མཐར་ལེ་ལོ་ཅན་དུ་འགྱུར་བ་སོགས།དེ་ཐམས་ཅད་ཤེས་བཞིན་མེད་པའི་སྐྱོན་གྱིས་རང་རྒྱུད་ལ་གོས་ཤིང་ཆགས་པས་སྡོམ་པ་གསུམ་དང་འགལ་ཏེ་ལྟུང་བའི་རྙོགས་པ་དང་བཅས་པར་འགྱུར་བ་དང་།ཤེས་བཞིན་མེད་པའི་ཆོམ་པོ་ནི་དགེ་བ་དངོས་སུ་ཕྲོག་པའི་ཇག་པ་དང་།ལྐོག་ཏུ་རྐུ་བའི་རྐུན་མ་ལྟ་བུ་དེ་དག་སེམས་ཀྱི་ཐོག་ཏུ་འོང་བའི་སྒོ་ནི་དྲན་ཤེས་གཉིས་ཀྱི་རྗེས་སུ་འབྲང་བས་ཚེ་སྟོད་ལ་མཆོད་སྦྱིན་དང་ཚུལ་ཁྲིམས་སྲུང་པ་ལ་སོགས་པའི་དགེ་བའི་བསོད་ནམས་དག་ནི་ཉེ་བར་བསགས་ཀྱང་།ཚོང་པ་ཕ་ཡུལ་སླེབས་ཀ་ཇག་པ་དང་རྐུན་པོས་འཕྲོགས་པ་བཞིན་དུ་དྲན་པ་དང་ཤེས་བཞིན་གྱིས་མ་བསྲུངས་ན་ངན་འགྲོར་འགྲོ་བར་འགྱུར་རོ།།ཉོན་མོངས་པ་ཞེ་སྡང་ཁོང་ཁྲོ་ནི་དངོས་སུ་འཕྲོགས་པའི་ཆོམ་པོ་དང་།ང་འཇིགས་ང་བཟང་སྙམ་པའི་ང་རྒྱལ་ནི་དགེ་བའི་རྗེས་སུ་ཞོན་ནས་འོང་བ་དང་།ཕྲག་དོག་འགྲན་སེམས་གཏི་མུག་འགྱོད་པ་ལ་སོགས་པའི་རྐུན་པོ་དང་འདྲ་བའི་ཚོགས་འདི་ནི།དུས་ནམ་དགའ་སྙམ་པའི་གླགས་ལྟ་ཞིང་སྐབས་ཚོལ་བར་བྱེད་པ་སྟེ།གླགས་རྙེད་པར་གྱུར་ནས་ནོར་ཕྲོགས་པ་ལྟར།ཁོང་ཁྲོས་ནི་དགེ་བ་སྔར་ཡོད་ཐམས་ཅད་འཇོམས་ཤིང་།ཉོན་མོངས་པ་གཞན་གྱིས་ནི་ཕྱི་མའི་དགེ་བ་ཐམས་ཅད་རྒྱུད་ལ་འོང་དུ་མི་འཇུག་པར་བཀག་སྟེ།བདེ་བ་ཐམས་ཅད་འཕྲོག་ཅིང་མི་གསོད་པ་བཞིན་དུ་མཐོ་རིས་ལྷ་མིའི་ལུས་རྟེན་མི་ཐོབ་པར་བྱེད་པས་ན་བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད་པ་ནི་ཤེས་བཞིན་རྒྱུད་ལ་མེད་པའི་ཉེས་དམིགས་ཡིན་པས་ཤེས་བཞིན་བརྟན་པོར་དགོས་སོ།།གཉིས་པ་དྲན་པ་བརྟེན་ཐབས་དངོས་ནི།དེ་བས་དྲན་པ་ཡིད་སྒོ་ནས།།སོགས་ནས།ཕྱིར་འོང་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཤེས་བཞིན་མེད་ན་ངན་སོང་ཁོ་ན་ལ་འགྲོ་བས་ན།དེ་བས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཡིད་ཀྱི་མཁར་སྒོ་ནས་གུད་དུ་ཞེས་ཟུར་དུ་དུས་ནམ་ཡང་མི་གཏང་ངོ་།།དྲན་པ་སྲུང་ལོབས་མ་བྱས་པས་ཉམས་སོང་ནའང་དམྱལ་བའི་སྡུག་བསྔལ་དྲན་དགོས་ཏེ།སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན།།མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེ།།ཞེས་གསུངས་པ་ལྟར་དུ་ངན་སོང་ངན་འགྲོའི་གནོད་པ་དེ་དག་ཐམས་ཅད་དྲན་པར་བྱས་ཏེ།སེམས་ཀྱི་སྒོ་སྲུང་དྲན་པ་ཉེ་བར་བཞག་པར་བྱ་དགོས་སོ།།ཡང་ན་སྡོམ་ལྡན་གཞན་གྱི་བླ་མ་དང་ནི་འགྲོགས་པ་ལས་ཀྱང་དྲན་པ་སྐྱེ་བའི་རྟེན་དང་།མཁན་པོས་ཆོས་བཞིན་དུ་རྗེས་སུ་བསྟན་པ་ལས་ཀྱང་དྲན་པ་སྐྱེ་བའི་རྟེན་དང་།འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པས་ཀྱང་དྲན་པ་སྐྱེ་བའི་རྟེན་དང་།ཉེས་སྤྱོད་མི་དགེ་བ་ལ་འཇིགས་ནས་ལེགས་སྤྱོད་དམ་པའི་ཆོས་ཀྱི་སྐལ་བ་དང་ལྡན་པའི་ཡོན་ཏན་དང་ཡོན་ཏན་ཅན་ལ་གཅེས་སུ་བྱེད་དེ་གུས་པར་བྱེད་པ་ལ་དྲན་པ་བདེ་བླག་སྟེ་མྱུར་བ་ཉིད་དུ་སྐྱེ་བའི་རྟེན་བྱེད་པ་ནི།དཔེར་ན་སྔོན་སྣར་ཐང་གི་མཁན་བུ་ཞིག་གིས་ཕྱི་དྲོའི་ཁ་ཟས་ཟ་སྙམ་ནས་རྩམ་པ་སྦྲུས་པ་སྐོར་ཅིག་མཁན་པོས་གཟིགས་ཚེ་ལྷ་བཤོས་སུ་ཕུལ་བས་ཐེ་ཚོམ་དུ་མཛད་དོ།།སྐོར་ཅིག་དངོས་སུ་ཟ་བ་མཐོང་ནས་སྐྲག་པས་མཁན་པོ་གཟིགས་སམ་མལ་དུ་བཞུགས་ནས་བཤུམས་པ་མཐོང་བས་དད་པ་སྐྱེས་ཏེ་བདག་ལ་ལྟུང་བ་ཞིག་བྱུང་བ་ཐུགས་ཀྱིས་མཁྱེན་ནས་མ་བཟོད་སྙམ་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་ཕྱི་དྲོའི་ཟས་སོགས་ཉེས་ལྟུང་ཐམས་ཅད་སྲུངས་ཤིང་སྡོམ་པས་དགེ་ཚུལ་དེ་སྐུ་ཚེ་རིང་ན་སྣར་ཐང་གི་མཁན་པོར་འོས་སོ།།ཞེས་བཙུན་པའི་ཚད་དུ་གྱུར་པ་དང་།དེ་བཞིན་དུ་མདོ་ལུགས་སུ་གཟན་ཤམས་ལྷུང་བཟེད་དང་།སྔགས་ལུགས་སུ་རྡོར་དྲིལ་གོས་དཀར་སྐྲ་དང་ཞྭ་སོགས་ཐམས་ཅད་དྲན་པ་བརྟེན་ཐབས་ཡིན་ནོ་གསུངས་སོ།།ཡང་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཐག་ཉེ་རིང་མེད་པར་དུས་དང་རྣམ་པ་ཀུན་ཏུ་དངོས་པོ་ཐམས་ཅད་ལ་ཉོན་སྒྲིབ་སྤངས་པས་མ་ཆགས།ཤེས་སྒྲིབ་ལ་ཐོགས་པ་མེད་ཅིང་ལྷའི་སྙན་གྱིས་གསན།མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས།ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་ལྡན་པ་སྟེ།སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི།།རྣམ་རྟོག་གང་འགྱུས་རྟག་ཏུ་ཐུགས་ཀྱིས་མཁྱེན།།ཞེས་གསུངས་པ་ལྟར་དུ།རྒྱལ་བ་སྲས་བཅས་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན།དུས་རྟག་པར་བདག་གིས་ནི་ལུས་གཡོག་ཏུ་ཕུལ་ཟིན་པས་གཡོག་པོར་གཟིགས་ཤིང་དགོངས་ཡོད་པས།བདག་རྒྱལ་བ་སྲས་བཅས་སྐུ་དྲུང་ན་གནས་སོ་ཞེས་པ་དེ་ལྟར་དུ་བསམས་ནས།སྤྲེའུས་རང་མིག་བཀབ་ནས་བརྐུ་བ་ལྟར་མི་རིགས་ཏེ་ཁྱད་པར་དུ་བླ་མ་རྣམས་ཀྱིས་མི་དགོངས་པ་དང་མི་གསན་མདོག་ཡིན་མ་གཏོགས།ཐུགས་ནམ་མཁའ་ལྟར་རྒྱ་ཆེ་བས་དབུ་གཡོགས་མི་ནུས།དྲན་འཕྲུལ་ཆེ་དགོས་མེད་དེ།བླ་མ་བཞུགས་པ་བས་ཀྱང་འདས་རྒྱབ་ཐུགས་ལ་ལྷག་པར་གསལ་བས་ཉེས་ལྟུང་ལ་བཤགས་པ་ཅི་ནུས་དགོས་ངེས་ཡིན་ནོ་གསུངས་པས་ན།རང་ངོ་ལ་ལྟོས་ནས་ངོ་ཚ་དང་སངས་རྒྱས་སྲས་བཅས་ལ་གུས་པར་བྱེད་པ་དང་།ངན་སོང་གི་སྡུག་བསྔལ་མི་བཟད་པ་ལ་འཇིགས་པ་དང་ལྡན་པ་དེ་བཞིན་དུ།མནོས་ཤིག་ཅེས་པ་ནི་བསམ་དགོས་པའི་དོན་ཡིན་ལ།རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔ་ན་བདག་གནས་ཡོད་བསམ་པ་དེས་ནི་སངས་རྒྱས་རྗེས་སུ་དྲན་པའང་།སྐྱབས་འགྲོའི་སྣང་བ་མ་བྲལ་བ་དེ་ལ་ཡང་དང་ཡང་དུ་འབྱུང་བར་འགྱུར་རོ།།ནང་གི་སྒྲས་ནི་ཆོས་དང་དགེ་འདུན་དང་།གཏོང་བ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པ་རྣམས་ཀྱང་འབྱུང་ངོ་ཞེས་པའི་དོན་ཡིན་ནོ།།དགེ་བཤེས་འབན་གུང་རྒྱལ་གྱིས་ད་ནི་སེམས་ཀྱི་མཁར་སྒོ་ན་གཉེན་པོའི་མདུང་ཐུང་གཅིག་མནན་ཏེ་སྡོད་པ་ལས་གཞན་བྱ་རྒྱུ་མེད།ཁོ་བསྒྲིམས་ན་ང་ཡང་བསྒྲིམ།ཁོ་ལྷོད་ན་ང་ཡང་ལྷོད་ཅེས་གསུངས་པ་ལྟར་དུ།དུས་གང་དང་གང་གི་ཚེ་ནའང་དྲན་པ་ཡིད་ཀྱི་མཁར་སྒོ་ནས་སེམས་བསྲུང་བའི་དོན་དུ་གནས་པར་གྱུར་པ་དེའི་ཚེ་ན།ཤེས་བཞིན་སྔོན་རྒྱུད་ལ་མེད་པ་ཡང་འོང་བར་འགྱུར་ཞིང་།དྲན་པ་ཡེངས་ན་ཤེས་བཞིན་སྔར་ཡོད་ཉམས་སོང་བ་དག་ཀྱང་ཕྱིར་འོང་བར་འགྱུར་ཏེ།སྐད་ཅིག་དང་པོ་ལ་ཡན་ནའང་སྐད་ཅིག་གཉིས་པ་ལ་དྲན་པ་སླེབས་འོང་བ་ལྟར་ཐག་ཇེ་ཉེ་ཇེ་ཉེར་འོང་བར་འགྱུར་བ་ནི་ངེས་པའོ།།གསུམ་པ་དྲན་ཤེས་དང་ལྡན་པའི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལ།ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བསླབ་ཚུལ།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ།སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ་དང་གསུམ་ལས།དང་པོ་ལའང་།སྒོ་གསུམ་གྱི་སྤྱོད་པ་དག་པར་བྱེད་པ་དང་།བསླབ་པ་ཉམས་པ་བསྲུང་བ་གཉིས་ལས།དང་པོ་ནི།རེ་ཞིག་དང་པོར་འདི་འདྲའི་སེམས།།སོགས་ནས།འཕེལ་མི་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་དུས་རེ་ཞིག་གི་ཚེ་ན་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལ་གཏད་ཚེ་འགུལ་འོང་བ་ལྟར་དུ།དང་པོར་རང་སེམས་ལ་བརྟགས་ནས་ཉོན་མོངས་གང་སྐྱེས་ངོས་ཟིན་དགོས་ཏེ།རྣམ་རྟོག་ཤར་མ་ཐག་ཏུ་ངན་པ་འདི་འདྲ་བའི་སེམས་འདི་ནི་བཟང་པོ་མིན་བསམས་ཏེ།སྡོམ་པ་ཉམས་བྱེད་ཀྱི་སྐྱོན་དང་བཅས་པ་ཡིན་པར་ཤེས་པར་བྱས་ནས་དེའི་ཚེ་ན།ཁ་རོག་ཏུ་བསམ་བློ་གཞན་མི་གཏོང་བར་བདག་གིས་རྣམ་རྟོག་ཐམས་ཅད་ཐོལ་སྐྱེས་རྦད་ཆོད་དུ།དཔེར་ན་ཤིང་བཞིན་དུ་སེམས་ཀྱིས་ཟུངས་ཐུབ་པ་ཞེས་ཚུགས་ཐུབ་པར་ནི་རྣམ་རྟོག་དང་པོའི་དུས་སུ་ཆོད་པ་གལ་ཆེ་བས།ཕྱི་ནང་གང་ལ་ཡང་མི་ཡན་པར་གནས་པར་བྱ་དགོས་སོ།།དེ་ཡང་མིག་གིས་མགོ་དང་།མགོས་སེམས་མི་ཁྲིད་པར་དྲན་ཤེས་ཀྱིས་ཟིན་བཞིན་དུ་མ་གཏོགས་དོན་མེད་པར་ཡུལ་ལ་གཡེང་བར་ལྟ་བ་ནི།དུས་ནམ་ཡང་བདག་གིས་མི་བྱ་སྟེ་ལྟ་དགོས་པའི་ཚེ་ན་དམ་པའི་ཆོས་དང་དྲན་ཤེས་ལ་ངེས་པར་སེམས་པས་དུས་རྟག་ཏུ་ནི་མིག་གཉིས་ནི་ཕབ་སྟེ་གཉའ་ཤིང་གང་ཙམ་དུ་བལྟ་བར་བྱ་དགོས་ཏེ།འདུལ་བ་ལས།འདོད་ཆགས་མིག་ནི་རིག་རིག་བལྟ་བར་བྱེད།།ཞེ་སྡང་མིག་ནི་དུག་དྲག་སྦྲུལ་བཞིན་བལྟ།།གཏི་མུག་མིག་ནི་མུན་ཁྲོད་རྟོག་བཞིན་བལྟ།།ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་དུ་བལྟ།།ཞེས་གསུངས་པ་ལྟར་དུ་སྔ་མ་གསུམ་གྱི་བལྟ་ཚུལ་སྤང་ཅི་ནུས་དང་།ཕྱི་མ་ལ་ཅི་ནུས་སུ་སློབ་དགོས་སོ།།མིག་གིས་ལྟ་བ་ངལ་བསོ་བའི་ཆེད་དུ་ནི་རེས་འགའ་ཕྱོགས་དང་ཕྱོགས་སུ་བལྟ་བར་བྱ་ཞིང་།སེམས་ཅན་འགའ་ཞིག་མིག་གི་ལམ་དུ་སྣང་བར་གྱུར་པ་ན།བྱང་ཆུབ་སེམས་དཔའ་ཡིན་དུས་ཡུལ་ལུགས་དང་མཐུན་པར་དགོས་པས་མིག་གིས་དེ་ལ་བལྟས་ནས་འོང་པ་ལེགས་སམ།འོ་མ་བརྒྱལ་ལམ།བདེ་བར་གནས་སམ་ཞེས་ལ་སོགས་པར་བརྗོད་པར་བྱ་ཞིང་།འགྲོ་ན་ལམ་དང་འདུག་ན་ས་ལ་སོགས་པ་ན་གཅན་གཟན་དང་ཆོམ་རྐུན་ལྟ་བུའི་འཇིགས་པ་བརྟག་པའི་ཕྱིར་དུ་ཡང་དང་ཡང་དུ་ཕྱོགས་བཞིར་ལྟ་དགོས་ལ།ངལ་བསོས་ཏེ་ལུས་ཚང་མ་གཡས་ཕྱོགས་ནས་འཁོར་ཏེ་ཁ་ནི་ཕྱིར་ཕྱོགས་སུ་བལྟས་ནས་དགྲ་སོགས་ཀྱི་འཇིགས་པ་ལ་རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱའོ།།སེམས་དྲན་ཤེས་དང་ལྡན་པས་འཇིགས་པ་ཐམས་ཅད་སྐྱོབ་པའི་དོན་དུ་རང་གི་མདུན་དང་རྒྱབ་ཏུ་བརྟག་པར་བྱས་ནས།ཕར་འགྲོའམ་ཡང་ན་ཚུར་ལ་འོང་བར་བྱ་བ་གང་ཡང་རུང་སྟེ།གོང་དུ་བཤད་པ་དེ་ལྟར་དུ་འགྲོ་འདུག་ཟ་ཉལ་གྱི་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་བྱ་བ་ཐམས་ཅད་ལ་མི་ཤེས་བཞིན་དུ་སྤྱད་མི་རིགས་པས་ན།དགོས་པ་ཐམས་ཅད་ཤེས་ནས་སྤྱད་པར་བྱའོ།།དེ་བཞིན་དུ་ལག་པའི་བརྐྱང་བསྐུམ།ལུས་ཀྱི་འགུལ་བསྐྱོད།གོམས་པའི་འདེགས་འཇོག།།མིག་གི་འབྱེད་འཛུམ་ལ་སོགས་པ་ཐམས་ཅད་ཕྲ་ཞིང་ཕྲ་བ་ནས་བསྲུང་དགོས་ཏེ།ལམ་བསླབ་པ་གསུམ་གྱི་རྩ་བ་ཤེས་བཞིན་ཡིན་པ།ལུས་དྲང་པོ་དང་རྡོ་རྗེའི་སྐྱིལ་ཀྲུང་ལ་སོགས་པ་ལུས་ཀྱིས་འདི་ལྟར་དུ་གནས་པར་བྱའོ་ཞེས་བསམ་ནས།དེ་ནས་བྱ་བ་བསྡོགས་ནས་ཞེས་པ་ནི་བྱ་བ་གང་དང་གང་གི་མགོ་བརྩམས་ནས་མཛེས་པར་བྱས་ཏེ།དེ་ནས་ནི་སྐབས་དང་སྐབས་སུ་བདག་གི་ལུས་འདི་ཉིད་ཚུལ་ཇི་ལྟ་བུར་གནས་པ་ཡིན་ནོ་ཞེས་ལུས་ལ་བལྟ་བར་བྱ་དགོས་ཏེ།རང་གི་སློབ་དཔོན་རང་དང་།རྣལ་འབྱོར་པ་རང་བཅའ་རང་གིས་བསྡོམས་ཏེ།རྟེན་ལུས་ལ་བརྟེན་པ་སེམས་ཡིན་ཏེ།ཀོང་བུ་མ་ཡོ་ན་མར་མེ་མི་འབོ་བ་བཞིན་དུ་སེམས་ཀྱི་གླང་ཆེན་ཡུལ་གྱིས་མྱོས་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དམ་པའི་ཆོས་ལ་སེམས་པའི་དམིགས་པའི་ཀ་བ་ཆེན་པོ་ལ།དང་པོ་ཐབས་སྣ་ཚོགས་ཀྱིས་ཇི་ལྟར་དུ་བཏགས་པ་མི་འཆོར་བར་བློས་འཕེན་པའི་དམ་བཅའ་འདི་གལ་ཆེ་བས་དེ་ལྟར་ཤེས་བཞིན་དང་ལྡན་པས་འབད་པ་ཀུན་གྱིས་རིག་པ་བསྒྲིམས་ཏེ་ཡུལ་ལ་མི་ཤོར་བར་གཞུའི་རྒྱུད་ལྟར་ཐང་ལྷོད་མེད་པར་སྙིང་རུས་ཀྱིས་བརྟག་པ་གལ་ཆེའོ།།ཐབས་རྣམ་པ་སྣ་ཚོགས་ཀྱིས་ཅི་ནས་ཀྱང་དགེ་བའི་ཕྱོགས་ལ་བསམ་པ་བཞག་ནས་སེམས་རྩེ་གཅིག་ལ།ཏིང་ངེ་འཛིན་ལ་བརྩོན་འགྲུས་ཀྱིས་བརྩོན་པ་ནི་སངས་རྒྱས་མ་གཏོགས་སུ་ཡོད་ཀྱང་།དམ་བཅའ་བྱེད་ཚུལ་དུས་སྐད་ཅིག་གཅིག་ཀྱང་ཡུལ་ལ་མི་ཤོར་བར་གཞུའི་རྒྱུད་ལྟར་སེམས་མི་འཆོར་བར་བྱ་ཞིང་།ཡང་བར་མཚམས་སུ་བདག་གི་ཡིད་འདི་ཉིད་སྤྱོད་ལམ་རྣམ་བཞི་ལ་སོགས་པའི་ཡུལ་ལ་གར་སྤྱོད་ཅེས་ཡིད་ལ་ཅི་འཆར་གྱིན་ཡོད་སྙམ་པས་དེ་ལྟར་དུ་རང་གི་ཡིད་ལ་སྐད་ཅིག་སྐད་ཅིག་ལ་སོ་སོར་བརྟག་དགོས་ཏེ།ལུས་ངག་གི་དཀའ་ཚེགས་ལས་སེམས་སྲུང་གལ་ཆེ་བས་སོ།།གཅན་གཟན་ལ་སོགས་པའི་འཇིགས་པ་དང་འབྲེལ་བ་དང་།རྩེད་མོ་དང་སྟོན་མོ་ལྟ་བུའི་དགའ་སྟོན་ལ་སོགས་པ་དང་འབྲེལ་བར་གྱུར་པའི་ཚེ་ན།གལ་ཏེ་མི་ནུས་པ་ན་སེམས་མ་ཡེངས་པ་ཙམ་གྱིས་ཅི་བདེར་བྱ་དགོས་ཏེ།ཐང་ལྷོད་རན་པ་བརྩོན་འགྲུས་ཀྱི་གྲོགས་ཡིན་པ་དང་།འདི་ལྟར་མདོ་ལས་ཀྱང་སྦྱིན་པ་བཏང་བའི་དུས་དག་ཏུ་ནི་ཚུལ་ཁྲིམས་བཏང་སྙོམས་སུ་བཞག་པར་གསུངས་པས་སོ།།བྱ་བ་གང་ཞིག་ཡིད་ལ་སྒྲུབ་པར་བསམ་ཏེ་ལུས་ངག་གི་བྱ་བར་བརྩམས་པ་དེ་ལས་གཞན་དུ་མང་པོ་མི་བསམ་སྟེ།བྱ་བ་དང་པོ་བསྒྲུབ་སྙམ་པ་དེར་གཏད་པ་ཡི་བསམ་པ་ཡིས་ནི་བྱ་བ་སྔ་མ་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་ཞིང་།མཐར་ཕྱིན་མ་སོང་གི་བར་དུ་བསྒྲུབ་པར་ནུས་པ་དེ་ལྟ་བུ་ཞིག་ཏུ་གྱུར་ན་ནི།ཐོག་མཐའ་ཀུན་ཏུ་ལེགས་པར་བྱས་པ་ཡིན་ཏེ།མཐར་ཕྱིན་གཅིག་གིས་རྒྱལ་ཁམས་གསལ།།ཟེར་བ་ལྟར་ཡིན་ལ།དེ་ལས་གཞན་དུ་གཞུང་དང་གང་ཞིག་ལ་འགོ་ནས་ཅུང་ཟད་རེ་ཡང་མ་བསླབ་པ་མེད་ཀྱང་།མཇུག་ཡོངས་སུ་རྫོགས་པ་ནི་གཅིག་ཀྱང་མེད་པ་ལྟ་བུ་ཡིན་པས་ན།བྱ་བ་སྔ་ཕྱི་གཉིས་ཀར་ནི་དུས་གཅིག་ཏུ་རྫོགས་པ་དང་ཤེས་པར་མི་འགྱུར་ཏེ།རྐང་པ་ཡ་གཅིག་མ་གཏོགས་པར།།གཉིས་ཀ་བཏེགས་ན་འགྱེལ་བའི་རྒྱུ།།ཞེས་གསུངས་པ་ལྟར་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པ་དང་།ཁབ་རྩེ་གཉིས་ཀྱིས་བཟོ་མི་འདྲུབ་ཟེར་བ་ལྟར་རོ།།དེས་ན་བྱ་བ་རེ་རེ་བཞིན་དུ་མཐར་ཕྱིན་པ་ནི་རང་གཞན་ཀུན་ལ་ཕན་པས་ན།བྱ་བ་ཀུན་ལ་ཤེས་བཞིན་གྱིས་མ་ཟིན་པའི་རྩ་བའི་ཉོན་མོངས་པ་དྲུག་དང་།ཉེ་བའི་ཉེ་ཉོན་ཉི་ཤུ་ཡོད་པ་ལས།ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་ནི་དེ་ལྟ་ན་ནི་འཕེལ་བར་མི་འགྱུར་རོ།།གཉིས་པ་བསླབ་པ་ཉམས་པ་སྲུང་བ་ནི།བྲེ་མོའི་གཏམ་ནི་སྣ་ཚོགས་དང་།།སོགས་ནས།མི་གཡོ་གཟུང་བར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་དོན་མེད་ངག་འཁྱལ་ཆགས་སྡང་སློང་བྱེད་ལྟ་བུའམ།ཡང་ན་བཞད་གད་ཀྱི་རྒྱུར་གྱུར་པའི་བྲེ་མོའི་གཏམ་ནི་རྣམ་པ་སྣ་ཚོགས་སྨྲ་བ་དང་།གར་དང་འཆམ་རོལ་བྲོ་གླུ་མགུར་དང་།ཡུལ་དུས་ཀྱི་ལྟད་མོ་ལ་སོགས་པ་ངོ་མཚར་བའི་ལྟད་མོ་རྣམ་པ་མང་པོ་ཀུན་ལ།བྱང་སེམས་ཀྱིས་གཞན་ངོ་བསྲུང་བའི་ཆེད་དུ་འཇིག་རྟེན་དང་མཐུན་པར་འཇུག་པར་གྱུར་པ་ན།སེམས་ལ་དྲན་ཚད་ངག་ཏུ་བརྗོད་པ་དང་།མིག་གིས་མཐོང་ཚད་ལག་ཏུ་ལེན་དགོས་པའི་ཆགས་ཅན་བྱེད་མི་འདུག་པ་དང་།ཡུལ་ལ་གཡེང་ཆེ་བས་རང་གིས་རང་མི་གོ་བ་དེ་ལ་སོགས་པ་མི་བྱེད་པར།རྔུལ་ཆུ་ཐང་ལ་ལྷུང་ཚེ་རེག་ལ་མ་འབྱར་བ་ཡོད་པ་ལྟར་དེ་དང་དེ་ལ་ཆགས་པ་སྤང་བར་བྱ་བ་དང་།ཤེས་བཞིན་མེད་པའི་དབང་གིས་དོན་མེད་པར་ས་ལ་སོར་མོས་དོང་སོགས་སྐོ་བ་དང་།རྩྭ་རྣམས་གཅོད་པར་བྱེད་པ་དང་།ས་ལ་སོར་མོ་ལ་སོགས་པས་རིས་མོར་འདྲི་བ་སོགས་བྱེད་པར་གྱུར་ན།བདེ་བར་གཤེགས་པའི་བསླབ་པ་དྲན་པར་བྱས་ནས།བསླབ་པ་དང་འགལ་ན་དམྱལ་བ་ལ་སོགས་པར་འགྲོ་བ་དྲན་ཏེ་སྐྲག་པས་དེ་ཡི་མོད་དེ་ཉིད་ལ་དོར་བར་བྱའོ།།དུས་གང་དང་གང་གི་ཚེ་ན་ཚོགས་གྲལ་སོགས་སུ་ལུས་ཀྱིས་སྒུལ་བསྐྱོད་བྱེད་པར་འདོད་པར་གྱུར་རམ་ངག་གིས་གཞན་ལ་ཀུ་རེ་སོགས་པ་སྨྲ་བར་འདོད་པར་གྱུར་ན་ཡང་།ལུས་ངག་གིས་མ་བྱས་གོང་དུ་དང་པོར་རང་གི་སེམས་ལ་བརྟགས་ནས།ཉིན་གཅིག་དང་ཚེ་གཅིག་འདྲ་བས་འགྱུར་ལྡོག་མེད་པར་བྱང་ཆུབ་སེམས་དཔའ་བརྟན་པར་འོས་ཤིང་འཐད་པས་རིགས་པ་དང་ལྡན་པར་བྱ་དགོས་སོ།།ཁྱད་པར་དུ་སྡོམ་པ་གསུམ་དང་འགལ་བྱེད་ལུས་ངག་གི་བཅས་པ་ལས་ཀྱང་སེམས་ཀྱི་ཀུན་སློང་འདི་བསྲུང་ཞིང་ཐུབ་དགོས་པས།དེ་ཐམས་ཅད་ཀྱི་རྩ་བ་ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་ནི།དུས་གང་གི་ཚེ་ན་ཡང་རང་གི་ཡིད་འདི་ཉིད་དགེ་འདུན་གྱི་རྫས་སོགས་ཡིད་འོང་གི་དངོས་པོ་སྣ་ཚོགས་ལ་ཆགས་པ་དང་གཅིག།།རང་ལུགས་ལས་གཞན་པའི་ཆོས་ལུགས་གྲུབ་མཐའ་ལ་སོགས་པ་ཡུལ་ཡིད་མི་འོང་བ་ལ་མི་འདོད་པར་རྒྱབ་ཀྱིས་ཕྱོགས་ཏེ་མི་དགའ་ཞིང་ཁྲོ་བར་འདོད་པ་དང་གཉིས།དེ་ལྟ་བུའི་ཆགས་པ་དང་ཁྲོ་བ་དེ་གཉིས་ནི་མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པས།ཡིད་ལ་ཤར་བ་དེ་ཡི་ཚེ་ན་ལུས་ཀྱིས་ལས་སུ་མི་བྱ་ཞིང་།ངག་གིས་སྨྲ་བར་མི་བྱ་བར་རྣམ་རྟོག་ངན་པ་རྣམས་ཐོག་སྐྱེལ་རྦད་ཆོད་བྱས་ཏེ།དཔེ་ཤིང་བཞིན་དུ་ནི་ཅི་ཡང་མི་བསམ་པར་གནས་པར་བྱ་བ་དང་།སྔོན་གོམས་བག་ཆགས་ཀྱི་དབང་གིས་འདོད་པའི་ཡུལ་བུད་མེད་སོགས་ལ་རྩེས་པ་དྲན་པ་དང་།ཆོས་ཁྲིད་ལྟ་བུའི་ཆོས་རའི་ནང་དུ་འདོད་པའི་ཆར་གཏོགས་ཀྱིས་གཞན་ལ་རྩེད་མོ་བྱས་པ་ལ་སོགས་པས་སེམས་རྒོད་པ་དང་གསུམ།ལུས་ངག་ལ་འདུག་རྒྱུ་མེད་པས་ག་ཞར་དང་བཅས་པའམ་སྟེ་བཞི།སྤྲང་པོ་སོགས་ལས་བདག་ལྷག་གོ་སྙམ་པའི་ང་རྒྱལ་ཙམ་དང་།ལུགས་གཉིས་གང་རུང་གི་ཐད་ནས་རང་གཞན་གཉིས་འདྲ་བ་ལས་བདག་ལྷག་གོ་སྙམ་པ་ཆེ་བའི་ང་རྒྱལ་ལམ་ལྷག་པའི་ང་རྒྱལ།ཡོན་ཏན་སོགས་ཀྱིས་གཞན་ཁྱད་པར་འཕགས་པ་ལས་ཀྱང་བདག་ད་དུང་ལྷག་གོ་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ།རང་ལས་ཆེས་མཆོག་ཏུ་གྱུར་པའི་རྒྱལ་པོའམ་བླ་ཆེན་ལྟ་བུ་ཞིག་ལ།དེ་དང་བདག་གཉིས་ཁྱི་སོགས་དང་འཕྲད་ཚེ་བདག་དཔའ་འོ་སྙམ་པ་ལྟ་བུ་ཅུང་ཟད་སྙམ་པའི་ང་རྒྱལ།ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་ངའོ་སྙམ་པའི་ང་རྒྱལ།བསམ་གཏན་གྱི་སེམས་ཐོབ་ཚེ་བདག་གིས་ཆོས་ཉིད་ཀྱི་བདེན་པ་མཐོང་ངོ་སྙམ་པ་ལྟ་བུ་མངོན་པའི་ང་རྒྱལ།སྐྱོན་ལ་ཡོན་ཏན་དུ་རློམ་པ་ལོག་པའི་ང་རྒྱལ་ཏེ།གལ་ཏེ་དེ་ལྟ་བུ་གང་རུང་དང་ལྡན་པའི་གཞན་ལ་མཐོ་སེམས་ཀྱི་ང་རྒྱལ་དང་ལྔ།རིགས་དང་གཟུགས་དང་དབང་ཐང་ལང་ཚོ་དང་ཐོས་པ་ལ་སོགས་པས་རང་རྒྱུད་ཁེངས་པའི་དྲེགས་པ་དང་ལྡན་པའམ་སྟེ་དྲུག།།གཞན་བཙན་ཕྱུགས་མཐོན་པོ་སོགས་ལ་ངོ་དགའི་ཕྱིར་དུ་དེ་དང་མི་མཐུན་པ་ཞིག་ལ།དམ་ཉམས་སྡོམ་ཤོར་རྐུན་མ་ལ་སོགས་པའི་གཞན་ལ་མཚང་འབྲུ་བ་ཡི་བསམ་པ་དང་བདུན།གལ་ཏེ་འདོད་པ་ཆོག་ཤེས་མེད་པས་ཡང་ཡང་བྱིན་ནའང་ཡང་ཡང་སློང་བའི་རྫས་ཀྱི་ཆ་ནས་སྐྱོར་འབྱིན་པའམ།ཡང་ན་རང་དང་མཛའ་བ་ཞིག་ལ།གཞན་གྱིས་ཚིག་ངན་སྨྲས་པ་དེས་མ་ཤེས་ཀྱང་མི་གོ་བ་ཚིག་ངན་ཡང་བརྗོད་བྱས་པ་ལྟ་བུ་ཚིག་གི་ཆ་ནས་སྐྱོར་འབྱིན་པ་དང་བརྒྱད།གཞན་མགོ་བསྐོར་བསམ་པས་ཡོན་ཏན་མེད་པ་ལ་ཡོད་མདོག་གི་གཡོ་དང་།སྐྱོན་ཡོད་པ་ལ་མེད་མདོག་གི་སྒྱུ་སྟེ།གཡོ་སྒྱུའི་སྒོ་ནས་གཞན་ལ་བསླུ་སེམས་སམ་མགོ་གཡོག་འདོད་པ་དང་དགུ།དུས་གང་གི་ཚེ་ན་བདག་ལ་དངོས་སུ་བསྟོད་པ་ལྷུར་ལེན་པའམ་སྟེ་བཅུ།སེམས་ཅན་གཞན་ལ་སྨོད་པར་བྱེད་པ་ཉིད་དང་ནི་བཅུ་གཅིག།།རང་ལ་ཚུར་ལེན་མེད་པ་ཕར་ལ་ཚིག་ངན་གྱིས་གཤེ་བ་དང་བཅས་པ་སྟེ་བཅུ་གཉིས།ཕན་ཚུན་གཅིག་གིས་གཅིག་ལ་ཚིག་ངན་བརྗོད་རེས་ཀྱིས་འགྱེད་པ་དང་བཅས་པར་གྱུར་པ་དང་བཅུ་གསུམ།དེ་ལྟ་བུའི་ཉེས་པ་གང་བྱུང་བ་དེའི་ཚེ་ན།དང་པོ་ལུས་ངག་གི་སྟེང་དུ་མ་སླེབ་གོང་དུ་སེམས་ལ་དྲན་མ་ཐག་ཏུ་ཤིང་བཞིན་གྱིས་བཟུང་སྟེ་ཤིང་བཞིན་དུ་གནས་པར་བྱ་དགོས་སོ།།དངོས་པོ་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་འདོད་པ་དང་བཅུ་བཞི།ཞེ་ས་ཕྱག་འཚལ་གདན་སྟོབ་ཀྱི་བཀུར་སྟི་འདོད་པ་དང་བཅོ་ལྔ།ཕྱོགས་སུ་སྙན་གྲགས་ཀྱིས་ཁྱབ་པར་འདོད་པའམ་སྟེ་བཅུ་དྲུག།།མངག་རྒྱུའི་གཡོག་འཁོར་དོན་དུ་གཉེར་བར་འདོད་པ་སྟེ་བཅུ་བདུན།བཀུར་སྟི་དང་རིམ་གྲོའི་ཁྱད་པར་གོང་གི་བཀུར་སྟིས་ནི་ཕན་མི་ཐོགས་ལ།འདིར་བདག་སེམས་རིམ་གྲོ་འདོད་པར་གྱུར་པ་ན་ཕན་འདོགས་ཏེ།མེ་འབུད་པ་དང་ཆུ་ལེན་ཐབས་ལ་སོགས་པ་བྱས་ཏེ་བྱུང་ན་སྙམ་པའི་སེམས་སྐྱེས་པ་དང་བཅོ་བརྒྱད།དེའི་ཚེ་ན་དང་པོར་སེམས་ཐོག་ཏུ་འདོད་པ་གང་ཆེ་བ་བྱུང་མ་ཐག་ཤེས་བཞིན་གྱིས་བཟུང་སྟེ་གཡོ་འགུལ་མེད་པར་ཤིང་བཞིན་དུ་གནས་པར་བྱའོ།།ཁྱིའི་འཇིགས་པ་ལས་སྲུང་བ་ལ་སོགས་པ་གཞན་ལ་ཕན་ཐོགས་རུང་ཕན་པ་ཕྲན་བུ་ཙམ་ལའང་མི་བརྩོན་པར་གཞན་དོན་ཡལ་བར་འདོར་བ་དང་བཅུ་དགུ།འདུག་གནས་དང་བཟའ་བཏུང་ལ་སོགས་པ་ལ་དགེ་བཤེས་འབན་གྱི་ཞེ་ལྟར་དོན་གཉེར་བར་འདོད་པ་དང་ཉི་ཤུ།བསྙེན་པ་དང་འདོན་པའི་ཚེ་ལ་སོགས་པར་སྨྲ་བར་འདོད་པའི་སེམས་བྱུང་བ་དང་ཉེར་གཅིག།།དེ་ལྟ་བུའི་ཉེས་པ་གང་བྱུང་ན་དུས་དེ་ཚེ་ཐོལ་སྐྱེས་རྦད་ཆོད་བྱས་ཏེ།དེ་ཚེ་ཤིང་བཞིན་དུ་གནས་པར་བྱ་དགོས་སོ།།གཞན་གྱིས་ཚིག་ངན་ཐོས་པ་དང་།རླུང་ཆར་མར་མེ་སྟག་ལ་སོགས་པ་ལ་མི་བཟོད་པ་དང་ཉེར་གཉིས།དཀའ་ཚེགས་མི་ནུས་པ་དང་གཉིས་དང་།བག་མེད་ལ་སོགས་པའི་ལེ་ལོ་བྱེད་པ་དང་ཉེར་གསུམ།ཚིག་ངན་དང་ཆོས་ཀྱི་ཚིག་དོན་སོགས་དང་ཟབ་མོ་སྟོང་ཉིད་ཀྱི་དོན་བློར་མི་ཤོངས་པ་དང་།རྒྱ་ཆེ་བ་བྱང་སེམས་ཀྱི་སྤྱོད་པ་ལ་སོགས་ལ་སྐྲག་སྟེ་འཇིགས་པ་དང་ཉེར་བཞི།དེ་བཞིན་དུ་གཅོད་པས་ལྷ་འདྲེ་སོགས་ལ་སྤྱི་བརྟོལ་ཏེ་ཕོ་ཚོད་བྱེད་པ་དང་།བླ་མས་དབང་སོགས་དང་།དབུ་མཛད་ཀྱིས་ཆོ་ག།།རྒྱུས་མེད་ལ་ཕོ་ཚོད་བྱེད་པ་ལ་སོགས་པ་དང་ཉེར་ལྔ།ངག་གིས་མ་བརྟགས་པར་མུ་ཅོར་ཞེས་ཁ་ཡན་བྱུང་རྒྱལ་ཅི་འདོད་དུ་སྨྲ་བ་དང་ཉེར་དྲུག།།རང་རང་གི་ཡུལ་ཕྱོགས།བླ་མ་དང་དཔོན་པོ།ཟས་གོས་དང་ལོངས་སྤྱོད།ཆོས་ལུགས་གྲུབ་མཐའ་ལ་སོགས་པ་ལ་ཕྱོགས་ཞེན་གྱི་སེམས་བྱུང་བ་དང་ཉེར་བདུན་ཏེ།དེ་ལྟར་གོང་དུ་བཤད་པའི་ཉེས་པ་གང་དང་གང་ཡིན་པ་སེམས་ལ་དྲན་པ་ན།དེ་ཚེ་གཡོ་འགུལ་མེད་པར་ཤིང་བཞིན་དུ་གནས་པར་བྱ་དགོས་ཏེ་ཉེས་པ་ཐམས་ཅད་ཀྱི་རྩ་བ་འདི་རྣམས་ལས་བྱུང་བས་ན།ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་ཅེས་༧རྗེ་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཡང་ཡང་གསུངས་པས་ན།ཐུན་མགོ་ཐམས་ཅད་དུ་དམ་བཅའ་དང་།ཐུན་མཇུག་ཐམས་ཅད་དུ་བསྔོ་བགྲང་བྱེད་ཚུལ་དང་།དྲན་ཤེས་བག་ཡོད་དུས་ཐམས་ཅད་དུ་བརྟན་པར་བྱ་བ་དང་།བསམ་བཟང་བྱང་ཆུབ་ཀྱི་སེམས་དང་།ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་བསྲུང་རྒྱུ་འདི་ལས་དང་པོ་པའི་སྤྱོད་འཇུག་གི་ཉམས་ལེན་ཡིན་པར་གསུངས་སོ།།གོང་དུ་བཤད་པ་དེ་ལྟར་དུ་ཆགས་སོགས་བསམ་པ་ཀུན་ནས་ཉོན་མོངས་པས་བསླངས་པ་དང་གཅིག།།སྦྱོར་བ་དོན་མེད་པར་སྨྲ་བར་འདོད་པའི་སེམས་བྱུང་བ་ལ་སོགས་པ་ལ་བརྩོན་པའི་ཡིད་གཉིས་ལ་བརྟགས་ནས།དུས་དེ་ཚེ་བྱང་སེམས་དཔའ་བོས་རྣམ་པ་སྣ་ཚོགས་ཀྱི་གཉེན་པོ་ཡིས་ནི།ཉོན་མོངས་པའི་བསམ་སྦྱོར་དེ་གཉིས་རྣམ་རྟོག་གི་དབང་དུ་ནི་མ་ཤོར་བར་དམ་བཅའ་བརྟན་པོར་དྲན་ཤེས་བག་ཡོད་ཀྱིས་བཟུང་བར་བྱ་དགོས་སོ།།དཔེར་ན་སྤྱོད་འཇུག་འདི་ལ་བསླབ་ན་འབྲས་བུ་སངས་རྒྱས་འཐོབ་པོ་སྙམ་པ་ལ་སོགས་པ།རྒྱུ་འབྲས་ལ་ཤིན་ཏུ་ཡིད་ཆེས་ཀྱི་སྐྱེ་སྒོ་ནས་ངེས་པ་རྙེད་པ་དང་།རབ་ཏུ་དད་པ་དང་ལྡན་པར་བྱ་བ་དང་།སྤྱོད་འཇུག་ལ་སོགས་པ་གང་ལ་སློབ་པ་དེ་སྲོག་ལ་བབ་ཀྱང་མི་བསྐྱུར་བར།ཉིན་མི་དལ་མཚན་མི་གཉིད་པར་རྟག་ཏུ་སྦྱོར་བའི་བརྩོན་འགྲུས་ཀྱིས་བརྟན་པོར་བྱེད་པ་དང་།དགེ་བའི་བྱ་བ་གང་དང་གང་ལའང་ཀུན་སློང་ཤུགས་དྲག་ཏུ་སོང་སྟེ་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་དང་།གཞུང་བཟང་ཁྲོ་མེད་ཀྱི་སློབ་དཔོན་སྤྱོད་འཇུག་འདི་ལྟ་བུ་སོགས་ལ།འབད་པ་ཡུན་བསྲིང་ནས་སེམས་རྩེ་གཅིག་ཏུ་གཏད་དེ་ཞེ་སར་དང་བཅས་པ་དང་།སྤྱོད་འཇུག་ལ་སོགས་པ་གང་ལ་བསླབ་པ་དེ་མ་ཤེས་པའམ་མ་འགྲུབ་པ་ལ་བདག་གི་དབང་དུ་བྱས་ནས་ངོ་ཚ་ཤེས་པ་དང་།གཞན་གྱིས་ཁྲེལ་བ་དང་སྨོད་པ་སོགས་ལ་འཇིགས་པ་དང་བཅས་པ་དང་།ཐོས་རྟགས་ཞི་ཞིང་དུལ་ན་ཡིན།།བསྒོམས་རྟགས་ཉོན་མོངས་མེད་ན་ཡིན།།ཞེས་གསུངས་པ་ལྟར་དུ།སྒོ་གསུམ་པོ་རས་བལ་རྡོག་པས་མནན་པའམ་ཕྱེ་ཐུག་ལ་ཟོ་མར་བཏབ་པ་བཞིན་དུ་འཇམ་ལྷན་གྱིས་འགྲོ་བའི་སྒོམ་པ་གཙོ་ཆེར་སེམས་ཞི་ཞིང་དུལ་བ་དང་ལྡན་པ་དང་།ལུས་ངག་གི་བྱ་བ་ཐམས་ཅད་གཞན་དགའ་བར་བྱེད་པ་ལ་བརྩོན་པ་གལ་ཆེའོ།།སོ་སོའི་སྐྱེ་བོ་ཕན་ཚུན་མི་མཐུན་པའི་བྱིས་པ་མང་པོ་ཡི་ནི་འདོད་པ་ཐ་དད་པ་ཡི་གེ་འདྲི་འདོད་ཀློག་པ་དང་།འགྲོ་འདུག་བཤད་གཏམ་དགོས་པ་ལ་སོགས་པ་མི་གཅིག་གི་བསམ་པ་ཐམས་ཅད་ཀྱིས་མི་བསམ་པས་དེ་མི་འགྲུབ་རུང་།དེ་རྣམས་ཀྱིས་རང་གི་སེམས་མི་སྐྱོ་བར་དགོས་ཤིང་།སེམས་ཅན་དེ་རྣམས་ལ་ཁག་མེད་དེ།ཀུན་སློང་ཉོན་མོངས་པ་ལས་སྐྱེས་པས་ན་སེམས་ཅན་འདི་དག་གི་སེམས་འདི་ལྟ་བུ་ཞིག་བྱུང་ངོ་སྙམ་པ་དང་།དེ་རྣམས་ཀྱི་རྒྱུད་དང་ཉོན་མོངས་པ་འབྲལ་འདོད་ཀྱི་བརྩེ་བ་ལྡན་པ་དང་།ད་ཅི་དགོས་སྙམ་ན་སྡིག་པ་ཁ་ན་མ་ཐོ་བ་མེད་པའི་དངོས་པོ་ལ་སོགས།འགྲོ་འདུག་དགོས་པ་ལྟ་བུའི་རང་འདོད་མང་པོས་ད་ལྟ་བྱ་བ་ཅི་བྱེད་དགོས་ནའང་།རང་གཞན་ལ་མི་གནོད་པའི་བྱ་བ་བརྟག་དཔྱད་བྱས་ཏེ།རང་དབང་ཡོད་བཞིན་དུ་བདག་གི་དབང་དུ་བྱས་ནས་ཆོས་ཕྱིར་གྲོ་ཆས་བཙལ་ཐབས་ལ་སོགས་པ་ལོག་འཚོ་དང་མ་འདྲེས་པའི་བྱ་བ་དང་།གཞན་སེམས་ཅན་གྱི་དབང་དུ་བྱས་ཏེ་ཚེ་འདས་དང་ནད་པ་ལ་སོགས་པའི་དོན་དུ་ཆོས་དགེ་བ་སོགས་སྡིག་དང་མ་འདྲེས་ཤིང་།གལ་གང་ཆེ་ལ་བརྟགས་ནས་ཅི་བྱེད་ཀྱང་རང་གཞན་ལ་ཕན་འདོགས་ཐབས་སུ་བརྩོན་ཚེ།དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པ་བཞིན་དུ་བྱ་བ་ཀུན་ལ་དགའ་སྡུག་མེད་པར་ཆགས་མེད་ཞེན་མེད་ཀྱི་ངང་ནས་ང་རྒྱལ་མེད་པར་རང་གི་ཡིད་འདི་དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་བཟུང་བར་བྱ་དགོས་སོ།།སྔོན་ཆད་དུས་ཡུན་རིང་པོ་ཞིག་ནས་ཚོགས་བསགས་པའི་འབྲས་བུ་མི་ལུས་ལེན་པ་འདི།ཚེ་གང་དུས་བརྒྱའི་ཟ་མ་ལན་ཅིག་ཡིན་པ་རྙེད་ནས་དལ་བའི་མཆོག་མི་ལུས་དམ་པ་ཐོབ་པ་འདི།ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་ཡིད་ལ་བསམས་ནས།དལ་འབྱོར་ཐོབ་དུས་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་དུ་མ་སོང་བར་དམ་པའི་ཆོས་གཅིག་བསྒྲུབ་དགོས་བསམ་པའི་སེམས་དེ་ལྟ་བུར་ནི་ཚུགས་ཐུབ་པའི་སྒོ་ནས་དཔེ་རི་རབ་ལྟར་དུ་རབ་ཏུ་ཆོས་ལས་མི་གཡོ་བར་བཟུང་བར་བྱ་དགོས་སོ།།གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ་དང་།བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་གཉིས་ལས།དང་པོ་ནི།བྱ་རྒོད་ཤ་ལ་ཆགས་པ་ཡིས།།སོགས་ནས།གྱིས་ནི་ལུས་སུ་བསྒྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཕར་ཕྱིན་དྲུག་སྒྲུབ་མི་ནུས་པའི་རྩ་བ་ལེ་ལོ་ཡིན་ཏེ།མདོ་དྲན་པ་ཉེར་བཞག་ལས།གང་ལ་ལེ་ལོ་གཅིག་ཡོད་པ།།དེ་ལ་ཆོས་ཀུན་མེད་པ་ཡིན།།ཞེས་གསུངས་པ་ལྟར་དུ།ལེ་ལོ་དེའི་རྩ་བ་ལུས་ལ་ཆགས་པས་བསླབ་པ་ལ་སློབ་མི་ནུས་པ་ཡིན་ཏེ།ལུས་སྐྱིད་འདོད་ཀྱི་འགོང་པོ་བདུད་ཀྱི་ལས་ཡིན་པས།དེས་ན་ལུས་ལ་ཆགས་པ་སྤོང་ཐབས་ནི།༧སྐུ་ཞབས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ལུས་དང་སེམས་གཉིས་ཐ་དད་དུ་ཕྱེ་བ་འདི་གལ་ཆེ་ཞེས་སྤྲུལ་སྐུ་རིན་པོ་ཆེ་ཉིད་ལ་གསུངས་པས་ན།དེ་ཕྱིར་བྱ་རྒོད་ཤ་ལ་ཆགས་པ་ཡིས་ནི་དུར་ཁྲོད་ནང་གི་ཕན་ཚུན་ཀུན་ཏུ་རོའི་ནང་ཆ་ཀུན་ཕྱུངས་བཤལ་ཏེ་བྱ་གཅིག་གིས་གཅིག་ཁྲིད་ནས་འགྲོ་བའི་དུས་ཀྱང་།ཡིད་ངན་མ་ཁྱོད་མི་དགའ་བར་སྤངས་མི་བྱེད་ན།ད་ལྟ་ལུས་དར་ཟབ་ལ་སོགས་པའི་སྦུབས་སུ་ཁ་ཇ་ཆང་གི་ངང་ལ་ཡོད་དུས་སུ་རྒྱུ་མཚན་ཅིའི་ཕྱིར་ན།ཁ་ཏ་ཞེས་ལུས་ལ་བསྟོད་དགའ་སྨད་སྡུག་ལ་སོགས་པའི་ཁ་ར་སོ་ཚུས་བྱེད་ཏེ་བསྲུང་འདུག་པར་བྱེད་དེ་མི་རིགས་སོ།།འབྲལ་ཞིང་ཤུལ་དུ་ལུས་པས་ན་ལུས་འདི་ཆོས་ཀྱི་བདག་གི་ཚུལ་དུ་ངའི་ལུས་སྙམ་ནས་བདག་གིར་བཟུང་བར་བྱས་ནས་ཡིད་ཁྱོད་ཀྱིས་ཅིའི་ཕྱིར་དུ་སྲུང་བར་བྱེད་དེ།སྲུང་བར་མི་རིགས་པས་ན་ལུས་ལ་ཆགས་པས་དགོས་པ་ཅི་ཡོད་སྙམ་པ་རང་གིས་བསམ་དགོས་སོ།།གང་ལྟར་ཡང་ངས་འདི་གཅེས་དགོས་སོ་སྙམ་ན།སེམས་ཁྱོད་ཐོགས་མེད་དང་ལུས་འདི་ཐོགས་བཅས་ཡིན་པས་ལུས་སེམས་ཁྱེད་གཉིས་མཚན་ཉིད་སོ་སོ་ཐ་དད་པ་ཡིན་ན།ལུས་དེས་ཀོ་སེམས་ཁྱོད་ལ་ཅི་ཞིག་བྱ་སྟེ།དགོས་པ་མེད་དོ་སྙམ་པས་ལྟ་བས་ཐག་ཆོད་དགོས་སོ།།ལུས་སེམས་གཉིས་སོ་སོ་ཡིན་རུང་ལུས་ཀྱིས་རྟེན་ལ་སེམས་འདི་བརྟེན་དགོས་སོ་སྙམ་ན།བླང་དོར་ལ་རྨོངས་པའི་ཡིད་ངན་མ་ཁྱོད་ཀྱིས་རྒྱུ་མཚན་ཅི་ཡི་ཕྱིར་ན་རྟེན་ཡིད་དུ་འོང་བ་ཤིང་གི་གཟུགས་གཙང་མ་གཟུང་བར་མི་བྱེད་དེ་གཟུང་དགོས་མ་གཏོགས་ལུས་པོ་མི་གཙང་བའི་རྫས་སོ་གཉིས་ཀྱིས་གང་བའི་ཚོགས་ཀྱི་འཁྲུལ་འཁོར་འདི་ཉིད་ནི།དྲི་ངན་པ་བྲོ་བའི་རུལ་བ།སྲིན་བུའི་གྲོང་ཁྱེར་ཁྲི་ཚོ་བརྒྱད་ཞུགས་ཡོད་པའི་ལུས་ངན་འདི་ལྟ་བུ་ཞིག་བསྲུངས་ཏེ་ཅི་ཞིག་ཏུ་རུང་སྟེ།རྟེན་གཙང་མ་གཏོགས་རྟེན་ངན་པ་ལ་མ་བརྟེན་ཞེས་པའི་དོན་དང་།ལུས་འདི་ནི་མི་གཙང་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་སེམས་ཁྱོད་ཀྱིས་ཤེས་པར་གྱིས་ཤིག།།ཅེས་པའི་དོན་ཏོ།།ལུས་འདི་གཙང་ངོ་སྙམ་ན།དགེ་སྦྱོང་སྦེད་ཀྱིས་དགེ་སློང་མང་པོས་མི་སྡུག་པ་བསྒོམས་པས་ལུས་ལ་སྐྱོ་བ་སྐྱེས་པ་མང་པོ་བཀྲོང་བའི་གཏམ་རྒྱུད་ལྟར།ཐོགས་མར་ལུས་ཀྱི་པགས་པའི་རིམ་པ་འདི་ནི་རང་གི་བློ་ཡིས་སོ་སོ་ཐ་དད་དུ་སེམས་ལ་བསྒོམ་ནས་ཕྱེ་ཞིང་།ཤ་མ་ལུས་པ་ཡང་བཏོགས་ནས་སོ་སོར་ཕྱེས་ན་རུས་པའི་དྲ་བ་ཁོ་ན་ལས་གཞན་སྙིང་པོ་མེད་པ་ཤེས་རབ་ཀྱི་མཚོན་གྱིས་གུད་དུ་ཞེས་ཟུར་ལ་ཕྱེ་སྟེ་བཞག་ཀྱང་སྙིང་པོ་མེད་པ་དང་།མགོ་དང་རྐང་ལག་སྒལ་ཚིག་དང་རྩིབ་མ་ལ་སོགས་པའི་རུས་པ་རྣམས་ཀྱང་སོ་སོར་ཕྱེ་བར་བྱས་ནས་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་ལྟར་རྐང་གི་བར་དུ་བསྒོམས་ཏེ་བལྟ་བར་བྱ་ཞིང་།ལུས་འདི་ལ་མཁོ་བྱེད་དོན་འབྲས་ཀྱི་སྙིང་པོ་ཅི་ཞིག་ཡོད་ཅེས་བདག་ཉིད་ཀྱིས་ནི་བརྟག་པར་གྱིས་ཤིག་དང་།སྙིང་པོ་ཡོད་མི་དགོས་དང་།རྗེ་མི་ལས།རོ་ཞེས་བྱ་མཐོང་ན་འཇིགས་པ་དེ།།དུས་ད་ལྟ་ལུས་ཀྱི་རྩ་ན་གདའ།།ཞེས་གསུངས་པ་ལྟར་རོ།།གོང་དུ་བཤད་པ་དེ་ལྟར་དུ་བསམ་སྒོམ་གཉིས་ཀྱིས་ལུས་དེ་ལ་འབད་དེ་སྙིང་པོ་བཙལ་ཀྱང་ལུས་དེར་ཡ་ཆུང་གློ་བ་དང་མ་ཆུང་རྒྱུ་མ་ལ་སོགས་པ་མ་གཏོགས།སེམས་ཁྱོད་ཀྱིས་སྙིང་པོ་ཅི་ཡང་མ་མཐོང་ངེས་པ་ཡིན།ཇེ་རྩོག་ཇེ་ངན་རང་ལ་འཇིགས་སྐྲག་ཐུབ་ངེས་འདི་ལས་ད་དུང་ཅིའི་ཕྱིར་དུ་ཆགས་པའི་ཚུལ་གྱིས་སེམས་ཁྱོད་ནི་ལུས་ངན་ལ་འདི་སྲུང་བར་བྱེད་འདུག་སྟེ།སྲུང་བར་མ་བྱེད་ཅེས་པའི་དོན་ཡིན་ནོ།།སེམས་ཁྱོད་ཀྱིས་ལུས་ཕྱི་ནང་གི་མི་གཙང་བ་ཐམས་ཅད་ནི་བཟའ་བར་མི་རུང་ཞེས་མི་ཉན་ལ།དེ་བཞིན་དུ་ཁྲག་ཀྱང་བཏུང་དུ་མི་རུང་བ་ཡིན་ལ་རྒྱུ་མ་དང་ལྟོ་བའང་གཞིབ་ཏུ་མི་རུང་བ་ཡིན་ན་མི་གཙང་བའི་ལུས་ཀྱིས་སེམས་ཁྱོད་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།ལུས་འདི་ལ་གཅེས་འཛིན་བྱེད་འདུག་པ་འདི་གཅིག་ཏུ་ན་དགོས་པ་མེད་རུང་།གཉིས་སུ་ན་ཝ་དང་བྱ་རྒོད་ལ་སོགས་པ་རྣམས་ཀྱི་ཟས་ཀྱི་དོན་དུ་གོས་དྲོ་འཇམ་དང་ཟས་ཞིམ་ཟས་མངར་ཆུས་ལུས་འདི་བསྲུང་བར་བྱས་པ་ཡིན་ན་ནི་རིགས་ཤིང་འཐད་དོ།།འོ་ན་ལུས་འདི་ཅིས་ཀྱང་དགོས་པ་མེད་དོ་སྙམ་ན།ཇི་སྐད་དུ།སེམས་ནི་ཀུན་ལ་དབང་བསྒྱུར་རྒྱལ་པོ་འདྲ།།ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན།།ཞེས་གསུངས་པ་ལྟར་དུ།མིའོ་ཅོག་གི་ཞེས་པ་ནི་མི་ཡིན་ནོ་ཅོག་ཐམས་ཅད་ཀྱི་ལུས་འདི་རྣམས་ནི་བཀོལ་ཞེས་པ་ནི་དགེ་བའི་ཕྱོགས་ལ་མངག་པར་བྱ་བ་ཉིད་དུ་ཟད་དོ།།དམ་ཆོས་སྒྲུབ་པ་ལ་ནི་གཞན་མངག་པ་ལས་ཀྱང་དང་པོ་རང་གི་ལུས་འདི་ཉིད་དགེ་བ་ལ་མངག་དགོས་སོ།།དགེ་བའི་ཕྱོགས་ལ་ལུས་འདི་མངག་མི་བྲའོ་སྙམ་ན།ད་ལྟའི་འདི་ལྟར་དུ་སེམས་ཁྱོད་ཀྱིས་ལུས་འདིའི་ཆེད་དུ་ཟས་གོས་ལ་སོགས་ཆགས་སྡང་དུ་མས་བསྒྲུབས་ནས།ཟ་ཉལ་གཉིད་ལ་སོགས་པས་དུས་ཀུན་ཏུ་བསྲུངས་ཏེ་ཆོས་ལ་དཀའ་ཚེགས་མི་བྲ་བར་བསྡད་ཀྱང་།དུས་སྐད་ཅིག་གཅིག་གིས་ན་འཆི་བདག་གཤིན་རྗེ་བརྩེ་བ་མེད་པ་དེ་ཡིས་སེམས་ངན་མ་ཁྱོད་ཀྱི་ལག་ནས་ཕྲོགས་ཏེ་བྱ་དང་ཁྱིར་བྱིན་ན།དུས་དེ་ཚེ་སེམས་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་དེ་བྱ་ཐབས་མེད་དོ།།དཔེར་ན་ཚེ་འདིའི་བྲན་གཡོག་པོ་བཀོལ་དུ་མི་བཏུབ་ཅེས་མངག་ཁར་མི་ཉན་པ་རྣམས་ལའང་གོས་དང་ཟས་ལ་སོགས་པ་མི་སྦྱིན་པ་ཡིན་ན།དོན་དུ་རང་གི་ལུས་འདི་ཉིད་ལ་བསྙོད་ཀྱང་ཞེས་པ་ནི་དད་ཟས་དང་གཤིན་དཀོར་གྱི་རྫས་མང་པོས་ཟས་ལ་སོགས་པ་བསྒྲུབས་ཏེ་ནུ་མ་བསྣུན་པ་ལྟར་བྱས་ནས་ལུས་ལ་བྱིན་ཀྱང་།ལུས་འདི་ནི་དུར་ཁྲོད་ནང་ལ་སོགས་པ་གནས་གཞན་དུ་འགྲོ་སྟེ།ལུས་ཀྱིས་སེམས་མི་འཁུར་སེམས་ལུས་ལ་མི་བརྟེན་པ་ཡིན་ན།སེམས་ཁྱོད་ཀོ་ཅི་སྟེ་ཞེས་པ་ནི་ཅིའི་དོན་དུ་ཤ་ཐང་ཞེས་པ་ནི་ཤི་ཤི་ཆད་ཆད་ཀྱིས་ལུས་འདི་གསོ་བར་བྱེད་མ་འདུག་ཅེས་པའི་དོན་ཡིན་ནོ།།དེ་བས་ལུས་འདི་ལ་ལྟོ་འགྲངས་པ་དང་།ལྷག་པ་སྐྱོབ་ཙམ་གྱི་གླ་རྔན་པ་བྱིན་ནས་ལུས་འདི་ནི་ཉལ་འདུག་ཏུ་མ་འཇུག་པར།ད་ནི་ཕྱག་བསྐོར་ལ་སོགས་པས་སེམས་རང་གི་དོན་བྱེད་དུ་ཆུག་ཅིག།།ལུས་འདིས་རང་གཞན་གྱི་དོན་དུ་བེད་མ་ཆོད་ན་ཕན་པ་མེད་པར་ལུས་འདི་ཉིད་ལ་ནི་མནའ་དང་སྡིག་པའི་ལས་དང་དཀོར་གཤིན་དད་ཟས་ཐམས་ཅད་ནི་སྦྱིན་པར་མི་བྱ་སྟེ།རྣམ་སྨིན་བུ་ལོན་མང་པོ་ཕྱི་མ་ནས་སེམས་རང་ཉིད་ཀྱིས་འཇལ་དགོས་པས་གཟབ་པར་བྱའོ།།དེ་བས་གཞན་དོན་དུ་མཆོད་སྦྱིན་བྱེད་པ་གལ་ཆེ་སྟེ།རྗེ་མི་ལས།ལྟོ་ཁ་ནས་ཕྲི་ལ་སྦྱིན་པ་ཐོངས།།གཉིད་ཁ་ནས་ཕྲི་ལ་དགེ་སྦྱོར་གྱིས།།ཞེས་གསུངས་སོ།།དེ་ཡན་ཆད་ནི་ལུས་སྙིང་པོ་མེད་པ་ལ་མེད་པར་ཤེས་པར་བྱས་ནས།སྙིང་པོ་ལེན་ཚུལ་ནི།དཔེར་ན་ཤིང་རྟའི་འཕང་ལོ་འཁོར་བའི་ཆེད་དུ་མིག་སྐུད་ཀྱི་སྣུམ་བྱུག་པ་དང་།གྲུ་པས་གྲུ་ལ་ཟན་ལྷན་བྱེད་པ་ནི་རང་གཞན་ཆུ་བོ་ལ་ཕར་འགྲོ་ཚུར་འོང་གི་རྟེན་དུ་ཉར་ཚག་བྱེད་པ་ལྟར།རང་དོན་དུ་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་ཏེ་ཐར་པ་ནོར་བུའི་གླིང་དུ་འགྲོ་བའི་རྟེན་དང་།གཞན་དོན་དུ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འཁོར་བའི་གནས་འདིར་ཚུར་ཕ་མ་སེམས་ཅན་སྒྲོལ་བའི་དོན་དུ་འོང་བའི་རྟེན་ཙམ་དུ་དལ་འབྱོར་གྱི་མི་ལུས་འདི་ལ་གྲུ་ཡི་བློ་ཡིན་པར་བཞག་སྟེ།ཤིང་རྟའི་མིག་སྐུད་དང་གྲུས་ཟན་ལྷན་ལྟ་བུའི་ཚུལ་གྱིས་ཟས་གོས་ལ་སྤྱད་དེ།ཕ་མ་སེམས་ཅན་རྣམས་ཀྱི་གནས་སྐབས་དང་།མཐར་ཐུག་གི་དོན་དམ་པའི་ཆོས་རྣམ་དག་བསྒྲུབ་པའི་ཕྱིར་དུ་མཐོ་རིས་ལྷ་མི་དང་།ཐར་པ་ཉན་རང་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྟེན་ཕུན་སུམ་ཚོགས་པའི་ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་དོན་གྱི་ཕྱིར་དུ་ནི་ལུས་སུ་བསྒྱུར་བར་བྱ་དགོས་སོ།།གཉིས་པ་བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་ནི།དེ་ལྟར་རང་དབང་ཡོད་ཀྱིས་ཏེ།།སོགས་ནས།གཞན་གྱི་དོན་བསམ་མོ།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་སྔོན་ཆད་བསམ་སྦྱོར་ཐམས་ཅད་ཆུད་ཟོས་སུ་སོང་ཡོད་པས།དེས་ནི་ལུས་ཀྱི་འདོད་པ་འཕེལ་བས་དམ་སྡོམ་སྲུང་མི་ནུས་པ་ཡིན་ལ།ད་ནི་ལུས་ལ་སེམས་ཀྱིས་རང་དབང་དང་སེམས་ལ་དྲན་ཤེས་ཀྱིས་རང་དབང་བསྒྱུར་ཏེ་སེམས་ལ་ཡོད་པར་སེམས་ཁྱོད་ཀྱིས་དམ་པའི་ཆོས་སྒྲུབ་དགོས་ཏེ།དྲན་ཤེས་ཀྱིས་དུས་རྟག་ཏུ་འཛུམ་པའི་བཞིན་དུ་ལྡན་པར་གྱིས་ཤིག།།བཞིན་རས་བསྡུས་པའི་ཁྲོ་གཉེར་གྱིས་ངོ་ཟུམ་པ་དབྱར་གྱི་སེར་སྤྲིན་འཁྲིགས་པ་འདྲ་བ་ཡོངས་སུ་ཐོང་སྟེ་ཞེས་བསྐྱུར་ལ།མ་གྱུར་འགྲོ་བའི་སེམས་ཅན་ལ་མ་འདྲིས་པའི་མཛའ་བཤེས་ཀྱིས་ཕན་འདོགས་པ་དང་།གསོང་པོར་ཞེས་རང་རྒྱུད་འདི་ཉིད་དྲང་པོར་གྱིས་ཤིག།།དྲན་ཤེས་མེད་པའི་རྟགས་སུ་འགྱུར་བས་ན་ཁྲི་དང་ཅོག་ཙེ་སྣོད་ཆང་ལ་སོགས་པ་མ་བརྟགས་པར་བབ་ཅོལ་དུ་སྒྲ་དྲག་པོ་དང་བཅས་པར་ཐང་ལ་མི་དོར་རོ།།སྒོ་ཕྱེ་བའི་ཚེ་ན་ཡང་དྲག་ཏུ་མི་དབྱེ་སྟེ་ནང་གི་མི་རྣམས་མི་དགའ་བར་འགྱུར་བ་དང་།དུས་རྟག་ཏུ་བྱ་བ་གང་དང་གང་སྒྲུབ་ན་ཡང་མི་ངོམས་པར་བསྒྲུབ་ན་འགྲུབ་པས།གཅོམ་སྐྱུང་ཞེས་པ་ནི་འུར་མེད་པ་ལ་དགའ་བར་བྱའོ།།དཔེར་ན་ཆུ་སྐྱར་གྱིས་ཉ་གསོད་པ་དང་བྱི་ལ་རྣམས་ཀྱིས་བྱི་བ་ལ་སོགས་པ་གསོད་པ་དང་།ཆོམ་པོ་ཇག་པ་དང་རྐུན་མ་རྣམས་ཀྱིས་ཟས་ནོར་ཕྲོགས་པ་ལ་སོགས་པ་མི་དགེ་སྡིག་པ་བྱེད་མཁན་དེ་དག་ཐམས་ཅད་ཀྱིས་ཀྱང་།འུར་སྒྲ་མེད་པར་འཇབ་ཅིང་འགྲོ་བ་ཡིས་ནི་རང་རང་གིས་མངོན་པར་འདོད་པའི་དོན་སྒྲུབ་དགོས་པ་ཡིན་ན།བྱང་ཆུབ་སེམས་དཔའ་ཐུབ་པས་དུས་རྟག་ཏུ་དམ་པའི་ཆོས་དགེ་བ་སྒྲུབ་པ་ལ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་དུལ་ལྷོད་གསུམ་འཛོམས་པ་དེ་བཞིན་དུ་སྤྱད་ཅིང་སྒྲུབ་དགོས་པ་བཤད་ཅི་དགོས་སོ།།གཞན་སེམས་ཅན་རྣམས་ལ་བཞེན་དམ་ཆོས་སྒྲུབ་པའི་བསྐུལ་མ་འདེབས་པ་ལ་མཁས་པར་བྱ་དགོས་ཤིང་།མ་བཅོལ་བར་བསམ་བཟང་གིས་བདག་ལ་ཕན་པར་བྱེད་པའི་ངག་ཚིག་དེ་ནི་གདོང་ལྡོག་མི་བྱེད་པར་གུས་པ་དང་བཅས་པས་རང་གི་སྤྱི་བོར་བླང་བར་གྱིས་ཤིག་དང་།འདི་གལ་ཆེ་བས་དུས་ཐམས་ཅད་དུ་ཕན་པ་ཡིན་ཏེ།ངག་འཁྱལ་ཀུ་རེའི་གསེབ་ན་དོན་དམ་ཡོད།།ཅེས་གསུངས་པ་ལྟར་དུ་བླང་བར་རིགས་སོ།།དུས་རྟག་ཏུ་ང་བཟང་སྙམ་པས་དམན་པ་ལ་བརྙས་བཅོས་མེད་པར་མི་གྲལ་ནས་ཕུད།ཁྱི་གྲལ་དུ་སྙེགས།ལྷ་གྲལ་ཐོབ་པར་བྱ་བ་སྟེ་བུད་སྙེགས་ཐོབ་གསུམ་གྱིས་དམན་པ་བཟུང་ནས།སེམས་ཅན་ཀུན་གྱི་སློབ་མར་གྱུར་པ་ལྟ་བུ་ལ་བསླབ་དགོས་སོ།།ལེགས་པར་ཞེས་ཡིན་པ་ཞིག་སྨྲས་པ་ཐམས་ཅད་ལ་ནི་ཁས་མི་ལེན་པ་ལྟ་བུར་བྱེད་མི་འོས་པས་ན།དགེ་བར་གསུངས་ཞེས་བྱ་བ་ནི་དེ་དང་མཐུན་བརྗོད་ཀྱིས་དེ་ཡིན་ནོ།བདེན་ནོ།ལྟ་བུ་བརྗོད་པར་བྱ་དགོས་སོ།།ཕྱག་བསྐོར་སློབ་གཉེར་ལ་སོགས་པ་དགེ་བའི་བསོད་ནམས་བྱེད་པ་མཐོང་བར་གྱུར་ན།ཕྲག་དོག་གི་བསམ་ངན་སྤངས་ནས་དེ་ལ་དངོས་སུ་བསྟོད་པས་དགེ་བ་རང་གིས་འགྲུབ་པ་ཙམ་དུ་ལེགས་པར་དགའ་བ་བསྐྱེད་དགོས་ལ།དངོས་སུ་བསྟོད་ནས་རྗེས་སུ་མི་བསྟོད་པ་ལྟ་བུ་མིན་པར་ཁ་ཞེ་མེད་པར་ལྐོག་ན་ཡང་གཞན་གྱི་ཡོན་ཏན་བརྗོད་པར་བྱ་ཞིང་།གཞན་གྱིས་རང་རང་གི་ཡུལ་གྱི་བླ་མ་དང་དཔོན་པོ་དང་ཡུལ་སྡེ།ཆོས་ལུགས་གྲུབ་མཐའ་ལ་སོགས་པའི་ཡོན་ཏན་བརྗོད་པའི་དུས་ན།རང་གིས་ཀྱང་དེ་དང་རྗེས་སུ་མཐུན་པར་བརྗོད་དགོས་སོ།།རང་གི་ཡོན་ཏན་གཞན་གྱིས་བརྗོད་ན་ཡང་།དེས་རང་ལ་ཁེངས་སེམས་མེད་པར་མིའི་རིགས་ལ་དུག་གསུམ་ཤས་ཆེ་བའི་མི་སོ་སོར་ཡོད་དེ།འདོད་ཆགས་ཅན་གྱིས་ཐམས་ཅད་ལ་ཡོན་ཏན་དུ་མཐོང་བ་དང་།ཞེ་སྡང་ཅན་གྱིས་ཐམས་ཅད་ལ་སྐྱོན་དུ་མཐོང་བ་ཡིན་པས།ཕ་རོལ་བདག་ལ་ཡོན་ཏན་དུ་མཐོང་བ་པོ་དེ་ཉིད་དག་སྣང་གི་ཡོན་ཏན་ཅན་དུ་ཤེས་པར་རང་གིས་རིག་པར་བྱ་དགོས་སོ།།གཞན་གྱིས་བྱ་བ་རྩོམ་པ་ཐམས་ཅད་རང་དགའ་བའི་ཕྱིར་དུ་འགྲུབ་དགོས་པ་ཡིན་ཏེ།གཞན་གྱི་སྤྱོད་པ་ལ་རང་ཞེ་མི་འགྲས་པར་རང་དགའ་བའི་རྒྱུར་འགྲུབ་པ་དེ་ནི་རིན་གྱིས་ཉོ་དགོས་ནའང་གཞན་ལས་བཙལ་དུ་མེད་པས་ན་དཀོན་པའི་ཕྱིར་རོ།།ཐམས་ཅད་ལ་དག་སྣང་སྦྱང་ན་ཀུན་ཡང་ཡོན་ཏན་ཅན་དུ་མཐོང་བ་གོང་དུ་བཤད་པ་དེ་ལྟ་བུ་ཡིན་པས་ན་དེ་ལྟས་གཞན་གྱིས་བྱས་པའི་ཡོན་ཏན་ཀུན་གྱིས་དགའ་བར་འགྱུར་བའི་བདེ་བ་དེ་ལ་རང་གིས་ལོངས་སྤྱད་པར་བྱ་དགོས་ཏེ།དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུད་པའི་མཆོག་ཁྱད་པར་ཅན་ཡིན་པས་སོ།།གཞན་གྱི་ཡོན་ཏན་ལ་རང་ཉིད་དགའ་བསྡད་ན་བདག་ལ་ཚེ་འདིར་གྱོང་གོད་བུབ་གསུམ་ཅི་ཡང་ཡོང་བ་མེད་ལ།ཚེ་ཕ་རོལ་ཏུ་ཡང་རྣམ་སྨིན་ཡིད་འོང་གི་འབྲས་བུས་བདེ་བ་ཆེ་བ་བསྐྱེད་པ་ཡིན་ཏེ་བྱང་ཆུབ་འགྲུབ་པའི་ཐབས་ཡིན་ནོ།།གཞན་གྱི་སྤྱོད་པ་ལ་མི་དགའ་བའི་ཉེས་པས་ནི་རང་ཡང་ཚེ་འདིར་མི་དགའ་བས་སྡུག་བསྔལ་བར་འགྱུར་ཞིང་།ཚེ་ཕ་རོལ་ཏུ་ཡང་རྣམ་སྨིན་ཡིད་མི་འོང་བའི་འབྲས་བུས་ངན་སོང་གསུམ་དུ་སྐྱེ་བར་བྱེད་པས་ན་སྡུག་བསྔལ་ཆེ་བ་འབྱུང་བ་ཡིན་ནོ།།གཞན་ལ་གཏམ་སྨྲ་ན་ཡང་ཡོན་ཏན་འདི་བརྒྱད་དང་ལྡན་དགོས་ཏེ།ནང་མི་ལྟར་ཡིད་བག་ཕེབས་པར་སྨྲ་བ་དང་།ཚིག་སྔ་ཕྱི་དུས་སྐབས་དང་འབྲེལ་བར་སྨྲ་བ་དང་།གོ་ངེས་པའི་དོན་གསལ་པོར་སྨྲ་བ་དང་།གཞན་གྱི་ཡིད་དུ་འོང་བར་སྨྲ་བ་དང་།རང་ཕྱོགས་ལ་ཆགས་པ་སྤང་བར་སྨྲ་བ་དང་།གཞན་ཕྱོགས་ལ་ཞེ་སྡང་སྤང་པར་སྨྲ་བ་དང་།ཚིག་འཇམ་ཞིང་སྨྲ་བ་དང་།མང་ཉུང་རན་པར་སྨྲ་བར་བྱ་བ་བརྒྱད་དང་ལྡན་པར་དགོས་སོ།།མིག་གིས་སེམས་ཅན་གཞན་ལ་ལྟ་བའི་ཚེ་ན་ཡང་།སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པས་བདག་རྫོགས་པའི་སངས་རྒྱས་ཉིད་དུ་ཐོབ་པར་འགྱུར་རོ།ཞེས་གཡོ་སྒྱུ་མེད་པས་དྲང་ཞིང་བལྟ་བ་དང་།མི་དགའ་བའི་རྣམ་འགྱུར་མེད་པར་བྱམས་པའི་ཚུལ་གྱིས་བལྟ་བར་བྱ་དགོས་སོ།།དེ་ལྟར་མིག་གི་འབྱེད་འཛུམ།ལག་པའི་བརྐྱང་བསྐུམ།ལུས་ཀྱི་འགུལ་སྐྱོད།གོམ་པས་འདེགས་འཇོག་བྱེད་པ་སོགས་ཕྲ་ཞིང་ཕྲ་བ་ཐམས་ཅད་ལ་ཤེས་བཞིན་གྱིས་ཟིན་ཐབས་གལ་ཆེ་བར་གསུངས་སོ།།དགེ་བ་གང་དང་གང་བསྒྲུབ་པ་ལ་ཐོག་མར་སྦྱོར་བའི་ཁྱད་པར་དུས་རྟག་པར་གྱིས་ཀུན་ནས་བསླང་བ་རྒྱུན་མ་ཆད་པ་དང་།ཀུན་སློང་གི་ཁྱད་པར་སྔ་མོའི་ཀུན་སློང་དེ་ཤུགས་དྲག་ཏུ་སོང་སྟེ་ད་ལྟ་ཉིད་དུ་སྒྲུབ་སྙམ་པས་དགེ་བ་དེ་ལ་མངོན་ཞེན་གྱིས་ཀུན་ནས་བསླངས་བའམ་སྤྲོ་སེམས་ཁྱད་པར་ཅན་དང་ལྡན་པ་དང་།གཉེན་པོའི་ཁྱད་པར་བྲེ་གང་གཏོང་མི་ནུས་པའི་གཉེན་པོ་ཁལ་གཅིག་གཏོང་བ་ལྟ་བུ་བདག་ཏུ་འཛིན་པའི་གཞི་གསུམ་ལ་ཆགས་པ་སྤང་ཕྱིར་སེར་སྣའི་གཉེན་པོ་གཏོང་སེམས་སྦྱིན་པ་ཡིས་ནི་ཀུན་ནས་བསླངས་པ་ཉིད་དེ་ཀུན་སློང་གི་ཁྱད་པར་ཅན་གསུམ་དང་ལྡན་པ་དང་།དཀོན་མཆོག་གསུམ་དང་རྩ་བའི་བླ་མ་ནི་ཡོན་ཏན་གྱི་དང་ནི།ཕ་མ་ལ་སོགས་པ་ནི་ཕན་འདོགས་པའི་ཞིང་།སྤྲང་པོ་དང་ནད་པ་ལ་སོགས་པ་ནི་སྡུག་བསྔལ་བའི་ཞིང་སྟེ།དེ་ལྟར་ཀུན་སློང་གསུམ་དང་ཞིང་གསུམ་དང་དྲུག་འཛོམས་པ་ལ་བསྟེན་ཏེ་བསོད་ནམས་བསགས་པ་ལས་བྱུང་བ་རྣམས་ལ་ནི་དགེ་བ་རྒྱ་ཆེན་པོར་འགྱུར་རོ།།དེ་ལྟར་དགེ་ཚོགས་སྒྲུབ་དུས་ཐམས་ཅད་ལ།སེམས་ལ་ཆགས་ཞེན་གྱི་འཁྲི་བ་ཆོད་པ་གལ་ཆེ་བ་དང་།དེའི་ཤུགས་བསྟན་གྱིས་མི་དགེ་བ་ལའང་འདི་དྲུག་འཛོམས་ནས་ཉེས་པ་ཤོར་ན་ཤིན་ཏུ་ཚབས་ཆེ་བས་སྤང་ཐབས་གལ་ཆེའོ།།དོན་གཉིས་དང་འབྲེལ་བའི་བྱ་བ་གང་ཡང་སྒྲུབ་པ་ལ་མཁས་པར་བྱས་ཤིང་།དེ་ལས་གཞན་དུ་བློ་མི་ལོག་པར་ཉམས་སུ་ལེན་པའི་ཆོས་ལ་ཡིད་ཆེས་པའི་དད་པ་དང་ལྡན་པར་བྱས་ནས།ལུས་ངག་ཡིད་གསུམ་གྱི་འབད་པ་དང་བཅས་པས་ལས་རྣམས་ཐམས་ཅད་བདག་གིས་དུས་རྟག་ཏུ་བྱ་དགོས་ཏེ།ཇོ་བོ་རྗེས་སཱཙྪ་རང་གིས་བཏབ་པར་མཛད་པ་ལྟར།ལས་རྣམས་གང་དང་གང་ཞིག་བྱེད་པ་ཀུན་ལ་ཡང་།གཞན་སུ་ལ་ཡང་རེ་བ་དང་ལྟོས་པར་བྱ་བ་གཏན་ནས་མ་ཡིན་ནོ།།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལོ་བརྒྱར་སྤྱོད་པ་ལས་ཚུལ་ཁྲིམས་སྐད་ཅིག་སྲུང་བ་མཆོག་ཡིན་པ་ལ་སོགས་པ་ནས།ཤེས་རབ་ཀྱི་ཕར་ཕྱིན་ལ་ཐུག་གི་བར་དུ་གོང་ནས་གོང་དུ་ཁྱད་དུ་ཞུགས་པར་སྤྱོད་དགོས་ཏེ།བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པའི་དོན་རྗེ་བཙུན་བྱམས་པས།ཤེས་རབ་མཆོག་ཡིན་དེའི་གཞི་ནི།།ཐོས་པ་དེ་ཕྱིར་ཐོས་པ་མཆོག།།ཅེས་གསུངས་པ་ལྟར་རོ།།སྦྱིན་པ་ལ་སོགས་པ་དགེ་རྩ་རྒྱ་ཆུང་ངུའི་ཕྱིར་དུ་ནི་ཤེས་རབ་ལྟ་བུའི་དགེ་བ་ཆེ་བ་མི་གཏོང་ལ།གཙོ་ཆེར་ཚོགས་སྦྱོར་གྱི་ལམ་དུ་སེམས་བསྐྱེད་དང་བསྔོ་བ་དང་སྨོན་ལམ་གྱིས་སེམས་ཅན་གཞན་གྱི་དོན་སྒྲུབ་པར་བསམ་མོ་ཞེས་ཚོགས་ལམ་དུ་ཐོས་བྱུང་གི་ཤེས་རབ་ལ་སོགས་པ་ལ་འབད་པར་གདམས་པ་ཡིན་ནོ།།གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ་ལ།གཞན་དོན་ལྷུར་ལེན་པ་དང་།ཟང་ཟིང་དང་ཆོས་ཀྱིས་བསྡུ་བ།ཕ་རོལ་གྱི་མ་དད་པ་བསྲུང་བ་དང་གསུམ་ལས།དང་པོ་ནི།དེ་ལྟར་རིག་བྱས་གཞན་དོན་ལ།།སོགས་ནས།དེ་ལ་གནང་།།ཞེས་པའི་བར་གྱིས་བསྟན།དེ་ཡང་གོང་དུ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་གཉིས་ཀྱི་ནང་དུ་བཤད་པ་དེ་ལྟར་ཐམས་ཅད་རིག་ཅིང་ཤེས་པར་བྱས་ནས་ཉམས་སུ་བླང་སྟེ།དེ་ནས་གཞན་དོན་ལ་དུས་རྟག་ཏུ་བརྩོན་པར་གནས་པར་བྱ་བའི་ཚེ་ན།སངས་རྒྱས་ཐུགས་རྗེ་ཆེན་པོ་མངའ་བ་ཐམས་ཅད་མཁྱེན་པས་དུས་རིང་པོའི་མཐའ་ལ་གཟིགས་པས་སྙིང་རྗེས་བསྒྲལ་བ་ལ་སོགས་པ་རང་འདོད་གཏན་ནས་མེད་ཅིང་།སེམས་ཅན་ཕ་རོལ་དེའི་དོན་དུ་འགྱུར་ཞིང་དེ་ལ་ཕན་པར་ངེས་པ་ཡིན་ན།ལུས་ངག་གི་མི་དགེ་བདུན་པོ་ཐེག་པ་ཆེ་ཆུང་གི་སོ་ཐར་གྱི་སྐབས་སུ་བཀག་པ་རྣམས་ཀྱང་བྱང་སེམས་ཉེས་སྡོམ་དགེ་སྡུད་ཀྱི་ཚུལ་ཁྲིམས་ཡོངས་སུ་བསྲུངས་ནས་གཞན་དོན་བྱེད་ནུས་པ་ཅན་དེ་ལ་གནང་བ་ཡིན་ཏེ།དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་དཔེ་དང་།བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ཚོང་དཔོན་གྱི་བུ་མོ་ལ་ཁྱིམ་ཐབས་ལོ་བཅུ་གཉིས་སུ་བྱས་པ་ལྟ་བུ་ལ་སོགས་ཡིན་ནོ།།གཉིས་པ།ཟང་ཟིང་དང་ཆོས་ཀྱིས་བསྡུ་བ་ནི།ལོག་པར་ལྟུང་དང་མགོན་མེད་དང་།།སོགས་ནས།སྔགས་ཀྱིས་འདྲིད་མི་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་བྱང་སེམས་རབ་བྱུང་བ་རྣམས་ཀྱིས་བསོད་སྙོམས་བསླང་ནས་ཆ་གསུམ་དུ་བགོས་ཏེ་ཆ་དང་པོས་མཆོག་གསུམ་རྩ་གསུམ་ཆོས་སྲུང་ནོར་ལྷ་དང་བཅས་པ་ལ་ཞལ་ཟས།འཕྲོག་མ་མ་བུ་དང་ཕུད་ལ་དབང་བའི་འབྱུང་པོ་དང་བཅས་པ་ལ་ཆང་བུ་གསུམ།ཆ་བར་པས་ལོག་པར་ལྟུང་བའི་ངན་སོང་གི་སེམས་ཅན་བྱ་ཁྱི་ལ་སོགས་པ་ལ་ལྷག་མ་བགོ་ཞིང་ཁ་ཕུད་ཀྱང་ཕུད་རྩེ་ཡར་ལ་མཆོད་ནས་སངས་རྒྱས་ཀྱིས་གནང་བ་ཡོད་སྙམ་པས་བྱིན་དགོས་པ་དང་།མགོན་མེད་པ་སྤྲང་པོ་ལ་སོགས་པ་ལ་བགོ་བ་དང་།བརྟུལ་ཞུགས་ཀྱི་གནས་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དགེ་ཚུལ་སློང་ལའང་བགོ་བར་བྱ་ཞིང་།ཕྱི་དྲོ་དང་ནམ་གུང་གི་ཟས་ནི་ནད་ཀྱི་རྒྱུར་ངེས་པ་དང་།དུས་སུ་ཟ་ན་ཡང་ཟས་ཀྱི་ཚོད་མ་རིགས་ན་རླུང་ལམ་བཀག་ནས་བད་ཀན་འཕེལ་བས་ན།ལུས་ལ་ཆ་བཞིར་བགོས་ནས་ཆ་གཉིས་ཟས་དང་ཆ་གཅིག་སྐོམ་གྱི་བཀང་བ་དང་།ཆ་གཅིག་སྟོང་པར་བཞག་སྟེ།འགྲང་ལྟོག་རན་པས་སྒྱུ་ལུས་བདེ།།ལྟ་རྟོགས་ཐེངས་པས་སེམས་ཉིད་བདེ།།ཞེས་གསུངས་པ་ལྟར།འགྲང་ལྟོག་རན་པ་ཙམ་དུ་བཟའ་བར་བྱ་སྟེ་དེ་ཡང་འདོད་པ་བསོད་ཉམས་ཀྱི་མཐའ་དང་།ངལ་ཞིང་དུབ་པའི་མཐའ་གཉིས་སྤང་བས་ལོངས་སྤྱད་པར་བྱའོ།།ཆོས་གོས་སྣམ་སྦྱར་དང་།ཆོས་གོས་བླ་གོས་དང་།ཆོས་གོས་མཐང་གོས་གསུམ་མ་གཏོགས་པ་གཞན་དངོས་པོ་རྣམས་ནི་གཞན་ལ་སྦྱིན་པར་བྱ་ཞིང་།དམ་པའི་ཆོས་རྣམས་ལ་ནི་སྤྱོད་པའི་ལུས་གཞན་ལ་ཕན་པ་ཕྲན་ཚེགས་ཀྱི་ཆེད་དུ་རང་གི་རྐང་ལག་ལ་སོགས་པ་ལ་གནོད་པར་མི་བྱ་སྟེ།རང་དོན་དུ་འདོད་ཆུང་ཆོག་ཤེས་དང་།བྱང་སེམས་ཀྱི་གཙོ་བོར་ཕ་རོལ་གྱི་མ་དད་པ་བསྲུང་བའི་བཅས་རྐྱང་གཉིས་གལ་ཆེ་བས་ན་གནས་བསྐོར་སོགས་ཀྱང་དེ་བཞིན་ནོ།།ཚུལ་ཁྲིམས་རྣམ་གསུམ་བསྲུང་ཚུལ་དེ་ལྟར་དུ་བྱས་ན།བསམ་པ་དག་ཚེ་སྤྱོད་པ་ཤུགས་ཀྱིས་གཞན་དོན་དུ་འགྱུར་བས་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་མྱུར་དུ་རྫོགས་པར་འགྱུར་རོ།།སྙིང་རྗེའི་བསམ་པ་ལ་དག་པར་ཞེས་པ་ནི་ཐེག་ཆེན་མཐོང་ལམ་མ་ཐོབ་ཀྱི་བར་དུ་རང་གི་ལུས་འདི་ཉིད་དམིགས་པས་གཏོང་བ་མ་གཏོགས་དངོས་སུ་གཞན་ལ་གཏོང་བར་མི་བྱ་སྟེ།མངའ་རིས་པཎྜི་ཏས།མི་ནུས་དེར་བརྩོན་ལྟུང་མེད་གཟུགས་བརྙན་ཡིན།ཞེས་དོན་ལ་ལྟུང་བ་ཡིན་ནོ།།ས་མ་ཐོབ་རུང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་ཆེན་པོའི་ཕྱིར་དུ་འགྱུར་ན།ལས་ཅི་ནས་ཀྱང་ཚེ་འདི་དང་ཚེ་རབས་གཞན་དུ་ཡང་རང་གཞན་གཉིས་ཀྱི་དོན་ཆེན་པོ་སྒྲུབ་པའི་རྒྱུར་གཏང་ངོ་ཞེས་རང་གི་བློས་ཐོང་ན་གཏོང་དགོས་སོ།།དེ་ནས་ཆོས་བཤད་པའི་ཚེ་ན།བཤད་ཡུལ་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་གཅེས་སུ་བྱེད་པའི་གུས་པ་རྣམས་མ་གཏོགས་པ་གཞན་ཆོས་ལ་དོན་གཉེར་མེད་པས་སེམས་ཀྱིས་མ་གུས་པ་ལ་ཆོས་མི་བཤད་ཅིང་།དེ་བཞིན་དུ་མགོ་བོ་མི་ན་བཞིན་དུ་རས་ལ་སོགས་པས་མགོ་བོར་དཀྲིས་པ་ལ་ཆོས་མི་བཤད་པ་དང་།ཆེ་འགྱིངས་ཀྱིས་གདུགས་ཐོགས་པ་དང་འཁར་བ་དབྱུག་པ་ཐོགས་པ་དང་།མདའ་ལ་སོགས་པའི་མཚོན་ཆ་ཐོགས་པ་རྣམས་ལ་ཆོས་མི་བཤད་པ་དང་།མགོ་བོ་གོས་ལ་སོགས་པས་གཡོགས་པ་དག་ལ་ཆོས་བཤད་པ་མིན་ཏེ།དེ་ཐམས་ཅད་ཀྱིས་ཆོས་ལ་བརྙས་པ་བྱས་པར་འགྱུར་རོ།།གདུལ་བྱ་བློ་དམན་པ་ལ་ཟབ་མོ་ལྟ་བའི་ཆོས་སྟོང་ཉིད་ཀྱི་དོན་དང་རྒྱ་ཆེ་བ་སྤྱོད་པའི་ཆོས་རྣམས་བཤད་པར་མི་བྱ་སྟེ།ཇི་སྐད་དུ།བྱིས་དང་རྒན་པོ་ཁ་ཟས་ཐ་དད་ལྟར།།གསུངས་པ་བཞིན་དུ་ཆོས་མི་བཤད་པ་དང་།ཁྲིམས་གྲོགས་དང་སྐྱེས་པ་མེད་པར་བུད་མེད་ལ་ཚིགས་ལྔའམ་དྲུག་ལས་ལྷག་པའི་ཆོས་བཤད་པ་མིན་ཏེ།སྡོམ་པ་འཆོར་རྐྱེན་དང་ཕ་རོལ་གྱིས་མ་དད་པའི་རྒྱུ་ལ་སོགས་པ་བྱེད་པའི་ཕྱིར་རོ།།ཐེག་པ་དམན་པའི་ཆོས་དང་ཐེག་པ་མཆོག་གི་ཆོས་རྣམས་ལ་བུ་རམ་གྱི་རོ་དང་ལན་ཚྭའི་རོ་ཐམས་ཅད་མངར་བ་ལ་སོགས་པ་ཁྱད་པར་མེད་པ་དང་།སྨན་ཁུག་གི་སྨན་ཐམས་ཅད་ནད་ཀྱི་གཉེན་པོ་ཡིན་པ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་འདྲ་ཞིང་མཚུངས་པར་གུས་པས།ཆོས་ལ་དཀོན་པའི་འདུ་ཤེས་ཀྱིས་རང་གིས་ཉམས་སུ་བླངས་ཏེ་དུས་ཀུན་ཏུ་སྤྱད་པར་བྱ་ཞིང་།དད་པ་ཅན་མགོ་མི་བསྐོར།ཤེས་རབ་ཅན་སྒྲོག་ཏུ་མི་བཙུད།ཟེར་བ་ལྟར་རྒྱ་ཆེན་པོ་ཐེག་ཆེན་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་ནི་ཐེག་པ་དམན་པའི་ཆོས་ལ་སྦྱར་བར་མི་བྱ་ཞིང་།ལྟ་བ་རྟོགས་ཀྱང་སྤྱོད་པ་ཁྱད་དུ་མི་གསོད་པ་དང་།སྤྱོད་པ་ཡོངས་སུ་འདོར་བར་མི་བྱ་བར་བྱ་བ།སྤྱོད་པ་ཐམས་ཅད་ལའང་རྒྱུ་འབྲས་གཙོ་བོ་དང་གཞུང་ལམ་འདི་ཉིད་དཔང་པོར་བྱ་དགོས་ཤིང་།སྡིག་པ་བྱས་ཀྱང་མདོ་ཕན་ཡོན་ཅན་ལྟ་བུ་བཤགས་པ་ལ་སོགས་པ་བཏོན་ན་སྐྱོན་མེད་སྙམ་པ་དང་།སྔགས་ཁྱད་པར་ཅན་ཡིག་བརྒྱ་ལ་སོགས་པ་བཏོན་ན་སྡིག་པ་ཐམས་ཅད་དག་ཅིང་བྱང་འགྲོ་བས།ཡང་སྡིག་པ་བྱས་ཀྱང་སྐྱོན་མེད་སྙམ་པས་གཟུངས་དང་སྔགས་ཀྱིས་ཁ་འདྲིད་པར་མི་བྱའོ།།གསུམ་པ་ཕ་རོལ་གྱི་མ་དད་པ་བསྲུང་བ་ནི།སོ་ཤིང་དང་ནི་མཆིལ་མ་དག།།སོགས་ནས།ཉིད་དུ་ངེས་པར་སྦྱར།།ཞེས་པའི་བར་གྱིས་བསྟན།སོའི་དྲི་མ་དག་བྱེད་རྒྱ་གར་ན་སོ་ཤིང་འཆའ་རྒྱུ་ཡོད་པ་དང་ནི།མཆིལ་མ་དང་ལུད་པ་ལ་སོགས་པ་དེ་དག་ཐམས་ཅད་ས་ལ་དོར་བ་ན་ནི་ས་ལ་སོགས་པས་དགབ་པར་བྱ་ཞིང་།གཤང་གཅི་ལ་སོགས་པའང་འདོར་དགོས་པའི་ཚེ་ན་གཞན་གྱིས་ལོངས་སྤྱོད་པའི་ཆུ་དང་ལོངས་སྤྱོད་པའི་ཐང་ལ་དོར་བ་སྨད་པའི་གནས་ཡིན་པས་མི་དོར་བ་དང་།ཟས་ལ་ལོངས་སྤྱད་པའི་ཚེ་ནའང་ཟས་ཀྱིས་ཁ་བཀང་སྟེ་སྤྲེའུ་ལྟ་བུས་མི་ཟ་བ་དང་།སྐྱུར་བ་ལ་ཙུག་ཙུག།།མངར་བ་ལ་ཅག་ཅག།།གྲང་བ་ལ་ཧུ་ཧུ།ཚ་བ་ལ་ཕུ་ཕུ་ལ་སོགས་པའི་སྒྲ་དང་བཅས་པར་མི་ཟ་བ་དང་།ཟས་ཁའི་སྒོར་མ་སླེབས་པར་ཁ་གདངས་ནས་བཟའ་བ་རྣམས་ནི་བཟའ་བར་མི་བྱའོ།།ནད་པ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་བཅས་ཁྲིམས་ཕལ་ཆེར་གནང་ཡོད་པས།ནད་པ་མ་ཡིན་པར་རྐང་པ་བརྐྱང་སྟེ་མི་འདུག་པ་ལ་སློབ་ཅིང་།ལག་པ་བཀྲུ་བའི་ཚེ་ན་གཡས་པས་གཡོན་པ་བཀྲུ་ཞིང་།གཡོན་པས་གཡས་པ་བཀྲུ་ཞིང་མཉེ་བ་མ་གཏོགས་ལག་པ་གཉིས་མཉམ་པར་མི་མཉེ་སྟེ།ཆུ་དྲི་མ་དང་བཅས་པ་འཐོར་བས་གཞན་མི་དགའ་བའོ།།རྟ་དང་གྲུ་ལ་སོགས་པའི་བཞོན་པ་ཉེ་དུ་མ་ཡིན་པའི་བུད་མེད་དང་གཅིག་པར་མི་བྱ་ཞིང་།དེ་བཞིན་དུ་གདན་ཆ་མལ་སྟན་དང་གནས་ཁང་ལ་སོགས་པ་དེ་དག་ཏུ་ཡང་བུད་མེད་གཞན་དང་གཅིག་པར་མི་བྱ་སྟེ།མི་ངན་གཅིག་གིས་ཉེས་ནའང་དེའི་སྐྱོན་གྱིས་གཞན་བླ་གྲྭ་རྣམས་དང་དགོན་སྡེ་སྤྱིའི་མགོར་བཞག་ནས་འབར་ཤ་སྐུར་འདེབས་ལ་སོགས་པ་བྱེད་དུ་མི་འཇུག་པ་གལ་ཆེ་སྟེ།དགེ་འདུན་པའི་རྙེད་པ་ལ་སོགས་པ་ལ་གནོད་པ་དང་།གཞན་མ་དད་པའི་རྒྱུར་འགྱུར་བས་རང་རང་ཐད་ནས་སྤང་ཐབས་དགོས་གསུངས།མདོར་ན་འཇིག་རྟེན་ཀུན་གྱིས་མ་དད་པར་གྱུར་པ་ཀུན་རང་གིས་མཐོང་ཞིང་བརྟགས་ཏེ་སྤང་བ་དང་།བྱང་སེམས་ཇི་ཙམ་བཟང་པོར་གྱུར་ཚེ་དེ་ཙམ་དུ་ལུས་ངག་གི་སྤྱོད་པ་སྲུང་དགོས་ཤིང་།རང་སྐྱོན་གཞན་གྱིས་བརྗོད་པ་བྱུང་ན་སྐུ་དྲིན་ཆེ་བས་མ་དད་པའི་རྒྱུ་གཞན་ལའང་དྲིས་ཏེ་སྤང་བར་བྱ་དགོས་སོ།།ཚོང་པ་དང་གནས་བསྐོར་བ་དང་མགྲོན་པོ་ལ་སོགས་པ་ལམ་འདྲི་བ་བྱུང་ཚེ།ལམ་གང་ཡིན་མི་ཤེས་པའི་སོར་མོས་བརྡ་ཙམ་ནི་མི་བྱ་སྟེ།གུས་པ་དང་བཅས་པས་གཡས་པ་ཡི་ནི་ལག་པ་དག་ནི་ཀུན་གྱིས་ཀྱང་ཞེས་པ་ནི་ལག་པ་གཡས་པ་ཚང་མ་དེས་ལམ་སྟོན་པ་ཡང་དྲན་ཤེས་ལྡན་པས་གོང་དུ་བཤད་པ་དེ་ལྟར་དུ་བསྟན་པར་བྱ་བ་གལ་ཆེ་སྟེ།གྲོ་ཁ་དང་དཀའ་ཚེགས་དང་སྲོག་གི་འཇིགས་པ་ལས་སྐྱོབ་པ་ཡིན་ནོ།།བརྡ་ལ་སོགས་པའི་བྱ་བ་ཕྲན་བུ་ཙམ་ལ་ནི་ལག་པ་ནས་ཆེར་དུ་བསྐྱོད་པ་མིན་ཏེ།ལག་པ་ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པ་དེ་ཡང་གཞན་སྐྲག་བྱེད་ཀྱི་རྒྱུར་འགྲོ་བར་མི་བྱེད་པར་སེ་གོལ་ལ་སོགས་པས་བརྡ་བྱ་སྟེ།དེ་ལས་གཞན་དུ་གྱུར་ན་དྲན་ཤེས་མེད་པའི་རྟགས་ཡིན་པས་སྡོམ་པས་རང་རྒྱུད་མ་བསྡམས་པར་འགྱུར་བས་མ་དད་པ་ཐམས་ཅད་སྤོང་དགོས་པའི་ཕྱིར་རོ།།ཉལ་བའི་ཚེ་ནའང་དཔེར་ན་མགོན་པོ་རྫོགས་པའི་སངས་རྒྱས་གྱད་ཡུལ་རྩ་ཅན་དུ་སྐུ་མྱ་ངན་ལས་འདས་ཚེ་ཆོས་གོས་བཞི་བལྟབས་བྱས་ཏེ་སྔས་མཛད་ནས་དབུ་བྱང་ཕྱོགས།ཞལ་ནུབ་སྐུ་རྒྱབ་ཤར།ཞབས་ལྷོར་བསྟན་ནས་མྱ་ངན་ལས་འདའ་དུས་གཟིམས་པ་ལྟར་དུ་རང་གཞན་ལ་གནོད་འཚེ་ལ་སོགས་པ་མེད་པར་བརྟགས་ནས་ཉལ་ཏེ།བྱང་ཆུབ་ཀྱི་སེམས་དྲན་པ་དང་།མྱུར་དུ་འཆི་བའི་འདུ་ཤེས་དང་།གཉིད་སྲབ་པའི་ཕྱིར་དུ་ཕྱོགས་ཐམས་ཅད་དུ་མར་མེ་དང་ཉི་ཟླ་ལ་སོགས་པས་སྣང་བའི་འདུ་ཤེས་དང་།གཉིད་པའི་དུས་སུ་འཆི་བ་དང་།རྨི་ལམ་རྨིས་པའི་དུས་སུ་བར་དོ་དང་།སད་པའི་ཚེ་ན་སྐྱེ་བ་ལེན་པའི་འདུ་ཤེས་དང་།སེམས་ཅན་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམ་པས་མགོ་བྱང་དུ་བསྟན་པའམ།རང་གིས་འདོད་པའི་བླ་མ་དང་རྟེན་གསུམ་ཕྱོགས་སུ་མགོ་གཏད་དེ་ཉལ་བར་བྱ་ཞིང་།ཤེས་བཞིན་གྱིས་ཟིན་པའི་སང་སྔ་མོ་ནས་མྱུར་དུ་ལྡང་དགོས་སྙམ་པའི་སེམས་མ་ཉལ་བའི་ཐོག་མ་ཉིད་དུ་ངེས་པར་སྦྱར་བར་བྱ་དགོས་ལ།སྔ་མོའི་དུས་སུ་བསམ་བློ་མི་བཏང་བར་ཧར་ལང་བྱེད་པ་དང་།འགྲོ་ཀུན་ཆོས་སྐུ་ལས་གཟུགས་སྐུ་ཐོབ་པར་གྱུར་ཅིག་ཅེས་སྲོད་དང་ཐོ་རེངས་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་དགོས་སོ།།བཞི་པ་སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལའང་།སྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས་དང་ངོ་བོ་ངོས་བཟུང་ནས་ལེའུའི་སྐབས་བསྡུ་བ་གཉིས་ལས།དང་པོ་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་དག།།སོགས་ནས།མཐོང་ནས་ཡང་དག་སྤྱད།།ཅེས་པའི་བར་གྱིས་བསྟན།དེ་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་ཐམས་ཅད་ནི་མཐའ་ཡས་ཚད་མེད་པར་ནི་ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ན་གསུངས་པ་རྣམས་ལས།བྱང་ཆུབ་ཀྱི་སེམས་སྦྱོང་བ་ཡི་སྤྱོད་པ་རྣམས་མདོ་སྡེ་ཕལ་མོ་ཆེ་ལས་གསུངས་པ་ནི་འདི་ལྟར།བྱང་ཆུབ་སེམས་དཔའ་ཁང་པའི་ནང་ན་འཇུག་པའི་ཚེ་ན།སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་བསམ་པ་དང་།དེ་བཞིན་དུ་ཉལ་བའི་ཚེ་སངས་རྒྱས་ཀྱི་སྐུ་ཐོབ་པར་གྱུར་ཅིག་བསམ་པ་དང་།རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག་བསམ་པ་དང་།སྐ་རགས་འཆིང་བ་ན་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་འབྲེལ་བར་གྱུར་ཅིག་བསམ་པ་དང་།སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག་བསམ་པ་དང་།མེ་བཏང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར་གྱུར་ཅིག་བསམ་པ་དང་།མེ་འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར་གྱུར་ཅིག་བསམ་པ་དང་།གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར་གྱུར་ཅིག་བསམ་པ་དང་།ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་པར་གྱུར་ཅིག་བསམ་པ་དང་།ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར་གྱུར་ཅིག་བསམ་པ་དང་།སྐས་ལ་འབབ་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བར་འཇུག་པར་གྱུར་ཅིག་བསམ་པ་དང་།སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར་གྱུར་ཅིག་བསམ་པ་དང་།སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར་གྱུར་ཅིག་བསམ་པ་དང་།ལམ་ན་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར་གྱུར་ཅིག་བསམ་པ་དང་།གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་བདེ་བ་ལ་འགོད་པར་གྱུར་ཅིག་བསམ་པ་དང་།ཐུར་དུ་བབ་པ་ན་ངན་སོང་གསུམ་རྒྱུན་ཆད་པར་གྱུར་ཅིག་བསམ་པ་དང་།སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར་གྱུར་ཅིག་བསམ་པ་དང་།རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར་གྱུར་ཅིག་བསམ་པ་དང་།རྐང་པ་འདེགས་པ་ན་སེམས་ཅན་འཁོར་བ་ནས་འདོན་པར་གྱུར་ཅིག།།རྒྱན་དང་ལྡན་པ་མཐོང་བ་ན་མཚན་དཔེའི་རྒྱན་དང་ལྡན་པར་གྱུར་ཅིག།།རྒྱན་མེད་པ་མཐོང་བ་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ།སྣོད་གང་བ་མཐོང་པ་ན་རྒྱུད་ཡོན་ཏན་གྱིས་གང་བར་གྱུར་ཅིག།།ཤེས་ཡོན་རྒྱ་མཚོ་རླབས་ཀྱིས་རྟོགས།༠༠༠༠༠༠༠ཆོས་ལ་དགའ་བར༴སེམས་ཅན་མི་དགའ་བ་མཐོང་བ་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར་གྱུར་ཅིག།།སེམས་ཅན་བདེ་བ་མཐོང་བ་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར་གྱུར་ཅིག།།སེམས་ཅན་སྡུག་བསྔལ་བ་མཐོང་བ་ན་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་གྱུར་ཅིག།།སེམས་ཅན་ནད་པ་མཐོང་བ་ན་ནད་ལས་གྲོལ་བར་གྱུར་ཅིག།།དྲིན་དུ་གཟོ་བ་མཐོང་བ་ན་སངས་རྒྱས་དང་བྱང་སེམས་ལ་དྲིན་དུ་གཟོ་བར་གྱུར་ཅིག།།དྲིན་དུ་མི་བཟོ་བ་མཐོང་བ་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར་གྱུར་ཅིག།།རྒོལ་བ་མཐོང་བ་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་ཆོད་པར་གྱུར་ཅིག།།བསྟོད་པ་མཐོང་བ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟོད་པར་གྱུར་ཅིག་བསམ་པ་དང་།ཆོས་ཀྱི་གཏམ་བྱེད་པ་མཐོང་བ་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་གྱུར་ཅིག།།སྐུ་གཟུགས་མཐོང་བ་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར་གྱུར་ཅིག།།མཆོད་རྟེན་མཐོང་བ་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར་ཤོག་ཅིག།།ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར་གྱུར་ཅིག།།ཕྱག་འཚལ་བ་མཐོང་བ་ན་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་གྱི་སྤྱི་གཙུག་བལྟར་མི་མངོན་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ།།ཞེས་གསུངས་པ་ལྟར་དུ།དེ་ཐམས་ཅད་གོམས་པ་མཐར་མ་ཕྱིན་བར་དུ་གོ་ལོ་དང་ཐོས་ལོར་མ་ཡིན་པར་ངེས་པར་དེ་སྲིད་དུ་སྤྱད་པར་བྱ་དགོས་སོ།།དེ་ལྟར་སེམས་སྦྱང་རེ་རེ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱ་བར་གསུངས་ཏེ།སེམས་ཅན་གྱི་དོན་ལ་དམིགས་པའི་ཆ་ནས་སྦྱིན་པ།རང་འདོད་མེད་པའི་ཆ་ནས་ཚུལ་ཁྲིམས།གཞན་དོན་ལ་སྐྱོ་ངལ་མེད་པར་བཟོད་པའི་ཆ་ནས་བཟོད་པ།གཞན་དོན་ལ་ལྷག་པར་སྤྲོ་བཞིན་དུ་འཇུག་པའི་ཆ་ནས་བརྩོན་འགྲུས།གཞན་དོན་ལ་རྩེ་གཅིག་ཏུ་དམིགས་པའི་ཆ་ནས་བསམ་གཏན།དེ་ཐམས་ཅད་ལ་དངོས་པོ་དང་མཚན་འཛིན་གྱི་ཞེན་པ་སྤངས་པའི་ཆ་ནས་ཤེས་རབ་སྟེ།ཇི་སྐད་དུ།གང་དུ་སེམས་ཅན་དོན་བྱེད་སྦྱིན་པ་ཡིན།།དེ་ལ་རང་འདོད་མེད་པ་ཚུལ་ཁྲིམས་ཏེ།།གཞན་དོན་སྐྱོ་ངལ་མེད་པ་བཟོད་པའོ།།ལྷག་པར་སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཏེ།།སེམས་ཅན་དོན་ལ་རྩེ་གཅིག་བསམ་གཏན་དང་།།དངོས་མཚན་ཞེན་པ་སྤངས་པ་ཤེས་རབ་སྟེ།།གོམ་པའི་འདེགས་འཇོག་དག་ཀྱང་ཕྱིན་དྲུག་ལམ།།རྩོལ་མེད་འཇུག་པས་ཚོགས་རྫོགས་ཤིན་ཏུ་མྱུར།།ཞེས་གསུངས་པ་ལྟར་དུ་ཉམས་སུ་ཅི་ལོན་བྱ་དགོས་སོ།།ཉིན་མོ་ལ།སྔ་དྲོ།ཉིན་གུང་།ཕྱི་དྲོ་གསུམ་དང་།མཚན་མོ་ལ་སྲོད་དང་།ནམ་གུང་དང་།ཐོ་རེངས་གསུམ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ཉེས་བྱས་བྱུང་མ་བྱུང་རང་རྒྱུད་ལ་ལེགས་པར་ལན་གསུམ་གསུམ་དུ་བརྟགས་ནས།ཕྱག་འཚལ་བའི་ཕུང་པོ་དང་།སྡིག་པ་བཤགས་པའི་ཕུང་པོ་དང་།བསྔོ་བའམ་རྗེས་སུ་ཡི་རང་བའི་ཕུང་པོ་སྟེ།ལྟུང་བ་བཤགས་པའི་མདོ་ཕུང་པོ་གསུམ་པ་གདོན་པར་བྱ་ཞིང་།རྒྱལ་བ་སངས་རྒྱས་སུམ་ཅུ་སོ་ལྔ་ལ་བརྟེན་པ་དང་།མདོ་དེའི་མཇུག་ཏུ་བསྔོ་བ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྩ་ལྟུང་མ་གཏོགས་པའི་ཐུན་ཚོད་ཀྱིས་བར་མ་ཆོད་པའི་ལྟུང་བ་དང་།ཡན་ལག་གི་ཉེས་བྱས་ཀྱི་ལྟུང་བའི་ལྷག་མ་རྣམས་ནི་ཕུང་པོ་གསུམ་པ་ལྟུང་བཤགས་ཀྱི་མདོ་བཏོན་པ་དེས་ཞི་བར་བྱ་ཞིང་།རང་ངམ་ཞེས་རང་གི་དོན་དང་གཞན་གྱི་དབང་ཡང་ཞེས་གཞན་གྱི་དོན་གཉིས་ཀ་གང་ཡང་རུང་སྟེ་འདྲ་ལ།སྤྱོད་ལམ་རྣམ་བཞིའི་གནས་སྐབས་གང་དང་གང་དུ་ཅི་དང་ཅི་ལ་སྤྱོད་ཀྱང་།ཤེས་བཞིན་གྱི་ལེའུ་འདིའི་ནང་དུ་བསླབ་པར་གསུངས་པ་གང་དང་གང་ཡིན་པ་ཐམས་ཅད་གོང་དུ་གསུངས་པ་དེ་ལྟ་བུའི་འགྲོ་འདུག་ཟ་ཉལ་ལ་སོགས་པའི་གནས་སྐབས་དེ་དང་དེ་ལ་སྒོ་གསུམ་གྱིས་འབད་དེ་དྲན་ཤེས་བག་ཡོད་དང་ལྡན་པས་བསླབ་དགོས་མ་གཏོགས་སྨྱོན་ཚིག་ལྟར་མ་བྱེད།ཅེས་ཡང་དང་ཡང་དུ་གསུངས་པར་མཛད་དེ།དེ་རྣམས་ཐམས་ཅད་ལ་མཛེ་ཕོས་ཁྱུང་སྒྲུབ་ཀྱི་དཔེ་ལྟར་མ་བྱེད་མ་བྱེད་མ་བྱེད།ཅེས་༧སྤྲུལ་སྐུ་བཀའ་དྲིན་ཅན་གྱིས་ནན་ཏན་དུ་གདམས་པར་མཛད་དོ།།རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བ་ཀུན་དང་རིག་པའི་གནས་ལ་སོགས་པ་ཅི་མཁོ་ཐམས་ཅད་གཞན་དོན་དུ་མི་བསླབ་པ་དེ་ནི་ཤེས་བྱའི་གནས་གང་ཡང་ཡོད་པ་མིན་ཏེ།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་རྩི་དང་།གུ་རུ་རིན་པོ་ཆེས་རྫ་མ་བཅའ་ཐབས་ལ་སོགས་པ་ལ་སློབ་པར་མཛད་པ་ཡིན་ཕྱིར།བྱམས་མགོན་གྱི་མདོ་སྡེའི་རྒྱན་ལས།རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།།འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་བརྙེས་མི་འགྱུར་ཏེ།།དེ་བས་གཞན་དག་ཚར་གཅོད་བྱ་དང་རྗེས་བཟུང་དང་།།བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱེད།།ཅེས་གསུངས་པ་ལྟར་དང་།འཕགས་པ་ཀླུས།མི་ཡི་ཆོས་ལུགས་ལ་བརྟེན་ནས།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམས་སྐས་ལ།།འཛེགས་ན་ཐར་པ་གམ་ན་འདུག།།ཅེས་གསུངས་པ་བཞིན་དུ་སློབ་དགོས་ལ།གོང་དུ་བཤད་པ་དེ་ལྟར་དུ་བསླབ་བྱ་མཐའ་དག་ལ་གཞན་དོན་དུ་སློབ་པར་གནས་པའི་མཁས་པ་བྱང་ཆུབ་སེམས་དཔའ་དེ་ལ་ནི་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པས་གཞི་བཟུང་།དགེ་བ་རྐྱེན་གྱིས་མི་བཤིགས་པ་དངོས་གཞི་དམིགས་མེད་དམ་པས་ཁོག་ཕུབས།དགེ་བ་གོང་ནས་གོང་འཕེལ་དུ་བྱེད་པ་མཇུག་བསྔོ་བ་དམ་པས་མཐའ་བརྒྱན་ཏེ་མི་དགེ་བ་སྤང་།དགེ་བ་སྤེལ།ལུང་མ་བསྟན་ཐམས་ཅད་དགེ་བར་བསྒྱུར་ཏེ་སྤྱོད་ལམ་རྣམ་བཞི་ཀུན་ལ་དྲན་ཤེས་ཀྱིས་ཟིན་པས་ན།བསོད་ནམས་དགེ་བའི་དངོས་པོར་མི་འགྱུར་བ་དེ་ནི་གང་ཡང་མེད་དེ།རིན་པོ་ཆེ་གསེར་གླིང་ལ་སླེབས་ཚེ་ཆེ་ཐོབ་ཆེ་འཚེངས།ཆུང་ཐོབ་ཆུང་འཚེངས།མང་ཉུང་ཅི་ལོན་ན་ཡང་གསེར་ཡིན་པ་ལྟར།སྤྱིར་བྱང་ཆུབ་སེམས་ཀྱིས་ཟིན་པའི་བསླབ་བྱ་ཅི་ཡོང་དང་།ཁྱད་པར་སྤྱོད་འཇུག་འདི་ནི་མགོ་ཆོད་ཀ་ར་ཡིན།མཇུག་ཆོད་བུ་རམ་ཡིན།དུས་ཡུན་རིང་ཐུང་ཞིག་མ་གཏོགས་སངས་རྒྱས་ཞིག་ནི་འདིའི་ཚིགས་བཞི་རེ་ཐོས་པས་ཀྱང་ཐོབ་ངེས་པ་ཅན་ཡིན་གསུངས་སོ།།དངོས་སམ་ཞེས་པ་ཐུབ་པའི་ཚེ་ན་ནི་དངོས་སུ་སེམས་ཅན་གྱི་དོན་ཁོ་ན་ལས་གཞན་དུ་མི་སྤྱད་པ་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོ་ལ་སྐུ་ལུས་ཡོངས་སུ་སྦྱིན་གཏོང་མཛད་པ་ལ་སོགས་སངས་རྒྱས་ཀྱི་སྐྱེས་རབས་ལྟར་ཡིན་ལ།ཡང་ན་ལས་དང་པོ་བ་རྣམས་ཀྱིས་ནི་དངོས་སུ་གཞན་དོན་བྱེད་མི་ནུས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པའི་བསྔོ་བ་དང་སྨོན་ལམ་གཞན་དོན་དང་རང་གཉིས་ཀྱི་བར་དུ་བརྒྱུད་ཀྱང་རུང་དེ་གནས་སྐབས་དང་མཐར་ཐུག་གང་ལ་ཡང་འཛིན་ཞེན་མེད་པའི་ངང་ནས་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ན་ལས་གཞན་རང་དོན་ལ་སོགས་པར་མི་སྤྱད་དེ།ཟས་དང་ཆོས་སྦྱིན་ལ་སོགས་པའི་དགེ་རྩ་ཅི་འགྲུབ་ལ་བསྔོ་བ་དང་སྨོན་ལམ་ཁོ་ན་གཞན་དོན་དུ་བྱ་བ་འདི་བྱང་སེམས་ལས་དང་པོ་བ་ལ་ཅི་ནས་ཀྱང་གལ་ཆེ་གསུངས་སོ།།དགེ་སྡིག་སྤང་བླང་ཅི་བགྱིས་པ་དེ་ཡང་སེམས་ཅན་ཐམས་ཅད་ཁོ་ནའི་དོན་གྱི་ཕྱིར་དུ།སྙིང་རྗེས་གཞན་དོན་ལ་དམིགས་པ་དང་ལྡན་པས།དགེ་རྩ་དེ་ཐམས་ཅད་ཤེས་རབ་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་འཐོབ་པའི་ཕྱིར་དུ་བསྔོ་སྨོན་གྱི་རྒྱས་གདབ་པར་བྱའོ།།གོང་དུ་བཤད་པ་དེ་ཐམས་ཅད་ཀྱི་རྩ་བ་ནི་དུས་རྟག་པར་གཞན་ལ་ཕན་འདོགས་པའི་དགེ་བའི་བཤེས་གཉེན་དེ་ནི་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་ཀྱི་དོན་མཐའ་དག་ལ་མཁས་པ་དང་གཅིག།།རྒྱལ་སྲས་བྱང་ཆུབ་སེམས་དཔའི་ནང་སེམས་ཀྱིས་རང་དོན་ཡིད་བྱེད་བརྟུལ་ཏེ་གཞན་དོན་ལ་ཞུགས་པའི་མཆོག་དེ་དྲན་ཤེས་བག་ཡོད་གསུམ་ནི་སྲོག་གི་ཕྱིར་ཡང་མི་བཏང་སྟེ།མཁས་བཙུན་གཉིས་དང་ལྡན་པ་ལ་བསྟེན་པར་གནང་ངོ་།།དེ་ལྟ་བུའི་བཤེས་གཉེན་ལ་བསྟེན་ན་ཕྱི་རོལ་སྔགས་བཅུད་ལེན་ལ་སོགས་པ་ཡང་བྱང་ཆུབ་སེམས་ཀྱིས་ཟིན་ན་ཐེག་ཆེན་ལམ་ཡིན་གསུངས་སོ།།དང་པོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི།མདོ་སྡོང་པོ་བཀོད་པའི་ནང་དུ་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པའི་ནང་ནས་ཁྱེའུ་དཔལ་གྱི་འབྱུང་བ་ཡི་རྣམ་ཐར་དང་།བུ་མོ་དཔལ་གྱི་བློ་གྲོས་མའི་རྣམ་པར་ཐར་པ་ལས་ནི་འདུ་ཤེས་བཞི་དང་སེམས་དགུའི་སྒོ་ནས་བླ་མ་བསྟེན་པར་གསུངས་ཏེ།དེ་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།།ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ།།དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ།།ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།།ཞེས་གསུངས་པའི་ནང་ནས་ཐོག་མར་རང་ཉིད་ལ་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་འདུ་ཤེས་བསྐྱེད་ན།ཆོས་ལ་སྨན་སོགས་ཀྱི་འདུ་ཤེས་རིམ་བཞིན་སྐྱེ་འོང་གསུངས་སོ།།དེ་བཞིན་དུ་སེམས་གུས་པ་བསྟེན་ཚུལ་ནི།ཁུར་ཐམས་ཅད་ཀྱིས་བཀུར་བ་ས་ལྟ་བུའི་སེམས་དང་།འགྲོ་འོང་གི་གནས་ལ་མི་སྐྱོ་བ་གྲུ་ལྟ་བུའི་སེམས་དང་།བཀའ་བཀྱོན་ལ་མི་ཁྲོ་བ་རྟ་མཆོག་ལྟ་བུའི་སེམས་དང་།དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་སེམས་དང་།ཚ་གྲང་ཐམས་ཅད་བཟོད་པ་མགར་བའི་བཟོ་སྟེགས་ལྟ་བུའི་སེམས་དང་།ང་རྒྱལ་མེད་པ་ཕྱག་དར་བ་ལྟ་བུའི་སེམས་དང་།བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུའི་སེམས་དང་།བྱ་བ་ཐམས་ཅད་ཀྱིས་མི་བསྒུལ་བ་འཁོར་ཡུག་གི་རི་ལྟ་བུའི་སེམས་དང་།བརྩོན་འགྲུས་བརྟན་ཅིང་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་སྟེ་དགུ་དང་ལྡན་པས་བླ་མ་བསྟེན་པའི་ཚུལ་ལྟར་དུ་བསླབ་པར་བྱ་སྟེ།དོན་བླ་མ་བསྟེན་པའི་རྟགས་རང་རྒྱུད་ལ་ཕན་དགོས་སོ།།མདོ་སྡོང་པོ་བཀོད་པ་འདི་དང་སངས་རྒྱས་ཀྱིས་བཀའ་སྩལ་པ་གཞན་དང་གཞན་ཐམས་ཅད་མདོ་སྡེ་བཀླགས་ནས་བྱང་སེམས་བརྟུལ་ཞུགས་དང་རྩ་ལྟུང་ལ་སོགས་པ་ཐམས་ཅད་ཤེས་པར་བྱ་དགོས་ཏེ།མདོ་སྡེ་རྣམས་ལས་བྱང་ཆུབ་སེམས་དཔའི་བསླབ་པ་སྣང་བས།རྒྱུ་མཚན་དེ་བས་ན་མདོ་སྡེ་ཅི་ནུས་སུ་བཀླག་པར་བྱ་དགོས་ཤིང་།དེ་ཐམས་ཅད་ཀྱི་ཐོག་མར་མདོ་སྡེ་གང་ལ་བལྟ་དགོས་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མདོ་སྡེ་དེ་ལ་ནི་ཐོག་མ་ཉིད་དུ་བལྟ་བར་བྱ་དགོས་ཏེ།དེའི་ནང་དུ་རྩ་ལྟུང་བཅོ་བརྒྱད་གསུངས་ཡོད་པ་རྣམས་ཚུར་མདོར་བསྡུས་པ་ནི།བསླབ་བཏུས་ལས།དང་པོ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ནི།དཀོན་མཆོག་གསུམ་གྱི་དཀོར་འཕྲོགས་པ།།ཕས་ཕམ་ས་ཡི་ལྟུང་བར་འདོད།།དམ་པའི་ཆོས་ནི་སྤང་བྱེད་པ།།གཉིས་པར་ཐུབ་པས་གསུངས་པ་ཡིན།།ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་།།ངུར་སྨིག་འཕྲོགས་དང་བརྡེགས་པ་དང་།།བཙོན་རར་འཇུག་པར་བྱེད་པ་དང་།།རབ་ཏུ་བྱུང་ལས་འབེབས་པ་དང་།།མཚམས་མེད་ལྔ་པོ་བྱེད་པ་དང་།།ལོག་པར་ལྟ་བ་འཛིན་པ་དང་།།གཉིས་པ་བློན་པོ་ལ་འབྱུང་ཉེ་བ་ལྔ་ནི།གྲོངས་ལ་སོགས་པ་འཇིགས་པ་ཡང་།རྩ་བའི་ལྟུང་བར་རྒྱལ་བས་གསུངས།གསུམ་པ་ཕལ་པ་ལ་འབྱུང་ཉེ་བརྒྱད་ནི།བློ་སྦྱོང་མ་བྱས་སེམས་ཅན་ལ།།སྟོང་པ་ཉིད་ནི་བརྗོད་པ་དང་།།སངས་རྒྱས་ཉིད་ལ་ཞུགས་པ་དག།།རྫོགས་པའི་བྱང་ཆུབ་བཟློག་པ་དང་།།སོ་སོར་ཐར་པ་ཡོངས་སྤངས་ཏེ།།ཐེག་པ་ཆེ་ལ་སྦྱོར་བ་དང་།།སློབ་པའི་ཐེག་པས་ཆགས་ལ་སོགས།།སྤང་བར་འགྱུར་བ་མིན་ཞེས་འཛིན།།ཕ་རོལ་དག་ཀྱང་འཛིན་འཇུག་དང་།།རང་གི་ཡོན་ཏན་བརྗོད་པ་དང་།།རྙེད་པ་དང་ནི་བཀུར་སྟི་དང་།།ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་།།བདག་ནི་ཟབ་མོའི་བཟོད་པའོ་ཞེས།ལོག་པ་ཉིད་ནི་སྨྲ་བ་དང་།།དགེ་སློང་ཆད་པས་གཅོད་འཇུག་དང་།།དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་།།སྦྱིན་པ་ལེན་པར་བྱེད་པ་དང་།།ཞི་གནས་འདོར་བར་བྱེད་པ་དང་།།ཡང་དག་འཇོག་གི་ལོངས་སྤྱོད་རྣམས།།ཁ་ཏོན་བྱེད་ལ་བྱིན་པ་སྟེ།།འདི་དག་རྩ་བའི་ལྟུང་བ་སྟེ།།སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ།།རྨི་ལམ་འཕགས་པ་ནམ་སྙིང་པོའི།།མདུན་དུ་འདུག་སྟེ་བཤགས་པར་བྱ།།ལུང་བཞིན་བསྡུ་ཚུལ་ནི།བྱང་ཆུབ་སེམས་ནི་ཡོངས་འདོར་དང་།།ཆགས་དང་སེར་སྣ་མི་བཟད་པའི།།སློང་ལ་སྦྱིན་པར་མི་བྱེད་དང་།།བསྒྲིམས་ཏེ་དགའ་བར་བྱེད་པ་དང་།།སེམས་ཅན་ལ་ནི་མི་བཟོད་པས།།ཁྲོས་པས་སེམས་ཅན་བརྡེག་པ་དང་།།ཉོན་མོངས་པ་དང་གཞན་མཐུན་པས།།ཆོས་ལྟར་བཅོས་པ་བརྗོད་པའོ།།ཞེས་གསུངས་ལྟར་ཤེས་པར་བསྲུང་བ་དང་།དེ་རྗེས་བསླབ་བཏུས་ལ་བལྟ་དགོས་པ་གང་གི་ཕྱིར་ན།བྱང་སེམས་ཀྱིས་དུས་རྟག་ཏུ་སྤྱད་དགོས་པ་ཐམས་ཅད་ནི་བསླབ་བཏུས་དེ་ལས་རྒྱ་ཆེར་རབ་ཏུ་སྟོན་པས་ན།མདོ་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་དོན་གང་ཟག་རྣམས་ལ་བསླབ་པའི་ཚུལ་མ་ལུས་པ་བཏུས་ཡོད་པས་ན།ཞི་བ་ལྷ་རང་གིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ལ་ཡང་ངེས་པར་བལྟ་དགོས་ཤིང་།ཚར་གཅིག་གིས་མི་ཆོག་པར་སེམས་ལ་གོམས་ཆ་མ་བརྟན་གྱི་བར་དུ་ཡང་དང་ཡང་དུ་བལྟ་དགོས་སོ།།ཡང་ན་རེ་ཞིག་བསླབ་བཏུས་དང་སྤྱོད་འཇུག་གཉིས་ཀའི་དོན་རྣམས་མདོར་བསྡུས་པའི་ཞི་བ་ལྷ་རང་གིས་མཛད་པའི་མདོ་རྣམས་ཀུན་ལས་བཏུས་པ་ལ་ཡང་དག་པར་བལྟ་དགོས་གསུངས་ཀྱང་ད་ལྟ་བོད་ན་མི་བཞུགས་ལ།དེ་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱིས་མཛད་པའི་བསླབ་བཏུས་དང་མདོ་བཏུས་གཉིས་པོ་ལའང་འབད་པས་བལྟ་བར་བྱ་དགོས་གསུངས་ཀྱང་བསླབ་བཏུས་བོད་ན་མི་བཞུགས་པས།དོན་ལ་ཞི་ལྷས་མཛད་པའི་མདོ་བཏུས་དང་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་གཉིས་བོད་དུ་མ་འགྱུར་ལ།ད་ལྟ་བོད་ན་ཀླུ་སྒྲུབ་ཀྱི་མདོ་བཏུས་དང་ཞི་ལྷའི་བསླབ་བཏུས་གཉིས་བཞུགས་པ་ལ་བལྟ་དགོས་སོ།།དེ་ལྟར་བལྟས་པའི་དགོས་པ་ནི་བསླབ་མདོ་གཉིས་པོ་གང་ལས་བྱང་སེམས་ཀྱི་བསླབ་བྱ་གང་དང་གང་ནི་མ་བཀག་པ་དེ་དང་དེ་ཉིད་ནི་སྤྱད་པར་བྱ་བ་ཡིན་པས་དང་དུ་བླངས་ཏེ་སྤྱོད་དགོས་སོ།།མདོར་ན་བྱང་ཆུབ་སེམས་དཔའི་བསྲུང་བྱའི་གཙོ་བོ་ནི་ཕ་རོལ་འཇིག་རྟེན་གྱི་སེམས་ནི་བསྲུང་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་བསླབ་པ་མཐོང་སྟེ་ཤེས་ནས་མཐར་རང་རྒྱུད་ལ་ཡང་དག་པར་ཉམས་སུ་བླངས་ནས་སྤྱད་དགོས་སོ།།གཉིས་པ་ངོ་བོ་ངོས་བཟུང་ནས་ལེའུའི་སྐབས་བསྡུ་བ་ནི།ལུས་དང་སེམས་ཀྱི་གནས་སྐབས་ལ།།སོགས་ནས།ཕན་འགྱུར་རམ།།ཞེས་པའི་བར་གྱིས་བསྟན།དེ་ཡང་ལུས་ཀྱི་གནས་སྐབས་ལ་ཡང་དག་པར་བརྟགས་པ་དང་།སེམས་ཀྱི་གནས་སྐབས་ལའང་སྐད་ཅིག་རེ་རེ་བཞིན་དུ་ལན་གཅིག་གཉིས་བརྟགས་པས་མི་ཆོག་པར་དུས་ཡང་དང་ཡང་དུ་བརྟག་པར་བྱ་བ་ཉིད་དོ།།ཇོ་བོ་རྗེས།མང་པོའི་ནང་དུ་ངག་ལ་བརྟག།།གཅིག་པུར་འདུག་ན་སེམས་ལ་བརྟག།།ཅེས་གསུངས་པས་ན་བརྟག་པ་གཉིས་པོ་འདི་ཉིད་ཁོ་ན་ཞེས་ངེས་བཟུང་གི་སྒྲས་ནན་ཏན་མཛད་དེ།དོན་མདོར་བསྡུས་ན་ནི་ཤེས་བཞིན་བསྲུང་བའི་མཚན་ཉིད་ཡིན་པས་གལ་ཆེན་དུ་བྱ་བ་ནི་གནད་དོ།།བསླབ་བྱ་སྤྱི་དང་སྒོས་སུ་སྤྱོད་འཇུག་དང་ཁྱད་པར་བག་ཡོད་དང་ཤེས་བཞིན་གྱི་ལེའུ་འདི་རྣམས་དང་པོ་བླ་མ་ལས་ཉན།དེ་རྗེས་སུ་བསླབ་སྟེ།དེ་ནས་ཉམས་སུ་ལེན་དགོས་མ་གཏོགས་ཁ་ཏོན་བྱས་ན་རང་རྒྱུད་ལ་ཉམས་ལེན་བྱེད་རྒྱུའི་ཕན་པ་མི་འོང་བ་དང་།བག་ཡོད་ཤེས་བཞིན་གྱི་ལེའུའི་ནང་ན་ཡོད་པ་དེ་དག་ཐམས་ཅད་ཀྱིས་གཞུང་འདི་ཉན་ཅིང་བསླབ་སྟེ་འཆད་ཉན་ཀྱང་གཞན་ལ་མ་བཤད་ན་ཡང་ཕན་པ་མེད་པས་རང་གི་ལུས་དང་ངག་ཐམས་ཅད་ཀྱིས་གསུངས་པ་འདི་དག་མ་ལུས་པ་སྤྱད་པར་བྱ་དགོས་ཏེ།ཉམས་སུ་མ་བླང་ན་ནི་ཁ་ཏོན་དང་ཁ་བཤད་བྱས་ཀྱང་ཚིག་ཙམ་བརྗོད་པས་ནི་རང་རྒྱུད་ལ་ཕན་པ་ཅི་ཞིག་འགྲུབ་སྟེ།དཔེར་ན་ནད་པ་ཚབས་ཆེན་ཞིག་གི་མགོ་སྔས་སུ་སྨན་ཡིག་པོ་ཏི་མང་པོ།སྨན་གྱི་དཔྱད་གཏར་བསྲེག་ཕུག་གསུམ་དང་།སྨན་འདི་དང་འདི་ལྟ་བུ་འཐུང་ན་ནད་ལ་ཕན་ཚུལ་ལ་སོགས་པ་འདོན་མཁས་པ་ཞིག་གིས་བཀླགས་བསྡད་པ་ཙམ་གྱིས་ནི་ནད་པ་དེ་དག་གི་ནད་ལ་ཕན་པར་འགྱུར་རམ་སྟེ་མི་ཕན་ནོ།།དེ་བས་སྨན་པ་ཞིག་གིས་སྨན་དཔྱད་ཀྱིས་ནད་བཅོས་ན་ཕན་པ་ལྟར་དུ་བག་ཡོད་ཤེས་བཞིན་གྱི་ནང་ལྟར་རང་རྒྱུད་ལ་ཉམས་སུ་བླངས་ཏེ།རང་རྒྱུད་ཀྱི་ཉོན་མོངས་པའི་ནད་ལ་དམ་པའི་ཆོས་ཀྱི་སྨན་གྱིས་ཕན་པར་བྱ་དགོས་གསུངས་སོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའོ།།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།རང་གི་སྒོ་གསུམ་ལ་བརྟགས་པའི་ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའི་ཟིན་བྲིས་སོ།།གསུམ་པ་བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ་བཤད་པ་ལ་ཡང་གཞུང་དང་།མཚན་གཉིས་ལས།དང་པོ་ལེའུའི་གཞུང་ལའང་།ཁོང་ཁྲོ་སྤང་པ་དང་།བཟོད་པ་སྒོམ་ཚུལ་དང་།སེམས་ཅན་ལ་གུས་པར་བྱ་བ་དངགསུམ་ལས།དང་པོ་ནི།བསྐལ་པ་སྟོང་དུ་བསགས་པ་ཡི།།སོགས་ནས།བྱས་ཅི་ཕན།།ཞེས་པའི་བར་གྱིས་བསྟན།དེ་ཡང་བསྐལ་པ་ལ་ཆགས་གནས་འཇིག་སྟོང་བཞི་ལས།དང་པོ་འོག་གཞི་རླུང་རི་རྡོ་རྗེའི་རྒྱ་གྲམ་ནས་རླུང་རྣམ་པ་དྲུག་གི་བྱེད་ལས་བརྟེན་ནས་ཞི་བ་གསལ་དག་གི་མཚོ་བསྲུབས་པ་ལས་དབང་ཆེན་གསེར་གྱི་ས་གཞི་དང་།དེ་ལས་རི་རྒྱལ་དང་གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པར་མས་ནས་ཡར་ཆགས།བསམ་གཏན་གཉིས་པ་འོད་གསལ་གྱི་ལྷ་གནས་ནས་ལྷ་རྣམས་རིམ་བཞིན་རྒྱ་གར་དུ་ལྷུང་བ་ལ་རྫུ་འཕྲུལ་དང་འོད་དང་ཚེ་དང་བསམ་གཏན་གྱི་ཟས་བཞི་རྫོགས་པར་ལྡན་པ་ལ་བསྐལ་པ་རྫོགས་ལྡན་དང་།དེ་ནས་རིམ་བཞིན་དེ་བཞི་བྲི་བས་གསུམ་ལྡན་གཉིས་ལྡན་རྩོད་ལྡན་ནས་ད་ལྟ་ཚེ་ལོ་བཞི་བཅུ་པ་ནས་བཅུའི་བར་ཡ་ཐོག་རིང་མོ་དང་།དེ་ནས་ཚེ་ལོ་བཅུ་ནས་བརྒྱད་ཁྲིའི་བར་དུ་ཡར་འཕེལ་བ་དང་།བརྒྱད་ཁྲི་ནས་བཅུའི་བར་མར་འགྲིབ་པ་ལ་བར་ཁུག་གཅིག་སྟེ་དེ་འདྲ་བ་བཅོ་བརྒྱད།དེ་ནས་ཚེ་ལོ་བཅུ་པ་ནས་གྲངས་མེད་བར་དུ་འཕེལ་བ་ལ་མ་ཐོག་རིང་མོ་སྟེ་ཆགས་པ་ལ་བར་བསྐལ་ཉི་ཤུ།ཆགས་ནས་གནས་པ་ལ་བར་བསྐལ་ཉི་ཤུ།གནས་ནས་འཇིགས་པ་ལ་བར་བསྐལ་ཉི་ཤུ།ཞིག་ནས་སྟོང་པ་ལ་བར་བསྐལ་ཉི་ཤུ་སྟེ་བསྡོམས་པས་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏེ།བསྐལ་ཆེན་དེ་འདྲ་བའི་བསྐལ་པ་བརྒྱ་སྟོང་དུ་མ་མང་པོ་ལ་ཕྱིན་དྲུག་གི་དགེ་བའི་རྩ་བ་བསགས་པ་དེ་ཡི་ནང་ནས་དམན་པ་ལ་སོགས་པ་ལ་སྦྱིན་པ་བྱས་པ་དང་།སྦྱིན་པ་གཏོང་རུང་བདེ་བར་གཤེགས་པ་ལ་མཆོད་པ་ལ་སོགས་པའི་མཆོད་སྦྱིན་གཉིས་ནི་སྦྱིན་པའི་དགེ་རྩ་བསགས་པ་དང་།ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་གང་ཡིན་པའི་ཚུལ་ཁྲིམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀུན་ཀྱང་།མགལ་དུམ་ཞེས་དབྱུག་པ་ལ་སོགས་པ་ལྟ་བུ་ཞིག་གི་སྟེང་དུ་ཞེ་སྡང་ལང་བ་ལྟ་བུའི་ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་ལྷག་མེད་དུ་འཇོམས་པར་བྱེད་པས་ན།ཁོང་ཁྲོ་ཉེས་དམིགས་ཆེ་བས་སྤང་བ་ལ་བརྩོན་དགོས་སོ།།ཡུལ་བྱང་སེམས་ཀྱི་སྟེང་དུ་ཞེ་སྡང་ལང་ན་ནི་སྦྱིན་ཚུལ་གཉིས་ཀྱི་དགེ་རྩ་མ་ཟད་ཕྱིན་དྲུག་ཡོངས་སུ་རྫོགས་པའི་དགེ་རྩ་འཇོམས་པར་གསུངས་སོ།།ཞེ་སྡང་ལྟ་བུའི་སྡིག་པ་ངན་པ་མེད་དེ་སྡུག་བསྔལ་གྱི་མཆོག་དམྱལ་བའི་རྒྱུ་དང་།དགེ་བ་ཐམས་ཅད་འཇོམས་བྱེད་ཀྱི་དགྲ་ཡིན་ཞིང་ཁོང་ཁྲོ་ངན་པ་དེ་བཟོད་ནུས་པས་ན་བཟོད་པ་དེ་ལྟ་བུའི་ནང་སེམས་ཀྱི་དཀའ་ཐུབ་ནི་ཚུལ་ཁྲིམས་ཀྱི་དཀའ་ཐུབ་ལས་ཁྱད་དུ་འཕགས་པས་ན།བཟོད་པའི་དཀའ་ཐུབ་ལ་འགྲན་ཟླ་མེད་དེ་སྤང་གཉེན་གཉིས་ཀ་མཆོག་ཡིན་པས་དེ་བས་ན།བཟོད་པ་ལ་ནན་ཏན་དུ་གལ་ཆུང་མི་བྱ་བར་གཉེན་པོ་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་བཟོད་པ་བསྒོམ་པར་བྱ་དགོས་སོ།།ཞེ་སྡང་གི་ཟུག་རྔུའི་གཟེར་དྲག་པོ་སེམས་ལ་འཆང་ན་སྐྱོན་ལྔ་ཡོད་དེ།རང་གི་ཡིད་འདིས་ནི་ཁམས་གོང་མའི་ཁོང་ཁྲོ་ཞི་བའི་ཞི་གནས་ཀྱི་སེམས་ཞི་བ་ཉམས་སུ་མི་མྱོང་ཞིང་།ལུས་དགའ་བ་མི་འཐོབ་པ་དང་།སེམས་ལ་བདེ་བ་ལ་སོགས་པའང་མི་འཐོབ་པ་ཡིན་ལ།ཐ་ན་ཞེ་སྡང་གི་སེམས་དེ་མ་ཞིག་གི་བར་གཉིད་ཀྱང་མི་འོང་ཞིང་།སེམས་ཀྱིས་བྱ་བ་གང་ལ་བརྟན་པ་མེད་པས་ལག་ཏུ་ཅི་ཡོད་གཅོག་པ་ལ་སོགས་པར་བྱེད་པར་འགྱུར་རོ།།འཇིག་རྟེན་ན་དཔོན་གང་གིས་གཡོག་དག་ནི་སྡེ་ཐོག་ལྟ་བུར་མངགས་ནས་ཟས་ནོར་ལ་སོགས་པའི་དྲིན་བྱིན་པ་དང་།ཞྭ་ལེན་གདན་འདིང་ལ་སོགས་པ་བཀུར་སྟི་ཡིས་ཀྱང་དྲིན་བྱིན་ནས་གཡོག་དེ་ཉིད་དཔོན་དེ་ལ་བརྟེན་པར་གྱུར་པ་བྱས་ནའང་།དཔོན་དང་གཡོག་པོ་དེ་དག་ཀྱང་ནི་ཞེ་སྡང་དང་ལྡན་པའི་སེམས་ཀྱིས་གཉིས་ཀ་བརླག་སྟེ།གཡོག་པོ་དེས་རྗེ་དཔོན་དེ་ལ་དངོས་སུ་གསོད་པའམ་ཡང་ན་གསོད་པར་རྒོལ་ཞེས་གསོད་གྲབ་བྱེད་ཅིང་།དྲིན་ཅི་ཙམ་ཆེ་ཡང་དེ་ཙམ་དུ་མི་དྲན་པར་འགྱུར་བའི་རྒྱུ་ཞེ་སྡང་ཡིན་པས་ཅི་ནུས་སུ་སྤང་ཐབས་སུ་བརྩོན་དགོས་སོ།།ཁོང་ཁྲོ་ཅན་དེ་ཡིས་བཟང་ཞིང་མཛའ་གཅུགས་ཀྱི་གྲོགས་པོ་དང་ཕ་མ་ཉེ་དུ་ལ་སོགས་པའི་གཉེན་བཤེས་རྣམས་ཀྱང་སྐྱོ་བར་འགྱུར་ཞིང་འགྲོ་གྲོགས་མི་རྙེད་པ་དང་།བླ་མས་གྲྭ་པ་དང་།དཔོན་པོས་གཡོག་པོ་ལ་སོགས་པ་རྣམས་ལ་རྒྱུ་ཟས་ལོངས་སྤྱོད་ལ་སོགས་ཅི་འདོད་བྱིན་ཏེ་སྦྱིན་པས་འཁོར་དུ་བསྡུས་ཀྱང་གུས་པས་བརྟེན་པར་མི་བྱེད་དོ།།མདོར་ན་སེམས་ཁྲོ་བས་ལུས་བདེ་བར་གནས་པ་དེ་ནི་འཇིག་རྟེན་ན་གང་ཟག་འགའ་ཞིག་གཅིག་ཀྱང་དུས་སྐད་ཅིག་ཙམ་ཡང་ཡོད་པ་མ་ཡིན་ཏེ།ཚོགས་གྲལ་སོགས་སུ་སྦྲུལ་ལྟ་བུ་སྒོས་སྡུག་ཁུར་ནས་གཟེར་ཐོམ་མེར་འདུག་པ་དང་།སེམས་ཁོང་ཁྲོ་བའི་དགྲ་ཡིས་གོང་དུ་བཤད་པ་དེ་ལྟ་བུའི་གནོད་པ་བྱེད་པ།ལ་སོགས་པའི་ཁོང་ན་ལན་བྱས་ན་ཁོང་ཁྲོ་འཕེལ་བ་དང་།བརྡུང་བརྡེག་བྱས་ན་དེ་བས་ཐུ་ཞིང་གྱོད་ལ་སོགས་པས་ཆོས་ནོར་གཉིས་ཀ་བརླག་པ་དང་།ཕྱི་མ་དམྱལ་བར་འགྲོ་བའི་སྡུག་བསྔལ་མཐའ་ཡས་པ་དག་ནི་བྱེད་པར་འགྱུར་བས་ན།བྱང་སེམས་གང་ཞིག་གིས་རིག་པ་བསྒྲིམས་ཏེ་བཟོད་པ་བསྒོམ་པས་ཁོང་ཁྲོ་སྐྱེར་མི་འཇུག་པར་འཇོམས་པར་བྱེད་པ་དེ་ནི་ཚེ་འདི་ལ་བདེ་བ་དང་ལྡན་པ་དང་།ཚེ་རབས་གཞན་ཕྱི་མ་དང་མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདེ་བར་འགྱུར་རོ།།ཁོང་ཁྲོ་སྤང་མི་ནུས་པས་ནང་པ་སངས་རྒྱས་པའི་ལུགས་ལ།ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།།ཞེས་གསུངས་པ་རྒྱུ་སྤང་བ་གདམས་ངག་ཡིན་ཏེ།འོ་ན་ཞེ་སྡང་གི་རྒྱུ་གང་ཡིན་སྙམ་ན།འདོད་ཆགས་ཀྱི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་།ཞེ་སྡང་གི་རྒྱུ་ཡིད་མི་བདེ་བ་ཡིན་ལ།ཡིད་མི་བདེ་བ་དེ་ཡང་གང་ལས་བྱུང་སྙམ་ན་འཇིག་རྟེན་ཆོས་བརྒྱད་ལས་བྱུང་སྟེ།སྡུག་བསྔལ་དང་བརྙས་པ་སྟེ་རྙེད་པ་མེད་པ་དང་ཚིག་རྩུབ་ཀྱིས་སྨད་པ་དང་མི་སྙན་པ་དང་བཞི་མི་འདོད་བྱས་པ་ལས་ཡིད་མི་བདེ་བ་དང་།བདེ་བ་དང་རྙེད་པ་དང་བསྟོད་པ་དང་སྙན་པ་སྟེ་བཞི་པོ་འདོད་པ་དེ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པ་དེ་རྣམས་ཀྱི་རྒྱུ་རྐྱེན་གྱིས་ཡིད་མི་བདེ་བའི་ཟས་ཞེ་སྡང་གིས་རྙེད་ནས་ཡང་ཡང་ཡིད་ལ་བསམ་པས་ཞེ་སྡང་བརྟས་ཏེ་ཞེས་རབ་ཏུ་རྒྱས་ནས་གཞན་ཕར་ལ་མི་ཐུབ་པར་ཚུར་ལ་བདག་འཇོམས་པར་བྱེད་པས་ན་རྒྱུ་ཡིད་མི་བདེ་བ་སྤང་དགོས་སོ།།དགེ་རྩ་འཇོམས་པར་བྱེད་པའི་དགྲ་ནི་ཞེ་སྡང་ཁོ་ན་དེ་ལྟ་བུ་ཡིན་པས་ན།དེ་ལྟས་བྱང་སེམས་བདག་གིས་ཞེ་སྡང་གི་དགྲ་བོ་དེའི་ཡིད་མི་བདེ་བའི་ཟས་ནི་དུས་ཀུན་ཏུ་རྣམ་པར་གཞོམ་པར་བྱ་དགོས་ཏེ།དེའི་ཐབས་ནི་ཅི་བྱུང་རུང་སེམས་དགའ་དགོས་ཤིང་དགའ་བའི་རྒྱུ་ནི་བཅོས་རྒྱུ་ཡོད་པ་ལ་མི་སྐྱོན་དང་།བཅོས་རྒྱུ་མེད་པ་ལ་ད་བཟོ་རྒྱུ་མེད་བསམ་དགོས་ཏེ་གདམས་ངག་ཡིན་གསུངས་སོ།།ཞེ་སྡང་ལ་ཟས་ཡིད་མི་བདེ་བ་མི་བྱིན་བར་མུ་གེ་ཁོ་ནས་གསོད་དགོས་པ་ཅི་ཞིག་གིས་ཡིན་སྙམ་ན།འདི་ལྟར་དུ་ཞེ་སྡང་གི་དགྲ་འདིས་ནི་བདག་ལ་མཐོ་རིས་དང་།ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་ཆད་སྣ་ཚོགས་ཀྱིས་གནོད་པ་ཁོ་ན་བྱེད་པ་ལས།ཞེ་སྡང་གི་དགྲ་འདི་ལ་ནི་ལས་གཞན་ཅི་ཡང་བྱེད་རྒྱུ་མེད་པས་ན་མུ་གེ་ལ་གསོད་དགོས་སོ།།ད་ནི་ལས་ཅི་ལ་བབ་ཀྱང་བྱང་སེམས་བདག་གིས་ནི་ཞེ་སྡང་ལ་སོགས་པ་སྤང་བའི་ཕྱིར་དུ་དམ་པའི་ཆོས་སྒྲུབ་དུས་སུ་དཀའ་ཚེགས་ཅི་ལྟ་བུ་བྱུང་བ་ལ་དགའ་བའི་ཡིད་དེ་ནི་མི་དགེ་བས་དཀྲུགས་པར་མི་བྱའོ་ཞེས་དམ་བཅའ་དགོས་སོ།།མི་ཤི་བ་དང་ནོར་བརླག་པ་ལ་སོགས་པའི་བྱ་བ་སྔ་མ་ཉེས་ཚར་བས་སེམས་སྡུག་བསྔལ་ལ་མི་དགའ་བ་བྱས་ཀྱང་།འདོད་པ་ནི་མི་འགྲུབ་པར་མ་ཟད་ད་དུང་དེ་ལས་ཐུ་བའི་དགེ་བ་བསགས་པ་དེ་དག་ཐམས་ཅད་ནི་ཉམས་པར་འགྱུར་བ་ཞེ་སྡང་གིས་བྱེད་པས་ན་ཡིད་མི་བདེ་བ་སྤང་སྟེ་དགའ་བར་བྱེད་དགོས་སོ།།གལ་ཏེ་རྟ་བོར་བ་ལྟ་བུ་ལ་སོགས་པ་ལ་ནི་བཙལ་བའི་ཐབས་ལ་འབད་པས་བཅོས་སུ་ཡོད་པ་ཡིན་ན་ནི་རྟ་བོར་བ་ལྟ་བུ་དེ་ལ་སེམས་མི་དགའ་བར་ཅི་ཞིག་ཡོད་དེ།མི་སྐྱོན་བཙལ་ཆོག་སྙམ་པ་ལྟ་བུའི་ཐབས་ཡོད་པས་སོ།།གལ་ཏེ་རྟ་ཤི་བ་ལྟ་བུ་རྒྱུ་རྐྱེན་གྱིས་བཅོས་སུ་མེད་པ་ཡིན་ན་ནི་རྟ་ཤི་བ་ལྟ་བུ་སོགས་པ་དེ་ལ་ནི་མི་དགའ་བ་བྱས་པས་ཅི་ཞིག་ཕན་ཏེ།ཤི་བ་སོགས་ལ་སློང་རྒྱུ་མེད་པས་ད་བྱ་ཐབས་དང་བྲལ་ཏེ་བཟོ་རྒྱུ་མེད་སྙམ་པའི་བཟོད་པ་བསྒོམ་དགོས་ཏེ།དོན་མི་སྐྱོན་དང་བཟོ་རྒྱུ་མེད་པ་གཉིས་བསམ་པ་ནི་གདམས་ངག་ཡིན་གསུངས་སོ།།གཉིས་པ་བཟོད་པ་བསྒོམ་ཚུལ་ལ།བཟོད་ཡུལ་ངོས་བཟུང་བ་དང་བཟོད་པ་བསྒོམ་པ་དངོས་གཉིས་ལས།དང་པོ་ནི།བདག་གམ་བདག་གི་བཤེས་རྣམས་ལ།སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་།།མི་སྙན་ཞེས་བྱ་མི་འདོད་དེ།།དགྲ་ལ་དེ་ལས་བཟློག་པས་སོ།།ཞེས་པས་བསྟན་ཏེ།བདག་གམ་ཞེས་རང་དང་བདག་གི་བཤེས་ཕ་མ།བླ་མ་ཉེ་འབྲེལ་མཐུན་གྲོགས་ལ་སོགས་པ་རྣམས་ལ།སྡུག་བསྔལ་དང་བརྙས་དང་ཞེས་བརྙས་བཅོས་སམ་རྙེད་པ་མེད་པ་དང་།ཚིག་རྩུབ་ཀྱིས་དངོས་སུ་སྨད་པ་དང་།ལྐོག་ཏུ་མི་སྙན་པ་སྨྲ་བ་ཞེས་བྱ་བ་རྣམས་ནི་མི་འདོད་པ་ཡིན་པས་སྤོང་བར་འདོད་དེ།དགྲ་ལ་ནི་མི་འདོད་པ་བཞི་པོ་དེ་ལས་བཟློག་པས་བདེ་བ་དང་རྙེད་པ་ཡོད་པ་དང་།བསྟོད་པ་དང་སྙན་པ་བཞི་པོ་མི་འདོད་པ་ཡིན་པས་སོ།།དེ་ལ་ནང་གསེས་ཀྱིས་དབྱེ་ན།མི་འདོད་པ་བཅུ་གཉིས་དང་།འདོད་པ་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞི་ཡོད་དེ།དང་པོ་མི་འདོད་པ་བཅུ་གཉིས་ནི།བདག་ལ་སྡུག་བསྔལ་མི་འདོད།བརྙས་པ་སྟེ་རྙེད་པ་མེད་པའམ་བརྙས་བཅོས་བྱེད་པ་མི་འདོད།ཚིག་རྩུབ་ཀྱིས་དངོས་སུ་སྨད་པ་མི་འདོད།ལྐོག་ཏུ་མི་སྙན་པ་བརྗོད་པ་མི་འདོད་པ་དང་བཞི།ཡང་དེ་བཞིན་དུ་བདག་གི་བཤེས་བླ་མ་ཕ་མ་ཉེ་འབྲེལ་སོགས་ལའང་སྡུག་བསྔལ་དང་བརྙས་བཅོས་སམ་རྙེད་པ་མེད་པ་དང་ཚིག་རྩུབ་ཀྱིས་སྨད་པ་དང་།མི་སྙན་པ་དང་བཞི་པོ་མི་འདོད་པ་དང་བརྒྱད་དོ།།དགྲ་ལ་སྡུག་བསྔལ་ལས་བཟློག་པས་བདེ་བ་མི་འདོད།བརྙས་པའམ་རྙེད་པ་མེད་པ་ལས་བཟློག་པས་རྙེད་པ་ཡོད་པ་མི་འདོད།ཚིག་རྩུབ་ཀྱིས་སྨད་པ་ལས་བཟློག་པས་བསྟོད་པ་མི་འདོད།མི་སྙན་པ་ལས་བཟློག་པས་སྙན་པ་མི་འདོད་པ་དང་བཞི་སྟེ་བསྡོམས་པས་མི་འདོད་པ་བཅུ་གཉིས་སོ།།ཡང་འདོད་པ་བཅུ་གཉིས་ནི།བདག་ལ་བདེ་བ་འདོད་པའི་གེགས་བྱེད་པ་དང་།རྙེད་པ་ཡོད་པ་འདོད་པའི་གེགས་བྱེད་པ་དང་།བསྟོད་པ་འདོད་པའི་གེགས་བྱེད་པ་དང་།སྙན་པ་འདོད་པའི་གེགས་བྱེད་པ་དང་བཞི།དེ་བཞིན་དུ་བདག་གི་བཤེས་ལ་བདེ་བ་དང་།རྙེད་པ་ཡོད་པ་དང་།བསྟོད་པ་དང་།སྙན་པ་འདོད་པའི་གེགས་བྱེད་པ་དང་བཞི་སྟེ་བརྒྱད།སྡང་དགྲ་ལ་དེ་རྣམས་ལས་བཟློག་པ་དཔེར་ན་བདེ་བ་ལས་བཟློག་པས་སྡུག་བསྔལ་འདོད་པའི་གེགས་བྱེད་པ་དང་།རྙེད་པ་ལས་བཟློག་པ་རྙེད་པ་མེད་པ་འདོད་པའི་གེགས་བྱེད་པ་དང་།བསྟོད་པ་ལས་བཟློག་པ་སྨད་པ་འདོད་པའི་གེགས་བྱེད་པ་དང་།སྙན་པ་ལས་བཟློག་པ་མི་སྙན་པ་འདོད་པའི་གེགས་བྱེད་པ་དང་བཞི་སྟེ་བསྡོམས་པས་བཅུ་གཉིས་ཡིན་ལ།སྔ་ཕྱི་མི་འདོད་པ་བཅུ་གཉིས་དང་།འདོད་པ་བཅུ་གཉིས་ཏེ་ཐམས་ཅད་བསྡོམས་པས་བཟོད་ཡུལ་ཉི་ཤུ་རྩ་བཞི་ཡིན་ནོ།།དེ་དག་རེ་རེ་བཞིན་ཡང་རྒྱུ་མཚན་དེ་དག་ལས་བྱུང་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་།བྱེད་པོ་གང་ཟག་ལ་མི་ཁྲོ་བ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་།སྟོང་ཉིད་ཟབ་མོའི་དོན་ལ་བློ་འཇོག་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་།གསུམ་གསུམ་གྱིས་བཟོད་པར་བྱས་པའི་ནང་ཚན་བཟོད་པའི་རྣམ་གྲངས་བདུན་ཅུ་རྩ་གཉིས་སམ།ཡང་ན་མི་འདོད་པ་དང་འདོད་པའི་གེགས་འདས་པ་ལ་བྱས་སོ།།ད་ལྟའི་དུས་ལ་བྱེད་དོ།།མ་འོངས་པ་ལ་བྱེད་པར་འགྱུར་རོ་ཞེས་གསུམ་གསུམ་མ་བཟོད་པར་བྱས་པའི་ནང་ཚན་བཟོད་པའི་རྣམ་གྲངས་བདུན་ཅུ་རྩ་གཉིས་ལ་གོམས་པར་བྱ་དགོས་ཞེས་གསུངས་སོ།།གཉིས་པ་བཟོད་པ་བསྒོམ་པ་དངོས་ལ།མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམ་པ་དང་།འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་གཉིས་ལས།དང་པོ་ལ།བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་པ་དང་།བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་།བདག་གི་བཤེས་ལ་མི་འདོད་པ་བྱེད་པ་བཟོད་པ་བསྒོམ་པ་དང་།བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་བསྒོམ་པ་དང་བཞི་ལས།དང་པོ་ལའང་།སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་།ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང་།གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་དང་གསུམ་ལས།དང་པོ་ནི།བདེ་བའི་རྒྱུ་ནི་རེས་འགའ་འབྱུང་།།སོགས་ནས།འཛེམ་ཞིང་བདེ་ལ་དགའ།།ཞེས་པའི་བར་གྱིས་བསྟན་ཏེ།དེ་ལྟར་བཟོད་ཡུལ་འཇིག་རྟེན་ཆོས་བརྒྱད་ངོས་བཟུང་ནས་སྡུག་བསྔལ་དང་དུ་ལེན་ཚུལ་ནི།ཁམས་གསུམ་འཁོར་བའི་ནང་དུ་འདུག་འདོད་ན་སྡུག་བསྔལ་མེད་ཐབས་མེད་པས་དང་དུ་ལེན་དགོས་ཏེ།འཇིག་རྟེན་ན་རྒྱུ་དགེ་བ་བསྒྲུབ་པ་ཉུང་བས་ན་བདེ་བའི་རྒྱུ་ནི་རེས་འགའ་ཙམ་རེ་འབྱུང་བ་མ་གཏོགས་མི་འབྱུང་བ་ནི་བདེ་བ་སྒྲུབ་མི་ཤེས་པ་ཡིན་ལ།སྒྲུབ་མི་དགོས་པར་སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་པོ་ཡོད་ཀྱང་།ལུས་རྟེན་འདིའི་ཐོག་ཏུ་སྡུག་བསྔལ་ཡོང་བ་འདིས་ནི་བཟང་སྟེ་རྒྱུ་སྡུག་བསྔལ་མེད་པར་འབྲས་བུ་ངེས་འབྱུང་མེད་དེ།ལྷ་ལ་སྡུག་བསྔལ་མེད་ཀྱང་མི་ལ་སྡུག་བསྔལ་ཡོད་པས་ངེས་འབྱུང་སྐྱེ་བས་ན།ལྷ་བས་ལྷག་པའི་ལུས་ཀྱིས་ནི་གསུངས་དོན་དེ་ཡིན་པས་སྐྱ་སེར་གྱི་ཤན་འབྱེད།འཁོར་འདས་ཀྱི་མཚམས་དབྱེ་ཆེན་པོ་ནི་ངེས་འབྱུང་ཡིན་པས་ན་འཇིགས་སྐྲག་མི་དགོས་པར་ངེས་འབྱུང་གི་རྒྱུ་སྡུག་བསྔལ་འདི་ཡིན་པ་དེ་བས་ན།སེམས་ཁྱོད་ཀྱིས་བརྟན་པར་མནོས་ཏེ་དང་དུ་ལེན་དགོས་སོ།།སྡུག་བསྔལ་དང་དུ་ལེན་མི་ནུས་སྙམ་ན།ལྷ་ཆེན་དབང་ཕྱུག་ཆེན་པོ་དཀའ་ཐུབ་ལས་བཟློག་ནུས་པའི་ལྷ་མོ་ཨུ་མ་དེ་བ་ལ་དད་ནས་སྦྱིན་སྲེག་གི་མེ་ནང་དུ་མིག་རྣ་བ་སྣ་ལ་སོགས་བཅད་དེ་འཕེན་པ་དང་།ཁ་ཊྭཱཾ་གི་རྩེ་ལ་མཆོང་ནས་གསོད་པ་ལ་སོགས་པའི་ཚོར་བ་སྡུག་བསྔལ་ནི་དོན་མེད་པར་བཟོད་པ་དང་།ཡུལ་ཀརྞ་པའི་མི་རྣམས་ཀྱིས་ཕན་ཚུན་ནང་འཁྲུགས་ཁོ་ནས་གཅིག་ནས་གཅིག་མེ་ནང་དུ་བསྲེགས་པ་དང་།ལུས་ཀྱི་ཡན་ལག་དུམ་བུར་བཅད་པ་དང་གཤགས་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་རྣམས་ནི་དོན་མེད་པ་ལ་བཟོད་པར་བྱེད་འདུག་ན།རང་གཞན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་ཐར་པ་བྱང་ཆུབ་བསྒྲུབ་པ་དེ་ཡི་དོན་དུ་བདག་ཀོ་ཅི་ཕྱིར་སྡར་ཏེ།ཚོགས་ལམ་གྱི་རྣལ་འབྱོར་བདུན་ལ་སོགས་པ་ལ་བརྩོན་དགོས་སོ་སྙམ་པའི་དམ་བཅའ་དགོས་གསུངས།སྦྱིན་པ་ལ་སློབ་ཚེ་ལག་པ་གཡས་པས་གཡོན་པར་བྱིན་ཚུལ་གྱིས་སྦྱིན་པ་ལ་སློབ་ཚུལ་དང་།མིའམ་ཅིའི་བུས་རྡོ་ཆུང་ཆུང་བཏེག་ནས།མཐར་རྡོ་ཆེན་པོ་བྲག་ཕུག་གི་སྒོ་གཅོད་བྱེད་བཏེགས་ནས།བྲག་ཕུག་གི་སྒོ་ཕྱེས་ནས།ཕ་བུ་གཉིས་ཀ་མིའམ་ཅི་མེད་ཤུལ་ནས་བྲོས་ཏེ་ཐར་བའི་གཏམ་རྒྱུད་ལྟར་དུ་བྱ་བ་གང་ལ་ཡང་།གོམས་ན་སླ་བར་མི་འགྱུར་བའི་ཤེས་བྱའི་དངོས་པོ་དེ་ནི་གང་ཡང་ཡོད་པ་མ་ཡིན་པས་ན།བཟོད་པ་ཡང་དང་པོ་ནས་མི་ནུས་པའི་ཡུལ་ཆེ་བ་ལ་བཟོད་མི་ཐུབ་པ་དེ་བས་ན།གནོད་པ་ཆུང་ངུ་ནས་གོམས་པར་བསླབ་པས་མཐར་བརྡུང་བརྡེག་ལ་སོགས་པའི་གནོད་པ་ཆེན་པོ་རྣམས་ཀྱང་བཟོད་པར་བྱོས་ཤིག་ཅེས་བཟོད་པ་ལ་བསྐུལ་བ་ཡིན་ནོ།།དེ་ལྟ་བུའི་བཟོད་པ་ཆུང་ངུ་ནས་བཟོད་ཡུལ་མེད་སྙམ་ན་ཡོད་དེ།སྦྲུལ་དང་ཤ་སྦྲང་དེ་དག་གིས་ཕུག་པ་དང་ནི་བཀྲེས་སྐོམ་ཚ་གྲངས་ལ་སོགས་པའི་ཚོར་བ་སྡུག་བསྔལ་བར་བྱུང་བའི་དུས་སུ་བཟའ་བཏུང་ལྟ་བུ་ཇེ་ཉུང་བྱེད་དགོས་པ་དང་།ནད་གཡན་པ་ཟ་འཕྲུག་དང་ཤིག་དང་ལྗི་བ་ལ་སོགས་པ་དང་བཅས་པ་ཡི་དོན་མེད་པའི་སྡུག་བསྔལ་སྣ་ཚོགས་ཅིས་མ་མཐོང་སྟེ།དེ་ལྟ་བུའི་སྡུག་བསྔལ་མཐོང་དུས་སུ་བཟོད་པ་བསྒོམ་དགོས་ལ།སྣོད་ཀྱིས་གདུང་བ་མེ་དང་ཉི་མ་ལྟ་བུས་ཚ་བ་དང་།གྲང་ངར་གྱི་ལྷག་པས་མནར་བ་དང་།ཆར་པ་དང་རླུང་དང་བགྲོད་དཀའ་བའི་ལ་འཕྲང་ལ་སོགས་པས་གནོད་པ་དང་།བཅུད་ཀྱིས་འཚེ་བ་ནད་སྣ་ཚོགས་དང་།དཔོན་པོ་སོགས་ཀྱིས་ལྕགས་སྒྲོག་ལ་སོགས་པས་འཆིང་བ་དང་བརྡེག་པ་དང་འཕྲོག་པ་དང་སྡུག་བསྔལ་མང་པོས་མནར་བ་ལ་སོགས་པ་ལ།བདག་གིས་བཟེ་རེ་ཞེས་བཟོད་སྲན་ཤའུ་བས་ཆུང་བས་མི་བཟོད་པ་མི་བྱ་སྟེ།བཟོད་སྲན་ཆེ་ན་སྡུག་བསྔལ་ཆེན་པོ་ཡང་བསྲན་ནུས་ལ།བཟོད་སྲན་ཆུང་ན་སྡུག་བསྔལ་ཕྲ་མོ་ཡང་ཤིན་ཏུ་བཟོད་པར་དཀའ་བ་དེ་ལྟར་བྱས་ན་དུས་ཀུན་ཏུ་གནོད་པ་ཐམས་ཅད་འཕེལ་བས་ན་བཟོད་པ་བསྒོམ་དགོས།མི་བཟང་ངན་གྱི་དཔེ་ནི།མི་ལ་ལ་ཞིག་གིས་བདག་གི་ཁྲག་མཐོང་བ་ན་སེམས་ལ་དཔའ་བརྟན་ལྷག་པར་སྐྱེ་བར་འགྱུར་བ་ཡོད་པ་དང་།མི་ལ་ལ་ཞིག་ནི་སེམས་ཅན་གཞན་གྱི་ཁྲག་མཐོང་བ་ན་བོག་ཅིང་ཞེས་སྐྱུག་ཆུས་བྱེད་པ་དང་སེམས་བརྒྱལ་བར་འབྱུང་བ་ཡོད་པ་དང་གཉིས་ལས།དང་པོ་དེ་ནི་སེམས་ཀྱི་ངང་བརྟན་པའི་དཔའ་བོ་ཡིན་པ་དང་།རྗེས་མ་དེ་ནི་སེམས་མི་བརྟན་པས་མི་སྡར་མའི་ཚུལ་གྱི་རང་བཞིན་ལས་གྱུར་པ་ཡིན་པས་རྒྱུ་མཚན་དེ་བས་ན།མི་སྔ་མ་དཔའ་བོ་ལྟར་དུ་གནོད་པ་ཆུང་ངུ་ནས་རིམ་བཞིན་ཁྱད་དུ་བསད་ཅིང་མཐར་སྡུག་བསྔལ་ཆེན་པོ་རྣམས་ཀྱིས་མི་ཚུགས་པར་བྱོས་ཤིག།།བྱང་སེམས་མཁས་པས་ཆོས་ཀྱི་ཕྱིར་དུ་དཀའ་ཚེགས་ངལ་དུབ་ཀྱི་སྡུག་བསྔལ་མང་པོ་བྱུང་ཡང་།སྡུག་བསྔལ་དེས་ནི་དགའ་བའི་སེམས་ཀྱི་རབ་ཏུ་དྭངས་བ་རྙོག་པར་མི་བྱ་སྟེ།སྐྱིད་པའི་དུས་སུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དྲན་ནས་སེམས་ཅན་སྡུག་བསྔལ་བ་འདྲ་བ་བྱེད་པ་དང་།སྡུག་བསྔལ་བ་བྱུང་ཚེ་སངས་རྒྱས་བྱང་སེམས་ཀྱི་རྣམ་ཐར་དང་ཡོན་ཏན་དྲན་ཏེ་སེམས་དགའ་བ་བྱས་པས་སྐྱིད་ཀྱི་མགོ་ནོན་ཅིང་སྡུག་བསྔལ་གྱི་གཉའ་ནོན་ཅིང་།སྡུག་བསྔལ་གྱི་གཉའ་བ་གཅོག་པར་འགྱུར་ཐབས་འདི་དགོས།གདམས་ངག་འདི་ཡིན།གསུངས་སོ།།འཁོར་བའི་གནས་འདིར་འདུག་དུས་སུ་ཐར་ལམ་གྱི་དགྲ་ཉོན་མོངས་པ་རྣམས་དང་གཉེན་པོ་བཟོད་པ་གཉིས་གཡུལ་འགྱེད་པ་ལ་ནི་ཆོས་སྒྲུབ་ཅེས་བྱ་བ་ཁོ་ན་འདི་ཡིན།ཞེས་ཡང་ཡང་གསུངས་པའི་ཞལ་རྒྱུན་ཏེ།དཀོན་མཆོག་གི་རྒྱབ་དཔུང་དང་དམ་ཆོས་ཀྱི་རལ་གྲི་འདི་ཡོད་ཚེ་བྱང་ཆུབ་ཀྱི་དགྲ་ངན་ཉོན་མོངས་འདི་ཐུལ་དགོས་ཤིང་།གལ་ཆེ་སྟེ་ཉོན་མོངས་པའི་དགྲ་དང་གཡུལ་འགྱེད་པའི་ཚེ་ན་གནོད་པ་མང་པོ་ཇི་ལྟར་བྱུང་ཡང་།ད་རེས་ཆོས་སྒྲུབ་དུས་སྡུག་བསྔལ་དང་འཇིགས་སྐྲག།།རྐྱེན་ངན་དང་མི་འདོད་པ་བྱུང་ཚད་དངོས་གྲུབ་ཀྱི་རྟགས་ཡིན་པས།དེ་བས་སྡུག་བསྔལ་དང་དུ་ལེན་དགོས་པས་སྡུག་བསྔལ་བྱུང་བ་ཐམས་ཅད་མཚོ་ལ་ཆར་བཞིན་ཁྱད་དུ་བསད་ནས་སུས་ཀྱང་མ་ཐུབ་པའི་དགྲ་ཞེ་སྡང་ལ་སོགས་པའི་དགྲ་འཇོམས་པར་བྱེད་པ་དེ་དག་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱེད་པ་རྒྱལ་བ་སྲས་བཅས་ལྟ་བུའི་དཔའ་བོ་མཆོག་སྟེ།སྲིད་ཞིའི་ཁམས་ལ་ཡོངས་སུ་གྲགས་པ་ཡིན་ནོ།།ཚེ་འདིར་མི་རྟ་མང་པོ་གསོད་མཁན་རྣམས་ནི་དཔའ་བོ་ཡིན་ནོ་སྙམ་ན།ཉོན་མོངས་དགྲ་ལས་ལྷག་མ་གཞན་ཚེ་འདིའི་དགྲ་ཐམས་ཅད་ནི་མ་བསད་ཀྱང་དོན་མེད་དུ་ཤི་འགྲོ་བས་ན།རོ་ཁོ་ན་ལ་གསོད་པ་པོ་ཡིན་པ་དཔའ་བོའི་གྲལ་དུ་མི་འགྲོའོ།།དེ་ལས་གཞན་ཡང་སྡུག་བསྔལ་བྱུང་བ་ལ་ཡོན་ཏན་ནི་ལྔ་ཡོད་དེ།སྡུག་བསྔལ་གྱིས་སེམས་ལ་སྐྱོ་བ་སྐྱེ་བས་འཁོར་བའི་ཆོས་ལ་མི་དགའ་བ་དང་།དེང་སང་རང་རྒྱུད་ལ་ཡོན་ཏན་སྣ་གཅིག་མེད་ཀྱང་རྐྱེན་ཅུང་ཟད་རེ་མི་ལྕོག་པ་ཡང་སྐྱིད་ཆེ་བ་འདིས་ལན་པ་ཡིན་པས།ང་རྒྱལ་གྱི་སྲོག་ཤིང་ལྟ་བུའི་ཁེངས་སེམས་ཀྱི་དྲེགས་པ་སྡུག་བསྔལ་གྱིས་སེལ་བར་བྱེད་པ་དང་།རང་དང་འདྲ་བའི་སྡུག་བསྔལ་འབྱུང་བའི་འཁོར་བ་པ་རྣམས་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་བ་དང་།སྡུག་བསྔལ་ཅི་ཙམ་བྱུང་བཞིན་དེ་ཙམ་གྱིས་སྡིག་སྒྲིབ་དག་པས་ན་སྡིག་པ་ལ་འཛེམ་ཞིང་མི་བྱེད་པ་དང་།སྡུག་བསྔལ་སྤང་ཐབས་དགེ་བ་ལ་དགའ་བར་བྱེད་པ་དང་ལྔའི་སྒོ་ནས་སྡུག་བསྔལ་བྱུང་ན་དགའ་དགའ་ཡིན་སྙམ་པས་སྡུག་བསྔལ་འདི་དང་ལེན་དགོས་སོ།།གཉིས་པ་ཆོས་ལ་ངན་སེམས་ཀྱི་བཟོད་པ་ནི།མཁྲིས་པ་ལ་སོགས་སྡུག་བསྔལ་གྱི།།སོགས་ནས།བདེ་བར་མནོས།།ཞེས་པའི་བར་གྱིས་བསྟན།དེ་ཡང་དང་པོ་ཁོང་ཁྲོ་བྱུང་བ་ཅི་ལས་ཡིན་སྙམ་དུ་བརྟག་དགོས་ཏེ།ནད་མཁྲིས་པ་དང་བད་ཀན་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་འབྱུང་གནས་ཆེ་བ་སེམས་མེད་པ་རྣམས་ཀྱིས་ནད་དང་སྡུག་བསྔལ་བསྐྱེད་པ་ཐམས་ཅད་ལ་མི་ཁྲོ་བར་སེམས་ཡོད་གཞན་སེམས་ཅན་རྣམས་ཀྱིས་གནོད་པ་བྱས་པ་དེ་ལ།ཅི་སྟེ་ཞེས་ཅིའི་དོན་དུ་ཁྲོ་སྟེ་ཁྲོ་མི་རིགས་སོ།།དེ་ལྟ་བུའི་ཁྲོ་བ་འདི་གང་ལས་བྱུང་བ་ལ་འདི་ལྟར་བརྟགས་དགོས་ཏེ།དཔེར་ན་རྡོ་རྦབ་ཞིག་གིས་ལུས་ལ་ཕོག་ན་མི་ཁྲོ་བར་མི་ཞིག་གིས་རྡོ་འཕངས་པས་ཕོག་པ་ལ་ཁྲོ་བ་འདི་ཇི་ཡིན་སྙམ་ན་ཡང་།འདི་བསམ་སྟེ།མི་འདིས་བསམ་བཟུང་སྟེ་བདག་ལ་རྡོས་བརྒྱབ་པོ་སྙམ་ཚེ།མི་འདིའི་བསམ་པ་ནི་གཞན་རྒྱུད་ཀྱི་གང་ཟག་ལ་བདག་ཏུ་འཛིན་པ་དང་།བསམ་བཟུང་སྟེ་བདག་ལ་རྡོས་བརྡེག་གོ་སྙམ་པ་རང་རྒྱུད་ཀྱི་རུ་ཏྲ་གང་ཟག་གི་བདག་འཛིན་འདི་ངོས་འཛིན་དགོས་སོ།།ནད་ཀྱིས་ན་བའམ་རྡོ་རྦབ་ཀྱིས་ཕོགས་པ་སོགས་ཕྱིའི་རྐྱེན་གྱིས་བསྐུལ་བ་དང་།གཞན་གྱི་རྡོ་རྒྱབ་པ་ལ་སོགས་པ་ནི་ནང་གི་རྐྱེན་གྱིས་བསྐུལ་བ་ལ་ཁག་མེད་དེ།སེམས་ཡོད་སེམས་མེད་དེ་དག་གཉིས་པོ་ཀུན་ཀྱང་ཕྱི་དང་ནང་གི་རྐྱེན་གྱིས་བསྐུལ་བ་ལ་བཟོད་པ་བསྒོམ་དགོས་ཏེ།སློབ་དཔོན་ཆེན་པོ་བཻ་རོ་ཙྭཱ་ནས།རྐྱེན་བསྐུལ་དགྲ་ལ་བཟོད་པ་བསྒོམ་པ།།གསུངས་པ་ལྟར་དུ།དཔེར་ན་སེམས་ལ་མི་འདོད་བཞིན་དུ་ཡང་མཁྲིས་པ་ལ་སོགས་པའི་ནད་འདི་འབྱུང་བར་འགྱུར་བ་ལྟར་དུ།དཔེ་དེ་བཞིན་དུ་སེམས་ལ་མ་འདོད་བཞིན་དུ་ཡང་ནས་ཡང་དུ་ནན་ཏན་གྱིས་ཉོན་མོངས་པའི་དགྲ་འདི་རང་རྒྱུད་ལ་སྐྱེ་ཞིང་འབྱུང་བར་འགྱུར་བ་ནི་དང་པོ་ནས་ཞེ་སྡང་ལང་བ་མིན་ཀྱང་གློ་བུར་བྱུང་བ་ཡིན་པས་ཁག་མེད་བསམ་དགོས་སོ།།དང་པོ་ཉིད་ནས་སེམས་ཅན་རྣམས་ཁྲོ་བར་བྱའོ་ཞེས་སེམས་ལ་མ་བསམས་ཀྱང་།སོ་སོའི་སྐྱེ་བོ་རྣམས་ནི་གྱི་ནར་ཞེས་དོན་མེད་དུ་ཁྲོ་བར་འགྱུར་ལ།ཁོང་ཁྲོ་འདི་བདག་གི་རྒྱུད་ལ་བསྐྱེད་པར་བྱའོ་ཞེས་རང་གིས་མ་བསམས་ཀྱང་ཁོང་ཁྲོ་བ་ནི་སྐྱེ་བོ་རྣམས་དོན་མེད་ལ་ཁྲོ་བ་དེ་བཞིན་དུ་རང་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན་ནོ།།གཞན་དཔོན་པོ་ལ་སོགས་པ་རྣམས་ཀྱིས་རང་ལ་བརྡུང་བརྡེག་ལ་སོགས་པའི་ཉེས་པ་ཇི་སྙེད་པ་ཐམས་ཅད་བྱས་པ་དང་།བདག་གིས་ཀྱང་སྲོག་གཅོད་ལ་སོགས་པའི་རྩ་བཞི་ཆང་དང་ཕྱི་དྲོའི་ཁ་ཟས་ལྟ་བུའི་བཅས་པ་དང་།རང་བཞིན་གྱི་སྡིག་པ་རྣམ་པ་སྣ་ཚོགས་པ་མང་པོ་བྱས་པ་དེ་དག་ཀུན་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་གྱི་གཞན་དབང་གི་སྟོབས་ལས་བྱུང་བ་ཡིན་པས་རང་གཞན་ཐམས་ཅད་ལ་ལན་ཁག་མེད་པ་དང་།རྩ་བ་ཕན་ཚུན་ལ་གནོད་པ་བྱེད་མཁན་དངོས་ནི་ཁོང་ཁྲོ་ཡིན་པར་ཤེས་དགོས་ཏེ།མདོར་ན་བདག་དང་གཞན་དང་ཁོང་ཁྲོ་ལ་སོགས་པ་ཀུན་ལ་རང་དབང་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་འདི་ནང་པ་སངས་རྒྱས་པའི་ལུགས་བཟང་ཡང་དག་པ་ཡིན་ཚུལ་ཤེས་དགོས་པ་ཡིན་ནོ།།རྒྱུ་རྐྱེན་རྟེན་འབྲེལ་གྱིས་གཞན་དབང་ཅན་མ་གཏོགས་རང་ལ་རང་དབང་མེད་པ་འདི་ནང་པ་སངས་རྒྱས་པའི་ལུགས་དང་།གཞན་རྐྱེན་ལ་ལྟོས་མི་དགོས་པར་རྟག་གཅིག་རང་དབང་ཅན་ཡིན་ཟེར་བ་འདི་ཕྱི་རོལ་པའི་ལུགས་ཡིན་པ་འདི་གཉིས་ཀྱི་ཁྱད་པར་ཤེས་དགོས་པ་གལ་ཆེ་ཆེ།ཞེས་ཡང་ཡང་གསུངས་སོ།།འོ་ན་རྐྱེན་ལ་རང་དབང་ཡོད་དོ་སྙམ་ན།རྡོ་དང་དབྱུག་པ་ལ་སོགས་པའི་རྐྱེན་རྣམས་ཚོགས་ཡོད་པ་དེ་དག་ཀུན་གྱིས་ཀྱང་མི་འདིའི་རྒྱུད་ལ་ཁོང་ཁྲོ་དང་གནོད་པ་འདི་རྣམས་བསྐྱེད་པར་བྱ་དགོས་སོ་ཞེས་སེམས་པ་མེད་དེ།རྐྱེན་ཚོགས་པས་བསམས་མི་ཤེས་སོ།།རྡོ་དབྱུག་པ་ལ་སོགས་པའི་རྐྱེན་དེས་བསྐྱེད་པའི་ཁོང་ཁྲོ་དེ་ལ་ཡང་ཞེ་སྡང་བདག་རྐྱེན་རྡོ་དབྱུག་ལ་སོགས་པས་བསྐྱེད་པ་ཡིན།ཅེས་སེམས་པ་ཡོད་པ་མ་ཡིན་ཞེས་པ་ནི་ཞེ་སྡང་གིས་དེ་ལྟར་བསམ་མི་ཤེས་ངེས་པ་ཅན་ཡིན་ནོ།།དེ་ལྟར་རྐྱེན་དང་ཁོང་ཁྲོ་བསམ་མི་ཤེས་པ་ཅི་ཡིན་སྙམ་ན།རང་དབང་མེད་པའི་རྟགས་ཡིན་ནོ།།ཞེས་ནང་པ་སངས་རྒྱས་པས་གསུངས་ལ།ཕྱི་རོལ་པས་རང་དབང་ཡོད་དེ།གཙོ་བོ་དང་བདག་གཉིས་ལ་རང་དབང་ཅན་ཡིན་པར་འདོད་དེ།འོ་ན་གཙོ་བོ་དང་བདག་གཉིས་ཇི་ལྟ་བུ་ཞིག་ཡིན་སྙམ་ན།ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།གཙོ་བོ་དེ་ཡང་མཚན་ཉིད་ལྔ་ལྡན་ཏེ།བེམ་པོ་ཡིན་པ།རྟག་པ་ཡིན་པ།གཅིག་པུ་ཡིན་པ།འགྲོ་བའི་བྱེད་པ་པོ་ཡིན་པ།མི་སྣང་བ་ཡིན་པས་ལྐོག་ཏུ་གྱུར་པའོ།།དེ་ཡང་བེམ་པོའི་དོན་ནི།ཤེས་པ་མེད་པ་དེ།གཟུགས་ཅན་དུ་ཡོད་པར་ཡང་མི་འདོད་པས་སུས་ཀྱང་མི་མཐོང་བར་སྟོན་ཏོ།།རྟག་པ་ནི་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་གནས་པའོ།།གཅིག་པུ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་གཙོ་བོ་གཅིག་ཁོ་ན་ལས་མེད་པའོ།།འགྲོ་བའི་བྱེད་པ་པོ་ནི་སྣོད་བཅུད་ཐམས་ཅད་གཙོ་བོ་ལས་བྱུང་བའོ།།མི་སྣང་བ་ནི་སེར་སྐྱ་ལ་སོགས་བསམ་གཏན་གྱི་མིག་ཐོབ་པ་ལས་གཞན་གྱིས་མི་མཐོང་བའོ།།བསམ་གཏན་གྱི་མིག་གིས་ནི་རྟག་པ་གཅིག་པུར་གནས་པ་དེ་མཐོང་ཡང་།སེར་སྐྱ་ལ་སོགས་པ་དེ་དག་གིའང་ཆུ་བུར་གྱི་མིག་གིས་བལྟར་མེད་པས་ཐམས་ཅད་ཀྱིས་མི་མཐོང་བ་ཞེས་བྱའོ།།ཞེས་པ་ལྟར་གཙོ་བོ་དེ་ལྟར་མཚན་ཉིད་ལྔ་ལྡན་བདེ་སྡུག་བཏང་སྙོམས་གསུམ་འདྲེས་པའམ་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་ཆེ་ཆུང་དང་མང་ཉུང་མེད་པར་མཉམ་པའི་དུས་ན་གཙོ་བོ་ཡིན་ལ།མི་མཉམ་པའི་དུས་ན་ནི་འགྲོ་བ་ཡིན་པ་དེ་ལྟ་བུའི་རང་དབང་ཅན་གྱི་སྣོད་བཅུད་གྱི་བྱེད་པ་པོ་རྟག་ལ།རྣམ་འགྱུར་རྫུན་པ་མི་རྟག་པ་དེ་ལྟ་བུ་ཞིག་ཡིན་པར་འདོད་དོ།།དེ་བཞིན་དུ་བདག་ཀྱང་ཆོས་ལྔ་ལྡན་ཞིག་ཡོད་པར་འདོད།ཆོས་ལྔ་ལྡན་ནི།ཤེས་པ་ཡིན་པ།རྟག་པ་ཡིན་པ།གཅིག་པུ་ཡིན་པ།བྱེད་པ་པོ་ཡིན་པ།ཟ་བ་པོ་ཡིན་པར་འདོད་དེ།དེ་ལ་ཤེས་པ་ཡིན་ཏེ།ཡུལ་རིག་པའི་ཕྱིར་རོ།།རྟག་པ་ཡིན་ཏེ་དུས་གསུམ་དུ་མི་འགྱུར་བའི་ཕྱིར།དེ་ཡང་རང་བཞིན་མི་འགྱུར་ལ།གནས་སྐབས་རྐྱེན་གྱིས་བདེ་བ་ལ་སོགས་པར་འགྱུར་བར་འདོད་དོ།།གཅིག་པུ་ཡིན་ཏེ།སེམས་ཅན་རེ་རེ་ལ་ཤེས་རིག་གཅིག་ལས་མེད་པའི་ཕྱིར་རོ།།དེ་རེ་རེས་ཀྱང་ཐམས་ཅད་ལ་ཁྱབ་པས་འགྲོ་འོང་མེད་པའོ།།བྱེད་པ་པོ་མ་ཡིན་ཏེ།གང་དུའང་མི་བྱེད་པའི་ཕྱིར་ཏེ།སྣང་སྲིད་ཀུན་གཙོ་བོས་བྱེད་པའི་ཕྱིར་རོ།།ཟ་བ་པོ་ཡིན་ཏེ།གཙོ་བོས་སྤྲུལ་པའི་རྣམ་འགྱུར་ལ་ལོངས་སྤྱོད་པའི་ཕྱིར་རོ།།གོ་བདེར་ངོ་སྤྲོད་ན།གཟུགས་ལྟ་བུ་མཐོང་དུས་གསལ་ལ་མ་འགག་པའི་ཤེས་པ་ཡེ་རེ་སོང་ངེ་ཡུལ་ཐོག་ན་མི་རྟོག་པར་རང་གནས་སུ་ནང་དུ་ཤར་བ་དེ་ལ་བདག་ཅེས་ཟེར་བས།དེ་ལ་གོམས་པ་དག་གྲོལ་བར་འདོད་པ་ཡིན་ནོ།།ཞེས་མཛོད་འགྲེལ་ལས་གསུངས་པ་ལྟར་རྟག་པ་གཅིག་པུ་རང་དབང་ཅན་གྱི་བདག་ཉིད་ཡོད་པར་འདོད་དོ།།ནང་པ་སངས་རྒྱས་པའི་དབུ་མ་པས་ཕྱི་རོལ་པའི་གཙོ་བོ་དང་བདག་གཉིས་ཐུན་མོང་དུ་བཀག་པ་ནི་ཁྱེད་ཕྱི་རོལ་པས་གཙོ་བོ་ཞེས་བྱ་བར་སྣོད་བཅུད་ཀྱི་བྱེད་པོ་གང་ཞིག་འདོད་པ་དེ་དང་།བདག་ཅེས་མེད་པ་ལ་ཡོད་པར་བརྟགས་པ་གང་ཡིན་པ་གཞན་སུས་ཀྱང་མ་བསྐྱེད་པའི་གཙོ་བོ་དང་།བདག་དེ་ཉིད་ཀྱི་གཙོ་བདག་རང་ཉིད་ནི་འབྱུང་བར་བྱའོ་ཞེས་ཆེད་དུ་བསམས་ཤིང་།རང་གིས་རང་ཉིད་བསྐྱེད་ཅིང་འབྱུང་བ་མེད་དེ།དཔེར་ན་འཇིག་རྟེན་དུ་ཡུངས་རྡོག་ལས་ཡུངས་རྡོག་མི་སྐྱེ་བ་དང་།བུ་རང་གིས་རང་ཉིད་བསྐྱེད་མི་སྲིད་པར་ཕས་བསྐྱེད་དགོས་པ་བཞིན་ནོ་ཞེས་གཙོ་བདག་ཐུན་མོང་དུ་བཀག་གོ།།དེ་ནས་གཙོ་བོ་དགག་པ་ནི།ཁྱེད་ཕྱི་རོལ་པས་གཙོ་བོ་ཞེས་པ་དེ་སྐྱེ་དགོས་སམ་མི་དགོས།ཞེས་དྲིས་པ་ན།སྐྱེ་དགོས་ཟེར།འོ་ན་བདག་ལས་སྐྱེ་མི་སྲིད་དེ་གོང་དུ་བཀག་ཟིན་ལ།གཞན་ལས་སྐྱེས་ན་ངེད་ནང་པ་སངས་རྒྱས་པའི་ལུགས་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱི་གཞན་དབང་ཅན་དུ་འགྱུར་བས་ན།དོན་ལ་གཙོ་བོ་དེ་ཉིད་བདག་གཞན་གཉིས་ཀ་ལས་མ་སྐྱེས་པར་ནི་གཙོ་བོ་དེ་མེད་ན།དེའི་ཚེ་གཙོ་བོའི་ཀློང་དུ་གཞན་སྣོད་བཅུད་ལ་སོགས་པ་སྐྱེ་བར་འདོད་པ་གང་ཞིག་ཡིན་ཏེ།མེད་དོ་ཞེས་གཙོ་བོ་སྐྱེ་མེད་དུ་གཏན་ལ་ཕབ་བོ།།ཡང་ཕྱི་རོལ་གྲངས་ཅན་པ་ལ་སོགས་པས་བདག་ཤེས་པ་རྟག་པ།རྒྱུ་དགེ་སྡིག་གི་བྱེད་པ་པོ་དང་།འབྲས་བུ་བདེ་སྡུག་མྱོང་བ་པོ།ཚེ་འདི་ནས་ཕྱི་མར་འགྲོ་བ་པོའི་བདག་རྟག་པ་གཅིག་པུ་རང་དབང་ཅན་ཞིག་ཡོད་དོ་ཞེ་ན།དབུ་མས་ལན་ནི།བདག་ཤེས་པ་རྟག་པ་ཞིག་ཡིན་ན་ཡུལ་ལ་སོགས་པ་གཅིག་འཛིན་པ་ལ་དུས་རྟག་ཏུ་གཡེང་བར་འགྱུར་བས་ན་འགག་པར་འགྱུར་བའང་མ་ཡིན་ནོ།།ཞེས་བདག་རྟག་པ་ཡིན་པ་དང་།ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་པ་གཉིས་ནི་དངོས་འགལ་ཡིན་པས།འང་གི་སྒྲས་ཤེས་པ་འགགས་ཏེ་མི་རྟག་པ་ཡིན་པར་བསྟན་ཏོ།།ཡང་མུ་སྟེགས་རིག་པ་ཅན་དང་བྱེ་བྲག་པ་སོགས་ཀྱིས་ཤེས་པ་ཡང་མ་ཡིན་གཟུགས་ཅན་ཡང་མ་ཡིན་པས་བདག་བེམ་པོ་རྟག་པ་ཞིག་ཡོད་དོ་ཞེས་འདོད་པ་དེ་ལ།དབུ་མ་པས་ཅི་སྟེ་ཞེས་གལ་སྲིད་བདག་བེམ་པོ་དེ་རྟག་པ་ཞིག་ཡིན་ན་ནི་དཔེ་ནམ་མཁའ་བཞིན་དུ་རྐྱེན་གྱིས་བྱ་བ་བྱེད་པ་མེད་པར་མངོན་ནོ།།དེ་ཡང་ཁྱེད་མུ་སྟེགས་པའི་བདག་བེམ་པོ་རྟག་པ་དེ་ཉིད་སེམས་པ་ལ་སོགས་པའི་རྐྱེན་གཞན་མི་རྟག་པ་དང་ལྡན་དུས་ཡུལ་ལ་བྱ་བ་བྱེད་པ་ཡིན་ནམ།ཡང་ན་རྐྱེན་དང་ལྡན་རུང་སྔར་ལྟར་སྔོན་བཞིན་དུ་ཡིན་ནམ།ཞེས་དྲི་བ་གཉིས་བྱས་པས།དྲི་བ་དང་པོ་ལྟར་ཡིན་ཟེར་ན།དབུ་མ་པས།རྐྱེན་རྣམས་གཞན་སེམས་པ་ལ་སོགས་པའི་མི་རྟག་པ་དང་ཕྲད་པར་གྱུར་ན་ཡང་བདག་འགྱུར་བ་གཏན་ནས་མེད་པའི་རྟག་པ་དེ་ལ་ཅི་ཞིག་བྱར་ཡོད་དེ།མེད་ངེས་པ་ཅན་ནོ།།དྲི་བ་གཉིས་པ་ལྟར་བདག་འགྱུར་བ་མེད་པ་ཡིན་ཟེར་ན།དབུ་མས།བདག་རྟག་པ་དེ་ཉིད་ལ་རྐྱེན་གྱིས་བྱ་བ་བྱེད་པའི་ཚེ་ན་ཡང་བདག་རྟག་པ་སྔོན་བཞིན་དུ་འགྱུར་བ་མེད་ན།རྐྱེན་མི་རྟག་པ་བྱེད་པས་བདག་རྟག་པ་དེ་ལ་བྱ་བ་ཅི་ཞིག་བྱས་ཏེ།ཅི་ཡང་མ་བྱས་སོ།།སྡོང་པོ་གཅོད་པ་དང་།སྣམ་བུ་འཐག་པ་སོགས་ལ་ནི་བྱ་བྱེད་ཀྱི་འབྲེལ་པ་སྟོན་རྒྱུ་ཡོད་ཀྱང་།བདག་རྟག་པ་དེ་ལ་ནི་རྐྱེན་མི་རྟག་པ་དེ་ཡི་བྱ་བ་བྱེད་བཞིན་པ་འདི་ཡིན་ནོ་ཞེས་བྱ་བྱེད་ཀྱིས་འཕེལ་བར་འགྱུར་བ་གང་ཞིག་ཡོད་དེ།མེད་པ་དེ་ལྟར་ན་ཕྱི་མ་ཕྱི་མའི་འབྲས་བུ་ཐམས་ཅད་སྔ་མ་སྔ་མའི་རྒྱུ་ལས་རིམ་པ་བཞིན་དུ་བྱུང་བས་ན།འདུས་བྱས་ཀྱི་དངོས་པོ་འདི་དག་ཐམས་ཅད་ནི་གཞན་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ཁོ་ན་ལས་བྱུང་བ་མ་གཏོགས་རང་དབང་གང་ཡང་མེད་པའི་ཕྱིར་ན།རྒྱུ་རྐྱེན་རྟེན་འབྲེལ་དེ་ཡི་དབང་གིས་འབྲས་བུ་དེ་ལ་ནི་རང་དབང་མེད་པ་དེ་ལྟར་དུ་ཤེས་ནས་སྤྲུལ་པ་ལྟ་བུའི་འདུས་བྱས་ཀྱི་དངོས་པོ་ཀུན་ལ་ཁོང་ཁྲོ་བར་མི་འགྱུར་བའི་ཐབས་ལ་བརྩོན་དགོས་སོ།།འོ་ན་གཉེན་པོ་བཟོད་པ་ལ་སོགས་པ་དང་སྤང་བྱ་ཁོང་ཁྲོ་ལ་སོགས་པ་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ན།བྱང་ཆུབ་སེམས་དཔའ་གཉེན་པོ་རང་དབང་མེད་པ་བཟོད་པ་སྤྲུལ་པ་ལྟ་བུ་གང་གིས་ཁོང་ཁྲོ་སྤྲུལ་པ་ལྟ་བུ་གང་ཞིག་བཟློག་པར་བྱ་སྟེ།སྤྲུལ་པས་སྤྲུལ་པ་བཟློག་པ་དེའང་རིགས་པ་མིན་ནོ་ཞེ་ན།དོན་དམ་པར་ན་བཟློག་བྱ་བཟློག་བྱེད་མེད་པས་བདེན་ཀྱང་ཞེས་འདོད་ལན་བཏབ་སྟེ།ཀུན་རྫོབ་ཏུ་ཆོས་ཀུན་གྱི་རང་བཞིན་མེད་པ་ཤེས་ན་བཟློག་ལ་མ་ཤེས་མི་བཟློག་པས་ན།བྱང་སེམས་ཀྱི་བཟོད་པ་སྤྲུལ་པ་ལྟ་བུ་དེ་ལ་བསྟེན་ནས་བདག་འཛིན་དང་བདག་འཛིན་དེས་བསྐྱེད་པའི་འཁོར་བའི་སྡུག་བསྔལ་རྣམས་ནི་རྒྱུན་ཆད་པར་འགྱུར་བར་འདོད་པ་མི་རིགས་པ་མེད་དོ།།ཆོས་ཐམས་ཅད་ལ་རང་དབང་མེད་པ་དེ་བས་ན་སྡང་བའི་དགྲ་ཞིག་གིས་བདག་ལ་མི་རིགས་པས་གནོད་པ་བྱེད་པའམ་དེ་མིན་བྱམས་ཤིང་ཡིད་དུ་འོང་བའི་མཛའ་བོ་གང་ཡང་རུང་སྟེ།བདག་ལ་གནོད་པ་མི་རིགས་པ་བྱེད་པ་མཐོང་བར་གྱུར་ན།ཆོས་ཐམས་ཅད་གཞན་དབང་ཅན་མ་གཏོགས་པར་རང་དབང་མེད་པ་འདི་འདྲ་བའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་གཞན་དབང་ལས་གྱུར་ཏོ་ཞེས་གོང་དུ་བཤད་པ་དེ་ལྟར་དུ་ཐམས་ཅད་ལ་ཁག་མེད་སེམས་ཏེ་བདེ་བར་མནོས་ཏེ་དང་དུ་ལོངས་ཤིག་ཅེས་གསུངས་སོ།།གསུམ་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་ནི།གལ་ཏེ་རང་དགས་འགྲུབ་འགྱུར་ན།།སོགས་ནས།ཞིག་པར་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ཡང་ཆོས་ཐམས་ཅད་རྒྱུ་རྐྱེན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར་ན།གལ་ཏེ་རང་གི་དགའ་བས་འགྲུབ་པར་འགྱུར་ན་ཞེས་པ་ནི་བསམ་བཞིན་དུ་འགྲུབ་རྒྱུ་མེད་པ་མ་གཏོགས་ཡོད་ན་དང་།སེམས་ཅན་འགའ་སུ་ཡང་སེམས་ལ་སྡུག་བསྔལ་མི་འདོད་པས་ན།ལུས་ཅན་སེམས་ཅན་དེ་དག་ནི་ཐམས་ཅད་ཀུན་ཀྱང་སུ་དང་སུ་ལའང་སྡུག་བསྔལ་འབྱུང་བར་མི་འགྱུར་པ་ཞིག་ཡིན་དགོས་ན་ཡང་།དབང་མེད་དུ་སྡུག་བསྔལ་འབྱུང་བ་ནི་ཁག་མེད་དེ།དགྲ་ལ་རང་དབང་མེད་པས་མི་འདོད་བཞིན་དུ་རང་ལ་སྡུག་བསྔལ་བབ་པ་ལྟར་དུ་འབྱུང་བ་ནི་བསམ་བཞིན་དུ་འགྲུབ་རྒྱུ་མེད་པའི་རྟགས་ཡིན་ནོ།།གནོད་བྱེད་ཀྱི་དགྲ་འདི་རྣམས་བག་མེད་པས་ནི་བདག་རང་ཉིད་ལའང་བདག་རང་ཉིད་ཀྱི་ཚེར་མ་དང་མཚོན་ཆ་ལ་སོགས་པས་གནོད་པ་བྱེད་ན།དེ་བཞིན་དུ་བདག་ལ་དགྲས་གནོད་པ་ལོས་བྱེད་སྙམ་ནས་བཟོད་པ་སྒོམ་དགོས་སོ།།བུད་མེད་དང་རྒྱུ་ཟས་ལོངས་སྤྱོད་ལ་སོགས་པ་ཡིད་ལ་བསམ་ནས་ཐོབ་པར་བྱ་བའི་ཕྱིར་དུ་རྔམ་ཞིང་ཞེས་ཨེ་སྙེད་སྙམ་པའི་དབང་གིས་བདག་རང་ལ་ཟས་གཅོད་པ་ལ་སོགས་པ་བྱེད་པའང་རང་དབང་མེད་པ་ཡིན་ལ།དེ་བཞིན་དུ་མི་ཁ་ཅིག་འགག་པར་བྱེད་ཅིང་།ཁ་ཅིག་གཡང་སར་མཆོང་བ་དང་།ཁ་ཅིག་གིས་དུག་ཟ་བ་དང་།ཁ་ཅིག་གིས་ཟས་སྔ་མ་མ་ཞུ་གོང་དུ་རྗེས་མ་མི་འཕྲོད་བཞིན་དུ་ཟ་བ་དང་།གཞན་དམྱལ་བ་ལ་སོགས་པར་བདག་སུས་ཀྱང་འཕེན་པ་པོ་མེད་ཀྱང་བསོད་ནམས་མ་ཡིན་པ་མི་དགེ་བ་ལ་སྤྱོད་པ་དེ་ཡིས་རང་ལ་དམྱལ་བ་ངན་སོང་གི་གནས་སུ་གནོད་པ་བྱེད་པ་ཡོད་པ་དེ་ཡང་རང་དབང་མེད་པ་ཡིན་པས་གནོད་བྱེད་ལ་བཟོད་པ་སྒོམ་དགོས་སོ།།རང་ཁ་གནོད་པ་བྱེད་པ་གང་གི་ཚེ་ན་དགྲ་དེ་དག་གི་སེམས་ཉོན་མོངས་པའི་དབང་དུ་གྱུར་པས་འཇིག་རྟེན་འདི་ན་བདག་སྡུག་ཅིང་ཡིད་དུ་འོང་བ་གཅེས་པ་རང་སྲོག་ཉིད་ཀྱང་བཅད་དེ་གསོད་པར་བྱེད་པ་དེའི་ཚེ་ན།དགྲ་དེ་དག་གིས་བདག་ལ་སོགས་སེམས་ཅན་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཅི་ལྟར་དུ་འགྱུར་ཏེ།བདག་རང་ཉིད་གསོད་ན་གཞན་ལ་གནོད་པ་ལོས་བྱེད་སྙམ་པས་བཟོད་པ་བསྒོམ་དགོས་ཤིང་དགྲ་ཉོན་མོངས་པ་འདི་སྤང་དགོས་སོ།།གནོད་བྱེད་ཀྱི་དགྲ་དེའི་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་གོང་དུ་བཤད་པ་དེ་ལྟ་བུར་བདག་གསོད་པ་ལ་སོགས་པ་ལ་ཞུགས་པ།དབང་མེད་པའི་དགྲ་དེ་ལ་བྱང་སེམས་ཡིན་ན་སྙིང་རྗེ་ཞིག་བརྒྱ་ལ་གལ་སྲིད་མ་སྐྱེས་ན་ཡང་།ད་དུང་དགྲ་དེ་ལ་ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག།།ཅེས་པ་ནི་ཅི་ཟེར་ཆགས་ཡིན་ཞེས་པའི་དོན་ནོ།།ཡང་དགྲ་འདི་རྣམས་ཀྱིས་གཞན་ལ་གནོད་པ་བྱེད་པ་འདི་སེམས་ཅན་གྱི་རང་བཞིན་ཡིན་ནམ་ཡང་ན་སྐྱོན་གློ་བུར་བ་ཡིན་ཞེས་སམ།དང་པོ་ལྟར་ན་གལ་ཏེ་སེམས་ཅན་གཞན་ལ་འཚེ་བར་བྱེད་པ་འདི་སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱི་རང་བཞིན་ཡིན་པ་ནི་དགྲ་དེ་ལ་ཁྲོ་བར་མི་རིགས་པ་ཡིན་ཏེ།དཔེར་ན།ཚ་ཞིང་སྲེག་པའི་རང་བཞིན་ཅན་གྱི་མེ་ནང་དུ་རང་གི་ལག་པ་བཅུག་སྟེ་སྲེག་འོང་ཚེ་མེ་བཀོན་ཞེས་མེ་ལ་ཁྲོས་པ་དང་འདྲ་བས་ན།རང་བྱིས་པ་གནོད་པའི་རང་བཞིན་ཅན་དང་མ་འགྲོགས།གལ་སྲིད་འགྲོགས་ན་མ་ཁྲོ་ཞེས་པའི་དོན་ཡིན་གསུངས་སོ།།གཉིས་པ་ལྟར་ན།འོན་ཏེ་ཞེས་པ་ཡང་སྐྱོན་ཁོང་ཁྲོ་འདི་ནི་གློ་བུར་བ་དུད་པ་འཐུལ་བ་ལྟ་བུ་ཡིན་ལ།སེམས་ཅན་གྱི་རང་བཞིན་ནམ་གཤིས་ལུགས་འདི་ནི་དེས་པ་ཞེས་འཇམ་པོ་ནམ་མཁའ་ལྟ་བུ་ཞིག་ཡིན་ནའང་།འོ་ནའང་ཞེས་དེས་ན་ཡང་དང་ཁྲོ་བར་མི་རིགས་པ་ཡིན་ཏེ།དཔེར་ན་ནམ་མཁའ་ལ་དུད་པ་འཐུལ་བའི་ཚེ་ན་སྣ་ཚང་བྱེད་དུད་པ་ལ་བཀོན་པ་ཞེས་མི་ཁྲོ་བར་སེམས་ཅན་རང་བཞིན་དེས་པ་འཇམ་པོ་ནམ་མཁའ་ལ་ཁྲོས་པ་བཞིན་ཡིན་པས་ན།སྐྱོན་ཁོང་ཁྲོ་ལ་ཁྲོ་དགོས་མ་གཏོགས་དགྲ་སེམས་ཅན་ལ་ཁྲོ་མི་ཉན་ཞེས་པའི་དོན་ཡིན་གསུངས་སོ།།གང་ལྟར་ཡང་དགྲ་འདིས་ནི་དབྱུག་པ་དང་རྡོ་མཚོན་ལ་སོགས་པ་དངོས་སུ་བཀོལ་ཏེ་ཞེས་པ་ནི་འཕངས་ནས་བདག་གི་མགོ་ལུས་ལ་བརྒྱབ་པས་སྐྲང་ཞིང་ན་བས།གལ་ཏེ་འཕེན་པར་བྱེད་པ་པོའི་དགྲ་ལ་ཁྲོ་བར་བྱེད་དོ་སྙམ་ན།དེས་ན་མི་འཕེན་པ་པོ་ལ་ཁག་མེད་པས་རྡོ་དབྱུག་ལ་སོགས་པ་དེ་ཡང་དགྲ་དེའི་རྒྱུད་ཀྱི་ཞེ་སྡང་གིས་བདག་ལ་རྦད་པ་ཞེས་འཕངས་པ་ཡིན་པས་གཅིག་ཏུ་ན་ཁྲོ་བར་མི་རིགས་ཤིང་།གལ་སྲིད་ན་རྡོ་དབྱུག་སོགས་ལ་ཁྲོས་ན་རིགས་ལ་གཉིས་སུ་ན་རང་གཞན་གྱི་རྒྱུད་ཀྱི་ཞེ་སྡང་ལ་ཁྲོ་བར་རིགས་ཤིང་།དགྲ་ཁོང་ཁྲོ་སྤོང་ཐབས་དང་གནོད་བྱེད་ལ་བཟོད་པ་བསྒོམ་དགོས་སོ།།ཕ་རོལ་དགྲ་དེས་བདག་ལ་གནོད་པ་བྱེད་དོན་གྱི་ཕུག་ཐག་བཅད་ན།ལས་ངན་བདག་གིས་སྔོན་ཆད་ཀྱི་ཚེ་རབས་མང་པོའི་དུས་སུ་ཕ་མ་སེམས་ཅན་ཐམས་ཅད་ལ་བསད་པས་ཚེ་ཐུང་བ་དང་།བརྡུངས་པས་ནད་མང་བ་དང་།ཕྲོགས་པས་དབུལ་བ་ལ་སོགས་པ་འདི་འདྲ་བ་ཡི་གནོད་པ་སྣ་ཚོགས་བྱས་པའི་འབྲས་བུ་དུས་སུ་སྨིན་པ་ཡིན་ཏེ།མདོ་ལས།ཅི་འདྲ་བ་ཡི་ལས་བསགས་པ།།དེ་འདྲ་བ་ཡི་འབྲས་བུ་འབྱུང་།།ཞེས་གསུངས་པ་ལྟར་ཡིན་པ་དེ་བས་ན།ཕ་མ་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པ་ངན་པ་བདག་ལ་བརྡུང་བརྡེག་ཕྲོག་བཅོམ་ལ་སོགས་པའི་གནོད་པ་འདི་རྣམས་འབྱུང་བར་རིགས་སོ་སྙམ་པས་བཟོད་དགོས་སོ།།བདག་ལ་བརྡུང་བརྡེག་སོགས་བྱས་པས་ལུས་འདིར་ནད་ཀྱིས་གཟིར་བ་མི་བཟོད་དོ་སྙམ་ན།རྐྱེན་དེ་དགྲ་དེ་ཡི་མཚོན་གྱིས་བསྣུན་པ་དང་རྒྱུ་བདག་གི་ལུས་གཉིས་ཀ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པ་ལ་འདྲ་བ་ཡིན་ཏེ།དགྲ་དེས་ནི་མཚོན་ཕྱུང་བ་དང་བདག་གི་ནི་ལུས་ཕྱུངས་ཏེ་བདག་དང་དགྲ་གཉིས་ཀས་སྡུག་བསྔལ་འདི་ཟས་ཕྱུང་རྒྱུ་ཕྱུང་ལྟ་བུས་བསྒྲུབས་པ་ཡིན་ན།དགྲ་གང་ཞིག་ལ་ནི་བདག་ཁྲོ་བར་བྱ་སྟེ་ཁྲོ་བར་མི་རིགས་ཏེ།རང་བྱས་རང་ལ་སྨིན་དུས་ལེ་ལན་ཐམས་ཅད་རང་ལ་བརྡ་དགོས་སྙམ་པས་བཟོད་དགོས་སོ།།ད་དུང་དེ་ལས་ཀྱང་བདག་འཛིན་ངན་པ་ཁྱོད་ཀྱིས་འཛིན་མི་རིགས་པ་ལུས་ངན་མ་འདི་ཉིད་བདག་ཏུ་བཟུང་བས་ཉེས་ཏེ།ལུས་འདི་ཉིད་ཀྱི་རྒྱུ་ཕ་མའི་ཁུ་ཁྲག་སྨིན་པ་ལས་གྲུབ་པའི་ཤུ་བ་ཞེས་རྨའི་རྨ་ལྤགས་སྐམ་པ་ལྟ་བུ།དབྱིབས་མི་ཡི་གཟུགས་འདྲ་བ།བཞིན་ལག་གི་རྣམ་པ་ཅན་དང་།ས་ཆུ་མེ་རླུང་མཚོན་དང་ཚེར་མ་ལ་སོགས་པས་རེག་རྒྱུ་མི་བཟོད་ཅིང་།ཚ་གྲང་བཀྲེས་སྐོམ།དཀའ་ཚེགས་ངལ་དུབ་ལ་སོགས་པའི་སྡུག་བསྔལ་ཅན་གྱི་འབྱུང་ཁུངས།གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་འདོད་པའི་ཡུལ་གང་ཡང་རུང་བ་ཐམས་ཅད་ལ་སྲེད་ཅིང་མི་དགོས་པ་ཅི་ཡང་མེད་པ་སྲེད་པའི་རང་བཞིན་ཅན་ཡིན་ཀྱང་རང་མགོ་མི་ཐོན་པས་ལྡོངས་བ་ཞེས་སེམས་ངན་མས་ལོང་ཁྲིད་བྱེད་དགོས་པས་ལོང་བ་དང་།བཟའ་བཏུང་ཅི་ཙམ་གྱིས་ཀྱང་དགང་དཀའ་བ།ཅི་ཙམ་དུ་ཞིམ་ཟས་མངར་ཆུས་བཀངས་ཀྱང་དེ་ཙམ་གྱིས་ཟག་ཏུ་འགྲོ་ཞིང་།སེམས་དང་འབྲལ་ཞིང་ཤུལ་དུ་ལུས་པས་ན་ལུས་ངན་མ་འདི་ལྟ་བུ་ཞིག་བདག་གིས་བཟུང་བ་ལ་ཉེས་པ་དང་གནོད་པ་ཐམས་ཅད་ཀྱིས་སྡུག་བསྔལ་བར་གྱུར་པ་ཡིན་ན།དེ་ལྟ་བུའི་ཉེས་པ་བརྒྱ་ཕྲག་གི་འབྱུང་གནས་ལུས་དེ་ལ་གནོད་པ་སྣ་ཚོགས་བྱུང་བ་ཡིན་ཚེ་གཞན་དགྲ་སུ་ཞིག་ལ་ཁྲོ་སྟེ་ཁྲོ་མི་རིགས་ཤིང་།དེ་བས་ལུས་འདི་ལས་ངན་གྱིས་བསྐྱེད་པས་ཚེ་སྔོན་ལས་ངན་ལ་བཤགས་པ་དགོས་སོ་ཞེས་གསུངས་རྒྱུན་ནི་འཁྲུལ་མེད་ལགས་སོ།།སོ་སོའི་སྐྱེ་བོ་བྱིས་པ་ཐམས་ཅད་ཀྱིས་འབྲས་བུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་རྣམས་ནི་མི་འདོད་པ་ཡིན་ཅིང་།སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་ལ་བརྐམ་ཞིང་ཆགས་པས་ན་སྒྲ་དང་བྲག་ཆ་བཞིན་དུ་ཕན་ཚུན་འཛོམས་ནས་རང་གི་མི་དགེ་བའི་ཉེས་པས་རང་ལ་གནོད་པར་གྱུར་པ་ཡིན་ན་གཞན་ཕ་རོལ་གྱི་དགྲ་དབང་མེད་དེ་ལ་བཀྱོན་དུ་ཞེས་ཁྲོ་རྒྱུ་ཅི་ཞིག་ཡོད་དེ་མེད་པ་དེའི་ཕྱིར་དུ་སྔོན་གྱི་ལས་ངན་ལ་བཤགས་པ་དགོས་ཤིང་གལ་ཆེའོ།།དགྲ་འདི་ལས་ལས་བྱུང་བའི་རྟགས་ནི་དཔེར་ན་དམྱལ་བའི་སྲུང་མ་བྱ་དང་ཁྱི་ལ་སོགས་པ་རྣམས་དང་།རལ་གྲི་ལོ་མའི་ནགས་ཚལ་དང་ཤལ་མ་རིའི་སྡོང་པོ་དང་།ལྕགས་སྲེགས་ཀྱི་ས་གཞི་ལ་སོགས་པ་ཐམས་ཅད་མི་དགེ་བ་ཆགས་སྡང་ལ་སོགས་པའི་ལས་ཀྱིས་བསྐྱེད་པ་ཡིན་པ་ལྟར་དུ།དེ་བཞིན་དུ་རང་གི་ཚེ་སྔོན་མི་དགེ་བའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ལས་ཀྱིས་ད་ལྟའི་གནོད་བྱེད་ཀྱི་དགྲ་འདི་བསྐྱེད་པ་ཡིན་ན།རང་གི་གྲིབ་མ་ལ་རང་སྐྲག་པ་ལྟར་ཕ་རོལ་གྱི་དགྲ་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་ཁྲོ་མི་རིགས་པས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་ངས་ཉེས།ང་རང་ལན།ང་ཡིན་སྙམ་པས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན་ཞིང་།གྱོང་དང་བུབས་ཁ་རང་གིས་ལེན་པ་འདི་གདམས་ངག་ཡིན་གསུངས་སོ།།བདག་གི་ལུས་ངན་ཐོབ་པ་འདི་འདུག་མི་ནུས་པར་སྔོན་གྱི་ལས་ངན་བསགས་པ་རྣམས་ཀྱིས་དགྲ་ཀུན་བསྐུལ་བར་བྱས་ནས་ལས་ངན་བདག་ལ་ལོག་ལྟ་དང་འབར་ཤ་སྐུར་འདེབས་སྒྲོ་འདོགས་མ་ཉེས་ཁ་ཡོགས་བྱེད་མཁན་གྱི་གནོད་བྱེད་རྣམས་འབྱུང་སྟེ།བདག་ལ་གནོད་པ་བྱས་པས་བདག་གི་བུ་ལོན་ལན་ཆགས་བྱང་རུང་།བདག་རྡུང་ཕྲོགས་བསད་པ་ལ་སོགས་པ་བྱས་པའི་ལས་ངན་པ་དེས་ནི་ཕ་རོལ་དགྲ་དེ་ཉིད་སེམས་ཅན་དམྱལ་བར་འདོང་ཤིང་འགྲོ་ན་བདག་གིས་དགྲ་དེ་དག་མ་བརླག་གམ་སྟེ་བརླག་གོ།།དགྲ་འདི་དག་རྣམས་ལ་ནི་རྟེན་བཅས་ནས་རང་གིས་བཟོད་པ་བསྒོམས་པས་བདག་གི་བསྐལ་པ་མང་པོའི་སྡིག་པ་མང་དུ་འབྱང་ཞིང་དག་པས་ན།དགྲ་འདི་བདག་ལ་བཀའ་དྲིན་ཆེ་ཞིང་།བདག་ལ་བརྟེན་ནས་དགྲ་དེ་དག་གིས་ནི་ལས་ངན་བསགས་པས་བསྐལ་པ་ཡུན་རིང་པོའི་བར་དུ་སྡུག་བསྔལ་བའི་དམྱལ་བར་འདོང་ཞིང་འགྲོ་བར་འགྱུར་ན།བདག་ནི་དགྲ་དེ་ལ་དམྱལ་བར་འཕེན་པར་བྱེད་པའི་གནོད་བྱེད་ཡིན་ལ།དགྲ་དེ་དག་གིས་ནི་བདག་ལ་གནོད་པ་བྱས་པས་གནས་སྐབས་སུ་སྡིག་སྒྲིབ་དག་ཅིང་མཐར་ཐུག་རྒྱལ་བའི་མཚན་དཔེས་བརྒྱན་པའི་གཟུགས་སྐུ་འགྲུབ་པའི་ཕན་འདོགས་པར་བྱེད་པ་པོ་ཡིན་ན།ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་རྒྱུ་མཚན་ཅི་ཡི་ཕྱིར་དུ་རྒྱུད་ལས་སུ་མ་རུང་པའི་སེམས་ངན་མ་ཁྱོད་ཅིའི་དོན་དུ་ཁྲོ་བར་བྱེད།དེ་བས་སྤྱོད་ལམ་ཀུན་ཏུ་བདག་ལ་དགྲ་ཡོད་པ་དེ་ལ་བརྟེན་ནས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག་བསམ་པས་བཟོད་པ་བསྒོམ་དགོས་སོ།།དེ་ནས་བྱང་ཆུབ་སེམས་དཔས་ལག་ལེན་འདེབས་རྒྱུ་དངོས་ནི།གལ་ཏེ་བདག་ལ་བསམ་པ་ཡི་ཡོན་ཏན་བྱང་ཆུབ་སེམས་དཔའི་བཟོད་པ་ཡོད་ན།དགྲ་དེ་དག་རང་ལ་བརྟེན་ནས་ལས་ཀྱང་བསགས་ཀྱང་དགྲ་རྣམས་དམྱལ་བར་མི་འགྲོ་བའི་ཐབས་ཐོན་དགོས་ལ།དེ་ཡང་མུ་བཞིས་བརྟགས་ན་བདག་བསྲུངས་ལ་གཞན་མི་བསྲུང་པ་ནི་ཉན་རང་གི་བཟོད་པ་དང་།གཞན་བསྲུངས་ལ་བདག་མི་བསྲུང་བ་བྱང་སེམས་ཀྱི་བཟོད་པ་མཆོག་དང་།བདག་གཞན་གཉིས་ཀ་བསྲུངས་བ་ནི་བྱང་སེམས་ཀྱི་བཟོད་པ་འབྲིང་པོ་དང་།བདག་གཞན་གཉིས་ཀ་མི་བསྲུང་བ་ནི་སྐྱེ་བོ་ཐ་མལ་པ་སྟེ་མུ་བཞི་ཡོད་པ་ལས།གལ་ཏེ་དགྲ་ངན་སོང་གི་གནས་གང་དུ་སོང་ཡང་སོང་སྙམ་པས་བདག་གིས་བདག་རང་ཉིད་ངན་སོང་ལ་མི་འགྲོ་བའི་ཐབས་བྱས་ཏེ་བསྲུང་བསྡད་ན་དགྲ་དེ་དག་ལ་འདིར་ཕན་པ་ཅི་ཞིག་བྱུང་སྟེ་མི་ཕན་པ་ནི་ཉན་རང་གི་བཟོད་པ་ཡིན་ནོ།།འོན་ཏེ་ཞེས་པ་ཡང་ན་ཚུར་ལ་གནོད་པ་བྱས་པའི་ལན་དུ་ཕར་ལ་གནོད་པ་བྱས་ན་བདག་གཞན་དེ་དག་གཉིས་ཀ་བསྲུངས་བར་མ་གྱུར་པ་ཡིན་ལ།མེ་འབར་བ་ལ་ཤིང་བསྣན་པ་ལྟར་དུ་དགྲ་ལ་ལན་བྱས་ན་བདག་གི་བྱང་ཆུབ་སྤྱོད་པ་མ་ལུས་པ་ཉམས་པར་འགྱུར་བ་དེས་ན།བྱང་སེམས་ཀྱི་བཟོད་པའི་དཀའ་ཐུབ་ཞིག་པར་འགྱུར་བ་ལ་བསམས་ནས་བཟོད་པ་སྒོམ་དགོས་ཏེ།མདོ་ལས།བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།།མྱ་ངན་འདས་པ་མཆོག་ཅེས་རྒྱལ་བས་གསུངས།།རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་།།གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།།ཞེས་གསུངས་པས་ན་བཟོད་དགོས་སོ།།དེ་ཡན་ཆད་ཀྱིས་བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་ཚུལ་གསུམ་སོང་ནས།གཉིས་པ་བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་སྒོམ་ཚུལ་ནི།ཡིད་ནི་ལུས་ཅན་མ་ཡིན་པས།།སུས་ཀྱང་གང་དུའང་གཞོམ་མི་ནུས།།སོགས་ནས།ཅིས་མི་བཟོད།།ཅེས་པའི་བར་གྱིས་བསྟན།དེ་ལྟར་བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་ནས།དེ་ནས་བདག་བརྙས་སོགས་བྱེད་པ་དེ་ཡང་བདག་གི་ཡིད་འདི་ནི་ལུས་ཅན་ཉིད་དུ་མ་ཡིན་ཞིང་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པས་སེམས་ལ་དངོས་པོ་ཡོད་ཀྱང་གཟུགས་མེད་ཡིན་པས་དགྲ་སེམས་ཅན་སུས་ཀྱང་རིགས་དྲུག་གི་གནས་གང་དུའང་གཞོམ་སྟེ་མེད་པར་བྱེད་མི་ནུས་ཀྱང་།གནོད་པ་ཐམས་ཅད་ཀྱི་འབྱུང་གནས་ལུས་འདི་ལ་ནི་སེམས་མངོན་པར་ཞེན་ཅིང་ཆགས་པས་ན་ལུས་འདི་ཉིད་ནི་སྡུག་བསྔལ་ཐམས་ཅད་དག་གིས་གནོད་པ་བྱེད་ཡུལ་ཡིན་པ་ཤེས་དགོས་སོ།།བརྙས་བཅོས་དང་དངོས་སུ་ཚིག་རྩུབ་སྨྲ་བ་དང་ལྐོག་ཏུ་དམ་ཉམས་དང་།སྡོམ་ཤོར་དང་རྐུན་མ་ལ་སོགས་པའི་མི་སྙན་པ་སྨྲ་བ་དེ་ཡི་ཚིག་སྣ་ཚོགས་བརྗོད་པའི་ཚིག་དེ་ཡིས་ལུས་འདི་ལ་གནོད་པར་མི་འགྱུར་བ་ཡིན་ན་སེམས་ཁྱོད་གཏིང་ནས་འཁྲུགས་ཏེ་ཅིའི་ཕྱིར་ན་རབ་ཏུ་ཁྲོ་བར་བྱེད་དེ།དེ་བས་རྙེད་བཀུར་སྙན་གྲགས་འདོད་པ་སྤངས་དགོས་སོ།།ཚིག་གིས་མ་གནོད་རུང་གཞན་གྱིས་སྐྱོན་ཅན་རེད་སྙམ་ནས་བདག་ལ་མི་དགའ་བར་འགྱུར་རོ་ཟེར་ན།ལན་ནི་དགྲ་ལ་སོགས་པའི་སེམས་ཅན་གཞན་དག་ཐམས་ཅད་བདག་ལ་མི་དགའ་བ་དེས་ནི་ཚེ་འདི་ལའང་བདག་ལ་ཟ་བར་མི་བྱེད་པའམ་ཚེ་རབས་གཞན་དང་གཞན་རྣམས་ཀུན་ལ་བདག་ལ་ཟ་བར་མི་བྱེད་པ་ཡིན་ན།བདག་གིས་ནི་རྒྱུ་མཚན་ཅིའི་ཕྱིར་ན་གཞན་མི་དགའ་བ་དེ་ནི་མི་འདོད་དེ་འདོད་དགོས་སོ།།གཞན་དག་མི་དགའ་བ་དེས་ནི་བདག་གི་རྙེད་པའི་བར་ཆད་བྱེད་པའི་ཕྱིར་ན་གཞན་རྣམས་གལ་ཏེ་བདག་ལ་མི་དགའ་བ་ལ་སོགས་པའི་སྐྱོན་འདི་བདག་གིས་མི་འདོད་དོ་སྙམ་ན།བདག་གི་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་ཡོད་ཚད་ནི་དོན་མེད་ཀྱི་གྲྭ་པ་ལ་སོགས་པས་ཟོས་ནས་མི་གཙང་བར་སོང་བའམ།ཡང་ན་ཚེ་འདིར་ཤུལ་དུ་འདོར་ཞིང་མེད་པར་འགྱུར་བ་ཡིན་གྱི་རྙེད་པའི་དོན་དུ་བསགས་པའི་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་སྡིག་པ་མང་པོ་དག་གི་ཉེས་པ་རང་རྒྱུད་ལ་ཆགས་ཤིང་ཀུན་གཞི་ལ་བག་ཆགས་བརྟན་པར་གནས་ཏེ་དམྱལ་བའི་རྒྱུ་བསྒྲུབས་ཟིན་པ་ཡིན་ནོ།།རྙེད་པས་གསོན་པོར་བྱེད་པའི་ཐབས་སུ་འགྱུར་རོ་སྙམ་ན།ལན་ནི་བདག་ནི་དེ་དག་གི་ཉི་མ་ཉིད་དུ་ཤི་ན་ཡང་ཤི།ལོག་འཚོས་དུས་ཡུན་རིང་པོ་ཉིད་དུ་གསོན་པར་ནི་མི་རུང་སྟེ།ལོག་འཚོས་ཡུན་རིང་དུ་གནས་པ་འདམས་པ་ལས་ལོག་འཚོ་མེད་དེ་ཤི་བ་འདམས་དགོས་གསུངས་སོ།།མ་ཤི་བས་བདག་དགའ་འོ་སྙམ་ན།ལན་ནི་མི་འཆི་བའི་ཐབས་ལོག་འཚོས་མི་འགྲུབ་པས་ན་བདག་རང་དང་བདག་ལྟ་བུའི་སེམས་ཅན་གཞན་རྣམས་ཡུན་རིང་པོའི་དུས་སུ་གནས་པར་གྱུར་ཀྱང་འཆི་བའི་སྡུག་བསྔལ་ནི་ལོག་འཚོ་དེ་ཉིད་ཡིན་ཏེ།དཔེར་ན་མི་ཞིག་གི་རྨི་ལམ་ལ་ལོ་བརྒྱར་བདེ་བ་རྒྱ་ཆེན་མྱོང་ནས་གཉིད་སད་པར་གྱུར་པ་གང་ཡིན་པ་དེ་དང་།ཡང་མི་གཞན་ཞིག་གིས་གཉིད་ཐུན་གཅིག་གིས་ཡུན་ཙམ་དུ་བདེ་བ་དཔག་མེད་མྱོང་བ་རྨིས་ནས་སད་པར་གྱུར་པ་གང་ཡིན་པ་སྟེ།སད་པ་རིང་ཐུང་དེ་དག་གཉིས་ཀ་ལའང་རྨི་ལམ་གྱི་བདེ་བ་དེ་གཉིས་ནི་ཕྱིར་ལ་འོང་རྒྱུ་མེད་པ་དེ་བཞིན་དུ་ཚེ་རིང་པོར་བདེ་བ་རྒྱ་ཆེན་མྱོང་བ་དང་།ཚེ་ཐུང་ངུ་ལོ་རེ་ཙམ་ལ་བདེ་བ་མྱོང་བ་དེ་གཉིས་ཀ་ཡང་འཆི་བའི་དུས་ལ་བབ་པ་ན་རྨི་ལམ་གྱི་བདེ་བ་མྱོང་བ་སད་པའི་ཚེ་ན་ཅི་ཡང་མེད་པ་དེ་འདྲ་བར་ཟད་དེ།ཚེ་འདིར་བདེ་སྐྱིད་བྱུང་ཚད་འཆི་ཁར་སྡུག་བསྔལ་གྱི་རྒྱུ་རུ་འགྲོ་བས་ཞེན་པ་ལྡོག་ཅིང་རྙེད་བཀུར་མི་འདོད་པ་ལ་བསླབ་དགོས་སོ།།རྙེད་བཀུར་ཇི་ཙམ་ཡོད་ཀྱང་འཆི་ཁར་རྨི་ལམ་ལྟ་བུར་ཇི་ལྟར་ཡིན་སྙམ་ན།ཚེ་འདིར་གྲྭ་འཁོར་དང་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་མང་པོ་རང་ལ་ཐོབ་པར་གྱུར་ཏེ།ཡུན་རིང་པོའི་དུས་སུ་བདེ་བ་ལ་ལོངས་སྤྱོད་ནས་བསྡད་ཀྱང་།འཆི་དུས་རྙེད་བཀུར་ལ་སོགས་པས་མཁོ་མེད་དོན་མེད་ཡིན་བསམ་དགོས་ཤིང་།བློ་ལྷག་མེད་པ་ཞིག་ཅི་ནས་ཀྱང་གལ་ཆེ་ཆེ་མ་གཏོགས་གདུགས་ཞབས་ཀྱི་བླ་མ།དབང་བསྒྱུར་གྱི་རྒྱལ་པོ།ཁྲི་ཐོག་གི་དཔོན་པོ།རྒྱལ་ཁམས་ཀྱི་བྱ་བཏང་།རི་ཁྲོད་ཀྱི་ཆོས་པ།དབྱུག་ཐོགས་ཀྱི་སྤྲང་པོ།འགྲོ་དྲུག་གི་སེམས་ཅན་ལ་སོགས་པ་ཐམས་ཅད་ཀྱིས་ཅི་ཡོད་ཤུལ་དུ་བསྐྱུར་ཏེ་འགྲོ་དགོས་པ་འདི་ལ་བསམ་ཚེ།དཔེར་ན་ཚོང་པ་ཕ་ཡུལ་དུ་སླེབས་ཁར་དགྲ་ཇག་ཆོམ་པོས་ཕྲོགས་པ་ཇི་ལྟ་བ་བཞིན་དུ་གྲྭ་འཁོར་ཚོགས་སྟོང་གི་བདག་པོའི་བླ་མ་ཞིག་ཡིན་ཀྱང་གྲྭ་པ་གཅིག་ཙམ་ཡང་ཁྲིད་དབང་མེད་པ་དང་།སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཡིན་ཀྱང་ཕྱག་གཡོག་གཅིག་ཙམ་ཡང་ཁྲིད་དབང་མེད་པ་དང་།ལྷོ་འཛམ་བུའི་གླིང་གི་རྒྱུ་ཟས་ལོངས་སྤྱོད་ཀྱི་བདག་པོ་ལྟ་བུའི་ཕྱུག་པོ་ཞིག་ཡིན་ཀྱང་དར་འཇག་མ་ཞིག་དང་ཁབ་སྐུད་ཅིག་ཙམ་ཡང་ཁྱེར་དབང་མེད་པ་སྒྲེན་མོ་ཞེས་པ་ནི་གཅེར་བུ་ཡིན་པས་རྒྱུ་ཟས་མེད་པས་ལག་པ་སྟོང་པར་འགྲོ་སྟེ་ཞེས་དོན་ལ་གཅེར་བུའམ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་བ་འདི་ལ་བསམས་ཏེ།དེ་བས་མུ་གེས་ཤི་ནའང་བཟོད་རྒྱུ་དང་བྱེད་རྒྱུ་མེད་བསམ་དགོས་ཤིང་།རང་ལ་ཚེ་ཕྱི་མར་རྣམ་སྨིན་ཡང་བའི་ཐབས་དགོས་སོ།།མདོར་ན་མཐོ་དམན་དྲག་ཞན་ཕྱུག་དབུལ་ཐམས་ཅད་ལ་འོང་ངེས་པ་ནི།སྒྲེན་མོ་ལག་པ་སྟོང་པར་འགྲོ།།ཞེས་གསུངས་པའི་ཚིག་གཅིག་པོ་འདི་ལན་དྲུག་རེའམ་དགུ་རེ་གསུངས་མཛད་གནང་བ་ཡིན་པས་གསུང་སྲོལ་ལྟར་བྲིས་པ་ཡིན་ནོ།།ཡང་འདི་ལྟར་བསམ་སྟེ།གལ་ཏེ་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པས་བདག་གསོན་པར་གྱུར་ན་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་བྱེད་ཀྱི་ཐབས་དང་།ཕྱིན་ཆད་དུ་མཚམས་ཕྱག་བསྐོར་རྟེན་བཞེངས་ལ་སོགས་པའི་བསོད་ནམས་རྒྱ་ཆེན་པོ་བྱ་བར་བསམ་མོ་ཞེ་ན།ལན་ནི།རྙེད་པ་བཙལ་བའི་དོན་དུ་གྲྭ་འཁོར་ལ་སོགས་པ་ལ་ཁྲོས་པར་གྱུར་པའི་ཚེ་ན་བསྐལ་པ་སྟོང་དུ་བསགས་པའི་བསོད་ནམས་ཐམས་ཅད་ནི་ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་ཟད་དེ་འཁོར་བའི་སྡིག་པ་མང་པོ་འཕེལ་བར་མི་འགྱུར་རམ་སྟེ་སྡིག་པ་འཕེལ་བར་འགྱུར་བས་རྙེད་པ་ལ་སེམས་ཐོག་ནས་ཞེན་པ་ཆོད་དགོས་སོ།།དགེ་སྦྱོར་གང་གི་དོན་དུ་བདག་གསོན་དགོས་པ་ཡིན་པ་ལ།དགེ་སྦྱོར་དེ་ཉིད་གལ་ཏེ་ཁོང་ཁྲོས་ཉམས་པར་གྱུར་ན་སྡིག་པ་འབའ་ཞིག་བྱེད་པའི་ལུས་རྟེན་ཐོབ་པ་དེ་ཡི་ཚེ་ན།གསོན་པ་དེས་དོན་ཅི་ཞིག་བྱ་སྟེ།ཡོད་པ་ཆེད་དུ་མི་སྤང་།མེད་པ་ཆེད་དུ་མི་བཙལ།ཚུར་བྱུང་ན་ལེན་ཅིང་།ཕར་རྙེད་ཚོལ་ལ་མི་འགྲོ་བར་མུ་གེས་འཆི་ནུས་ཐབས་དང་།ཁྱད་པར་བསམ་ངན་ཁོང་ཁྲོའི་སྡིག་སེམས་ངན་པ་མ་སྐྱེས་གོང་དུ་དགེ་སེམས་འདིའི་སྟེང་དུ་ཤི་བའི་སྨོན་ལམ་འདེབས་དགོས་ཏེ།འདི་ཐམས་ཅད་ཀྱི་དོན་རྩ་རྣམས་མདོར་བསྡུས་ན་བྱང་ཆུབ་སེམས་དཔའ་ན་དགའ་ཤི་སྐྱིད་བྱེད་ཐབས་ཀྱི་གདམས་ངག་ཁོ་ན་ཡིན་གསུངས་སོ།།བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་དུས་གལ་ཏེ་བདག་ལ་སྨད་པ་དང་མི་སྙན་པར་བརྗོད་པས་ལོངས་སྤྱོད་མ་རྙེད་ཀྱང་།སེམས་ཅན་མང་པོ་ཞིག་བདག་གི་སྐྱོན་བརྗོད་པ་ཐོས་ཚེ་བྱང་སེམས་འདི་ནི་ངན་པའོ་བསམ་པས་སེམས་ཅན་དེ་རྣམས་ངན་སོང་གི་གནས་དམྱལ་བར་ཉམས་པར་བྱེད་ཅིང་སྡུག་བསྔལ་བར་འགྱུར་བས་ན།གཞན་གྱིས་བདག་ལ་མི་སྙན་པ་སྨྲ་བ་ལ་རྐྱེན་དེས་ཁྲོའོ་ཞེ་ན།འོ་ན་རྒྱལ་བ་སྲས་བཅས་དང་བླ་མ་ལ་སོགས་པ་གཞན་རྣམས་ལ་སེམས་ཅན་ཕ་རོལ་རྣམས་ཀྱིས་མི་སྙན་པ་བརྗོད་པ་ལའང་སེམས་ཁྱོད་རང་ལ་མི་སྙན་བརྗོད་པ་ལ་ཁྲོ་བ་དེ་བཞིན་དུ།ཅི་སྟེ་ཞེས་ཅིའི་དོན་དུ་ཁྲོ་བར་མི་བྱེད་དེ་ཁྲོ་དགོས་ཀྱི།སེམས་ཅན་ཉམས་བྱེད་ཀྱི་རྒྱུ་ཡིན་པ་འདྲ་ནའང་སེམས་ངན་མ་ཁྱོད་གཞན་ལ་མི་སྙན་པ་བརྗོད་པ་ཐོས་ཚེ་ཁོང་འཛུམ་ཤིགས་སེ་འདུག་པ་མི་རིགས་སོ།།འདི་ཡན་ཆད་བདེ་རྙེད་བསྟོད་སྙན་གྱི་སྤང་བྱ་བཞིའི་གཉེན་པོར་སྡུག་བསྔལ་བརྙས་བཅོས་སྨད་དང་མི་སྙན་བཞི་དང་དུ་ལེན་ཚུལ་ཡིན་གསུངས་སོ།།ཡང་གཞན་ལ་མི་སྙན་བརྗོད་པ་འདི་ནི་མ་དད་པ་སེམས་ཅན་གཞན་གྱི་རྒྱུད་ལ་རག་ལས་པ་ཡིན་པས་གཞན་རྒྱུད་ལ་དད་པ་མེད་པ་ལ་བྱ་ཐབས་མེད་པར་སེམས་ཁྱོད་བཟོད་པར་བྱེད་ནུས་ན།སེམས་ཅན་རྣམས་ཀྱི་རྒྱུད་ལ་ཉོན་མོངས་སྐྱེས་པ་ཡང་རྒྱུ་རྐྱེན་ལ་རག་ལས་པ་ཡིན་པས་ན།སེམས་ཁྱོད་ལ་མི་སྙན་པར་སྨྲ་བ་རྣམས་ལའང་ཅིས་མི་བཟོད་དེ་བཟོད་དགོས་སོ།།སྤྱོད་འཇུག་གི་ཤེས་དོན་རང་རྒྱུད་ཀྱི་ཆོས་བརྒྱད་འདི་མགོ་སྙོམས་དགོས་གལ་ཆེ་གསུངས་སོ།།གསུམ་པ་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ་ནི།སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།།སོགས་ནས།འདིར་བྱ་རིགས།།ཞེས་པའི་བར་གྱིས་བསྟན།དེ་ལྟར་རང་གི་སྡུག་བསྔལ་སོགས་བཞི་ལ་བཟོད་པ་སྒོམ་པ་དེ་བཞིན་དུ་བདག་གི་བཤེས་བླ་མ་ཕ་མ་ཉེ་འབྲེལ་སོགས་ལའང་སྡུག་བསྔལ་སོགས་བཞིའི་དོན་དུ་བཟོད་དགོས་ཏེ།རྟོག་མེད་བེམ་པོའི་རྣམ་པ་ཅན་གྱི་རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་སྣ་ཚོགས་དང་།སྐུ་གདུང་ཆ་བརྒྱད་ཀྱི་རྣམ་པའི་མཆོད་རྟེན་དང་།དམ་པའི་ཆོས་ལུགས་གྲུབ་མཐའ་ཀུན་ལ་སེམས་ཅན་གཞན་མི་ཤེས་པ་རྣམས་ཀྱིས་བཟོད་དང་ཚིག་མ་ལེགས་པ་ལ་སོགས་པའི་སྐྱོན་གྱི་ཆ་ནས་གླེང་སྟེ་ངག་འཁྱལ་པ་སྨྲ་ཞིང་མེ་ལ་སོགས་པས་འཇིག་པར་བྱེད་པ་པོ་ཐམས་ཅད་ལའང་བདག་གིས་ནི་ཞེ་སྡང་བྱེད་པ་མི་རིགས་ཏེ།སངས་རྒྱས་དང་མཆོད་རྟེན་ལ་སོགས་པ་ལ་གནོད་པ་མི་མངའ་སྟེ།སངས་རྒྱས་རྣམས་ནི་ནམ་མཁའ་མཚུངས་ཤིང་འདྲ།།གསུངས་པས་ན་ཆོས་ཀྱི་གནད་ཤེས་དགོས་གལ་ཆེ།གནད་མ་ཤེས་ན་དངུལ་རྡིལ་ཚད་སོགས་ཀྱིས་སྐུ་འདྲ་ལ་སོགས་བཞེངས་པ་ལ་ཆགས་སེམས་སྐྱེས་ན་འཁོར་བར་འཁྱམས་པའི་རྒྱུར་བྱེད་དེ།ཆགས་ན་ལྷ་ལ་ཆགས་ཀྱང་འཆིངས།།གསུངས་པ་ལྟར་ཡིན་པས་གང་ལའང་ཆགས་པར་མ་བྱེད།སྐུ་གསུང་ཐུགས་རྟེན་ཁོང་ཁྲོའི་རྟེན་དུ་བཞེངས་པ་མིན་ཏེ།ཚོགས་བསགས་དད་པའི་རྟེན་དུ་བཞེངས་པ་ཡིན་པས་དད་པ་དགོས་སོ།།དེ་བཞིན་དུ་མོས་གུས་ཅན་གྱིས་བླ་མ་དབང་དུ་འདུ།།གསུངས་པ་ལྟར་དུ་བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་དགོས་མ་གཏོགས་རང་ཕྱོགས་ཀྱི་བླ་མ་དང་མཆེད་གྲོགས།གཉེན་ཕ་མ་སྤུན་ཟླ་ལ་སོགས་པ་ལ་གནོད་པ་བྱེད་པ་དང་།མཛའ་བཤེས་ཡིད་འོང་ལ་སོགས་པ་རྣམས་ལ་བརྡུང་བརྡེག་ཕྲོགས་བཅོམ་ལ་སོགས་པས་གནོད་པ་བྱེད་པ་རྣམས་ལའང་སྔ་མའི་ཆོས་ལ་ངེས་སེམས་ཀྱི་ཚུལ་གྱི་སྐབས་ལྟར་དུ་རྒྱུ་རྐྱེན་རྟེན་འབྲེལ་དེ་དག་ཐམས་ཅད་ཀྱི་གཞན་དབང་ལས་འགྱུར་བར་མཐོང་ནས་རང་རྒྱུད་ཀྱི་ཁོང་ཁྲོ་བ་བཟློག་དགོས་སོ།།གནོད་པ་རྣམས་རྐྱེན་ལས་ཇི་ལྟར་བྱུང་སྙམ་ན།མདོར་ན་ལུས་ཅན་སྐུ་གསུང་ཐུགས་རྟེན་དང་ཉེ་དུ་མཛའ་བཤེས་ལ་སོགས་པ་རྣམས་ལ་སེམས་ཡོད་མི་ལ་སོགས་པས་གནོད་པ་དང་།སེམས་མེད་འབྱུང་བཞི་ལ་སོགས་པས་གནོད་པ་སྟེ།སེམས་ཡོད་མེད་གཉིས་ཀས་གནོད་པ་བྱས་པ་ཡིན་ན།དེ་གཉིས་ལས་སེམས་ཡོད་ཀྱིས་གནོད་པ་བྱས་པ་ལ།ཅི་སྟེ་ཞེས་ཅིའི་དོན་དུ་དམིགས་ཀྱིས་བཀར་ཏེ་བཀོན་ཞེས་ཁྲོ་བར་བྱེད་དེ་ཁྲོ་མི་རིགས་ཏེ།དེ་བས་ན་སེམས་ཡོད་མེད་གཉིས་ཀས་བརྡུང་བརྡེག་ལ་སོགས་པ་བྱས་པ་ཐམས་ཅད་ཀྱི་གནོད་པ་མ་ལུས་པ་རྒྱུ་རྐྱེན་རྟེན་འབྲེལ་དུ་ཤེས་ཤིང་།རྟེན་འབྲེལ་ལ་སྟོང་ཉིད་དུ་ཤེས་པས་བཟོད་པར་གྱིས་ཤིག།།ཅེས་ལེ་ལན་ཐམས་ཅད་རང་ལ་བརྡ་ཞིང་གནོད་བྱེད་རྣམས་ལ་ཇི་མི་སྙམ་པའི་བཟོད་པ་སྒོམ་དགོས་སོ།།དགྲ་ལ་ལ་ཞིག་ནི་མི་ཤེས་རྨོངས་པས་བདག་གི་བླ་མ་གཉེན་བཤེས་སོགས་ལ་འབར་ཤ་སྐུར་འདེབས་ཕྲོག་བཅོམ་ལྟ་བུས་ཉེས་པ་བྱེད་པ་དེ་དང་།ལ་ལ་རང་ཉིད་ནི་མི་ཤེས་རྨོངས་པའི་དབང་དུ་གྱུར་ཏེ་ཕ་རོལ་གནོད་བྱེད་ཀྱི་དགྲ་དེ་ལ་ཁྲོས་པར་གྱུར་ཏེ་བཟོད་པ་མ་བསྒོམ་པ་ཡིན་ན།བདག་དང་དགྲ་དེ་གཉིས་ལ་ཉེས་པ་ཁྱད་པར་མེད་ཚེ་སྐྱོན་མེད་པ་གང་གིས་བྱ་སྟེ།རྒྱུ་མེད་ལ་སྐྱོན་ཡོད་པ་དང་བཅས་ཏེ་ཉེས་པ་ཅན་གང་ཞིག་ཡིན་ཏེ།དགྲས་ཉེས་པ་བྱས་པ་དང་བདག་གིས་བཟོད་པ་མ་བསྒོམ་པ་གཉིས་ལ་ཉེས་པ་ནི་ཁྱད་པར་མེད་དོ།།དོན་བསྡུས་ན་བདག་གི་བླ་མ་དང་གཉེན་བཤེས་གང་གིས་སེམས་ཅན་གཞན་དག་ལ་སྒྲོ་སྐུར་ལ་སོགས་པས་གནོད་པར་བྱེད་པའི་ལས་ངན་དེ་སྔོན་ཆད་ཀྱི་དུས་སུ་ཅི་ཕྱིར་བྱས་ཏེ་ལས་ངན་བསགས་པའི་འབྲས་བུ་སྨིན་པ་ལ་བདག་ཉིད་ཁྲོ་མི་རིགས་ལ།ད་ལྟའི་གནོད་པ་ཐམས་ཅད་སྔོན་གྱི་ལས་ལ་རག་ལས་པ་ཡིན་ན།བདག་གིས་ནི་རང་གི་མཛའ་བཤེས་ལ་གནོད་པའི་དགྲ་འདི་ལ་ནི་ཅི་སྟེ་བཀྱོན་ཞེས་པ་ནི་ཅིའི་དོན་དུ་ཁྲོ་སྟེ་ཁྲོ་མི་རིགས་ན།བདག་ཅག་གི་སྟོན་པ་སངས་རྒྱས་ལའང་བྲམ་ཟེ་བྷ་ར་དྷྭ་ཛས་ལན་ལྔ་བརྒྱའི་བར་དུ་གཤེ་བ་ཞུས་པ་དང་།མུ་སྟེགས་སྟོན་པ་སྡེ་དྲུག་གིས་སྡང་སེམས་ཤ་སྟག་བྱས་པ་ཡིན་ཚུལ་ལ་བསམས་ཏེ་གཞན་གཉེན་བཤེས་རྣམས་ཀྱིས་ལས་ངན་གྱི་འབྲས་བུ་མྱོང་བའི་དོན་དུ་རང་གིས་ཁོང་ཁྲོའི་དོམ་མི་ལེན་པར་བཟོད་པར་སྒོམ་དགོས་གསུངས་སོ།།གོང་དུ་བཤད་པ་དེ་ལྟར་དུ་ཕན་གནོད་ཐམས་ཅད་སྔོན་གྱི་ལས་བཟང་ངན་ལས་བྱུང་བར་མཐོང་ནས།ད་ནི་ལས་ཅི་ལ་བབ་ནས་ཀྱང་ཆོས་ལུགས་གཅིག་པ་དང་མི་གཅིག་པའི་དགེ་འདུན་ཐམས་ཅད་ཀྱང་ཐུགས་མཐུན།ལྟ་བ་མཐུན།ཚུལ་ཁྲིམས་མཐུན་ཏེ་དགེ་འདུན་སྡེ་འཁྲུགས་སོགས་མེད་པའི་ཕྱིར་དང་།མི་མ་ཡིན་པ་དང་ཡུལ་འཁོར་གྱི་རྒྱལ་བློན་གཙོ་བོ་དམག་མི་སོགས་དང་།ཀླ་ཀློའི་དུས་འཁྲུག་ལ་སོགས་པ་ཐམས་ཅད་མྱུར་དུ་ཞི་ནས་འཁྲུག་རྩོད་བྱེད་མི་ཐམས་ཅད་ཀུན་ཀྱང་ཕན་ཚུན་ཕ་མ་དང་ཕུ་ནུ།བུ་ཚ་དང་མིང་སྲིང་ལྟ་བུའི་བྱམས་པའི་སེམས་སུ་འགྱུར་ཏེ་དག་པའི་ཞིང་དང་བསྐལ་པ་རྫོགས་ལྡན་གྱི་བདེ་བ་དེ་ལྟར་དུ་བདག་གིས་ནི་ཡན་ལག་བདུན་པ་ལ་སོགས་པའི་བསོད་ནམས་བསགས་པ་དག་ལ་བསྒྲིམས་ཏེ་འཁྲུག་པ་ཐམས་ཅད་མི་སྤེལ་བར་ཞི་བ་དང་།འཁོན་འཛིངས་ཐམས་ཅད་ཞི་བའི་ཕྱིར་དུ་འབད་པར་བྱ་བ་ནི་སྤྱོད་འཇུག་གི་ལུགས་ཀྱི་རིམ་གྲོ་བསྒྲུབ་ཚུལ་ཡིན་གསུངས་སོ།།དཔེར་ན་ཁྱིམ་གཅིག་ཚིག་གྱུར་པའི་མེ་ཞིག་ཡང་ཁྱིམ་གཞན་མ་ཚིག་པ་ཞིག་ཏུ་སོང་བར་གྱུར་ནས་ནི་དང་པོ་ཁྱིམ་དེའི་རྩྭ་དང་ཤིང་ལ་སོགས་པའི་དངོས་པོ་གང་དང་གང་ལ་མེ་ལྕེ་མཆེད་པར་བྱེད་པ་རྩྭ་ལ་སོགས་པ་དེ་ནི་དྲུང་ནས་ཕྱུངས་ཏེ་ཕྱིར་འདོར་བར་རིགས་ཤིང་འོས་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བཀྲ་ཤིས་ལྷ་མོ་དང་འདྲེ་མོ་སྣ་ནག་མའི་གཏམ་རྒྱུད་གསུངས་པ་ལྟར་དུ་བླ་མ་དང་ཕ་མ་གཉེན་བཤེས་ལ་སོགས་པའི་རང་ཕྱོགས་གང་ལ་སེམས་ཆགས་པ་བཀྲ་ཤིས་ལྷ་མོ་འདྲ་བ་དེ་སྤངས་ནས་མེད་པར་བྱེད་མ་ནུས་ན་གཞན་དགྲ་ཕྱོགས་ལ་ཞེ་སྡང་གི་མེ་དཔུང་བཟོད་པར་དཀའ་བ་དེ་ནི་མཆེད་པར་གྱུར་པ་འདྲེ་མོ་སྣ་ནག་མ་འདྲ་བ་སླེབ་འོང་བས།རང་གཞན་གྱི་བསྐལ་པ་མང་པོའི་བསོད་ནམས་བསགས་པ་ཐམས་ཅད་སྐད་ཅིག་ལ་འཚིག་པར་དོགས་པར་བྱེད་པ་པོ་དེ་ཡིས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བའི་སེམས་དེ་གཉིས་ནི་སེམས་ལ་སྐྱེས་པ་དེ་ཡི་མོད་ལ་དོར་དགོས་ཏེ།ཁོང་ཁྲོ་སྐྱེས་ཏེ་རང་ཕྱོགས་ཀུན་རྒྱལ་བ་ལས་ཞེ་སྡང་མེད་པ་ལ་ཕམ་ན་དགའ་གསུངས་སོ།།དཔེར་ན་གསོད་པར་བྱ་བའི་མི་ཞིག་ལག་པ་བཅད་དེ་མ་བསད་པར་གལ་ཏེ་སྲོག་གི་འཇིགས་པ་ལས་ཐར་ན་ཅིས་མ་ལེགས་ཏེ་ལེགས་ལ།དེ་བཞིན་དུ་གལ་ཏེ་བརྡུང་བརྡེག་ཕྲོགས་བཅོམ་སོགས་ལ་བཟོད་པ་དང་རང་ཕྱོགས་ལ་ཆགས་པ་སྤང་དགོས་པ་འདི་ལྟ་བུའི་མི་ཡི་སྡུག་བསྔལ་ཙམ་གྱིས་དམྱལ་བ་ལ་འགྲོ་མི་དགོས་པར་དམྱལ་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་ནུས་ན་ཅིས་མ་ལེགས་ཏེ་ལེགས་པ་ཡིན་ནོ།།མཛའ་བཤེས་ཤག་རོགས་འདི་ས་གང་དུ་འདུག་ན་ཡང་སྤང་དགོས།མཁོ་མེད་བྱེད་དགོས་གསུངས་སོ།།ད་ལྟའི་དུས་སུ་རང་ཕྱོགས་ལ་ཆགས་པ་སྤང་བའི་སྡུག་བསྔལ་འདི་ཙམ་ལའང་བདག་གིས་བཟོད་པར་བྱེད་མི་ནུས་ན།དེས་ན་ད་ལྟའི་སྡུག་བསྔལ་ལས་ཤིན་ཏུ་ཐུ་བ་རང་གཞན་གཉིས་ཀའི་རྒྱུད་ཀྱི་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཁོང་ཁྲོ་བ་འདི་ཅི་སྟེ་ཞེས་ཅིའི་དོན་དུ་བཟློག་པར་མི་བྱེད་དེ་ཁྲོ་བ་བཟློག་དགོས་སོ།།རང་ཕྱོགས་ལ་ཆགས་པ་སྤང་བའི་སྡུག་བསྔལ་དང་གཞན་ཕྱོགས་ལ་ཁྲོ་བ་སྤང་དགོས་པའི་སྡུག་བསྔལ་འདི་ནི་བདག་གི་མི་བཟོད་དོ་སྙམ་ན།འོ་ན་དེ་སྔོན་ཡན་ཆད་དུ་བདག་གིས་ནི་བཀག་རྒྱུ་མེད་པར་འདོད་པའི་ཡོན་ཏན་ལྔའི་བདེ་བ་དོན་དུ་གཉེར་ནས་དམྱལ་མེས་བསྲེག་པ་ལ་སོགས་པའི་ངན་སོང་དམྱལ་བར་སྡུག་བསྔལ་སྟོང་ཕྲག་མང་པོ་ཞིག་མྱོང་བར་གྱུར་པ་དེས་ཀྱང་བདག་གིས་ནི་རང་གི་དོན་ཅི་ཡང་མ་གྲུབ་པ་དང་།དེར་མ་ཟད་ད་ལྟའི་བྱ་བྱེད་ཐམས་ཅད་དོན་མེད་ཁོ་ན་ཡིན་པས་གཞན་གྱི་དོན་རྣམས་ཅི་ཡང་མ་བྱས་པ་ནི་སྡུག་བསྔལ་བའི་གནས་ཡིན་པས་སོ།།ཆོས་ཕྱིར་དཀའ་སྤྱད་དང་རང་ཕྱོགས་ལ་ཆགས་པ་སྤང་རྒྱུ་དང་།ད་ལྟའི་མཛའ་བཤེས་དང་བྲལ་བའི་སྡུག་བསྔལ་བཟོད་དགོས་པ་འདི་ནི་དམྱལ་བའི་སྡུག་བསྔལ་དེ་ཙམ་དུ་གནོད་པ་མིན་ལ།རང་གཞན་གྱི་དོན་གཉིས་ཆེན་པོ་སངས་རྒྱས་དག་ཀྱང་འགྲུབ་པར་འགྱུར་བས་ན།འགྲོ་བའི་རྒྱུད་ཀྱི་གནོད་པ་ཐམས་ཅད་སེལ་བར་བྱེད་ནུས་པའི་གནོད་བྱེད་ཀྱི་ལོག་བསྒྲུབ་བཟོད་པ་དང་།རང་ཕྱོགས་ལ་ཆགས་པ་སྤང་བར་བྱང་སེམས་ཀྱི་བཟོད་པའི་སྡུག་བསྔལ་འདི་ལ་དགའ་བ་འབའ་ཞིག་འདིར་སྐབས་སུ་བྱ་བར་རིགས་སོ།།བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ་བསྒོམ་པ་ནི།གཞན་གྱིས་ཡོན་ཏན་ལྡན་བསྟོད་ནས།།སོགས་ནས།བྱེད་འདོད་དམ།།ཞེས་པའི་བར་གྱིས་བསྟན།དེ་ཡང་དགྲ་གཞན་གྱིས་རང་རང་གི་བླ་མ་དང་ཆོས་ལུགས་ལ་སོགས་པ་ལ་ཡོན་ཏན་དང་ལྡན་པར་བསྟོད་ནས་གལ་ཏེ་ཕ་རོལ་ལ་བསྟོད་པ་པོ་དེ་ཉིད་སེམས་ལ་དགའ་བའི་བདེ་བ་ཐོབ་པ་ཡིན་ན།ཡིད་ཁྱོད་ཀྱིས་ཀྱང་ནི་ཕ་རོལ་གྱི་དགྲས་བསྟོད་ཡུལ་གྱི་བླ་མ་ལ་སོགས་པ་དེ་ལ་བསྟོད་གྲོགས་བྱས་ནས་རྒྱུ་མཚན་ཅིའི་ཕྱིར་ན་ཕ་རོལ་གྱི་དགྲ་ཉིད་ཀྱིས་ཁོ་རང་གི་བླ་མ་དང་ཆོས་ལུགས་སོགས་ལ་བསྟོད་པས་དགའ་བ་སྐྱེས་པ་དེ་ལྟར་དུ་ཡིད་ཁྱོད་རང་ཡང་དགའ་བར་མི་བྱེད་དེ།བྱེད་དེ་དགའ་དགོས་སོ།།སྲེད་པ་ཆུང་ཆུང་ཐམས་ཅད་འཁོར་བའི་རྩ་བ་ཡིན་པས་འདི་ངོས་ཟིན་དགོས།ཆོས་བརྒྱད་འདི་ངོས་ཟིན་དཀའ་བ་དང་།དེ་ནས་སྲེད་པའི་རོ་མྱོང་འདི་ཆོད་དགོས།ཞེས་ལན་གསུམ་བར་དུ་གསུངས།སྐྱོན་ངོས་མ་ཟིན་བར་དུ་སྤོང་རློམ་བྱེད་པ་ནི་སྟོང་སྒོམ་མུན་པར་རྡོ་འཕེན་ཡིན་པས།དང་པོ་སྤང་བྱ་ཆོས་བརྒྱད་ཀྱི་ཞེན་པ་འདི་ངོས་ཟིན་དགོས་སོ།།དེ་ནས་གཉེན་པོས་སྤང་དགོས་གསུངས་སོ།།དགྲ་ལ་སོགས་པ་རང་གིས་བསྟོད་མི་མོས་པ་ལ་སེམས་སྤྲོ་བཞིན་དུ་བསྟོད་པས་ཡིད་ཁྱོད་ཀྱི་དགའ་བའི་བདེ་བ་འདི་ནི་ཚེ་འདིའི་ཤ་ཆང་ལ་སོགས་པའི་བདེ་བ་ཕྲ་མོ་ཙམ་མ་ཡིན་པར་བདེ་བ་ཆེན་པོ་ཡིན་ཞིང་།གཞན་དགྲ་བསྟོད་པའི་བདེ་བ་དམ་པ་ལ་ཡོན་ཏན་བཞི་ཡོད་དེ།སངས་རྒྱས་ཀྱི་གོ་འཕང་གི་བདེ་བ་ཐམས་ཅད་འབྱུང་བ་དང་།བཅས་རང་གི་ཁ་ན་མ་ཐོ་བའི་སྡིག་པ་མེད་པ་དང་།ཡོན་ཏན་ཐམས་ཅད་དང་ལྡན་པ་རྒྱལ་བ་སྲས་བཅས་རྣམས་ཀྱིས་གནང་བ་དང་།ཁུ་སྟོན་བརྩོན་འགྲུས་གཡང་དྲུང་གིས་ཆོས་གསུངས་པའི་ཚེ་རྒྱལ་བ་འབྲོམ་སྟོན་པ་ལ་སྨད་པ་ཁོ་ན་བྱས་པ་ལ།རྒྱལ་བ་འབྲོམ་སྟོན་གྱིས་ཆོས་གསུངས་པའི་ཚེ་ན་ཁུ་སྟོན་ལ་བསྟོད་པ་ཁོ་ན་མཛད་པས་ཁུ་སྟོན་དབང་དུ་བསྡུས་ནས་སློབ་མར་གྱུར་པ་ལྟར་དུ་བདག་རང་ཉིད་ཀྱིས་དགྲ་གཞན་བསྟོད་མི་མོས་པ་ལ་བསྟོད་པ་ལྷག་པར་བྱས་ན་རང་གི་དབང་དུ་སྡུད་པ་ཡི་ནི་མཆོག་ཀྱང་ཡིན་པས་ན་དགྲ་ལ་བསྟོད་དགོས་སོ།།བདག་གིས་རང་ལ་མི་དགའ་བའི་དགྲ་དེ་ལ་བསྟོད་པ་བྱས་ན་དགྲ་གཞན་ཡང་བསྟོད་པས་རང་བདེ་བ་དེ་ལྟར་དུ་ཕ་རོལ་གྱི་དེ་རྣམས་ཀྱང་བདེ་བར་འགྱུར་རོ་ཞེས་བསམས་ནས་རྒྱུ་མཚན་དེ་བས་ན་གལ་ཏེ་ཡིད་ཁྱོད་ཀྱིས་དགྲ་གཞན་ལ་བསྟོད་རྒྱུའི་བདེ་བ་འདི་ཙམ་ཡང་ཁྱོད་རང་གིས་མི་འདོད་པ་ཡིན་ན་ནི།རང་བདེ་བའི་དོན་དུ་ཁང་པ་བྱེད་པ་ལ་སོགས་པའི་ཚེ་ན་གཞན་ལས་བྱེད་པ་རྣམས་ལ་ཟས་དང་གླ་རྔན་སྦྱིན་པ་ལ་སོགས་པའང་སྤངས་ཏེ་བསྐྱུར་དགོས་པའི་ཕྱིར་རོ།།དེ་ལྟར་གཞན་བདེ་བའི་ཕྱིར་དུ་གླ་བརྔན་ལ་སོགས་པ་མ་སྦྱིན་པ་དེས་ནི་སེམས་ངན་མ་ཁྱོད་ཉིད་མཐོང་བའི་ཆོས་ཚེ་འདི་ལ་ཉམས་ནས་ཁང་པ་ལ་སོགས་པའི་བྱ་བའང་མི་འགྲུབ་པ་དང་།གཞན་ལ་བསམ་ངན་འཆང་བ་དེས་མ་མཐོང་བའི་ཆོས་ཚེ་ཕྱི་མ་ལ་ཉམས་ནས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས་ན་བདག་གིས་གང་ལ་མི་དགའ་བའི་དགྲ་ལ་བསྟོད་པ་བྱེད་པ་འདི་གལ་ཆེའོ།།ཚིགས་བཅད་འདིའི་དོན་ནི།དགྲ་གཞན་དེ་དག་ལ་བདག་གིས་བསྟོད་པ་བྱས་དགོས་མེད་མ་གཏོགས་བསྟོད་པ་བྱས་ན་དགའ་མི་ཉན་རྒྱུ་དགྲ་བདག་གི་དགྲ་དེ་རྣམས་བདེ་འགྲོའོ་སྙམ་ནས་ཡིད་ཁྱོད་ཀྱིས་དགྲ་གཞན་བསྟོད་དགོས་པའི་བདེ་བ་ཙམ་མི་བཟོད་ན་ནི་སེམས་ཁྱོད་ཚེ་འདི་ཕྱི་གཉིས་ལ་ཉམས་པར་འགྱུར་རོ་ཞེས་བསམ།ཡང་ན་བསྟོད་པས་དགྲ་གཞན་བདེ་བའི་དོན་དུ་ཡིད་ཁྱོད་རང་ཉིད་གཞན་བསྟོད་པས་བདེ་བ་ཙམ་མི་འདོད་ན་ནི་ཡིད་ཁྱོད་འདི་ཕྱི་གཉིས་ཀ་ལ་ནི་ཉམས་པར་འགྱུར་རོ་ཞེས་པ་དེ་ལྟ་བུའི་དོན་ཡིན་གསུངས་སོ།།ཡིད་ངན་མ་ཁྱོད་རང་གི་ཡོན་ཏན་ཕ་རོལ་གཞན་ཞིག་གིས་བརྗོད་པ་ཐོས་པའི་ཚེ་ན་ཕ་རོལ་གཞན་བདག་བསྟོད་པ་པོ་དེ་ལ་ཇ་ཆང་ལ་སོགས་པ་སྟེར་ནས་བསྟོད་པ་ལྟ་བུའི་བདེ་བའང་ཕ་རོལ་དེ་ལ་སེམས་ཁྱོད་ཀྱིས་འདོད་པར་བྱེད་པ་ཡིན་ལ།ཡང་དགྲ་གཞན་གྱི་ཡོན་ཏན་ཡིད་ཁྱོད་རང་གིས་བརྗོད་དགོས་པའི་ཚེ་ན་ནི་ཡིད་ཁྱོད་རང་ལའང་གཞན་བསྟོད་པའི་བདེ་བ་ཕྲ་མོ་ཙམ་ཡང་མི་འདོད་པར་བྱེད་པས་ཡིད་མི་བདེ་བ་དེ་ལྟར་མ་བྱེད་ཅེས་གསུངས་སོ།།མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་དང་རྣམ་པར་བདེ་བར་འདོད་པས་ཀུན་ནས་བསླངས་ཏེ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཟིན་ནས་ད་ལྟ་སེམས་ཅན་རང་རང་གི་རྙེད་པ་དང་བསྟོད་པ་ལ་སོགས་པའི་བདེ་བ་ཕྲ་མོ་ཙམ་རྙེད་པ་མཐོང་ནས།བསྟོད་བདེ་ཕྲ་མོ་ཙམ་དེས་ཀོ་ཅི་སྟེ་ཞེས་ཅིའི་དོན་དུ་ཡིད་ཁྱོད་ཁྲོ་བར་བྱེད་དེ་ཁྲོ་མི་རིགས་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག།།ཟེར་བ་དང་མཉམ་དུ་སེམས་ཅན་ལ་བདེ་བ་ཕྲ་མོ་ཙམ་སེམས་ཁྱོད་ཀྱིས་མི་འདོད་པར་མ་བྱེད་ཅེས་སོ།།མཐར་ཐུག་གི་འཇིག་རྟེན་གསུམ་གྱི་མཆོད་འོས་སུ་གྱུར་པ་འཚང་རྒྱ་བར་ནི་སེམས་ཅན་མ་ལུས་པ་རྣམས་ཀྱིས་ནི་ཐོབ་པར་འདོད་ཅེ་ན།གནས་སྐབས་སུ་སེམས་ཅན་ལ་རྙེད་བཀུར་བསྟོད་པ་ལ་སོགས་པའི་བསྙེན་བཀུར་ངན་ངོན་ཙམ་ཞིག་ཡོད་པ་མཐོང་ནས་རྒྱུ་མཚན་ཅིའི་ཕྱིར་དུ་བདེ་བ་ཕྲ་མོ་ཡོད་པ་དེ་ལ་མི་བཟོད་པས་གདུང་བར་བྱེད་དེ།མི་བཟོད་པ་མི་བྱེད་པ་གལ་ཆེ་སྟེ་འགྲོ་ཀུན་སངས་རྒྱས་མ་ཐོབ་བར་དུ་མཐོ་རིས་ལྷ་མིའི་བདེ་བ་ལ་མགྲོན་དུ་བོས་ཟིན་པ་ཡིན་ནོ།།སེམས་ཁྱོད་ཀྱིས་གསོ་བར་བྱ་བའི་སེམས་ཅན་གང་ཞིག་ལ་རྙེད་པ་མེད་ན་སེམས་ཁྱོད་རང་གསོ་བྱེད་ཀྱི་རྒྱུ་ཉིད་དུ་ཟས་གོས་ལ་སོགས་ཅི་མཐོང་བ་མ་ལུས་པ་ཆེ་བ་རྟ་མཛོ་ནས་ཆུང་བ་ཇ་ཐེབ་ནས་ཕོར་ཡན་ཆད་ཐམས་ཅད་སེམས་ཁྱོད་ཉིད་ཀྱིས་ནི་ཕ་མ་སེམས་ཅན་མེད་པ་དེ་ལ་སྦྱིན་པར་བྱ་དགོས་རྒྱུ་ཡིན་པ་ལ།ད་ནི་སེམས་ཁྱོད་རང་གིས་གཉེན་བཤེས་ཀྱི་སེམས་ཅན་དེ་རྣམས་ལ་སྦྱིན་མི་དགོས་པར་ཕ་མ་རིགས་དྲུག་གི་སེམས་ཅན་གཉེན་བཤེས་ཕལ་ཆེར་རྣམས་ཀྱིས་རང་རང་གི་འཚོ་བ་རང་རང་གིས་རྙེད་པར་གྱུར་པ་ཡིན་ན་དེ་ལ་དགའ་བར་མི་འགྱུར་བར་སླར་ཁྲོའམ་སྟེ་ཁྲོ་བར་མི་རིགས་སོ།།རྙེད་གྲགས་བསྟོད་པ་ལ་སོགས་པའི་བདེ་བ་ཕྲན་བུ་དེ་རྣམས་རྒྱུ་མཚན་ཅིའི་ཕྱིར་དུ་གཞན་འགྲོ་བ་རྣམས་ལ་སེམས་ངན་ཁྱོད་ཀྱིས་མི་འདོད་པ་ཡིན་ན་སེམས་ཅན་དེ་རྣམས་ལ་བདེ་བ་ཆེན་པོ་རྫོགས་པའི་བྱང་ཆུབ་འདོད་པའི་བསམ་པ་གང་ཞིག་ཡིན་ཏེ།བདེ་བ་ཕྲན་བུ་མི་འདོད་པར་བདེ་བ་ཆེན་པོ་འདོད་བསམ་པ་ནི་དངོས་འགལ་ཡིན་ནོ།།སེར་སྣ་དང་ཕྲག་དོག་ཅན་གྱི་སེམས་གང་ཞིག་གཞན་ཡིད་དུ་མི་འོང་བའི་དགྲ་ལ་སོགས་པ་ལ་བསྟོད་གྲགས་ཀྱི་འབྱོར་པ་ཡོད་པ་ལ་ཁྲོ་བའི་སེམས་ངན་པ་ཁྱོད་འདྲ་བ་དེ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ག་ལ་ཡོད་དེ།མེད་པའི་རྟགས་སུ་ཕྲག་དོག་དང་སེར་སྣ་ཡོད་པ་ཡིན་ནོ།།དེ་ཡང་གལ་ཏེ་ཕ་རོལ་གྱི་བླ་མ་དང་དཔོན་པོ་ལ་སོགས་པ་དེས་སྦྱིན་བདག་དེ་ལས་ཇ་དངུལ་དང་རྟ་མཛོ་ལ་སོགས་པ་རྙེད་དམ།ཡང་ན་ཇ་དངུལ་ལ་སོགས་པ་སྦྱིན་བདག་ཁོ་རང་གི་ཁྱིམ་ན་གནས་པར་གྱུར་པ་གང་ཡིན་ཀྱང་འདྲ་སྟེ།དེ་གཉིས་ཀ་དུས་ཀུན་ཏུའང་ཇ་དངུལ་རྟ་ལ་སོགས་པའི་དངོས་པོ་དེ་ཉིད་སེམས་ངན་མ་ཁྱོད་ལ་ནི་མེད་ན།བླ་མ་སོགས་ལ་ཇ་དངུལ་སོགས་ཀྱི་དངོས་པོ་བྱིན་རུང་སེམས་ཁྱོད་ལ་གཞན་གྱི་རྙེད་པ་དེས་ཅི་བྱ་ཞིང་།སྦྱིན་བདག་དེས་སུ་ལའང་མ་བྱིན་རུང་རྙེད་པ་དེས་སེམས་ཁྱོད་ལ་ཅི་ཞིག་བྱ་དགོས་པ་མེད་པས་བཟོད་པ་སྒོམ་དགོས་སོ།།རང་ལ་རྙེད་པ་དགོས་ན་རྙེད་པའི་རྒྱུ་གསུམ་རང་རྒྱུད་ལ་འཛིན་དགོས་ཏེ།འབད་རྩོལ་རི་བོ་ཙམ་བྱེད་པ་ལས་བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བས་ཡན་ལག་བདུན་པ་ལ་སོགས་པའི་བསོད་ནམས་གསོག་པ་དང་།དེ་བཞིན་དུ་ནི་གཞན་དཀོན་མཆོག་གསུམ་ལ་དད་པ་བྱས་ན་རང་ལའང་བྱེད་པ་རྒྱུ་མཐུན་གྱི་དབང་གིས་སེམས་ཅན་གཞན་གྱིས་དད་པ་བྱེད་པའམ།རང་གི་རྒྱུད་ལ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རྣམས་ནི་ཅིའི་ཕྱིར་འདོར་ཏེ་འདོར་བར་མི་རིགས་སོ།།རྙེད་པ་རང་ལ་ཡོད་པར་གྱུར་པའི་རྒྱུ་བསོད་ནམས་དང་དད་པ་དང་ཡོན་ཏན་གསུམ་རང་རྒྱུད་ལ་མི་འཛིན་པ་ཡིན་པས་ན་རྒྱུ་མཚན་གང་གིས་སེམས་ཁྱོད་ཉིད་ཁྱོད་རང་ལ་ཁྲོ་བར་མི་བྱེད་པའི་དོན་སྨྲོས་ཤིག།།ཅེས་དེ་བས་སེམས་ཁྱོད་ནི་ཁྱོད་ཉིད་ལ་ཁྲོ་བར་མི་རིགས་སོ།།སེམས་ཁྱོད་ནི་རང་གི་བསོད་ནམས་མ་བསགས་པ་དང་།གཞན་དཀོན་མཆོག་ལ་དད་པ་མ་བྱས་པ་དང་།ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་མི་འཛིན་པའི་སྡིག་པ་བྱས་པའི་ལས་ངན་ལ་མྱ་ངན་དང་འགྱོད་པ་མེད་པར་མ་ཟད་ཀྱི་སྟེང་དུ་ཁྱད་པར་འཕགས་པའི་བསོད་ནམས་བསགས་པ་དང་བྱས་པ་དང་ཡོན་ཏན་ཅན་གྱི་བྱང་ཆུབ་སེམས་དཔའ་གཞན་དག་དང་ལྷན་ཅིག་ཏུ་འགྲན་པར་སེམས་ཁྱོད་ཀྱིས་བྱེད་པར་འདོད་དམ་སྟེ་བྱེད་པར་མི་རིགས་ཏེ།དེ་བས་ཕྲག་དོག་སྤངས་ནས་བཟོད་པ་སྒོམ་དགོས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམས་པ་སོང་ནས།ལེའུ་ནི་ཚན་གྲངས་རྫོགས་མཚམས་ཀྱི་མཇུག་ཡོད་པས་ཁ་ཡར་ལྟ་དང་།བམ་པོ་ནི་ཁ་མར་ལྟ་ཡིན་པས་སྤྱོད་འཇུག་འདི་ཉིད་རྒྱལ་སྲས་ཆེན་པོས་གསུངས་ཚེ་ཤྭ་ལོ་ཀ་བདུན་བརྒྱ་དང་།སྟོང་དང་།སྟོང་ལས་ལྷག་པ་ཞིག་དང་གསུམ་བྱུང་བ་གང་ཡིན་ཞུས་ཚེ་སྟོང་དུ་ཡོད་པ་དེ་ཡིན་གསུངས་པས་ན་བམ་པོ་གཉིས་པ་འདི་མན་ཤྭ་ལོ་ཀ་ལྔ་བརྒྱ་ཡོད་དོ།།གཉིས་པ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་ལ་ཡང་།དགྲ་བོས་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་།བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་དང་གཉིས་ལས།དང་པོ་ནི།གལ་ཏེ་དགྲ་ཞིག་མི་དགའ་ནའང་།།སོགས་ནས།བདག་འཚེད་ངེས།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་གལ་ཏེ་སྡུག་བསྔལ་དང་བརྙས་བཅོས་དང་ཚིག་རྩུབ་ཀྱིས་སྨད་པ་དང་མི་སྙན་པ་དང་བཞིས་དགྲ་ཞིག་མི་དགའ་བར་ཡོད་ནའང་དེ་ལྟ་བུའི་དགྲ་མི་དགའ་བར་ཡོད་པ་དེ་ལ་ཡིད་ཁྱོད་དགའ་བར་བྱེད་རྒྱུ་ཅི་ཞིག་ཡོད་དེ་མེད་ལ།ད་དུང་དེ་ལྟར་སེམས་ཁྱོད་ཀྱིས་དགྲ་འདི་མི་བདེ་བར་ཤོག་སྙམ་པའི་ཡིད་ལ་སྨོན་པ་ཙམ་གྱིས་ན་དགྲ་དེ་ལ་གནོད་པའི་རྒྱུར་ཅི་ཡང་མི་འགྱུར་རོ།།བརྒྱ་ལ་གལ་སྲིད་སེམས་ཁྱེད་ཀྱི་འདོད་པས་སྡུག་བསྔལ་ལ་སོགས་པ་བཞི་པོ་དེ་དགྲ་དེ་ལ་གྲུབ་སོང་ནའང་སེམས་ཁྱོད་དགའ་བར་བྱེད་རྒྱུ་ཅི་ཞིག་ཡོད་དེ།དགྲ་མི་དགའ་བས་བདག་ལ་ནི་མི་ཕན་ནོ།།བདག་ལ་ཕན་པ་མེད་རུང་གལ་ཏེ་སེམས་འཚེངས་དོན་འཚེངས་ཀྱིས་བདག་འཚེངས་པར་འགྱུར་རོ་ཞེ་ན།དགྲ་མི་དགའ་བ་དེས་བདག་འཚེངས་པ་མ་ཡིན་པར་མ་ཟད་དེ་ལས་གཞན་དུ་བསམ་ངན་མཚོན་ཆས་རང་གིས་རང་ཕུང་བ་དེ་ལྟ་བུའང་གཞན་ཅི་ཞིག་ཡོད་དེ།དཔེར་ན་ཀུན་སློང་རྟོག་ངན་ཉོན་མོངས་པ་ཉ་པས་བཏབ་པ་ཡི་མཆིལ་པ་ཞེས་པ་ནི་བསམ་ངན་གྱིས་ལས་ངན་བསགས་པའི་ཉ་རྒྱ་འདི་ནི་མི་བཟད་བཟོ་ཞེས་པ་ནི་ཉོན་མོངས་པས་ལས་ངན་བསགས་པས་ནི་སེམས་ཅན་གང་སུ་ཡང་མི་ཟིན་པ་མེད་པ་ཟིན་ངེས་པ་ཅན་དེས་སེམས་ངན་མ་ཁྱོད་བཟུང་སྟེ་སེམས་ཅན་དམྱལ་བའི་བུམ་པར་ཡང་ཞེས་པ་ནི་དམྱལ་ཟངས་ནང་དུ་སེམས་ཅན་དམྱལ་བའི་སྲུང་མས་བདག་འཚེད་ཅེས་པ་ནི་བཙོ་ངེས་པ་ཅན་ཡིན་པས།ད་ལྟ་མི་ཙམ་ཞིག་ཡིན་ནའང་དམྱལ་བར་འགྲོ་ངེས་པ་ཅན་ཡིན་པས་ན་གཞན་ལ་བསམ་ངན་སྤངས་ཏེ་བཟོད་པ་སྒོམ་དགོས་སོ།།གཉིས་པ་བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ་ནི།བསྟོད་དང་གྲགས་པའི་རིམ་གྲོས་ནི།།སོགས་ནས།མཆོད་པར་འོས།།ཞེས་པའི་བར་གྱིས་བསྟན།དེ་ལྟར་དགྲ་ལ་སྡུག་བསྔལ་ལ་སོགས་པ་བཞིའི་གེགས་བྱེད་པ་ལ་མི་འདོད་པ་སྤང་དགོས་པ་དེ་བཞིན་དུ་བདག་དང་ནི་བདག་གི་བཤེས་ལ་བདེ་བ་ལ་སོགས་པ་བཞི་འདོད་པའི་གེགས་བྱེད་པ་ཡང་བཟོད་དགོས་ཏེ།བདག་ལ་དངོས་སུ་བསྟོད་པ་དང་ལྐོག་ཏུ་ཕྱོགས་མཚམས་རྣམས་སུ་སྙན་ཅིང་གྲགས་པའི་རིམ་གྲོས་ནི་བདག་གི་ཚེ་ཕྱི་མའི་བསོད་ནམས་སུ་མི་འགྱུར་བའི་སྟེང་དུ་བསྟོད་གྲགས་ཀྱིས་ང་རྒྱལ་བྱས་ནས་དགེ་རྩ་འཛད་པ་དང་།དུས་ད་ལྟའི་ཚེ་འཕེལ་བའི་ལོངས་སྤྱོད་དུ་མི་འགྱུར་བ་དང་།བསྟོད་གྲགས་གཉིས་ཀྱིས་བདག་གི་ཆོས་སྟོབས་སུ་མི་འགྱུར་བ་དང་།བསྟོད་གྲགས་གཉིས་ཀྱིས་ལུས་སེམས་ལ་ནད་མེད་པ་ལ་ཡང་ཕན་པ་མིན་ཞིང་།བསྟོད་གྲགས་གཉིས་ཀྱིས་ལུས་བདེ་བར་ཡང་ཕན་པར་མི་འགྱུར་རོ།།མདོར་ན་བདག་གིས་ནི་རང་གི་དོན་བཟང་ངན་ཕན་འདོགས་ཡོད་མེད་ཐམས་ཅད་ཤེས་པར་གྱུར་པ་ཡིན་ན།བསྟོད་གྲགས་དེ་ལ་ནི་རང་ལ་ཕན་པའི་དོན་ཅི་ཞིག་ཡོད་དེ་རང་དོན་ཅི་ཡང་མེད་དོ།།བསྟོད་པ་དང་གྲགས་པ་གཉིས་ཀྱིས་བདག་ལ་ཕན་པ་མེད་ཀྱང་བདག་གི་ཡིད་བདེ་བ་འབའ་ཞིག་ལ་ཕན་པའི་ཕྱིར་དུ་འདོད་པ་ཡིན་སྙམ་ན་ནི།འོ་ན་ཕ་རོལ་པོས་བདག་ལ་བསྟོད་འོང་སྙམ་འདུག་པ་ཅི་དགོས་ཏེ།དེ་བས་དངོས་སུ་ཡིད་བདེ་ཐབས་སུ་རིན་པོ་ཆེའི་རྒྱན་དང་ཤ་དང་ཁྲི་དང་ཟས་བུད་མེད་ལ་སོགས་པ་དང་།རྒྱ་གར་ན་མི་བསྟེན་པའི་ཚད་ཆང་ཡང་བསྟེན་དགོས་སོ་ཞེས་ཚུལ་ཁྲིམས་མཆོག་ཏུ་བཟུང་ན་གསེར་སྒྲོག་དང་།ཚུལ་འཆལ་བུད་མེད་ལ་སོགས་པའི་དབང་དུ་སོང་ནས་སྡོམ་པ་ཉམས་པ་ནི་ཐག་སྒྲོག་གིས་འཆིང་བ་སྟེ།དེ་གཉིས་འཆིང་བ་ཡིན་པ་འདྲ་ཞིང་།ཞེན་པའི་རོ་མྱོང་ཡོད་ཚད་སེམས་བདེ་བ་ང་རྒྱལ་དང་མཚུངས་ལྡན་ཅན་གྱི་བདག་ཉིད་དགའ་བ་ལ་ང་རྒྱལ་གྱི་ཁ་ཚར་ཡིན་པས་ཡིད་བདེ་བ་ཞེན་ཚད་འདི་ཆོད་དགོས་གསུངས་སོ།།དམ་པའི་ཆོས་ཕྱོགས་ལ་ཟས་ནོར་གྱིས་གཏོང་ཕོད་བྱས་ཏེ་ཕྱོགས་ཀུན་ཏུ་སྙན་གྲགས་རེ་བའམ།འཇིག་རྟེན་ན་གྱོད་ལ་སོགས་པ་ལས་རྒྱལ་ནས་ཕྱོགས་ཐམས་ཅད་དུ་གྲགས་པའི་དོན་དུ་རྒྱུ་ནོར་མང་པོ་གཏོང་བ་ཐམས་ཅད་ནི་ཆགས་པའི་གནས་ལ་བཟང་ངན་མེད་པས་འདྲ་ཞིང་།དམག་འཁྲུག་ལ་སོགས་པའི་དུས་སུ་སྙན་གྲགས་ལ་རེ་ནས་བདག་ཉིད་ཀྱང་ནི་གསོད་པར་བྱེད་ནུས་ཤིང་།དེ་བཞིན་དུ་ཆོས་ལ་དཀའ་སྤྱད་དང་གནས་བསྐོར་ལ་སོགས་ཀྱང་ལྟོ་གོས་གཏམ་གསུམ་གྱི་ཞེན་པ་འདི་ལྟ་བུའི་དབང་དུ་གྱུར་ན་འཁོར་བར་འཁྱམས་པའི་རྒྱུ་ཡིན་པས་ཚིག་འབྲུ་ལ་ཞེན་པ་རྣམས་ཀྱིས་བདག་ལ་ཅི་ཞིག་བྱ་སྟེ།བསྟོད་གྲགས་ལ་ཞེན་ནས་ཐ་ན་འཆིར་ཡང་མི་འཇུག་པས་རོ་གྱེན་དུ་སློང་ཞིང་།འདས་རྟགས་ལ་སོགས་པ་ལ་རེ་བཅའ་ཡང་དེ་ལྟ་བུའི་ཆོས་བརྒྱད་ཀྱིས་ཞེན་པའི་འཆིང་ཐག་འདི་ནི་ཤི་བའི་དུས་ན་ཡང་བསྟོད་གྲགས་དེས་ཀོ་ཤི་གསོན་སུ་ཞིག་ལ་བདེ་བར་འགྱུར་ཏེ།བསྟོད་གྲགས་ཀྱི་འཆིང་ཞེན་ནི་རང་སེམས་ཀྱིས་ཆོད་དགོས་སོ།།དེ་ཐམས་ཅད་དོན་མེད་ཁོ་ན་ཡིན་པ་དཔེར་ན་བྱེ་མའི་ཁང་བུ་མང་པོ་ཕུག་ཡོད་པ་རྡིབ་པར་གྱུར་ན།བྱིས་པ་ཆུང་ངུ་རྣམས་ནི་ག་ཆད་ཆད་དུ་ངུ་བ་དེ་བཞིན་ཏུ་བསྟོད་པ་དང་གྲགས་པ་འདི་ཉམས་ཤིང་མེད་སོང་ན།རང་གི་སེམས་མི་བདེ་ཞིང་སྡུག་བསྔལ་བ་དེ་ནི་བྱིས་པ་ཆུང་ངུ་བྱེ་མའི་ཁང་བུའི་ཆེད་དུ་སྡུག་བསྔལ་བ་བཞིན་ཡིན་པས་སེམས་ལ་བསྟོད་གྲགས་ཀྱི་རེ་བ་འདི་སྤང་དགོས་སོ།།ཕ་རོལ་གྱིས་བདག་ལ་བསྟོད་པའི་དུས་རེ་ཞིག་གི་ཚེ་ན་ཆོས་ལ་ངེས་སེམས་ཀྱི་དཔྱད་སྒོམ་ཞིག་གིས་བརྟགས་ན།ཕ་རོལ་བསྟོད་པ་པོའི་ལྕེ་རྐན་མཆུ་སོ་དང་ངག་ཚིག་གི་སྒྲ་ལ་ནི་སེམས་མེད་པའི་ཕྱིར་ན་བདག་ལ་བསྟོད་པའི་སེམས་ཡོད་པར་མི་སྲིད་དོ།།དེ་ལྟར་སྒྲ་ལ་བསྟོད་སེམས་མེད་ཀྱང་བསྟོད་ཡུལ་བདག་ལ་ཕ་རོལ་གཞན་བསྟོད་པ་པོ་དེའི་སེམས་དགའ་བས་བསྟོད་དོ་ཞེས་གྲགས་པ་ཡིན་ནོ་སྙམ་ན།བསྟོད་པ་དེ་ནི་ཕ་རོལ་པོ་སེམས་དགའ་བའི་རྒྱུ་དེས་བསྟོད་པ་ནི་ཡིན་གྲང་ཞེས་པ་ཡིན་ཤས་ཆེ་སྟེ།ཕ་རོལ་གཞན་ཞིག་ཡང་དགྲ་ལ་སོགས་པ་གཞན་ཞིག་ལ་སེམས་དགའ་བས་བསྟོད་པ་བྱས་ནའང་བདག་ལ་མི་ཕན་ལ།དེ་བཞིན་ཏུ་དུས་ནམ་ཡང་གཞན་ཕ་རོལ་བསྟོད་པ་པོ་དེས་ནང་ན་བདག་ལའང་རུང་ཏེ་གཞན་སེམས་དགའ་བས་བདག་ལ་བསྟོད་པ་བྱས་པ་དེས་ཅི་ཞིག་ཕན་ཏེ་ཅི་ཡང་ཕན་པ་མེད་དེ།བསྟོད་པས་སེམས་ཀྱི་དགའ་བའི་བདེ་བ་དེ་ནི་ཕ་རོལ་བསྟོད་པ་པོ་དེ་ཉིད་ཀྱི་དགའ་བདེ་ཡིན་ན་བདག་གིས་ནི་ཕ་རོལ་གྱིས་བསྟོད་པའི་བདེ་བ་དེ་ལས་ཆ་ཤས་དུམ་བུ་ཙམ་ཡང་མི་འཐོབ་པ་ཡིན་ན།བསྟོད་གྲགས་ཀྱི་བདེ་བ་དོན་དུ་གཉེར་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།ཕ་རོལ་པོའི་བསྟོད་སེམས་ཀྱི་དགའ་བདེ་དེ་ལས་བདག་ལ་ཐོབ་རྒྱུ་ཅི་ཡང་མེད་རུང་དཔེར་ན་བུ་བདེ་ན་མ་བདེ་བ་དང་།མཚོ་བདེ་ན་ཉ་བདེ་བ་ལྟར་ཕ་རོལ་བསྟོད་པ་པོའི་སེམས་ཀྱི་དགའ་བ་དང་བདེ་བ་ཡིས་ནི་བདག་ཀྱང་བསྟོད་པས་སེམས་བདེའོ་སྙམ་ན།འོ་ན་དགྲ་གཉེན་ཐམས་ཅད་ཀུན་ལའང་དེ་བཞིན་ཏུ་བསྟོད་པས་སེམས་བདེ་བ་བྱ་དགོས་ན་ཡང་སེམས་ངན་མ་ཁྱོད་ནི་ཁྱོད་ཉིད་གཅིག་པུ་བསྟོད་ན་དགའ་བ་མ་གཏོགས།དཔེ་ཅི་ལྟར་ན།དགྲ་གཞན་ཞིག་ལའང་ཕ་རོལ་གཞན་ཞིག་སེམས་དགའ་བ་དེ་ཡིས་བསྟོད་པས་སེམས་བདེ་བར་གྱུར་ཡོད་པའི་དུས་ན་སེམས་ཁྱོད་ཉིད་ཕ་རོལ་གྱིས་བདག་གིས་དགྲ་བསྟོད་པས་བདག་རང་ཉིད་མི་བདེ་བར་འདུག་པ་ཅིའི་ཕྱིར་ཡིན་ཏེ་དངོས་འགལ་ཡིན་པས་སོ།།བསྟོད་གྲགས་ལ་རེ་བ་བྱས་ཚད་བྱེ་མའི་ཁང་བུ་རྡིབས་པ་ལྟར་ཡིན་པ་དེ་བས་ན།བདག་ཉིད་ནི་ཕ་རོལ་གྱིས་བསྟོད་པ་བྱེད་དོ་ཞེས་རང་གི་སེམས་ལ་དགའ་བ་སྐྱེ་བར་འགྱུར་བ་དེ་ཡང་གོང་དུ་བཤད་པ་དེ་ལྟར་དུ་མི་འཐད་པས་ན།ཆུང་ངུ་བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ།།དགོས་རྒྱུའི་དམ་པའི་ཆོས་ལ་ཉམས་ལེན་མི་བྱེད་པར་མི་དགོས་པ་བསྟོད་གྲགས་ལ་སོགས་པ་དང་དུ་ལེན་པ་ལ་ཡོན་ཏན་མེད་པར་མ་ཟད་སྐྱོན་དང་བཅས་པ་ཡིན།བདག་གི་སེམས་ནི་ཡུལ་ལ་གཡེང་བར་བྱེད་པའི་སྐྱོན་དང་བསྟོད་གྲགས་ལ་སོགས་པ་དེས་ནི་འཁོར་བའི་སྡུག་བསྔལ་གྱིས་སེམས་ལ་སྐྱོ་བ་སྐྱེས་པའང་འཇིག་པར་བྱེད་པའི་སྐྱོན་དང་།རང་རྒྱུད་ལ་ཡོན་ཏན་ཕྲན་བུ་རེ་ཡོད་པར་མཐོང་བ་དེས་རྒྱལ་བ་སྲས་བཅས་གཞན་གྱི་ཐུགས་རྒྱུད་ལ་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པ་ལ་མི་བཟོད་པའི་ཕྲག་དོག་སྐྱེས་པའི་སྐྱོན་དང་།གཞན་ཡུལ་ཁྱད་པར་ཅན་ལ་ཕྲག་དོག་དང་འགྲན་སེམས་སྐྱེས་པས་རང་གི་ཕུན་སུམ་ཚོགས་པ་མ་ལུས་པའང་འཇིག་པར་བྱེད་པ་དཔེར་ན་མི་དབང་ང་ལས་ནུས་བརྒྱ་བྱིན་བརྒྱད་ཅུའི་ཚེ་ལ་གླིང་བཞི་གླིང་ཕྲན་བརྒྱད་དང་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་དབང་བསྒྱུར་ནས་ལྷའི་དབང་པོ་བརྒྱ་བྱིན་དང་སྟན་ཕྱེད་ལ་བསྡད་ཚེ་བརྒྱ་བྱིན་གསོད་སྙམ་པའི་བསམ་ངན་ཕྲག་དོག་གཅིག་སྐྱེས་པས་དེ་མ་ཐག་ཏུ་འཛམ་གླིང་དུ་ལྷུང་ནས་འདོད་པས་མ་ངོམས་ན་ང་བཞིན་ནོ་ཞེས་བྱེ་ཚན་གྱི་ནང་དུ་མར་གསར་གོང་བུ་བཞག་པ་བཞིན་ཏུ་སྐད་ཅིག་གིས་ཞུ་ནས་སྡུག་བསྔལ་གྱིས་ནོན་བཞིན་པ་ལ་ཐིམ་པར་གྱུར་པ་དང་།ལྷས་བྱིན་གྱིས་སངས་རྒྱས་ལ་ཕྲག་དོག་ཁོ་ན་བྱས་པས་གསོན་བཞིན་ཏུ་ལུས་མ་སྤངས་པར་དམྱལ་བའི་མེ་ནང་དུ་ལྷུང་བ་ལྟར་ཡིན་པས་རང་རྒྱུད་ལ་ཆོས་བརྒྱད་ཀྱི་འཆིང་ཞེན་དང་ཕྲག་དོག་སྤང་དགོས་སོ།།རྒྱུ་མཚན་དེའི་ཕྱིར་ན་བདག་གི་རྙེད་པ་དང་བསྟོད་པ་ལ་སོགས་པའི་འདོད་པ་ཐམས་ཅད་ནི་མེད་ཅིང་གཞིག་པར་བྱ་བའི་ཕྱིར་དུ་དགྲ་གང་དག་ཉེ་བར་གནས་པ་དེ་དག་ཐམས་ཅད་ཀྱིས་ལས་ངན་བདག་ནི་འཇིག་རྟེན་ཆོས་བརྒྱད་ལ་ཞེན་ནས་ངན་སོང་གསུམ་དུ་མྱུར་བར་ལྷུང་བ་ལས་བླ་མ་ལྟར་དུ་དགྲས་རང་བསྲུང་བའི་ཕྱིར་དུ་ཞུགས་པ་མིན་ནམ་སྟེ་ཡིན་ནོ།།བདག་ནི་འཇིག་རྟེན་གྱི་འཆིང་ཞེན་ཐམས་ཅད་ལས་རྣམ་པར་གྲོལ་བའི་བདེ་བ་དོན་དུ་གཉེར་བའི་དུས་ལ་བརྩོན་པ་ལ་ལྕགས་ཤིང་དྲས་མའི་འཆིང་ཐག་ལྕགས་སྒྲོག་དང་ཤིང་སྒྲོག་བསྟན་པ་ལྟར་དུ་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེས་པས་འཆིང་བ་འདི་དང་།ཕྱག་འཚལ་གདན་སྟོབས་ཀྱིས་བཀུར་སྟིས་འཆིང་བ་འདི་མི་དགོས་ངེས་པ་ཅན་ཡིན་ནོ་སྙམ་པ་འདི་གལ་ཆེའོ།།དགྲ་གང་དག་གིས་ཡོན་བདག་ལ་སོགས་པས་རྙེད་བཀུར་འཆིང་བ་དམ་པས་བདག་བཅིངས་པ་ལས་གྲོལ་བར་བྱེད་པ་པོ་སངས་རྒྱས་ཀྱི་སྤྲུལ་པ་ལྟ་བུའི་དགྲ་དེ་ལ་སེམས་ངན་མ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་བར་མི་རིགས་སོ།།ལས་ངན་བདག་ནི་རྙེད་བཀུར་ཁོ་ན་ལ་ཆགས་ཞེན་སྐྱེས་པས་འཁོར་བ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་ནང་དུ་འཇུག་པར་འདོད་པ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ནི་བྱིན་གྱིས་བརླབས་པ་བཞིན་ཏུ་བདག་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་མི་གཏོང་བར་སྒོ་འཕར་ཞེས་པ་ནི་ངན་སོང་གི་སྒོ་མོ་གཅོད་པར་བྱེད་པ་ཉིད་དུ་གྱུར་པ་དགྲ་དེ་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་ཡི་རིགས་ཏེ།མགོ་ལོག་ཇག་དཔོན་གཉའ་ཐུབ་བསྟན་གྱིས་ཨ་མདོ་གསེར་ཁང་པ་དཔོན་གཡོག་བརྒྱ་ཙམ་ཡོད་པ་སྒར་ཆས་ཐམས་ཅད་ཕྲོགས་ཏེ་བླ་མ་གཅིག་པུར་མངག་པས་འཇིག་རྟེན་གྱི་འཆིང་ཞེན་ཐམས་ཅད་ལས་ཨ་མདོ་གསེར་ཁང་པ་གྲོལ་ཏེ་བསྒྲུབ་པའི་རྒྱལ་མཚན་འཛིན་པའི་མཆོག་ཏུ་གྱུར་པ་ལྟར་ཡིན་པས་ན།དགྲ་འདིས་ནི་ལས་ངན་བདག་ཉིད་རྣམ་གཡེང་ལྷའི་བུའི་བདུད་ཀྱི་ལག་ནས་བླངས་ཏེ་དམ་པའི་ཆོས་དང་སྤྲད་པས་བླ་མ་ལས་ཀྱང་བཀའ་དྲིན་ཆེ་བས་འཁོར་བའི་འཆིང་ཐག་ཐམས་ཅད་གཅོད་ཕྱིར་ད་ནི་དམ་པའི་ཆོས་དང་ཁྱད་པར་མེད་པའི་བཟོད་པ་སྒོམ་དགོས་པ་ཡང་ཡང་གསུངས་སོ།།བདག་ལ་གནོད་བྱེད་ཀྱི་དགྲ་བགེགས་འདི་ནི་བསྒྲལ་བའི་ཞིང་ཡིན་ནོ་སྙམ་ན།དེ་ནི་མ་ཡིན་ཏེ་དགྲ་བགེགས་འདི་ནི་བདག་གི་བསོན་ནམས་དགེ་བའི་གེགས་བྱེད་ཡིན་ཅེས་དགྲ་དེ་ལའང་ཡུལ་ཡིད་དུ་མི་འོང་བ་ལ་རྒྱབ་ཀྱིས་ཕྱོགས་ནས་མི་འདོད་པ་ཙམ་ལ་ནི་ཁྲོ་བ་ཞེས་ཟེར་བས་ན་དེ་ལྟ་བུའི་ཁྲོ་བར་རིགས་པ་མིན་ཏེ།འཇིག་རྟེན་ན་ལོངས་སྤྱོད་རྒྱ་ཆེན་འབྱུང་བ་སྦྱིན་པའི་འབྲས་བུ་ཡིན་ཀྱང་སྦྱིན་པའི་ཞིང་སྤྲང་པོ་དང་།མངོན་མཐོ་ངེས་ལེགས་ཀྱི་རྟེན་མཆོག་ཚུལ་ཁྲིམས་ཡིན་གྱི།ཚུལ་ཁྲིམས་ཀྱི་ཞིང་མཁན་སློབ་ལས་ཀྱང་ཁྱད་པར་འཕགས་པ་བཟོད་པའི་ཞིང་དགྲ་བགེགས་ཡིན་ཏེ།སངས་རྒྱས་ཀྱི་མཚན་དཔེ་ཡོན་ཏན་རྒྱ་མཚོའི་རྒྱུ་ནི་བཟོད་པ་དང་མཚུངས་པའི་དཀའ་ཐུབ་ཀྱི་བསོད་ནམས་ལས་ལྷག་པ་ཡོད་པ་མིན་ན།བཟོད་པ་དེ་ལ་བདག་ནི་མི་གནས་སམ་ཏེ་གནས་དགོས་ན་བཟོད་པའི་རྒྱུ་ནི་དགྲ་ཡིན་པས་བཟོད་དགོས་སོ།།གལ་ཏེ་བདག་ནི་ཉོན་མོངས་པ་དང་བདག་འཛིན་འདི་ཉིད་རང་རྒྱུད་ལ་གནས་པའི་སྐྱོན་གྱིས་དགྲ་འདི་ལ་བཟོད་པ་སྒོམ་པར་མི་བྱེད་དོ་ཞེ་ན།བཟོད་པའི་བསོད་ནམས་ཀྱི་རྒྱུའི་མཆོག་ནི་དགྲ་ཉེ་བར་གནས་པ་དྲུང་ན་སླེབས་ཚེ་དགྲ་ལ་བཟོད་པ་སེམས་ཁྱོད་ཀྱིས་མི་སྒོམ་ན་ནི་བཟོད་པའི་བསོད་ནམས་འདི་ལ་བདག་རང་ཉིད་ཀྱིས་གེགས་བྱེད་པར་ཟད་དེ་གཞན་གེགས་བྱེད་པ་སུ་ཡང་མེད་དོ།།དགྲ་བགེགས་བར་ཆད་བྱེད་མི་དམ་པའི་ཆོས་ཀྱི་རྒྱུ་ཡིན་ནམ་སྙམ་ན།བཟོད་པ་ལ་སོགས་པའི་འབྲས་བུ་གང་ཞིག་དགྲ་ལ་སོགས་པའི་རྒྱུ་གང་མེད་ནའང་འབྲས་བུ་བཟོད་པ་ལ་སོགས་པ་མི་འབྱུང་བ་ཡིན་ལ།རྒྱུ་དགྲ་ལ་སོགས་པ་གང་ཞིག་ཡོད་ན་འབྲས་བུ་བཟོད་པ་ལ་སོགས་པ་ཡོད་པར་འགྱུར་བ་ཡིན་ཏེ།རྒྱུ་དགྲ་ལ་སོགས་པ་དེ་ཉིད་འབྲས་བུ་བཟོད་པ་ལ་སོགས་དེ་ཡི་རྒྱུ་ཡིན་ན་ཇི་ལྟར་དུ་རྒྱུ་དགྲ་ལ་སོགས་པ་དེ་ལ་འབྲས་བུ་བཟོད་པ་ལ་སོགས་པའི་གེགས་ཞེས་བྱ་སྟེ།གེགས་བྱ་བར་མི་རུང་སྟེ་བཟོད་པ་མེད་ན་མི་འབྱུང་གི་རྒྱུ་མཆོག་ནི་དགྲ་ཡིན་པས་བཟོད་པ་སྒོམ་དགོས་སོ།སྦྱིན་པ་དུས་སུ་བྱིན་པའི་ཚེ་ན་སློང་མོ་བ་འོང་བས་སྦྱིན་པའི་གེགས་བྱས་པ་ཡོད་པ་མ་ཡིན་ཏེ།སྦྱིན་པ་མེད་ན་མི་འབྱུང་གི་རྒྱུ་སྤྲང་པོ་ཡིན་པ་དང་།རབ་བྱུང་སྒྲུབ་པའི་དུས་སུ་འཁོར་བ་ལས་རབ་ཏུ་འབྱིན་པར་བྱེད་པ་གྱུར་པ་པོ་མཁན་པོ་སློབ་དཔོན་ལ་སོགས་པ་འོང་བ་ལ་རབ་ཏུ་བྱུང་བའི་གེགས་ཞེས་བྱ་བར་མི་རུང་སྟེ།ཚུལ་ཁྲིམས་མེད་ན་མི་འབྱུང་གི་རྒྱུ་མཁན་སློབ་ཡིན་པས་སོ།།འཇིག་རྟེན་གྱི་ཁམས་འདི་ན་ནི་སྦྱིན་པའི་ཞིང་ས་སློང་བ་སྤྲང་པོ་ནི་མོད་དེ་ཤིན་ཏུ་མང་ལ།བཟོད་པའི་ཞིང་ས་གནོད་པ་བྱེད་པ་དགྲ་ནི་དཀོན་པ་ཡིན་པས་རེས་འགའ་ལས་མི་འབྱུང་སྟེ།འདི་ལྟར་དུ་བདག་གིས་ཕར་ལ་གནོད་པ་མ་བྱས་ན་ནི་དགྲ་འགའ་སུ་ཡང་ཚུར་ལ་གནོད་པ་མི་བྱེད་དོ།།བཟོད་པའི་ཞིང་ས་དགྲ་དཀོན་པ་ཡིན་པ་དེ་བས་ན།བདག་ཉིད་ཀྱིས་ཚེགས་ཆེན་པོས་ངལ་བས་མ་བསྒྲུབས་པའི་དགྲ་བྱུང་བ་འདི་ནི་དཔེར་ན་རྒྱལ་པོ་བསོད་ནམས་སྟོབས་ལ་སོགས་པའི་ཁྱིམ་དུ་གཏེར་ཁ་རྒྱ་ཆེན་པོ་ནི་རབ་ཏུ་བྱུང་བ་ལྟར་དུ་བདག་གི་བྱང་ཆུབ་སྤྱོད་པའི་བཟོད་པའི་གྲོགས་སུ་གྱུར་པས་ན་བདག་ཅག་གིས་དགྲ་རྣམས་ལ་དགའ་བར་བྱ་དགོས་སོ།།བཟོད་པ་བསྒོམས་པའི་ཕན་ཡོན་དེས་ཅི་ཞིག་བྱ་དགོས་སྙམ་ན།དགྲ་འདི་དང་བདག་གིས་བྱང་ཆུབ་སེམས་དཔའི་བཟོད་པ་མཉམ་དུ་བསྒྲུབས་པ་ན་རྒྱུ་མཚན་དེ་ཕྱིར་བཟོད་པ་བསྒོམས་པའི་ཕན་ཡོན་གྱི་འབྲས་བུ་རྣམས་ནི་དགྲ་འདི་ལ་ཐོག་མར་དང་པོ་ཉིད་ནས་བརྡར་ཞེས་པ་ནི་བསྔོ་འོས་པ་ཅན་ཡིན་ཏེ།མགྲོན་པོ་ལ་ཟས་བཤམས་ཏེ་བསྔོས་པ་བཞིན་དུ་བཟོད་འབྲས་བསྔོས་ན་འགྲུབ་པ་དཔེར་ན་སངས་རྒྱས་སྔོན་དུས་སུ་དྲང་སྲོང་བཟོད་པ་སྨྲ་བའི་སྐྱེ་བ་བཞེས་དུས་སུ་ཀ་ལིངྐའི་རྒྱལ་པོ་རྩོད་བྱུང་ལ་བསྔོས་པས་སྟོན་པ་སངས་རྒྱས་ཀྱི་འཁོར་གྱི་ཐོག་མར་སྐྱེས་ནས་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་འཕགས་པ་ཀུན་ཤེས་ཀཽ་ཌི་ཎ་ཡ་ལྟར་རོ།།དེ་ཕྱིར་དགྲ་འདི་ལ་བཟོད་འབྲས་བསྔོ་དགོས་ཏེ།འདི་ལྟར་དགྲ་དེ་ནི་བཟོད་པའི་རྒྱུ་ཡིན་པའི་ཕྱིར་རོ།།དེ་ཡང་བདག་རྒྱུད་ལ་བཟོད་པ་བསྒོམ་དགོས་ལ།བཟོད་པའི་ཕན་ཡོན་ནི་དགྲ་ལ་བསྔོས་ཏེ་བྱིན་དགོས་སོ།།གལ་ཏེ་དགྲ་འདིས་བདག་གི་རྒྱུད་ལ་བཟོད་པ་བསྒོམ་དགོས་སྙམ་པའི་བསམ་པ་མེད་པས་དགྲ་འདི་ལ་བཟོད་པ་བསྒོམ་པའི་ཕན་ཡོན་གྱི་འབྲས་བུ་དགེ་བས་མཆོད་པར་བྱ་བ་མིན་ནོ་ཞེ་ན།མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་བྱང་ཆུབ་སེམས་དཔའི་བཟོད་པ་རང་རྒྱུད་ལ་གྲུབ་པ་ཡི་ནི་རྒྱུར་རུང་བ་དམ་པའི་ཆོས་རྣམས་ལ་ཅི་སྟེ་ཞེས་ཅིའི་དོན་དུ་མཆོད་དེ།བདག་རྒྱུད་ལ་བཟོད་པ་སྒྲུབ་དགོས་སྙམ་པའི་ཕན་སེམས་མེད་པ་ལ་དགྲ་དང་དམ་ཆོས་གཉིས་ཀ་འདྲ་བས་སོ།།དམ་པའི་ཆོས་དང་མི་འདྲ་སྟེ།གལ་ཏེ་དགྲ་འདི་ལ་བཟོད་པ་བསྒྲུབ་དགོས་སྙམ་པའི་བསམ་པ་མེད་པའི་སྟེང་དུ་བདག་ལ་གནོད་པར་བྱ་བའི་བསམ་སྦྱོར་ཡོད་པས་བཟོད་པའི་ཕན་ཡོན་གྱིས་མཆོད་བྱ་མིན་ནོ་ཞེ་ན།བསམ་ངན་སྦྱོར་རྩུབ་ཚང་བ་དགྲ་བོའི་མཚན་ཉིད་ཅན་དེ་ལྟ་བུ་ཞིག་མ་གཏོགས་སྨན་པ་བཞིན་ཏུ་བདག་ལ་ཕན་པ་ཉག་ཅིག་བྱེད་པ་ལ་བརྩོན་པ་ཞིག་ཡིན་ན།བདག་གིས་བཟོད་པ་ཇི་ལྟར་དུས་འགྲུབ་སྟེ་འགྲུབ་པར་མི་འགྱུར་བའི་ཕྱིར་རོ།།བསམ་ངན་སྦྱོར་རྩུབ་ཚང་བའི་དགྲ་མེད་ན་རང་རྒྱུད་ལ་བཟོད་པ་མི་འགྲུབ་པ་ཡིན་པ་དེ་བས་ན།ཅི་ཙམ་དུ་རབ་ཏུ་སྡང་བའི་སེམས་ཡོད་པའི་དགྲ་ལ་བརྟེན་ནས་དེ་ཙམ་གྱིས་བཟོད་པ་རང་རྒྱུད་ལ་སྐྱེ་བར་འགྱུར་བས་ན།དགྲ་རིན་པོ་ཆེ་དེ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པས་ན།དགྲ་དེ་ཉིད་དམ་པའི་ཆོས་བཞིན་ཏུ་མཆོད་པར་འོས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་གཉིས་པ་བཟོད་པ་བསྒོམ་པ་དངོས་སོང་ནས།གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལའང་བསོད་ནམས་ཀྱི་ཞིང་དུ་བསམ་སྟེ་གུས་པར་བྱ་བ་དང་།རྒྱལ་བ་དགྱེས་པ་ལ་བསམ་སྟེ་གུས་པར་བྱ་བ་དང་།ཕན་གནོད་ཀྱི་འབྲས་བུ་ལ་བསམ་ཏེ་གུས་པར་བྱ་བ་དང་གསུམ་ལས།དང་པོ་ནི།དེ་ཕྱིར་སེམས་ཅན་ཞིང་དང་ནི།།སོགས་ནས།རིགས་པར་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ལྟར་དགྲ་དེ་ཉིད་དམ་པའི་ཆོས་བཞིན་ཏུ་མཆོད་པར་འོས་པ་ཡིན་པ་དེའི་ཕྱིར་ན།བྱང་ཆུབ་སེམས་དཔའ་ལ་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བྱམས་སྙིང་རྗེ།བྱང་ཆུབ་སེམས་བསྐྱེད།བྱང་སེམས་ཀྱི་བསླབ་བྱ་ལ་སོགས་པ་རྣམས་ནི་སེམས་ཅན་གྱི་ཞིང་ལ་བརྟེན་ནས་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་པ་དང་།དེ་བཞིན་དུ་ནི་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་དང་དད་པ་ལ་སོགས་པ་བྱས་པས་སངས་རྒྱས་ཀྱི་ཆོས་སྐུ་སྒྲུབ་པས་ན་སེམས་ཅན་དང་རྒྱལ་བའི་ཞིང་རྣམ་པ་གཉིས་ཚོགས་གཉིས་བསགས་པའི་ཞིང་ལ་འདྲའོ་ཞེས་ཐུབ་པས་གསུངས་ཏེ།ད་དུང་དེ་གཉིས་ལས་ཀྱང་སེམས་ཅན་གྱི་ཞིང་མཆོག་སྟེ།སེམས་ཅན་འདི་དག་ཐམས་ཅད་སྦྱིན་པ་ལ་སོགས་པས་མགུ་བར་བྱས་ནས་སངས་རྒྱས་མང་པོ་ཞིག་ནི་འདི་ལྟར་དུ་ཕུན་སུམ་ཚོགས་པའི་ཡོན་ཏན་མཐའ་ཡས་པ་མང་པོའི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ཡིན་ལ།སེམས་ཅན་རྣམས་ལ་བརྟེན་ནས་ཕར་ཕྱིན་དྲུག་གི་སངས་རྒྱས་ཀྱི་ཡོན་ཏན་རང་རྒྱུད་ལ་འགྲུབ་པ་དང་།རྒྱལ་བ་རྣམས་ལ་བརྟེན་པ་ལས་ལག་པ་ཡ་གཅིག་གིས་ཐལ་མོ་སྦྱར་བ་དང་མེ་ཏོག་རྡོག་གཅིག་ནམ་མཁར་དོར་བ་ཙམ་ཡང་ཆུད་ཟོས་སུ་མི་འགྲོ་བར་དད་པ་དང་སྐྱབས་འགྲོ་ལ་སོགས་པ་བྱས་པས་མཐར་ཐུག་སངས་རྒྱས་ཀྱི་ཆོས་མ་ལུས་པ་རང་རྒྱུད་ལ་འགྲུབ་པའི་ཐབས་སུ་སེམས་ཅན་དང་སངས་རྒྱས་རང་ལ་ཕན་པ་འདྲ་བ་ཡིན་པ་ལ།ཞིང་དེ་གཉིས་ཀྱི་ནང་ནས་རྒྱལ་བ་རྣམས་ལ་ཕྱག་མཆོད་ལ་སོགས་པ་གུས་པར་བྱེད་པ་དེ་བཞིན་ཏུ་སེམས་ཅན་རྣམས་ལ་གུས་པ་མིན་པ་ཅི་ཡི་ཚུལ་དུ་ཡིན་ཏེ་སེམས་ཅན་ལ་མི་གུས་པའི་རྒྱུ་མཚན་ཞིག་ཡོད་དོ།།དེ་ལྟར་གུས་པ་ཡོད་མེད་ཀྱི་ཁྱད་པར་ཡོན་ཏན་ཡོད་མེད་ཀྱིས་ཡིན་ནོ་སྙམ་ན།སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཡོད་མེད་ཁོ་ན་རང་གྱིས་སངས་རྒྱས་ཡོན་ཏན་གྱི་ཕུང་པོ་དང་སེམས་ཅན་སྐྱོན་གྱི་ཕུང་པོ་ཡིན་པ་གཉིས་ཀྱི་སྒོ་ནས་སེམས་ཅན་ལ་གུས་པ་བྱ་དགོས་ཟེར་བ་མིན་ཏེ།སངས་རྒྱས་ལ་མཆོད་པ་དང་སེམས་ཅན་ལ་སྦྱིན་པ་ལ་སོགས་པའི་འབྲས་བུ་དེ་ཉིད་ཀྱིས་མཐར་ཐུག་སངས་རྒྱས་ཐོབ་པ་ལ་འདྲ་བས་ན་རང་རྒྱུད་ཕན་པ་ཆེ་ཆུང་འདྲ་བ་ལས་སེམས་ཅན་ལ་གུས་པ་བྱེད་དགོས་པ་ཡིན་ཅིང་།སངས་རྒྱས་ཐོབ་པ་ལ་སངས་རྒྱས་དང་སེམས་ཅན་འདྲ་བ་དེས་མཚུངས་པར་སེམས་ཅན་རྣམས་ལའང་སངས་རྒྱས་འགྲུབ་པའི་ཡོན་ཏན་ཡོད་པ་ཡིན་ཅིང་།ད་དུང་བཟོད་ཡུལ་ལ་སེམས་ཅན་ལྷག་པ་ཡིན་པ་དེའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་དེ་དག་གཉིས་ཀ་བསོད་ནམས་བསགས་པའི་ཞིང་དུ་མཉམ་པ་ཡིན་ནོ།།དེ་ལྟར་ཞིང་གཉིས་ལ་མཉམ་པའི་གཏན་ཚིགས་ཡོད་དེ།བསམ་གཏན་བཞི་པོ་གང་རུང་གི་དངོས་གཞི་དང་འབྲེལ་པའི་འགོག་པའི་སྙོམས་འཇུག་དང་།ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་།བྱམས་པའི་ཏིང་ངེ་འཛིན་གསུམ་གང་རུང་བསྒོམ་པ་ལ་མཆོད་པ་ཕུལ་ནས་སྨོན་ལམ་བཏབ་ན་ཚེ་འདི་ལ་སྨིན་ནུས་པས་ན་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ལ།།དེ་གསུམ་གྱི་ནང་ནས་འདིར་སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའི་སེམས་དང་ལྡན་པ་ལ་མཆོད་པ་བྱས་པའི་འབྲས་བུ་སྨོན་ལམ་གང་བཏབ་ད་ལྟ་འགྲུབ་པའི་མཐོང་ཆོས་མྱོང་འགྱུར་གྱི་ལས་གང་ཡིན་པ་དེ་ནི་སེམས་ཅན་ལ་བྱམས་པ་བསྒོམ་པའི་ཆེ་བ་ཉིད་ཡིན་ལ།སངས་རྒྱས་ལ་དད་པ་བྱས་ཏེ་ལག་པ་ཡ་གཅིག་གིས་ཐལ་མོ་ཞིག་སྦྱར་བ་དང་།མེ་ཏོག་གཅིག་ནམ་མཁར་དོར་བ་དང་།རྩིགས་ངོས་སུ་རྩེད་མོའི་ཕྱིར་དུ་བདེ་བར་གཤེགས་པའི་སྐུ་གཟུགས་རི་མོའི་ཚུལ་དུ་བྲིས་པ་ལ་སོགས་པའང་མཐར་ཐུག་མྱང་འདས་ཐོབ་པར་མདོ་རྣམས་ལས་གསུངས་པས་ན།དེ་ལྟ་བུའི་སངས་རྒྱས་ལ་དད་པ་ལན་གཅིག་བྱས་པའི་བསོད་ནམས་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་ཆེ་བ་ཉིད་ཡིན་ཏེ།འབྲས་བུ་ཚེ་འདི་ལ་སྨིན་པ་སེམས་ཅན་ལྷག་པ་ཡིན་ནོ།།སངས་རྒྱས་དང་སེམས་ཅན་གཉིས་ཀྱི་ཁྱད་པར་ཡོན་ཏན་ཡོད་མེད་ཀྱིས་མིན་སྟེ།སངས་རྒྱས་ཀྱི་ལུང་རྟོགས་ཀྱི་ཆོས་འགྲུབ་པའི་ཆ་ཤས་སེམས་ཅན་རྣམས་ལ་ཡོད་པ་དེས་ན་སངས་རྒྱས་དང་སེམས་ཅན་དེ་དག་གཉིས་ཀ་བསོད་ནམས་བསགས་པའི་ཞིང་དུ་མཉམ་པར་འདོད་པ་ཡིན་མ་གཏོགས།རྒྱལ་བ་རྣམས་ནི་སྐུ་མཚན་དཔེ།གསུང་ཚངས་དབྱངས།ཐུགས་རྣམ་མཁྱེན་གྱི་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་དང་ཉོན་མོངས་པའི་སེམས་ཅན་རྣམས་ཕྱོགས་འགའ་ཙམ་ཡང་མི་མཉམ་མོ།།དཔེར་ན་རྒྱ་ནག་གོས་མཛོད་ནས་འོང་བའི་གོས་ཆེན་དུམ་བུ་ཙམ་ཡང་ཡོན་ཏན་ལ་སོགས་བཤད་པ་ལྟར་དུ་སངས་རྒྱས་ཀྱི་ལམ་ཏིང་འཛིན་མངོན་ཤེས་ཟག་མེད་ཆོས་ཀྱི་ཡོན་ཏན་མཆོག་གི་རྒྱ་མཚོའི་ཚོགས་མང་པོ་དང་ལྡན་པའི་བང་མཛོད་ལས་འོང་བའི་ནང་ནས་སྦྱིན་པ་ལྟ་བུའི་ཡོན་ཏན་གཅིག་པུ་དེ་ཡི་ཡོན་ཏན་བརྒྱ་སྟོང་གྲངས་མེད་བགོས་པའི་དུམ་བུ་ཆ་ཤས་ཙམ་ཞིག་སེམས་ཅན་འགའ་ཞིག་ལ་སྣང་ནའང་ཡོན་ཏན་གྱི་དུམ་བུ་ཕྲ་མོ་དེ་ཙམ་ལ་ཡང་མཆོད་པའི་དོན་དུ་འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་པོ་འདི་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཕྱུར་བུར་བཀང་སྟེ་ཕུལ་ན་ཡང་ཆུང་བར་འགྱུར་རོ།།སངས་རྒྱས་ཀྱི་ཡོན་ཏན་མཆོག་གི་ཚོགས་ལས་འོངས་པའི་ཡོན་ཏན་གྱི་དུམ་བུ་ཙམ་ཏེ་གཞན་སུ་ལ་མེད་སྙམ་ན་བྱམས་སོགས་ཚད་མེད་བཞི་དང་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་སྐྱེ་བའི་ཆ་ཤས་དུམ་བུ་ཙམ་རེ་སེམས་ཅན་རྣམས་ལ་ཡོད་པ་ཡིན་པས་ན།ཡོན་ཏན་འདི་ཙམ་དག་གིས་སངས་རྒྱས་དང་སེམས་ཅན་ཆ་བསྟུན་ནས་སྤྱིར་སེམས་ཅན་ཐམས་ཅད་དང་།དེའི་ནང་ནས་ཁྱད་པར་དུ་དགྲ་རྣམས་ནི་བདག་ཏུ་འཛིན་པའི་གཞི་གསུམ་གྱིས་མཆོད་པར་བྱ་བར་རིགས་པར་འགྱུར་རོ།།གཉིས་པ་རྒྱལ་བ་དགྱེས་པ་ལ་བསམ་ཏེ་གུས་པར་བྱ་བ་ནི།གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་།།ཕན་པ་དཔག་མེད་མཛད་རྣམས་ལ།།སོགས་ནས།འདི་ཉིད་བྱ།།ཞེས་པའི་བར་གྱིས་བསྟན།བསོད་ནམས་ཀྱི་ཞིང་དུ་བསམ་ཏེ་སེམས་ཅན་ལ་གུས་པར་བྱ་བ་དེ་ལས་གཞན་ཡང་སངས་རྒྱས་ཀྱི་ཐུགས་ལ་གཡོ་སྒྱུ་མེད་པས་དྲང་བ་དང་།མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་ལ་མ་འདྲིས་པའི་མཛའ་བཤེས་ཆེན་པོའི་གཉེན་དུ་གྱུར་ཅིང་།མཛད་པ་དང་ཕྲིན་ལས་རྒྱ་ཆེན་པོས་ཐབས་དུ་མའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་དུས་དང་གནས་སྐབས་མཐར་ཐུག་ཀྱང་ཀུན་ཏུ་ཕན་པ་དཔག་ཏུ་མེད་པ་མཛད་པའི་རྒྱལ་བ་སྲས་བཅས་དེ་རྣམས་ལ་སྐུ་དྲིན་གསོ་བྱེད་གཞན་མེད་པས་ན།སེམས་ཅན་ཐམས་ཅད་ཕྱིན་དྲུག་གིས་མགུ་བར་བྱ་བ་མ་གཏོགས་པ་གཞན་བྱ་བ་གང་ཞིག་གིས་སངས་རྒྱས་རྣམས་ལ་སྐུའི་དྲིན་ལན་ལོན་སྟེ་དྲིན་ལན་སོད་པར་མི་འགྱུར་རོ།།སེམས་ཅན་སྐྱོན་དང་སངས་རྒྱས་ཡོན་ཏན་གྱི་རང་བཞིན་སོ་སོ་ཡིན་པས་སེམས་ཅན་རྣམས་ལ་ཕན་བཏགས་པའི་དགོས་པ་ཅི་ཡོད་སྙམ་ན།སངས་རྒྱས་རྣམས་ཀྱིས་བདག་ལ་སོགས་པའི་སེམས་ཅན་གང་གི་ཕྱིར་དུ་སྐུ་ལུས་ཡོངས་སུ་གཏོང་བ་དང་།སེམས་ཅད་ཀྱི་དོན་དུ་དམྱལ་བ་མནར་མེད་པའི་མེ་ནང་དུ་འཇུག་པར་མཛད་པ་ཡིན་པ་ལ་སེམས་ཅན་དེ་ལ་ཕན་བཏགས་ན་རྒྱལ་བ་རྣམས་ཀྱིས་མ་དང་བུའི་འདུ་ཤེས་མཛད་ཡོད་པ་སངས་རྒྱས་རྣམས་ལ་དྲིན་ལན་ལོན་ཏེ་བདེ་བར་འགྱུར་བས་ན།སེམས་ཅན་བདེ་ཐབས་བྱས་ན་རྒྱལ་བ་རྣམས་ཐུགས་དགྱེས་པར་འགྱུར་བ་ཡིན་པ་དེ་བས་ན་སེམས་ཅན་འདི་དག་རྣམས་ཀྱིས་བདག་ལ་གནོད་པ་ཆེན་པོ་ཇི་ལྟ་བུ་ཞིག་བྱེད་པའི་ཚེ་ན་ཡང་ཕར་ཕྲོགས་ན་ཚུར་ལ་བྱིན་པ་ཡིན་བསམ་པ་དང་།གནོད་པ་སྣ་ཚོགས་བྱེད་ན་བཟོད་པ་ཅི་ནུས་བསྒོམ་ཟེར་བའི་བརྡ་ཡིན་བསམ་པ་ལ་སོགས་པ་གནོད་པ་ཅི་བྱེད་པ་ཐམས་ཅད་རང་ལ་ཕན་ཐབས་མང་པོའི་བཟང་དགུ་ཞིག་ཏུ་ཞེས་པ་ནི་བདག་ལ་གང་བཟང་ཚད་ཐམས་ཅད་ཀྱིས་ཕན་བཏགས་པ་ཡིན་བསམ་པས་རྒྱལ་པོ་གཙུག་ན་ནོར་བུའི་རྣམ་ཐར་ལྟར་དུ་གཞན་གྱིས་གནོད་པ་ཐམས་ཅད་དང་དུ་བླངས་ཏེ་སྤྱད་པར་བྱ་དགོས་སོ།།གཞན་ལ་ཕན་པའི་དུས་ནམ་ཡང་རེ་ཞིག་གི་ཚེ་ན་བདག་ཅག་གི་རྗེར་གྱུར་ཞེས་པ་ནི་དཔོན་པོར་གྱུར་པ་སངས་རྒྱས་ཐམས་ཅད་ཉིད་ཀྱིས་ཀྱང་ནི་སེམས་ཅན་གང་གི་ཕྱིར་དུ་སངས་རྒྱས་རང་གི་སྐུ་ལུས་ལའང་ཆུ་ཐིགས་ཙམ་དུ་མི་གཟིགས་པར་གཞན་དོན་ལ་གཏོང་བར་མཛད་པ་ཡིན་ན།དེ་ལྟ་བུའི་སངས་རྒྱས་ཐམས་ཅད་ཀྱིས་དབུའི་མཆོད་གནས་བླ་མར་གྱུར་པའི་སེམས་ཅན་དེ་རྣམས་ལ་མི་མགོ་ནོར་སྐྱེས་རྨོངས་པ་བདག་གིས་ཇི་ལྟར་ན་སེམས་ཅན་རྣམས་ལ་ང་རྒྱལ་བྱ་སྟེ།རང་ཉིད་ནི་ཤིང་ལ་གོས་ཀྱིས་གཡོགས་པ་ལྟར་སྲ་མཁྲེགས་གྱོང་ཁེངས་ང་རྒྱལ་ཅན་གྱི་སེམས་འདི་ཉིད་མེད་པར་བྱས་ཏེ་ང་རྒྱལ་མི་བྱ་བ་ལ་བསླབ་པར་བྱ་ཞིང་།ཇི་ལྟར་ན་བྲན་གྱི་དངོས་པོ་མི་བྱ་སྟེ་བྲན་བྱ་དགོས་སོ།།སངས་རྒྱས་ཐམས་ཅད་བདེ་སྡུག་གི་མཐའ་ལས་འདས་ཀྱང་སེམས་ཅན་གང་དག་གི་ལུས་བདེ་བས་ནི་ཐུབ་པ་བཅོམ་ལྡན་འདས་རྣམས་བདེ་བས་དགྱེས་པར་འགྱུར་ཞིང་།སེམས་ཅན་གང་གི་ལུས་ལ་གནོད་པ་བྱས་ན་རྒྱལ་བ་རྣམས་ལ་མི་དགྱེས་པ་འབྱུང་བར་འགྱུར་བ་ཡིན་ཞིང་།སེམས་ཅན་གཅིག་ལ་ཚིག་སྙན་པ་ཙམ་ཞིག་བརྗོད་ནའང་རྒྱལ་བ་དགྱེས་པའི་མཆོད་པ་མཆོག་ཏུ་གྱུར་པ་ཡིན་ཏེ་མདོ་ལས།འགྲོ་ལ་ཕན་མཆོག་རྒྱལ་བའི་ཐུགས་ལའང་སྨན།།གང་ལ་གནོད་མཆོག་ཀྱང་ནི་དེ་བཞིན་ཏེ།།ང་དང་སེམས་ཅན་བདེ་སྡུག་མཚུངས་གསུངས་ན།།འཕགས་པའི་སྤངས་རྟོགས་བདེན་པས་འགྲོ་འདི་སྐྱོབས།།ཞེས་གསུངས་པ་ལྟར་དུ་སེམས་ཅན་དེ་དག་གི་སེམས་དགའ་བས་ནི་ཐུབ་པ་ཀུན་གྱི་ཐུགས་ལྷག་པར་དགྱེས་པའི་ཐབས་སུ་ངེས་ཤིང་།སེམས་ཅན་ཀུན་གྱི་སེམས་དེ་ལ་ཚིག་རྩུབ་ལ་སོགས་པས་གནོད་པ་བྱས་ན་ཐུབ་པ་རྣམས་ལ་གནོད་པ་བྱས་པ་ལྟར་ཡིན་པས་ན་སེམས་ཅན་ལ་ཕན་པ་ཅི་འགྲུབ་དང་གནོད་པ་ཅི་ནུས་སུ་སྤོང་ཐབས་ལ་བརྩོན་དགོས་སོ།།ཞེས་ཚིགས་རྐང་གོང་མ་གཉིས་ལུས་བདེ་བ་དང་ཚིགས་རྐང་འོག་མ་གཉིས་སེམས་དགའ་བ་ཞེས་ལུགས་གཅིག་དང་།ཡང་ན་སེམས་ཅན་རང་རང་བདེ་བ་ཅི་ཡོད་པས་ཐུབ་པ་རྣམས་དགྱེས་པ་དང་།སེམས་ཅན་རང་རང་གི་དགའ་བས་ཐུབ་པ་རྣམས་དགྱེས་ཤིང་།སེམས་ཅན་རང་རང་ལ་གནོད་པ་ཡོད་པ་དང་གནོད་པ་བྱས་ན་ཐུབ་རྣམས་མི་དགྱེས་པས་སྤོང་དགོས་ཞེས་འགྲེལ་ལུགས་གཉིས་ཡོད་གསུངས་སོ།།དཔེ་ཇི་ལྟར་ན་སེམས་ཅན་ཞིག་གི་ལུས་ལ་གསོན་བསྲེག་བྱས་ཏེ་ལུས་ཀྱི་ཕྱོགས་ཀུན་ནས་མེ་འབར་བ་ཞིག་ལ་ཁྱོད་ཀྱིས་མིག་གིས་ཡུལ་དུ་གཟུགས་མཛེས་པ་ལ་སོགས་པའི་འདོད་པ་ལྔའི་ཡོན་ཏན་ཐམས་ཅད་བསྟན་པ་ལ་ལྟོས་བྱས་ཀྱང་བལྟ་མི་ནུས་པར་མ་ཟད།འདོད་པ་དེ་ཀུན་གྱིས་ཡིད་བདེ་བར་མི་འགྱུར་བ་དེ་བཞིན་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་སྲིད་ན་ཆེ་རྒུ་ཚངས་པ་དང་ལྷ་དབང་འཁོར་ལོས་བསྒྱུར་བ་ལ་སོགས་པའི་སྐྱེ་བ་བཞེས་ནའང་འདོད་པའི་ཡོན་ཏན་ལྔའི་བདེ་བ་ནམ་ཡང་ཐུགས་ཉམས་སུ་མི་བཞེས་པར་མ་ཟད།སེམས་ཅན་སྡུག་བསྔལ་ཅན་རྣམས་གཟིགས་པའི་ཚེ་ན་སྐུ་ལུས་ལ་མེ་འབར་བ་ལྟ་བུ་ཡིན་པར་གསུངས་པས་ན།བདག་གིས་སེམས་ཅན་རྣམས་ལ་གནོད་པ་བྱས་པའི་ཚེ་དུས་ནམ་ཡིན་ན་ཡང་ཐུགས་རྗེ་ཆེ་བའི་བདག་ཉིད་རྒྱལ་བ་རྣམས་ཐུགས་དགྱེས་པའི་ཐབས་མེད་དོ།།མ་སྔོན་དུ་བུ་བསད་པའི་ཤ་ཁྲག་གིས་མ་ལ་མཆོད་པ་བྱས་ན་སྡུག་བསྔལ་གྱིས་མ་ཉིད་ལྷག་པར་ནོན་པ་བཞིན་དུ་སེམས་ཅན་ལ་གནོད་པ་བྱས་ན་རྒྱལ་བ་དགྱེས་པའི་ཐབས་མེད་དོ།།སེམས་ཅན་ལ་གནོད་པ་བྱས་ན་སངས་རྒྱས་ཀྱི་སྐུ་ལུས་ལ་མེ་སྦར་བ་བཞིན་དུ་ཡིན་པས་ན།དེ་བས་ལས་ངན་བདག་གིས་ནི་ལུས་རྟེན་འདི་ཡན་ཆད་དུ་སྒོ་གསུམ་གྱི་སྒོ་ནས་འགྲོ་བ་ཀུན་ལ་གནོད་པ་སྣ་ཚོགས་བྱས་པས་ཐུགས་རྗེ་ཆེ་བའི་མངའ་བདག་རྒྱལ་བ་ཀུན་གྱི་ཐུགས་རྣམས་མི་དགྱེས་པར་གྱུར་བའི་ཉེས་པ་གང་དང་གང་བསགས་པའི་སྔར་བྱས་ཀྱི་སྡིག་པ་དེ་ཉི་མ་དུས་དེ་རིང་ཉིད་ནས་སོ་སོར་ཞེས་སྡིག་པ་ཅི་བསགས་པ་ཐམས་ཅད་སེམས་ཐོག་ཏུ་བླངས་ཏེ་རེ་རེ་བཞིན་དུ་བསྔོ་བགྲང་བྱས་ཏེ་འགྱོད་པ་དྲག་པོ་དང་བཅས་པས་བཤགས་པ་བགྱི་བར་ལགས་ན་སྙིང་ཐག་པ་ནས་སྡིག་པ་བཤགས་པ་དེ་ཡིས་ཐུགས་མི་དགྱེས་པ་གང་ལགས་པ་དེ་ཐམས་ཅད་ཐུབ་པ་བཅོམ་ལྡན་འདས་ཀྱིས་བཟོད་པར་མཛད་དུ་གསོལ།ད་ཕྱིན་ཆད་ནས་བདག་གིས་སྡོམ་སེམས་བརྟན་པོར་བཟུང་ན་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པར་བགྱི་བའི་སླད་དུ་དུས་དེང་ནས་བཟུང་སྟེ་རྒྱལ་བ་སྲས་བཅས་རྣམས་ཐུགས་ཤིན་ཏུ་དགྱེས་བྱེད་སེམས་ཅན་བདེ་ཐབས་འདི་ཁོ་ན་ཡིན་པར་བདག་གིས་ཤེས་ནས་རང་གི་རྒྱུད་ཀྱི་ང་རྒྱལ་ཁེངས་དྲེགས་ཆགས་ཁྲོ་ཐམས་ཅད་རང་གིས་ངེས་པར་བརྟུལ་ཏེ་མཛེ་བོ་དང་སྤྲང་པོ་དང་གཡོག་གི་བསམ་པ་བཟུང་ནས་འཇིག་རྟེན་ཐམས་ཅད་ཀྱི་བྲན་གཡོག་པོ་ཉིད་དུ་བདག་མཆི་སྟེ་ཞེས་འགྲོ་བ་ཡིན་པས།ད་ཕྱིན་ཆད་འགྲོ་བ་མང་པོའི་དྲང་པའི་རྡོག་པས་བདག་གི་མགོ་ཡི་སྤྱི་བོར་འཚོགས་གམ་ཞེས་བརྡུང་བརྡེག་བྱེད་པ་ལ་ལན་མི་བྱེད་པ་དང་།འགུམས་ཀྱང་ཞེས་གཅེས་པ་རང་སྲོག་འདི་བཅད་དེ་བསད་ཀྱང་ཕར་སེམས་ཅན་ལ་དོ་མི་བསྡོ་ཞེས་ཁྲོས་ཀྱང་སླར་མི་ཁྲོ་བ་དང་།གཤེ་ཡང་སླར་མི་གཤེ་བ་དང་།བརྡེག་ཀྱང་སླར་མི་བརྡེག་པ་དང་།མཚང་བྲུས་ཀྱང་སླར་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བླ་མས་དབང་བསྐུར་བར་བྱེད་པས་ན་འཇིག་རྟེན་མགོན་པོ་སངས་རྒྱས་རྣམས་ཐུགས་དགྱེས་པར་མཛོད་ཅིག།།དེ་ལྟར་མ་བྱས་ན་འགྲོ་བ་འདི་དག་ཐམས་ཅད་ཀུན་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་རང་བཞིན་སངས་རྒྱས་ཐམས་ཅད་དེས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དང་པོ་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚེ་ན་བདག་གི་ཕ་མ་སེམས་ཅན་ཐམས་ཅད་ཅེས་བདག་གི་དགའ་བའི་ཚུལ་དུ་མཛད་པ་དང་།བར་དུ་བདག་གཞན་མཉམ་བརྗེའི་དུས་སུ་སེམས་ཅན་ཐམས་ཅད་བདག་ཡིན།བདག་སེམས་ཅན་ཐམས་ཅད་ཡིན་དགོངས་པས་བདག་གཞན་བརྗེ་བའི་དུས་སུ་བདག་ཏུ་བཟུང་བར་མཛད་པ་དང་།མཐར་མཐོང་ལམ་ཐོབ་པའི་ཚེ་ན་དོན་དམ་བྱང་ཆུབ་སེམས་ཀྱིས་ཐམས་ཅད་རྒྱུ་ཐ་དད་མེད་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་དུ་བཟུང་བར་མཛད་པས་ན།སེམས་ཅན་ཐམས་ཅད་རྒྱལ་བ་སྲས་བཅས་ཀྱིས་ཐུགས་རྗེའི་རྭ་བའི་གུར་ཁང་དུ་བཙུད་ནས་བདག་ཏུ་ལན་གསུམ་དུ་བཟུང་བར་མཛད་པ་འདི་ལ་ཐེ་ཚོམ་མེད་པས་ན།སེམས་ཅན་ཐམས་ཅད་ད་ལྟ་མི་རྟ་ཁྱི་ལ་སོགས་པ་འགྲོ་བ་རང་རང་གི་ངོ་བོར་མཐོང་བ་ལྟར་གྱི་སེམས་ཅན་འདི་དག་ཐམས་ཅད་ཉིད་ནི་མགོན་པོ་རྫོགས་པའི་སངས་རྒྱས་དེའི་བདག་ཉིད་མངོན་སུམ་དུ་ཡིན་བསམ་པས་ཅིའི་ཕྱིར་དུ་སེམས་ཅན་རྣམས་ལ་གུས་པར་མི་བྱེད་དེ་གུས་པར་བྱེད་དགོས་ཏེ།ཟླ་བ་སྒྲོན་མེའི་མདོ་ལས།བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ།།སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་།།འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ།།ཞེས་གསུངས་པའི་ཕྱིར་རོ།།སེམས་ཅན་མགུ་བར་བྱ་བ་འདི་ཉིད་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཐུགས་མཉེས་པར་བྱེད་པ་ཡིན་ལ།རང་དོན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་དག་པར་སྒྲུབ་པར་བྱེད་པའང་སེམས་ཅན་མགུ་བར་བྱ་བ་འདི་ཉིད་ཡིན་པས་གཞན་ཕན་ལ་བརྩོན་པར་བྱེད་དོ།།གཞན་དོན་དུ་འཇིག་རྟེན་མཐའ་དག་གི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མ་ལུས་པ་སེལ་བར་བྱེད་པའང་སེམས་ཅན་མགུ་བར་བྱེད་པ་འདི་ཉིད་ཡིན་པ་དེའི་ཕྱིར་ན་རྒྱལ་བ་སྲས་བཅས་ཐུགས་དགོངས་མཉེས་བྱེད་དང་།རང་གཞན་གྱི་དོན་གཉིས་འགྲུབ་བྱེད་ཡིན་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་བདག་གིས་ནི་དུས་རྟག་ཏུ་སེམས་ཅན་མགུ་བར་བྱ་བ་འདི་ཉིད་ལ་བསླབ་པར་བྱ་ཞིང་།རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་བྱས་ན་ཉ་བསད་དེ་ཁྱི་ལ་སྦྱིན་པ་དང་འདྲ་བས་ན་ཕྱོགས་རིས་མེད་པའི་སེམས་ཅན་ཅི་ནུས་ཀྱིས་མགུ་བར་བྱའོ།།དེ་རྣམས་བསྡུས་ན།རྒྱ་གར་དམ་པ་སངས་རྒྱས་ཀྱིས་རང་གིས་ཇི་ལྟར་འདོད་པ་རྣམས་སུ་གཞན་ཡང་དེ་ལ་སྦྱོར་ཅིག་གསུངས་པ་འདིར་འདུས་པ་ཡིན་གསུངས་སོ།།གསུམ་པ་ཕན་གནོད་ཀྱི་འབྲས་བུ་ལ་བསམ་ཏེ་སེམས་ཅན་ལ་གུས་པར་བྱ་བ་ནི།དཔེར་ན་རྒྱལ་པོའི་མི་འགའ་ཞིག།།སོགས་ནས།བདེ་རྒྱས་ཐོབ།།ཅེས་པའི་བར་གྱིས་བསྟན།དེ་ཡང་དཔེར་ན་རྒྱལ་པོའི་མི་འགའ་ཞིག་གིས་སྐྱེ་བོ་སེམས་ཅན་མང་པོ་ལ་བརྡུང་བརྡེག་འཕྲོག་བཅོམ་ལ་སོགས་པས་གནོད་པ་སྣ་ཚོགས་བྱེད་ཀྱང་།ཡུལ་གྱི་སྐྱེ་བོ་བསམ་ཡོད་ཕྱི་མཐའ་ནམ་ཕུག་གི་ཡུན་ལ་མིག་རྒྱང་རིང་པོ་དག་གིས་རྒྱལ་པོའི་མི་གཅིག་དེ་གསོད་པར་ནུས་ཀྱང་ཕྱིར་མི་དེ་ལ་གསོད་པ་ལ་སོགས་པས་གནོད་པ་མི་བྱེད་པ་དེ་ནི་འདི་ལྟར་དུ་རྒྱལ་པོའི་མི་དེ་ཉིད་གཅིག་པུ་མ་ཡིན་གྱི་མི་དེའི་རྗེས་སུ་རྒྱལ་པོའི་དམག་ལ་སོགས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་མངགས་པའི་ཕོ་ཉའི་མི་དེ་ཡི་རྒྱབ་དཔུང་ཡིན་པ་དཔེ་དེ་བཞིན་དུ་གནོད་བྱེད་ཉམ་ཆུང་བ་ཤིག་དང་ལྗི་བ་སྤྲང་པོ་ལ་སོགས་པ་འགའ་སུ་ཡང་གསོད་པ་དང་བརྡུང་བརྡེག་བཙོན་དུ་བཟུང་བ་ལ་སོགས་པས་ཁྱད་དུ་གསོད་པར་མི་བྱ་སྟེ།འདི་ལྟར་དུ་དམྱལ་བའི་སྲུང་མ་བྱ་ཁྱི་གཅན་གཟན་ལ་སོགས་པས་བཟུང་ནས་དམྱལ་གནས་རྣམས་སུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་གཏོད་པ་དང་།ཁྱད་པར་དུ་ཤིག་དང་ལྗི་བ་རྣམས་ནི་སེན་མོའི་བར་དུ་བཅིར་བའི་རྣམ་སྨིན་གྱིས་དམྱལ་བ་བསྡུས་འཇོམས་སུ་སྐྱེ་བར་མདོ་དྲན་པ་ཉེར་བཞག་ལས་གསུངས་པ་དང་།རྒྱལ་བའི་ཐུགས་ལ་ཉེ་རིང་མེད་ཀྱང་རང་གིས་ལས་ངན་བསགས་པས་བསྒྲིབས་ནས་འཕགས་ཞལ་ཉི་ཞུར་ཙམ་ཡང་མཐོང་བར་མི་འགྱུར་བས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་སྲས་བཅས་རྣམས་ཀྱང་ཤིག་ལ་སོགས་པའི་སེམས་ཅན་དེ་ཡི་དཔུང་ལྟ་བུ་ཡིན་ལ།སེམས་ཅན་རྣམས་ལ་གནོད་པ་བྱས་ན་དམྱལ་བར་སྐྱེས་ནས་འཕགས་ཞལ་ཉི་ཞུར་ཙམ་ཡང་མི་མཐོང་བ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་སྡེ་དམངས་ཕལ་པ་རྣམས་ཀྱིས་རྒྱལ་པོ་གཏུམ་པོས་ཅི་གསུངས་དང་དུ་ལེན་པ་བཞིན་ཏུ་སེམས་ཅན་རྣམས་ནི་སྤྱིར་ཕྱིན་དྲུག་དང་ཁྱད་པར་བཟོད་པས་མགུ་བར་བྱ་དགོས་སོ།།ཕན་པ་དང་གནོད་པའི་འབྲས་བུ་ཡང་མི་འདྲ་སྟེ།དཔེར་ན་རྒྱལ་པོ་དང་རྒྱལ་པོ་ལྟ་བུའི་སྲས་དང་བློན་པོ་ལ་སོགས་པ་ཞིག་ཁྲོས་པར་གྱུར་ན་ཡང་ཚེ་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བར་ནུས་ཀྱང་།སེམས་ཅན་ཐམས་ཅད་ལས་ཉོན་གྱིས་མི་མགུ་བར་བྱས་པ་དེ་ཡིས་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་བ་གང་ཡིན་པ་དམྱལ་བའི་གནོད་པ་རྣམས་ནི་རྒྱལ་པོ་དང་རྒྱལ་པོ་ལྟ་བུའི་སྲས་བློན་པོ་དེས་བྱེད་དམ་སྟེ་བྱེད་མི་ནུས་ལ་སེམས་ཅན་མི་མགུ་བར་བྱས་ན་དམྱལ་བའི་གནོད་པ་བྱེད་པ་ཡིན་ནོ།།ཡང་དཔེར་ན་རྒྱལ་པོ་དང་རྒྱལ་པོ་ལྟ་བུའི་སྲས་བློན་ཞིག་བྱ་བ་སྣ་ཚོགས་ཀྱིས་མགུ་བར་བྱས་པར་གྱུར་ན་ཡང་ཚེ་འདི་ལ་ཟས་ནོར་དང་གོ་ས་ཐོབ་ཐང་གནང་བ་ཙམ་མ་གཏོགས་སེམས་ཅན་ཐམས་ཅད་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞིས་མགུ་བར་བྱས་པ་ལས་བྱུང་བའི་རྒྱུ་དེ་ཡིས་མ་འོངས་པ་ན་འཐོབ་པར་འགྱུར་བ་གང་ཡིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདི་ནི་རྒྱལ་པོ་ལ་སོགས་པས་སྦྱིན་པར་མི་ནུས་པས་མི་སྲིད་ལ།སེམས་ཅན་མགུ་ན་སངས་རྒྱས་ཀྱི་གོ་འཕང་སྦྱིན་པར་བྱེད་དོ།།དེ་བས་ན་དཔེ་རྒྱལ་བློན་བས་དཔེ་ཅན་སེམས་ཅན་ལྷག་པ་ཡིན་ནོ།།མཐར་ཐུག་གི་འབྲས་བུ་སེམས་ཅན་ལ་ཕན་བཏགས་ཏེ་གནོད་པ་མ་བསྐྱལ་བས་མགུ་བ་ལས་བྱུང་བ་དེ་ཡི་འབྲས་བུས་མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་འདི་ལྟ་སྟེ་ཕར་ཞོག་དང་ཞེས་སངས་རྒྱས་འགྲུབ་པ་གཞིར་བཅས་ཡིན་ཀྱང་།བཟོད་པ་བསྒོམས་པས་ཚེ་འདི་ཉིད་ལའང་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་མང་པོའི་མང་པོས་བཀུར་བའི་རྒྱལ་པོ་ལྟ་བུའི་དཔལ་ཆེན་པོ་འཐོབ་པ་དང་།གཞན་གྱི་སྙན་གྲགས་བརྗོད་པས་རང་གི་སྙན་པ་དང་གྲགས་པས་ས་སྟེང་ཁྱབ་པ་དང་།གཞན་ལ་གནོད་པ་མ་བྱས་པས་དགྲ་བགེགས་མེད་པས་ལུས་བདེ་ཞིང་སེམས་སྐྱིད་པར་འགྱུར་བ་ཅིས་ལ་མཐོང་སྟེ་མཐོང་བ་ཡིན་ནོ།།ཚེ་ཕྱི་མ་ལ་ཡང་འཁོར་བ་ན་འཁོར་བའི་ཚེ་ན་ཡང་བཟོད་པ་ལ་བསྒོམས་པའི་སེམས་ཅན་གཞན་སྦྲུལ་དང་སྦལ་པ་སྟག་གཟིག་གཅན་སྤྱང་ལྟ་བུ་མ་ཡིན་པར་བྱང་ཆུབ་སེམས་དཔས་བཟོད་པ་བསྒོམས་པས་གཟུགས་མཛེས་པ་དང་ཡིད་དུ་འོང་བ།སོགས་ཁོང་ན་བདེ་བར་གཉིད་ཀྱིས་ལོག་པ་དང་བདེ་བར་སད་པ་དང་མ་འཕྲོག་པས་ལོངས་སྤྱོད་འཕེལ་བ་དང་།དེ་བཞིན་དུ་བརྡུང་བརྡེག་སོགས་གཞན་ལ་མ་བྱས་པས་ལུས་ལ་ནད་མེད་པ་དང་།དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསྲུང་བ་དང་།ལྷ་ཡུལ་དུ་སྐྱེ་བ་ལ་སོགས་པ་དང་།ཕྱི་མའི་སྐྱེ་བ་ཐམས་ཅད་དུ་གཞན་གྱི་སྲོག་མ་བཅད་པ་ལ་སོགས་པས་སྙན་ཅིང་གྲགས་པ་དང་བཅས་པ་ཡིས་ནི་ངན་སོང་གི་སེམས་ཅན་ལྟར་སྡུག་བསྔལ་གྱིས་ཚེ་ཚད་རིང་བ་ལ་མིན་པར་འདོད་གཟུགས་ཀྱི་ལྷ་ལྟར་ཤིན་ཏུ་དུས་ཡུན་རིང་པོ་ཉིད་དུ་བདེ་བར་འཚོ་བ་དང་།མི་ཡུལ་དུ་སྐྱེས་ནའང་བཟོད་པ་དག་གིས་རབ་ཏུ་བརྒྱན་པའི་མཚན་དཔེ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་གླིང་བཞི་གླིང་ཕྲན་བརྒྱད་ལ་མངའ་དབང་བསྒྱུར་ནུས་པའི་བདེ་བ་རྒྱས་ཤིང་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ།མདོ་སྡུད་པ་ལས།བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ།།གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར།།ཞེས་གསུངས་སོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།།ཞེས་པས་བསྟན།དེ་ལྟར་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།དྲུག་པ་བཟོད་པ་བསྒོམ་པའི་ཚུལ་ཡོངས་སུ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའི་ཟིན་བྲིས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་སོང་ནས།གསུམ་པ་བྱང་ཆུབ་ཀྱི་སེམས་སྐྱེས་པ་མི་ཉམས་པར་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ་ནི།ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ།ཀུན་རྫོབ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསམ་བསྟན་གྱི་ལེའུ།དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་དང་གསུམ་ལས།དང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ་ལའང་གཞུང་དང་མཚན་གཉིས་ལས།དང་པོ་ལེའུའི་གཞུང་ལའང་།བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ་དང་།ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ།།སོགས་ནས།མེད་མི་འབྱུང་།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་རྒྱུ་བཟོད་པ་བསྒོམ་པ་སྔོན་དུ་འགྲོ་དགོས་པས་ཀོ་ལོང་གཙང་བཙན་ལྟར་དུ་མི་བསྡོམ་པ་དང་།བཟོད་སྲན་ཤའུ་ལྟར་དུ་ཆུང་བར་མ་བྱས་པར་བཟོད་སྲན་ཆེ་བ་བྱས་ནས་དེའི་རྗེས་སུ་འབྲས་བུ་བརྩོན་འགྲུས་བརྩམ་པ་འབྱུང་སྟེ།མདོ་སྡེ་རྒྱན་ལས།སྔ་མ་ལ་བརྟེན་ཕྱི་མ་དང་།།དམན་དང་མཆོག་ཏུ་གནས་ཕྱིར་དང་།།རགས་པ་དང་ནི་ཕྲ་བའི་ཕྱིར།།ཞེས་སོགས་གསུངས་པའི་གོ་རིམ་ལྟར་དུ་ཕྱིན་དྲུག་སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བ་དང་།སྦྱིན་པ་དམན་ལ་ཚུལ་ཁྲིམས་མཆོག་ལྟ་བུའི་མཆོག་དམན་དང་།ཕར་ཕྱིན་སྔ་མ་སྔ་མ་རགས་ལ་ཕྱི་མ་ཕྱི་མ་ཕྲ་བའི་གོ་རིམ་ལྟར་དུ་བཟོད་པ་ལོ་བརྒྱར་བསྒོམ་པ་ལས་བརྩོན་འགྲུས་སྐད་ཅིག་བརྩམས་པ་མཆོག་ཡིན་ཏེ།དེའི་རྒྱུ་མཚན་དགོས་པ་ནི་འདི་ལྟར་བརྩོན་འགྲུས་ཡོད་པའི་གང་ཟག་གི་ལག་མཐིལ་ལ་བླ་མེད་རྫོགས་པའི་བྱང་ཆུབ་གནས་ཡོད་པ་དཔེར་ན་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་བཞིན་ཡིན་ཏེ།སྔོན་དུས་སུ་ཁྱེའུ་སྡོམ་པས་ཁང་བཟང་གི་སྐས་རྣམས་ལས་རིམ་བཞིན་ཏུ་བབས་ཏེ་སངས་རྒྱས་མཇལ་ཚེ་ཁྱེའུ་སྡོམ་པ་ལ་གནས་པས་ཁང་བཟང་གི་ཐོག་ཁ་ནས་མཆོངས་ཏེ་སྐད་ཅིག་ལ་སངས་རྒྱས་ཀྱི་ཐུགས་རྗེས་དྲུང་དུ་སླེབས་ནས་ཆོས་ཐོབ་པས་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་བཞིན་ནོ།།ཕྱི་དང་ནང་གི་རླུང་རྣམས་མེད་ན་བསྐུལ་བསྐྱོད་ལ་སོགས་པའི་གཡོ་བ་མེད་པ་བཞིན་ཏུ་བརྩོན་འགྲུས་མེད་པ་ལ་རྫོགས་པའི་བྱང་ཆུབ་མི་འབྱུང་སྟེ།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་བརྩོན་འགྲུས་མེད་ན་མི་འབྱུང་ལ།བརྩོན་འགྲུས་ཡོད་ན་བསོད་ནམས་དང་བྱང་ཆུབ་ཐམས་ཅད་འབྱུང་བར་འགྱུར་བའི་རྒྱུ་བརྩོན་འགྲུས་བརྩམ་དགོས་སོ།།གཉིས་པ་ཇི་ལྟར་བརྩོན་ཚུལ་རྒྱས་པར་བཤད་པ་ལ།བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་པ་དང་།བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤང་བ་དང་།མཐུན་ཕྱོགས་སྒྲུབ་པ་སྟེ་གསུམ་ལས།དང་པོ་ནི།བརྩོན་གང་དགེ་ལ་སྤྲོ་བའོ།།ཞེས་པས་བསྟན།དེ་ལྟར་བཤད་པའི་བརྩོན་འགྲུས་དེ་གང་ཡིན་ཞེས་དྲི་བའི་ཚུལ་དུ་བྱས་པ་ལ།དེའི་ལན་ནི་ལམ་དང་འབྲས་བུའི་དགེ་བའི་ཚོགས་རྒྱ་མཚོ་ལྟ་བུ་ལ་ལུས་ངག་གི་འབད་རྩོལ་བྱས་པ་ཙམ་མ་ཡིན་པར་སྤྲོ་སེམས་ཞེ་གཏིང་ནས་སྐྱེ་བ་ཡིན་པས་དགེ་བ་བྱེད་པ་ལ་སྤྲོ་དགའ་བསྐྱེད་པ་ལ་བསླབ་པར་བྱའོ་ཞེས་པས་བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བའོ།།གཉིས་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤངས་པ་ལའང་།མི་མཐུན་ཕྱོགས་ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ་དང་།དེ་ཇི་ལྟར་སྤང་ཐབས་ཀྱི་གཉེན་པོ་བཤད་པ་དང་གཉིས་ལས།དང་པོ་ནི།དེ་ཡི་མི་མཐུན་ཕྱོགས་བཤད་བྱ།།སོགས་ནས།ཉེ་བར་སྐྱེ་བར་འགྱུར།།ཞེས་པའི་བར་གྱིས་བསྟན།དེ་ལྟར་བརྩོན་འགྲུས་དེ་ཡི་མི་མཐུན་པའི་ཕྱོགས་ལེ་ལོ་རྣམས་བཤད་པར་བྱ་སྟེ།དེ་ཡང་ཡན་ལག་རྐྱོང་བ་དང་ཤ་ཆང་གཉིད་ལ་སོགས་པས་མི་ཚེ་ཉི་མ་ཅི་འགྲོ་བྱེད་པ་ལ་ནི་སྙོམས་ལས་འཛིན་པའི་ལེ་ལོ་དང་།ར་ཤིང་གི་བཟོ་བོ་དང་ཤྭ་དང་མིག་མང་མདའ་རྩེད་ལ་སོགས་པའི་བྱ་བས་གཡེང་ནས་ཡེངས་མ་ལམ་ལ་དལ་འབྱོར་གྱི་མི་ལུས་སྟོང་ཟད་དུ་བྱེད་པ་ལ་ནི་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་དང་།རྫོགས་པའི་བྱང་ཆུབ་སྒྲུབ་མི་ནུས་སྙམ་པ་དང་།ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་ལ་སློབ་མི་ནུས་སྙམ་པས་སྒྱིད་ལུག་པ་དང་།བདག་ཉིད་ལྟ་བུ་ཞིག་གིས་ཅི་ལ་ཡང་སློབ་མི་ནུས་སྙམ་པས་རང་ལ་བརྙས་ཤིང་སེམས་ཞུམ་པ་ནི་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོ་དང་གསུམ་ནི་བརྩོན་འགྲུས་ཀྱི་སྤང་བྱའོ།།ལེ་ལོ་དེ་རྣམས་ཀྱི་རྒྱུ་ནི་སྙོམས་ལས་ཞེས་པ་ནི་དགེ་བའི་བྱ་བ་གང་ལའང་རྩོལ་སྒྲུབ་ཀྱི་སེམས་ལ་ཁུར་ཐང་ཅི་ཡང་མི་བྱེད་པར་དགེ་བའི་བསམ་པ་ཐམས་ཅད་སྤངས་ཏེ་རྣམ་གཡེང་ཁོ་ནས་དུས་འདའ་བས་རང་གི་ལོངས་སྤྱོད་ལ་སོགས་པ་ལ་ལྷག་པར་ཞེན་པས་བདེ་བའི་རོ་ཡང་ཡང་མྱོང་བ་དང་།ཞེན་པའི་རོ་མྱང་དེས་རྒྱུ་བྱས་པ་ལས་ཐུན་ལྟ་བུར་བཅད་པའི་ཚེ་ཡང་ཐུན་མགོ་ཅི་ཙམ་གྱིས་བཟང་བར་བྱས་ནས་བསྡད་ཀྱང་།དེ་ནས་ལུས་འཁྲས་པ་ཞེས་སྔས་པ་དང་ཉལ་བ་ལ་སོགས་པ་བྱས་པས་མཇུག་ཇེ་ངན་དུ་སོང་མཐར་སྒོམ་ངན་གཉིད་ཀྱི་སྣ་འདྲེན་བྱས་ཏེ་གཉིད་ལ་བརྟེན་པའི་སྲེད་པ་འཕེལ་ཞིང་།གཉིད་ལ་སྲེད་པ་དེ་ཡིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཇི་ལྟ་བུ་ཞིག་ཉམས་སུ་མྱོང་རུང་སེམས་ལ་ཐར་འདོད་ཀྱི་བློ་གཏན་ནས་མེད་པས་མི་སྐྱོ་ཞིང་།སྡུག་བསྔལ་གྱིས་སེམས་མི་སྐྱོ་བ་དེ་ལས་ལེ་ལོ་གསུམ་པོ་ཉེ་བར་མྱུར་དུ་སྐྱེ་བར་འགྱུར་རོ་ཞེས་སམ་ཡང་ན་སྙོམས་ལས་བདེ་བའི་རོ་མྱོང་བ་ལས་ཀྱང་ལེ་ལོ་སྐྱེ་བ་དང་།གཉིད་ལ་བརྟེན་པའི་བྱེད་པ་ཡིས་ཀྱང་ལེ་ལོ་སྐྱེ་བ་དང་།འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བ་ལས་ཀྱང་ལེ་ལོ་རྣམས་ནི་ཉེ་བར་སྐྱེ་བར་འགྱུར་བར་ཤེས་པར་བྱའོ།།གཉིས་པ་དེ་ཇི་ལྟར་སྤང་ཐབས་ཀྱི་གཉེན་པོ་བཤད་པ་ལའང་།སྙོམས་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་།བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་།སྒྱིད་ལུག་གི་ལེ་ལོའི་གཉེན་པོ་སྒོམ་ཚུལ་དང་གསུམ་ལས།དང་པོ་ནི།ཉོན་མོངས་རྒྱ་པས་བཤོར་ནས་ནི།།སོགས་ནས།གཉིད་མ་ལོག།།ཅེས་པའི་བར་གྱིས་བསྟན།དེ་ལྟར་བརྩོན་འགྲུས་མི་རྩོམ་པར་ལེ་ལོ་ཁོ་ནའི་དབང་དུ་གྱུར་ནས་ཁམས་གསུམ་འཁོར་བ་འདིར་སྐྱེ་ཤིའི་ཁ་བརྒྱུད་ནས་འཁྱམས་འདུག་དགོས་པ་ཅི་ཞིག་གིས་ཡིན་སྙམ་ན།དགྲ་ངན་ཉོན་མོངས་པ་དུག་ལྔ་རྒྱ་བ་ཞེས་ཉ་བ་འདྲ་བས་བཤོར་ཅེས་པ་ནི་དབང་མེད་དུ་དེད་ནས་ནི་སྐྱེ་གནས་བཞི་ལས་བདག་ཅག་འཛམ་བུའི་གླིང་པ་རྣམས་ནི་མའི་མངལ་གྱི་སྐྱེ་བའི་གནས་ཀྱི་ཉྭ་རྒྱར་ནི་ཆུད་པར་གྱུར་ནས་ཐར་དུས་མེད་པའི་བཙོན་པ་དང་སོས་དུས་མེད་པའི་ནད་པ་ལས་ངན་འདི་ལྟ་བུ་ཞིག་ཏུ་གྱུར་པར་མ་ཟད།ཕ་དམ་པས།སྐྱེ་བའི་ནང་མོ་འཆི་བའི་བྱ་གཏོང་བྱུང་།།ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ།།ཞེས་པ་དང་།མདོ་ལས།སྐྱེས་པའི་མཐའ་མ་ནི་འཆི་བའོ།།ཞེས་གསུངས་པ་ལྟར་དུ།འཆི་བདག་གཤིན་རྗེའི་ཁར་ནི་སོང་ཟིན་ཏེ་ཕྱེད་ཟ་ཕྱེད་མི་ཟ་བ་ཙམ་དུ་གྱུར་པ་ཅི་སྟེ་ཞེས་ཅིའི་དོན་དུ་ད་དུང་འཆི་བདག་སླེབས་ནས་བསད་ལ་ཁད་པ་འདི་མི་ཤེས་སམ་སྟེ་དགྲ་འཆི་བ་འདི་ངོ་ཤེས་དགོས་སོ།།ཤྭ་ལོ་ཀ་འདིའི་དོན་ཡུན་རིང་སྒོམ་དགོས་སོ།གལ་ཆེ།འཆི་བ་སྒོམས་སྒོམས་སྒོམས་ཞལ་གདམས་རེད།ཡང་ཡང་གསུངས་སོ།།སྤྱིར་ལེ་ལོ་གསུམ་གྱི་གཉེན་པོ་དང་ཁྱད་པར་སྙོམས་ལས་འཛིན་པའི་ལེ་ལོའི་གཉེན་པོ་ཡིན་ནོ།།སྤྱིར་རིགས་དྲུག་གི་སེམས་ཅན་ཤི་བ་དང་སྒོས་སུ་རང་གི་སྡེ་ཚན་འདི་ཐམས་ཅད་རིམ་གྱིས་མ་ལུས་པ་གསོད་པར་བྱེད་པ་ནང་ཤི་དང་ནུབ་ཤིའི་རྒྱུད་ཆད་མེད་པ་འདི་ཙམ་ཡང་ལོང་བ་ཞིག་ཡིན་ན་མ་གཏོགས་སེམས་ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ་སྟེ།གཞན་ཤི་བ་ལ་བསམ་བློ་ཐོང་དང་རང་ཡང་ད་ལྟ་ཉིད་དུ་མི་འཆི་བའི་གདེང་ཅི་ཡོད་སྙམ་པས་སངས་རྒྱས་མ་ཐོབ་ཀྱི་བར་དུ་འཆི་བའི་ལྕག་འདེབས་འདི་སྐབས་དང་སྐབས་སུ་གལ་ཆེ་སྟེ།རང་ཅག་རྣམས་ཀྱིས་ཤི་བ་མཐོང་བ་དང་ཐོས་པ་བསམ་གྱིས་མི་ཁྱབ་ཀྱང་།རང་འཆི་འོང་མི་དྲན་པ་ནི་འདི་ཤི་སྟེ་དང་བདག་མི་འཆི་སྙམ་པའི་རྟག་འཛིན་གྱི་བློ་སྣ་རིང་པོ་འདིས་ལེན་པ་ཡིན་པས་བློ་སྣ་ནང་དུ་བསྟུང་དགོས།།བློ་རྩེ་དཀོན་མཆོག་གསུམ་ལ་གཏོད་དགོས་གསུངས་སོ།།འོན་ཀྱང་ཞེས་དེའི་ནང་ནས་ཀྱང་ང་འདྲ་བའི་གཉིད་ཀྱི་བདེ་བ་ཁོ་ན་ལ་སྲེད་ཅིང་བརྟེན་པ་གང་ཡིན་པ་ནི་དཔེར་ན་འཆི་བདག་གི་གཤིན་རྗེ་ལ་ནི་སྙིང་རྗེ་མེད་པས་གདོལ་པ་ཞེས་པ་བཤན་པ་དང་འདྲ་བས་དེས་ནི་རང་ཉིད་རྒྱ་གར་ན་སེམས་ཅན་གཞན་དང་མི་འདྲ་བར་གཉིད་ལ་དགའ་བའི་ཚད་དུ་བཞག་པ་དྲུང་གཡས་གཡོན་ནས་ཐམས་ཅད་བསད་ཀྱང་ད་དུང་གཉིད་ལོག་འདུག་པའི་མ་ཧེ་བཞིན་ཏུ་རང་སྲོག་ལ་འཆི་བདག་གཤིན་རྗེས་ལག་བཞག་སྟེ་ལུས་སེམས་ཕྲལ་ལ་བཞག་གི་བར་དུ་མི་འཆི་སྙམ་པ་ཁྱོད་བསམ་ནས་རང་ལ་དངོས་སུ་མ་ཧེ་དང་འཆི་བདག་ལ་བཤན་པ་ལྟར་སྒོམ་དགོས་གསུངས་སོ།དེ་བཞིན་དུ་མགྲོན་པོ་དང་དགྲས་ལམ་སྒུག་གི་དཔེས་མི་རྟག་པ་སྒོམ་ཚུལ་ནི་སྒོ་དྲུང་ན་འཆི་བདག་གཤིན་རྗེས་ཞགས་ནག་རང་གི་སྐེ་ལ་བཞག་ནས་ཞགས་སྣེ་གཤིན་རྗེས་བཟུང་བར་བསྒོམ་བཞིན་ཏུ་ལོ་དང་ཟླ་ཞག་དང་ཆུ་ཚོད་ལ་སོགས་པ་ལ་འགྲོ་བའི་ལམ་ཐམས་ཅད་ཀྱི་མཚམས་སུ་ནི།ཕྱོགས་ཀུན་ནས་བཀག་ནས་འབྲོས་པ་དང་གབ་པ་མེད་པར་བྱས་ནས་སུ།སྐྱེ་བའི་ལམ་དུ་ཞུགས་ནས་ནི་འཆི་བདག་གི་དྲུང་དུ་ནི་ཞག་རེ་སོང་བཞིན་མྱུར་དུ་འགྲོ་བ་འདི་ལ་བསམས་ན།སྲོག་གཅོད་ཀྱི་གཤེད་མ་ལག་དམར་འཆི་བདག་གིས་ནི་རང་གི་དྲུང་ན་བལྟས་བཞིན་ཏུ་ཡོད་ཚེ།བདག་དེ་རིང་གསོད་དམ་སང་ཉིད་གསོད་ཆ་མེད་པས་ན།ཇི་ལྟར་ན་ཁྱོད་ནི་ཟས་ཟ་བ་ལ་དགའ་ཞེས་དགའ་མི་ཉན་ལ།འདི་ལྟར་དུ་གཉིད་ཀྱིས་ལོག་པ་ལ་ཇི་ལྟར་དུ་དགའ་བར་མི་རིགས་པས་གཉིད་ལ་སྐྱོན་དུ་བལྟ་དགོས་ཏེ།འདི་ལྟར་ཉིན་གང་ལ་བཟའ་བཏུང་འདོད་པ་ལ་སོགས་པའི་དོན་དུ་སྨྱོས་སྨྱོས་ནས་མཚན་མོའི་རིང་ལ་ནི་གཉིད་ཟེར་ཀྱང་དོན་ལ་ཤི་བ་ཡིན་པས་སྨྱོ་ཤི་གཉིས་ཀྱིས་མི་ཚེ་ཟད་པ་ལ་བསམ་དགོས་སོ།།འཆི་བདག་ལ་ཕྱི་བཤོལ་མེད་པར་དུས་ད་ལྟ་ཉིད་དུ་སྐད་ཅིག་མྱུར་བ་ཉིད་དུ་འཆི་བར་འགྱུར་བས།ཞག་རེ་ཡིན་ནའང་མ་ཤི་བའི་གོང་དུ་ཇི་སྲིད་དུ་ནི་དང་པོ་ཉིད་ནས་གསོན་ཚེ་འདི་ལ་དམ་ཆོས་ལ་ཐོས་བསམ་སྒོམ་གསུམ་དང་།ཡན་ལག་བདུན་པ་ལ་སོགས་པས་ཚོགས་བསགས་ཀྱི་བྱ་བ་ལ་འབད་དགོས་མ་གཏོགས།གསོན་པོའི་ཚེ་ན་དམ་པའི་ཆོས་མི་དྲན་པར་རྣམ་གཡེང་ཁོ་ནས་དུས་འདས་ནས་འཆི་བ་ལ་ཐུག་པ་དེའི་ཚེ་ན།མགོ་ལ་མེ་ཤོར་བ་ལྟར་དུ་ལེ་ལོ་སྤངས་ནས་ཤི་མིག་གསོན་ལ་བལྟས་ཏེ་ཆོས་མང་པོ་དྲན་མདོག་བྱས་ཀྱང་།དེ་ནི་རང་ལ་ཕན་པའི་དུས་མ་ཡིན་པར་མང་པོ་དྲན་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།བྱ་བྱེད་བྱིས་པའི་རྩེད་མོ་འདྲ།།བྱས་ན་མི་ཟིན་བཞག་ན་ཟིན།།གསུངས་པ་ལྟར་དུ་འཇིག་རྟེན་ཚེ་འདིའི་བྱ་བཞག་བྱས་ན་མི་ཟིན་ལ།བཞག་ན་ཟིན་པ་ཡིན་པས་འཇོག་དགོས་ཤིང་།མ་བཞག་པར་བྱ་བ་ལ་གཡེང་ནས་ཁང་པ་ལ་སོགས་བྱེད་པར་འགྱུར་བ་འདི་ནི་དེ་སྔོན་མ་བྱས་ཀྱང་རྗེས་སོར་བརྩམས་པར་འདོད་པ་ལྟ་བུ་དང་།ཞིང་རྨོ་བ་དང་ཚོང་ལ་འགྲོ་བ་ལ་སོགས་པའི་བྱ་བ་འདི་ནི་བྱེད་བཞིན་དུ་བྱས་སར་གནས་ཤིང་འཆི་སྙམ་ཡིད་ལ་མེད་པའི་དུས་ཤིག་ན།ཇི་སྐད་དུ།ནམ་འཆི་ཆ་མེད་ཀྱི་རི་སུལ་ན།།ཚེ་སྲོག་ཧུབ་འདེབས་ཀྱི་འཆི་བདག་བཞུགས།།དགྲ་འཇིགས་གོ་ཆོད་པ་ཞིག་དེ་ན་གདའ།།གློ་བུར་གྱི་དགྲ་བོ་གང་དགྱེས་མཛོད།།ཅེས་གསུངས་པ་ལྟར་དུ་སྐད་ཅིག་རང་དབང་མེད་པ་ལ་ཉི་མ་དེ་རིང་ལྟ་བུ་ཞིག་ཏུ་གློ་བུར་མྱུར་བ་ཉིད་དུ་འཆི་བདག་གི་གཤིན་རྗེ་འོང་ནས་བསམ་ལོང་དྲན་ལོང་མེད་པར་ད་སྔོན་ཤི་ཚད་ནི་བློ་ལྷག་རི་རབ་འདྲ་བ་མང་པོ་ལྷག་ནས་བྱ་བ་འཕྲོ་ཅན་ཁོ་ནར་ཤི་བ་ལྟར་དུ་བདག་ཀྱང་།བསམ་རྒྱུ་ཅི་རིགས་པ་ཡོད་ཀྱང་།ཀྱི་ཧུད་ཅེས་པ་ཕོ་ཕོ་འཆི་བས་ད་ནི་བདག་བཅོམ་སྟེ་མེད་པར་བྱེད་དོ་ཞེས་ཡིད་ལ་དེ་ཁོ་ན་སེམས་པར་འགྱུར་རོ།།དེ་ལྟ་བུའི་དུས་ན་རྗེ་མི་ལས།རོ་ཞེས་བྱ་མཐོང་ན་འཇིགས་པ་དེ།།དུས་ད་ལྟ་ལུས་ཀྱི་རྩ་ན་གདའ།།ཞེས་གསུངས་པ་ལྟར་དུ་རང་གི་སེམས་ལ་མྱ་ངན་སྐྱེས་པའི་ཤུགས་ཀྱིས་ངུ་འབོད་བཏོན་པས་སྐྲངས་པར་གྱུར་པ་དེ་ཡི་མིག་ནི་དམར་པོར་གྱུར་ཏེ་གདོང་ལས་མཆི་མ་འཛག་པའི་ཚེ་ན།ཉེ་དུ་ཐམས་ཅད་ཀྱིས་ཀྱང་ནད་པ་རང་ལ་གསོན་པོར་འོང་བའི་རེ་ཐག་ཆད་ཅིང་།ནད་པ་རང་གིས་ཀྱང་ཉེ་འབྲལ་གཞན་གྱིས་བླ་མ་གདན་འདྲེན་དང་གནས་ཁང་བསལ་བ་ལ་སོགས་པ་མཐོང་ཚེ།སྤྱོད་ལམ་གྱིས་རང་བཞིན་འཆི་བར་ཤེས་ཏེ་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་དང་།ནང་གི་རྩ་རླུང་ཉམས་ཤིང་�འཁྲུགས་པས་སེམས་འཁྲུལ་ཚེ་གཤིན་རྗེའི་ཕོ་ཉའི་སྡང་མིག་གི་བཞིན་རས་མིག་ལམ་དུ་ཤར་བ་ལ་སྐྲག་ནས་རང་སེམས་རང་མལ་དུ་མི་གནས་བཞིན་དུ་ལྟ་དགོས་པའི་དུས་ལ་བབ་ཚེ།དེང་སང་རང་དབང་ཡོད་དུས་སུ་སྡིག་པ་ལ་འགྱོད་སྡོམ་ལ་སོགས་པ་ཡིད་ལ་མི་དྲན་ཀྱང་།འཆི་བདག་གི་གཤིན་རྗེས་མ་རུངས་པའི་དགྲ་སྟྭ་རྣོན་པོས་རང་གི་སྣ་དབུགས་རྟ་རྔ་ཙམ་དེ་གཅོད་པའི་དུས་ན་ད་གཟོད་རང་གིས་བཅས་པ་དང་རང་བཞིན་གྱི་སྡིག་པ་མི་དགེ་བ་བསགས་ཚད་ཐམས་ཅད་དྲན་པས་རང་སེམས་ལ་གདུང་བ་དྲག་པོ་སྐྱེས་པས་སྙིང་ན་ཞིང་འཕར་བ་ལ་མ་བཟོད་པར་ལག་པའི་སྤར་མོས་རང་གི་བྲང་བཏབ་པས་འཆི་ཁར་བྲང་ལག་འཐབ་པ་དང་།བྲང་སེན་རྗེས་ཀྱིས་བཀང་སྟེ་འཆི་བ་ཡིན་ཏེ།རྗེ་མི་ལས།མི་སྡིག་ཅན་འཆི་བ་མཐོང་ཙ་ན།།ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡོད།།གསུངས་པ་ལྟར་དུ་སོད་སོད་དང་རྒྱོབ་རྒྱོབ་ལ་སོགས་པའི་དམྱལ་བའི་ལས་མཁན་རྣམས་ཀྱིས་སྒྲ་སྒྲོག་པ་རྣམས་ནི་ཐོས་པར་གྱུར་པ་དེ་ཡིས་རབ་ཏུ་སྐྲག་པས་ཁྱི་རྐུན་བརྡུངས་པ་ལྟར་དུ་རང་གི་མི་གཙང་བས་རང་ལུས་ལ་གོས་ཤིང་འཇིགས་སྐྲག་གིས་མྱོས་ཏེ་མི་ངོ་རང་ངོ་མི་ཤེས་པར་འགྱུར་བའི་ཚེ་ན་བདག་གིས་ཅི་ཞིག་བྱ་སྟེ།དེ་བས་ན་ད་ལྟ་རང་དབང་ཡོད་དུས་འཆི་བ་ཐམས་ཅད་རང་ལ་དངོས་སུ་བྱུང་བར་བསྒོམ་ནས་དམ་པའི་ཆོས་སྒྲུབ་དགོས་སོ།།གཞན་གྱི་དུས་ཐམས་ཅད་ལས་ཉལ་བའི་དུས་སུ་འཆི་བ་སྒོམ་དགོས་གསུངས་སོ།།སྡིག་ཅན་ཁྱོད་ནི་དཔེར་ན་ཉྭ་གསོན་པོ་བྱེ་ཚན་ལ་འགྲེ་བ་ལྟ་བུའི་ཚེ་འདིར་གསོན་པོའི་དུས་སུ་གནོད་པ་སྣ་ཚོགས་ཀྱིས་མི་བདེ་བ་མང་པོ་དང་།ཆོས་སྒྲུབ་པའི་ཆ་ལག་ལ་སོགས་པ་མི་འཛོམས་པར་འུར་ཆི་ལི་ལི་ཁོམ་པ་མེད་པར་འཇིགས་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་པ་ཡིན་ན་རྒྱུ་སྡིག་པ་མི་དགེ་བ་ཐམས་ཅད་ནི་ཤེས་བཞིན་ཏུ་བྱས་ཏེ་འབྲས་བུ་དམྱལ་བ་མི་བཟད་པའི་སྡུག་བསྔལ་རྣམས་ཉམས་སུ་མྱོང་བའི་དུས་སུ་འཇིགས་པ་དང་ལྡན་པར་འགྱུར་བ་ནི་ལྟ་སྨོས་ཀྱང་ཅི་དགོས།དེའི་དོན་སེམས་ལ་ཡུན་རིང་པོར་གོམས་ཆ་མ་ལོན་བར་སྒོམ་དགོས་སོ།།དེ་ལྟ་བུའི་མེ་ལས་བདུན་འགྱུར་གྱི་ཚ་བ་ཙན་དན་གྱི་མེ་དང་།ཙན་དན་གྱི་མེ་ལས་བདུན་འགྱུར་གྱི་ཚ་བ་བསྐལ་པ་འཇིག་བྱེད་ཀྱི་དུས་མཐའི་མེ་དང་།དུས་མཐའི་མེ་ལས་བདུན་འགྱུར་གྱིས་རབ་ཏུ་ཚ་བ་དམྱལ་བའི་མེས་བཞུས་པའི་ཁྲོ་ཆུ་དང་ཟངས་ཞུན་ཁོལ་མའི་ཆུ་ཚན་གྱིས་ནི་ལུས་ལ་རེག་ཅིང་བསྲེག་པ་ན་བཟོད་སྲན་ཤིན་ཏུ་ཆུང་བ་མིག་འབྲས་དང་བྱིས་པ་བཙས་མ་ཐག་པ་ལྟ་བུའི་གཞོན་ཤ་ཅན་ལྤགས་པ་སྲབ་པའི་ལུས་ལ་རབ་ཏུ་ཚ་བའི་སྡུག་བསྔལ་ཉམས་སུ་མྱོང་སྟེ།ཡུལ་ཚ་བའི་སྡུག་བསྔལ་དང་ཡུལ་ཅན་བཟོད་སྲན་ཆུང་བ་འདི་ལ་བསམ་ཚེ་འབྲས་བུ་དམྱལ་བ་ལ་འགྲོ་ངེས་པ་ཡི་ནི་རྒྱུ་སྡིག་པའི་ལས་ཅི་ནུས་གང་ནུས་བསམ་བཞིན་དུ་བྱས་ཟིན་ནས་དམྱལ་བར་འགྲོ་མི་འགྲོའི་ཐེ་ཚོམ་ཙམ་ཡང་མི་དགོས་པར་རང་གིས་རང་ལ་མགོ་བསླུས་མེད་པར་བྱས་ཡོད་དུས་རང་དང་དམྱལ་བའི་བར་ན་དར་གྱི་ཡོལ་བ་ཙམ་ལས་མེད་པས་ན།འདུལ་བ་ལས་སྡིག་པ་བྱས་པས་འདིར་ཚིག་ཕྱི་མར་ཚིག་གསུངས་པ་ལ་བསམས་ན་རྒྱུ་མཚན་ཅི་ཕྱིར་ད་དུང་འདི་ལྟར་དུ་ལུས་སེམས་བདེ་བར་གནས་ཏེ་སྡོད་པར་ནུས་སམ།དེ་བས་ན་རང་དབང་ཡོད་དུས་སུ་དམ་པའི་ཆོས་ལ་བརྩོན་འགྲུས་རེ་བརྩམ་དགོས་ཞེས་གོང་འོག་གི་ཚིགས་བཞི་རེའི་མཇུག་ཏུ་སྦྱར་ནས་སེམས་ལ་བསམ་དགོས་གསུངས་སོ།།རྒྱུ་སློབ་གཉེར་དང་མཚམས་དང་ཚོགས་བསགས་དང་།ཐོས་བསམ་སྒོམ་གསུམ་ལ་སོགས་པའི་དམ་པའི་ཆོས་ལ་དཀའ་སྤྱད་དང་སྙིང་རུས་ཀྱི་བརྩོན་འགྲུས་གང་ཡང་མེད་བཞིན་དུ་འབྲས་བུ་ནི་མཁས་པ་དང་གྲུབ་ཐོབ་མངོན་ཤེས་དང་རྫུ་འཕྲུལ།དག་ཞིང་ལ་སོགས་པ་མང་པོ་འདོད་པ་ཅན་ཤ་སྟག་དང་།རྐྱེན་ངན་ཆེ་ཆུང་གང་ཡང་བསྲན་མི་བཟོད་པའི་སྦྲུལ་ལྟ་བུའི་བཟེ་རེ་ཅན་འདི་གཉིས་ལ་ནི་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱིས་གནོད་པ་ཤིན་ཏུ་མང་ཞིང་།བཤའ་ལུག་གི་ཐག་པའི་སྣེ་མོ་ནས་བཤན་པས་བཟུང་ཡོད་ཀྱང་ལུག་རང་ཉིད་གསོད་པར་མི་ཤེས་པར་ཡར་མར་ཀུན་ནས་རྩྭ་ལ་ཟ་བཞིན་དུ་འགྲོ་བ་ལྟར་སྒོ་ཁང་ན་འཆི་བདག་གིས་བལྟས་ཏེ་བདག་གི་ཚེའི་ཐག་པའི་སྣེ་མོ་ནས་འཆི་བས་བཟུང་ཡོད་བཞིན་དུ་ད་དུང་འདོད་ལྔའི་ཡུལ་ལ་གཡེང་དགའ་ཆེ་བ་བདག་ནི་ལྷ་འདྲ་བ་ཉིད་དུ་གནས་ཚེ།ཀྱི་ཧུད་ཅེས་ཨ་ཁ་ཕོ་ཕོ་འཛམ་གླིང་ལྷ་ཡུལ་འདྲ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བའི་ཡུལ་དང་སྐད་ཅིག་གཅིག་གིས་བྲལ་ཏེ་དམྱལ་བ་ཚ་གྲང་གི་གནས་སུ་ངུ་འབོད་དང་སྨྲེ་སྔགས་འདོན་བཞིན་འགྲོ་དགོས་པ་འདི་ནི་སྡིག་པ་བྱས་པའི་འབྲས་བུ་སྡུག་བསྔལ་ཐམས་ཅད་དག་གིས་བདག་བཅོམ་འོང་བ་འདི་ད་ལྟ་ཉིད་དུ་རང་ལ་དངོས་སུ་བྱུང་བར་བསྒོམས་ཏེ་བརྩོན་འགྲུས་བརྩམ་དགོས་སོ།།དེ་བས་ད་ལྟ་ཚེ་འདི་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་སུ་དལ་འབྱོར་མི་ཡི་ལུས་ཀྱི་གྲུ་བོ་ཆེ་འདི་ལ་བརྟེན་ནས་བླ་མ་དགེ་བའི་བཤེས་གཉེན་གྱི་གྲུ་བ་དང་དམ་པའི་ཆོས་ཀྱི་གྲུ་དབྱུག་ཡོད་པའི་དུས་སུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་རྒྱ་ཆེ་བ་འདི་ལས་མྱུར་དུ་སྒྲོལ་ཐབས་དང་།ཐར་པ་ནོར་བུའི་གླིང་དུ་ཕྱིན་ཐབས་སུ་བརྩོན་འགྲུས་སྐྱེད་ཅིག་མ་གཏོགས་མི་ལུས་ཀྱི་གྲུ་བོ་འདི་ནི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང།རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར།སྦྱིན་པ་ལ་སོགས་པས་གྲོགས་བྱས་པ་ཞིག་མེད་ན་ཕྱི་ནས་མི་ལུས་འདི་འདྲ་བ་རྙེད་པར་དཀའ་བས་ན།དལ་འབྱོར་གྱི་མི་ལུས་ཐོབ་དུས་སུ་དགེ་སྒྲུབ་དང་སྡིག་སྤང་མི་ཤེས་པའི་རྨོངས་པ་ཁྱོད་ཀྱིས་ནི་ད་ནི་དམ་པའི་ཆོས་བསྒྲུབས་ནས་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཐར་ཏེ་རྣམ་གྲོལ་བདེ་བའི་གླིང་དུ་འགྲོ་བའི་དུས་སུ་རྣམ་གཡེང་སྣ་ཚོགས་ཀྱིས་གཉིད་མ་ལོག་པར་བརྩོན་འགྲུས་བརྩམས་པར་གྱིས་ཤིག།།ཅེས་གདམས་སོ།།གཉིས་པ་བྱ་བ་ངན་ཞན་གྱི་ལེ་ལོའི་གཉེན་པོ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཚུལ་ནི།དགའ་བའི་རྒྱུ་ནི་མཐའ་ཡས་པའི།།སོགས་ནས།བརྗེ་བར་གྱིས།།ཞེས་པའི་བར་གྱིས་བསྟན།དེ་ལྟར་དམ་པའི་ཆོས་རིན་པོ་ཆེ་འདི་ནི་དང་པོ་ཐོས་པའི་དུས་སུ་མ་དད་པ་དད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ན་ཐོག་མར་དགེ་བ།བར་དུ་བསམ་པའི་དུས་སུ་སེམས་དགའ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ན་བར་དུ་དགེ་བ།ཐ་མ་སྒོམ་པའི་དུས་སུ་བློ་རྣམ་པར་གྲོལ་བའི་རྒྱུ་ཡིན་པའི་ཕྱིར་ན་ཐ་མར་དགེ་བ་སྟེ།རྗེ་བཙུན་བྱམས་པས།དད་དང་དགའ་དང་བློ་རྣམས་ཀྱི།།རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན།།ཅེས་གསུངས་པ་ལྟར་དུ་ཐོག་མཐའ་བར་གསུམ་དུ་དགའ་བའི་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་དམ་པ་མཐའ་ཡས་པའི་དམ་པའི་ཆོས་འདི་ཉིད་སྒྲུབ་ཅིང་ཉམས་སུ་ལེན་པའི་དུས་དང་རྣམ་པ་ཐམས་ཅད་དུ་མི་བདེ་བ་མེད་ཅིང་།དཔེར་ན་ཚེ་འདིར་གྲྭ་པ་ལྟ་བུ་ཞིག་ལ་མཚོན་ན་དང་པོ་ཡི་གེ་བསླབ་ནས་བར་དུ་གྲོང་ཆོག་དང་ཐོས་བསམ་ལ་སོགས་པའི་དུས་སུ་ཡང་དམ་པའི་ཆོས་ཁོ་ན་ལ་སྦྱངས་ནས་མཐར་ལོ་ལོན་བགྲེས་པའི་དུས་སུ་འཁོར་བའི་ཕ་མ་རྒན་འཁོག་དང་མི་འདྲ་བར་བདེ་བ་ཁོ་ནས་དུས་འདའ་ཞིང་ཐ་མར་རང་གིས་ཆོས་ལ་ཉམས་ལེན་བྱས་ན་རབ་དག་ཞིང་དང་དེ་མིན་མངོན་མཐོའི་གནས་སུ་འགྲོ་ངེས་ཡིན་པས།དེ་ལྟ་བུའི་དགའ་བའི་མཆོག་ཏུ་གྱུར་པ་དམ་པའི་ཆོས་ལ་བཤད་སྒྲུབ་བྱེད་པ་སྤངས་ནས་ཉོན་མོངས་པས་ཀུན་ནས་བསླངས་པའི་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ནི་གཅིག་གིས་གཅིག་ཁྲིད་ནས་འོང་བ་ཆུའི་གཉེར་མ་དང་འདྲ་བའི་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ལས་ཉོན་གྱི་བྱ་བ་ཁོ་ན་ཡིས་རང་གི་སེམས་གཡེང་བར་བྱེད་པ་དང་།མཐའ་ཇེ་ངན་ལ་འགྲོ་བའི་ཕྱིའི་ཡུལ་ལ་སེམས་རྒོད་པ་ལ་སོགས་པ་ལ་ཁྱོད་ཉིད་ཅི་ཕྱིར་དགའ་སྟེ།འཁོར་བ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་དགའ་བར་མི་བྱེད་པར་དེ་བས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས་པས་མ་ནོར་བར་གལ་ཆེའོ།།དོན་དུ་གཉེར་བྱའི་གཙོ་བོ་ཐར་ལམ་རྫོགས་པའི་བྱང་ཆུབ་དང་དེའི་རྩ་བ་བརྩོན་འགྲུས་དགོས་ལ།བརྩོན་འགྲུས་ཀྱི་རྩ་བ་ནི་སྒྱིད་ལུག་མེད་པར་རྫོགས་བྱང་ལ་སྤྲོ་བ་དང་དེའི་གྲོགས་སུ་དཔུང་ཚོགས་བཞི་བསགས་པ་དང་དེ་དང་ལྡན་པས་དྲན་ཤེས་བརྩོན་འགྲུས་ལྷུར་བླང་།ཉོན་མོངས་པ་དང་འཐབ་ནས་སྤོང་བ་དང་དེའི་ཐབས་སུ་བདག་ཉིད་ཀྱི་སྒོ་གསུམ་དབང་དུ་བྱ་བ་དང་།དེ་ནས་ཚེ་འདིའི་བྱ་བཞག་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་ཆམ་གྱིས་བཞག་སྟེ་བདག་གིས་བདེ་བར་འདོད་པ་ཐམས་ཅད་སེམས་ཅན་གྱིས་ཀྱང་འདོད་པས་བདེ་བ་མཉམ་དུ་སྒྲུབ་པ་དང་།སྡུག་བསྔལ་མི་འདོད་པ་ལ་བདག་གཞན་གཉིས་མཉམ་པས་སྡུག་བསྔལ་བསལ་བ་ལ་བརྩོན་པའི་བདག་དང་གཞན་དུ་མཉམ་པ་དང་།བདེ་སྡུག་གཏོང་ལེན་དང་གཅེས་འཛིན་གྱི་བློ་བརྗེ་བ་ལ་སོགས་པའི་སྒོ་ནས་བདག་དང་གཞན་དུ་བརྗེ་བར་བྱ་བ་དང་དྲུག་གིས་བྱ་བ་ངན་པ་འཕྲོ་ཆོད་པས་འབད་པར་གྱིས་ཤིག་ཅེས་སོ།།གསུམ་པ་སྒྱིད་ལུག་གི་ལེ་ལོའི་གཉེན་པོ་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པ་ནི།བདག་གིས་བྱང་ཆུབ་ག་ལ་ཞེས།།སོགས་ནས།བསམ་པས་བསྐྱེད།།ཅེས་པའི་བར་གྱིས་བསྟན།དེ་ཡང་རྫོགས་པའི་བྱང་ཆུབ་དེ་ནི་བླུན་རྨོངས་བདག་འདྲ་བ་ཞིག་གིས་ག་ལ་ཐོབ་པར་ནུས་སྙམ་པས་སྒྱིད་ལུག་ན།བདག་འདྲ་བ་ཞིག་གིས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པར་ག་ལ་ནུས་སོ་ཞེས་བསམ་ནས་སྒྱིད་ལུག་པར་ནི་ནམ་ཡང་མི་བྱ་སྟེ་ཞེས་སྒྱིད་ལུག་མི་དགོས་དང་འདི་ལྟར་དུ་དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ནི་དུས་ནམ་ཡང་རྫུན་དུ་མི་གསུང་བས་ན།ཤིན་ཏུ་བདེན་པ་གསུངས་ཤིང་རྫུན་མེད་པ་ཞེས་བདེན་པ་ཁོ་ན་གསུངས་པ་ཡིན་པས།བདེན་པ་འདི་རྣམས་མདོ་ལས་གསུངས་ཡོད་པ་ནི་ཉི་ཚེ་བའི་སྦྲང་བུ་ཆུང་ངུ་དང་ཤ་ལ་ཟ་བའི་སྦྲང་བུ་དང་མེ་ཏོག་གི་རྩི་བཅུད་འཇིབས་པའི་བུང་བ་དང་།དེ་བཞིན་དུ་ཤིག་དང་ལྗི་བ་དང་ལུས་ཀྱི་ནང་གི་སོ་སྲིན་དང་མི་གཙང་བའི་ནང་གི་ཕྲ་མོའི་གཟུགས་སུ་ཡོད་པའི་སྲིན་བུར་གང་དང་གང་གི་ལུས་སུ་གྱུར་པ་ཐམས་ཅད་དེས་ཀྱང་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྦྱོར་བ་ཕྱིན་དྲུག་ལ་བརྩོན་པའི་སྟོབས་བསྐྱེད་ན་རྫོགས་པའི་བྱང་ཆུབ་ཐོབ་པར་དཀའ་བ་བླ་ན་མེད་པའི་སངས་རྒྱས་འཐོབ་པ་ཡིན་ཏེ།སྔོན་གྱི་དུས་སུ་གནས་དབེན་པ་ན་དྲང་སྲོང་ཞིག་གི་ལུས་ལ་ཤིག་དང་ལྗི་བ་གཉིས་ཀྱིས་ཟོས་ཚེ་དྲང་སྲོང་གིས་ན་བཟའ་མེ་ལ་བསྲེགས་པས་ཤིག་དང་ལྗི་བ་གཉིས་ཀྱང་ཚིག་པར་གྱུར་པ་དེའི་ཚེ་དྲང་སྲོང་ནི་སངས་རྒྱས་འོད་སྲུང་དང་ཤིག་ནི་ཤཱཀྱ་ཐུབ་པ་དང་ལྗི་བ་ནི་ལྷས་བྱིན་ཡིན་པར་གསུངས་པས་ན།བྱང་ཆུབ་ཀྱི་བསམ་སྦྱོར་དང་ལྡན་ན་སངས་རྒྱས་ནི་འཐོབ་པར་ངེས་པས་བརྩོན་འགྲུས་བརྩམ་དགོས་སོ།།དེ་ལྟ་བདག་དང་བདག་ལྟ་བུའི་མིའི་འགྲོ་བ་གཞན་རྣམས་དམ་སྡོམ་འཆལ་ཞིང་།བླུན་ཅིང་གཏི་མུག་པ་ཇི་ལྟར་ངན་ཡང་འགྲོ་བ་རིགས་དྲུག་གི་ནང་ནས་བཟང་ངན་ལ་མ་ལྟོས་པར་རིགས་ཀྱིས་མིང་སྐྱེས་པ་ཡིན་ལ།དད་བརྩོན་ལ་སོགས་པས་རང་གཞན་ལ་ཕན་པ་དང་།ཆགས་སྡང་ལ་སོགས་པས་གནོད་བ་ཡིན་པར་ངོ་ཤེས་པས་ན།སེམས་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག་བསམ་ནས་སྦྱོར་བ་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་མ་བཏང་ན་ནི་བདག་གིས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཅིས་མི་འཐོབ་སྟེ།སྲིན་བུ་ཕྲ་མོ་ཤིག་ལ་སོགས་པས་སངས་རྒྱས་ཐོབ་དུས་བདག་མི་ཞིག་གིས་ནི་ཐོབ་པར་ངེས་སོ་བསམ་པས་འབྲས་བུ་བྱང་ཆུབ་ལ་སྒྱིད་ལུག་པ་སྤང་དགོས་སོ།།དེ་ལྟར་འབྲས་བུ་བྱང་ཆུབ་ནམ་ཞིག་ཐོབ་ཀྱང་རུང་སྟེ་བྱང་ཆུབ་ལམ་ལ་སློབ་དུས།འོན་ཏེ་རྐང་བ་དང་ལག་པ་ལ་སོགས་པ་བྱ་དཀའ་བའི་གནས་ཐམས་ཅད་གཏོང་དགོས་པས་བདག་ནི་འཇིགས་སྐྲག་གོ་ཞེ་ན།རྟོག་དཔྱོད་ཀྱི་བློས་ལྕི་བ་སྟེ་ལས་དཀའ་བ་དང་ཡང་བ་ཞེས་ལས་སླ་བ་ལ་བདག་གིས་མ་དཔྱད་པར་མི་ཤེས་རྨོངས་པས་བདག་ནི་འཇིགས་ཤིང་སྐྲག་པར་ཟད་དེ་ཞེས་དོན་མེད་ལ་སྐྲག་པ་ཡིན་མ་གཏོགས།ད་སྔོན་ཡན་ཆད་ཀྱི་བསྐལ་པ་བྱེ་བ་གྲངས་མེད་ཉིད་དུ་འགྲོ་བ་རིགས་དྲུག་གི་གནས་སུ་སྐྱེ་བ་འདི་མ་བླང་བྱ་བར་ཁབ་ཀྱི་བུ་ག་ཙམ་གྱི་ས་གཞི་མེད་པས་རིགས་དྲུག་གི་གནས་རྣམས་སུ་སྐྱེས་ཚེ།ལྟོས་ས་ལྟོས་འཇོག་ཙམ་གྱི་སྒོ་ནས་ཡིན་མ་གཏོགས་དུད་འགྲོ་ལ་སོགས་པའི་སྐྱེ་བ་བླངས་པའི་དུས་སུ་ལན་གྲངས་དུ་མར་ལུས་དུམ་བུར་བཅད་གཏུབ་བྱས་པ་དང་།ངན་སོང་གི་གནས་སུ་མདའ་མདུང་ལ་སོགས་པས་ལུས་དབུག་པ་དང་།ཐ་ན་དུད་འགྲོ་དུས་སུ་སྣ་གཅིག་པུ་དབུག་པའི་གྲངས་ཀྱང་མི་ཆོད་པ་དང་།བལ་པོ་དང་ཁ་ཆེ་ལ་སོགས་པའི་ཡུལ་དུ་ཕ་མའི་ངག་མ་ཉན་པར་ཕོ་མོ་རང་རང་མཉམ་དུ་བསྡད་ནས་སྔོན་མར་གང་ཤི་ཚེ་གསོན་པོ་དེ་རོ་དང་མཉམ་དུ་གསོན་སྲེག་བྱེད་པ་དང་།དེ་བཞིན་དུ་ཉ་སྦལ་དུང་འབུ་ལ་སོགས་པ་ཐམས་ཅད་གསོན་སྲེག་ཁོ་ན་བྱེད་པ་ལྟ་བུ་དང་།རྡོ་ཤིང་ཁྱི་དང་དགྲ་ལ་སོགས་པས་གཤགས་པར་འགྱུར་བ་དེ་རྣམས་ཀུན་གྱི་དུས་སུ་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བས་ན།བྱང་ཆུབ་ཀྱི་ལམ་དཀའ་སྤྱད་རྣམས་ལ་སྒྱིད་ལུག་པ་ཐམས་ཅད་སྤང་དགོས་པའི་ཕྱིར་རོ།།དེ་ལྟར་ཡིན་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་དུས་སུ་སྐྱེ་བ་མང་པོ་ལེན་དགོས་པས་དེ་མི་ནུས་སོ་སྙམ་ན།བདག་གིས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དེ་ཡི་དུས་ཀྱི་རྐང་ལག་ལ་སོགས་པ་བཏང་པའི་སྡུག་བསྔལ་བ་འདི་ཐམས་ཅད་ནི་དུས་ལ་ཚོད་ཡོད་དེ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཡིན་ལ།བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཐོག་མེད་ཀྱི་དུས་ནས་ཉོན་མོངས་པའི་དབང་གིས་འཁོར་བའི་གནས་རིས་ཀུན་ཏུ་སྐྱེ་བ་བླངས་པ་ལ་ཚོད་མེད་ཀྱང་ད་དུང་སྐྱེ་བ་ལེན་པར་འགྱུར་བ་ལའང་ཚོད་དང་མཐའ་མེད་པ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་གཟིགས་པས་མཐའ་མེད་པ་ཡིན་པས།དེ་བས་དཔེར་ན་མདེའུ་དང་ཁོང་སྐྲན་དང་རྨ་ཐིག་ལ་སོགས་པའི་ཚོར་བའི་ཟུག་ཏུ་དྲག་པོ་ཁོང་ན་ཡོད་པ་བརླག་པའི་གནོད་པ་གསལ་བའི་ཕྱིར་དུ་ལུས་ཀྱི་རྨ་སྔར་སོས་ཟིན་པ་ལ་སླར་ཡང་རྨ་གསར་དུ་བཏོད་དེ་བཞི་ཚལ་དུ་གཤགས་པའི་སྡུག་བསྔལ་ཙམ་ལ་བཟོད་པ་བཞིན་དུ་ཡིན་ནོ།།ལུས་ཀྱི་སྨན་པ་ལྷ་རྗེ་དང་སེམས་ཀྱི་སྨན་པ་སངས་རྒྱས་གཉིས་དཔེ་དང་དཔེ་ཅན་ཐུན་མོང་དུ་མཛད་ནས་ལུས་ཀྱི་སྨན་པ་ཀུན་གྱིས་ཀྱང་གཏར་བསྲེགས་ཕུག་གསུམ་ལ་སོགས་པའི་གསོ་དཔྱད་སྣ་ཚོགས་གྱིས་རླུང་མཁྲིས་བད་ཀན་རྣམས་ཀྱི་ལུས་ལ་མི་བདེ་བ་ཡི་ནད་ཐམས་ཅད་མེད་པར་བྱེད་པ་ལ་བཟོད་པར་བྱེད་ནུས་པ་ཡིན་པ་དེ་བས་ན།སེམས་ལ་འཁོར་བའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བ་མང་པོ་མཐའ་དག་གཅིག་ཅར་དུ་གཞོམ་སྟེ་མེད་པར་བྱ་སྤྱིར་དམ་པའི་ཆོས་ཀྱི་ཕྱིར་དུ་ཚ་གྲང་བཀྲེས་སྙོམ་ལ་སོགས་པའི་མི་བདེ་བ་ཆུང་ངུ་ཙམ་ཡང་བཟོད་པར་བྱ་དགོས་སོ།།གཏར་སྲེག་ཕུག་གསུམ་ལ་སོགས་པ་ནད་ཆུང་ངུ་ལ་ཆོ་ག་ཤིན་ཏུ་རྩུབ་མོའི་གསོ་དཔྱད་ཕལ་པ་ཞེས་པ་རྩུབ་མོ་འདི་འདྲ་བ་ནི་སེམས་ཀྱི་སྨན་པ་མཆོག་ཏུ་གྱུར་པ་སངས་རྒྱས་དེ་དག་གིས་ནི་མ་མཛད་དེ།བྱམས་པས་བྱམས་སྨོན་ཁོ་ན་གསུངས་ནས་ས་བཅུ་ཐོབ་པ་ལྟར་དུ་གདན་བདེ་བ་ལ་སྐྱིལ་ཀྲུང་གིས་འཁོད་ནས་ཡན་ལག་བདུན་པ་དང་།སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་བསྒོམ་པ་ལྟ་བུའི་ཆོ་ག་ཤིན་ཏུ་འཇམ་པོ་གང་ཡང་བདེ་བ་རེ་རེ་ཡིས་ནི་བདག་འཛིན་སོགས་འཁོར་བའི་གཅོང་ནད་ཆེན་པོ་དཔག་ཏུ་མེད་པ་གསོ་བར་མཛད་པ་ལ་བསམ་ནས་བརྩོན་འགྲུས་བརྩམ་པར་བྱའོ།།དང་པོར་བྱང་ཆུབ་ཀྱི་ལམ་ལ་སློབ་དུས་སུ་ལམ་དང་སེམས་ལ་གོམས་ཆ་ལོན་དགོས་པས་ལོ་མ་དང་ཟྭ་ལ་སོགས་པའི་ཚོད་མ་ཅུང་ཟད་རེ་སྦྱིན་པ་ལ་སློབ་པ་དང་།དེ་བཞིན་ཏུ་ལག་གཡས་གཡོན་དང་ཆུ་ཐིག་དང་ནས་འབྲུ།ཁབ་དང་སྐུད་པ་ལ་སོགས་པའི་སྦྱིན་པ་གཏོང་བའི་ཚེ་ན་དམ་པ་གསུམ་གྱིས་ཟིན་པའི་སྦྱིན་པ་ཙམ་ལའང་ཀུན་མཁྱེན་འགྲོ་ཀུན་འདྲེན་པས་ལས་དང་པོ་བ་རྣམས་ལ་དེ་ལྟ་བུ་རེ་ལ་ཐོག་མར་སྦྱོར་ཞིང་སློབ་པར་མཛད་པ་ཡིན་ཏེ།སྔོན་དུས་སངས་རྒྱས་ལ་བྱིས་པ་ཆུང་ངུ་སྤྲང་པོ་ཞིག་གིས་ལ་དུའོ་ང་ལའོ་ཞུས་ཚེ།སངས་རྒྱས་ཀྱིས་མི་དགོས་ཞུས་དང་གནང་གསུངས་པས།འོ་ན་མི་དགོས་སོ་ཞུས་ཚེ།སྟོན་པས་གནང་བ་ལ་ཀུན་དགའ་བོས་ལོ་རྒྱུས་ཞུས་པས་བྱིས་པ་ཆུང་ངུ་དེས་ཚེ་རབས་ཐམས་ཅད་དུ་ཅི་ལོན་ན་སྙམ་པ་མ་གཏོགས་མི་དགོས་ཟེར་མ་མྱོང་བས་ད་ལྟ་རྒྱུད་ལ་བག་ཆགས་བཞག་པ་ཡིན་སོགས་གསུངས་པ་ལྟར་དུ་ཕྱིན་དྲུག་ལ་སློབ་དུས་སུ་ཆུང་བ་ལ་ཁྱད་དུ་མི་གསོད་ཅིང་ཆེན་པོ་ལ་རློམ་སེམས་སུ་མི་བྱེད་པར་ཉིན་རེ་ལ་སྲོག་གཅོད་ཙམ་ཡང་སྤང་བ་ལ་སློབ་པ་ལྟ་བུ་རིམ་པ་བཞིན་དུ་བྱང་ཆུབ་ཀྱི་ལམ་བཟང་ལ་སློབ་དགོས་པས།ཚོད་མ་སྦྱིན་པ་ལ་སོགས་པ་དེ་ལ་གོམས་པར་གྱུར་ནས།དེའི་ཕྱི་ནས་གཏོང་ནུས་པའི་དུས་ན་ནི་རིམ་གྱིས་རང་གི་ཤ་ཡང་གཏོང་དགོས་པ་མ་གཏོགས་དང་པོ་ནས་ལུས་གཏོང་མི་དགོས་སོ།།མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་གང་གི་ཚེ་ན་རང་གི་ལུས་དེ་ལ་ནི་རྩྭ་དང་རྩིག་པ་ཚོད་མ་ལ་སོགས་པ་ལྟ་བུའི་བློ་སྐྱེས་པ་དེའི་ཚེ་ན་ཤ་ལ་སོགས་པ་གཏོང་བ་དེ་ལ་དཀའ་བ་ཅི་ཞིག་ཡོད་དེ་མེད་ངེས་པ་ཅན་དང་།ཉན་རང་གི་སར་སེམས་བསྐྱེད་ན་དཀའ་བ་སྣ་ཚོགས་ཅན་ནོ།།འཁོར་བའི་གནས་སུ་ཡུན་རིང་པོར་འདུག་དགོས་སོ་སྙམ་ན།སྡིག་པ་མི་དགེ་བ་ཐམས་ཅད་སྤངས་ནས་འཁོར་བའི་སྡུག་བསྔལ་ལས་མྱུར་དུ་ཐར་པའི་ཕྱིར་དུ་ཆོས་ཕྱིར་སྡུག་བསྔལ་ཕྲན་བུ་རེ་བྱུང་ཡང་།དེས་ལུས་ལ་སྡུག་བསྔལ་བ་ཅི་ཡང་མེད་ཅིང་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་རྟོགས་པས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་ལ་མཁས་པའི་ཕྱིར་ན་སེམས་ལ་མི་དགའ་བ་མེད་དེ།བྱང་སེམས་རྣམས་ནི་རང་དོན་དུ་སྡིག་པ་མི་བྱེད་པས་གཞན་དོན་དུ་འཁོར་བར་གནས་པ་ལ་དགའ་བ་ཡིན་ནོ།།འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་གཉིས་ཏེ་འདི་ལྟར་དུ་རང་རྒྱུད་ལ་ཡང་དག་པའི་ལྟ་བ་མེད་པས་བདག་འཛིན་གྱི་དབང་གིས་རྒྱུ་འབྲས་སོགས་ལ་ལོག་པར་རྟོག་པ་སྐྱེས་པས་སེམས་ལ་བདེན་ཞེན་གྱིས་སྡུག་བསྔལ་བས་གནོད་པ་དང་།མི་དགེ་བ་སྡིག་པས་ནི་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པས་ལུས་ལ་གནོད་པ་ཡིན་ཏེ།དེ་ལྟར་ལོག་རྟོག་གིས་སེམས་དང་སྡིག་པས་ལུས་ལ་གནོད་པ་ཡིན་ཏེ།དེ་ལྟར་ལོག་རྟོག་གིས་སེམས་དང་སྡིག་པས་ལུས་ལ་གནོད་པ་ནི་བདེན་ཞེན་གྱིས་བདག་མེད་རྣམ་གཉིས་མ་རྟོགས་པའི་དབང་གིས་ཡིན་ལ།བྱང་སེམས་ནི་དེ་ལས་ལྡོག་པས་དགེ་བའི་བསོད་ནམས་བསགས་པ་རྣམས་ཀྱིས་ནི་ལུས་བདེ་བ་ཡིན་ལ།ཆོས་ཐམས་ཅད་ཀྱི་ཡིན་ལུགས་རང་བཞིན་གྱིས་མ་གྲུབ་པར་ཤེས་པའི་མཁས་པ་བྱང་ཆུབ་སེམས་དཔའ་དེ་ཡིས་ནི་སེམས་བདེ་བ་ཡིན་ན་གཞན་དོན་དུ་བསྐལ་པ་མང་པོའི་བར་དུ་འཁོར་བར་གནས་པར་གྱུར་ཀྱང་།བྱང་སེམས་དེ་ནི་སེམས་ཅན་གྱི་སྡུག་བསྔལ་ཟད་པའི་ཕྱིར་སྙིང་རྗེ་ཅན་དག་ནི་སྡུག་བསྔལ་གྱིས་ཅི་སྟེ་ཞེས་ཅིའི་དོན་དུ་སྐྱོ་སྟེ་སྐྱེ་བ་ལན་མང་བླངས་ཀྱང་སྐྱེད་མོའི་ཚལ་ནས་སྐྱེད་མོའི་ཚལ་དུ་འགྲོ་བ་འདྲ་བ་རྟོགས་པ་ཡིན་ནོ།།བྱང་ཆུབ་སེམས་དཔའ་འདི་ནི་ཐུགས་རྒྱུད་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡོད་པའི་སྟོབས་ཀྱིས་སྐད་ཅིག་གཅིག་གིས་སྔོན་གྱི་དུས་སུ་བསགས་པའི་ངེས་པའི་སྡིག་པ་ཐམས་ཅད་ནི་ཟད་པར་བྱེད་ཅིང་།བྱང་ཆུབ་ཀྱི་སེམས་གོམས་པས་ཕྱིན་ཆད་ནི་སྡིག་བ་མི་བྱ་ངེས་པ་ཡིན་ཅིང་།སོ་སྐྱེས་དང་ཉན་རང་གིས་བསྐལ་པ་གྲངས་མེད་དུ་བསགས་པའི་དགེ་བའི་བསོད་ནམས་རྒྱ་མཚོའི་ཚོགས་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་སྐད་ཅིག་ལས་རང་རྒྱུད་ལ་སྡུད་པར་བྱེད་ཅིང་།ཆུ་ཐིགས་དང་ནས་འབྲུ་ལ་སོགས་པའི་སྦྱིན་པ་ཙམ་གྱིས་བསོད་ནམས་མང་པོ་བསགས་པའི་ཕྱིར་ན།བྱང་ཆུབ་ཀྱི་སེམས་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཡིན་པས་ན།ཉན་ཐོས་རང་རྒྱལ་རྣམས་ཀྱིས་སྡིག་པ་སྟོབས་བཞིས་བཤགས་ཀྱང་སྡིག་ལྟུང་དྲུང་ནས་མི་འབྱིན་པས་ན།བྱང་ཆུབ་ཀྱི་སེམས་ཀྱིས་སྡིག་ལྟུང་རྩ་བ་ནས་དག་པས་ན་བྱང་ཆུབ་སེམས་དཔའ་མཆོག་ཏུ་བསྔགས་པ་མདོ་ལས་རྒྱས་པར་བཤད་དོ།།བསོད་ནམས་གཞན་ལས་བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་འཕགས་པ་ཡིན་པ་དེ་བས་ན།སེམས་ཀྱི་སྐྱོ་བ་དང་ལུས་ཀྱི་ན་བ་ཀུན་སེལ་བར་བྱེད་པའི་སྡིག་པའི་ཁུར་པོས་མནན་བྱེད་དམྱལ་བའི་གནས་སུ་འགྲོ་མ་དགོས་པར་ཕ་ཕོག་བུ་ལ་སྤྲད་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་རྟ་ལ་ཞོན་ནས་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བར་དུ་འགྲོ་བ་ལ་ནི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཀྱི་སེམས་ཤེས་པ་སུ་ཞིག་སྒྱིད་ལུག་པར་འགྱུར་ཏེ།རྟ་གོམས་པ་ཅན་ལ་ཞོན་ནས་ཐང་བདེ་མོ་ལ་འགྲོ་བ་ལྟ་བུའི་དུས་སུ་བྱང་ཆུབ་ཀྱི་ལམ་དང་འབྲས་བུ་ལ་སྒྱིད་ལུག་པར་བྱ་བར་མི་རིགས་སོ།།བདག་ལ་དམན་པར་བལྟས་ཏེ་ལུས་སྦྱིན་དགོས་བསམ་པ་དང་།དམ་པའི་ཆོས་དང་མཐར་ཐུག་གི་བྱང་ཆུབ་སྒྲུབ་པར་དཀའ་བར་བསམ་པ་དང་།འཁོར་བའི་གནས་སུ་ཡུན་རིང་གནས་དགོས་པ་དང་།རང་གཅིག་པུས་གཞན་དོན་བྱེད་པར་དཀའོ་སྙམ་ན།འཁོར་ལོས་སྒྱུར་རྒྱལ་གྱིས་སྲས་ལ་གླིང་བཞི་དབང་དུ་བསྡུ་ཕྱིར་དཔུང་ཚོགས་ཡན་ལག་བཞི་སྤྲད་པ་ལྟར་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་འགྲུབ་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱིས་དཔུང་ཚོགས་ཡན་ལག་བཞི་གནང་བ་ནི་མོས་པའི་དཔུང་དང་བརྟན་པའི་དཔུང་དང་དགའ་བའི་དཔུང་དང་དོར་བའི་དཔུང་དང་བཞི་ཡིན་ལ།དང་པོ་མོས་པ་སྐྱེ་བའི་རྒྱུ་ནི་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་སྐྱེས་བ་དང་།མི་མཐུན་ཕྱོགས་སྤང་བའི་གཉེན་པོ་མོས་པ་དེ་ཡི་ཕན་ཡོན་ལ་བསམ་པས་རང་རྒྱུད་ལ་བསྐྱེད་དགོས་པར་གསུངས་སོ།།གསུམ་པ་བརྩོན་འགྲུས་ཀྱི་མཐུན་ཕྱོགས་བསྒྲུབ་པ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ།།སོགས་ནས།འབད་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་གོང་དུ་བཤད་པ་དེ་ལྟར་དུ་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལེ་ལོ་གསུམ་སྤངས་ཏེ་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་ངེས་པའི་ཆོས་ལ་ངེས་པར་འཛིན་པ་མོས་པའི་དཔུང་སྟེ་དོན་དུ་འདུན་པ་ཡིན་གསུངས་པ་དང་།བརྟན་པའམ་ང་རྒྱལ་གྱི་དཔུང་དང་།ཕྱིན་དྲུག་ལ་དགའ་བའི་དཔུང་དང་།དོར་བའི་དཔུང་སྟེ་གཞན་དཔུང་བཞི་བསགས་པ་དང་།རང་སྟོབས་ཀྱིས་སྤང་བྱ་ལ་གཉེན་པོ་ལྷུར་ལེན་པའི་སྟོབས་དང་།སྒོ་གསུམ་ལ་རང་གི་དབང་སྒྱུར་གྱི་སྟོབས་གཉིས་ཀྱིས་ནི་ཆུང་ངུའི་དུས་ནས་དགེ་ལ་སྤྲོ་བ་སྐྱེས་ཐོབ་ཀྱི་བརྩོན་འགྲུས་དང་།ཐབས་ཀྱིས་སྐྱེས་པ་སྦྱོང་བྱུང་གི་བརྩོན་འགྲུས་གང་རུང་དཔུང་བཞི་སྟོབས་གཉིས་ཀྱིས་རང་རྒྱུད་ལ་སྤེལ་བའི་ཕྱིར་དུ་འབད་པར་བྱ་དགོས་པོ་ཞེས་མདོར་བསྟན།གཉིས་པ་རྒྱས་པར་བཤད་པ་ལ།དཔུང་བཞི་བསགས་པ་དང་།སྟོབས་གཉིས་བསྐྱེད་ཚུལ་ཏེ་གཉིས་ལས།དང་པོ་དཔུང་བཞི་བསགས་པ་ལའང་མོས་པའི་དཔུང་དང་།བརྟན་པའམ་ང་རྒྱལ་གྱི་དཔུང་དང་།དགའ་བའི་དཔུང་དང་།དོར་བའི་དཔུང་བཤད་པ་དང་བཞི་ལས།དང་པོ་ནི།བདག་དང་གཞན་གྱི་ཉེས་པ་ནི།།སོགས་ནས།བསྒོམ་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་ཐེག་ཆེན་གྱི་ཆོས་ལ་མོས་པ་དངོས་བཤད་པ་ལ་བདག་གི་ཉེས་པ་དང་།གཞན་ཕ་མའི་གཙོས་པའི་སེམས་ཅན་ཀྱི་ཉེས་པ་དུག་ལྔ་ལ་སོགས་པ་ནི་དཔག་ཏུ་མེད་པ་བདག་གིས་གཞོམ་པར་བྱའོ་ཞེས་ཁས་བླངས་ཏེ་འཁོར་བའི་གནས་གང་དུ་སེར་སྣ་ལ་སོགས་པའི་ཉེས་པ་རེ་རེ་ཙམ་ལའང་བསྐལ་པ་རྒྱ་མཚོ་གྲངས་མེད་གཅིག་སོང་དུས་སུ་སེར་སྣ་གཅིག་པུ་ཉིད་ཟད་པར་འགྱུར་བ་ཡིན་ན།གཉེན་པོ་སྦྱིན་པ་ལ་སོགས་སེར་སྣའི་ཉེས་པ་ཟད་པ་ལ་བརྩོན་འགྲུས་རྩོམ་པ་དེ་ཡི་ནི་དུམ་བུ་བརྒྱ་སྟོང་མང་པོ་ལ་བགོས་པའི་བརྩོན་པའི་ཆ་ཤས་ཕྲ་མོ་ཙམ་ཡང་བདག་གི་རྒྱུད་ལ་ཡོད་པ་མ་མཐོང་བ་ཡིན་ན།འཁོར་བ་སྡུག་བསྔལ་དཔག་ཏུ་མེད་པའི་གནས་སུ་ཡུན་རིང་པོ་དེ་ཙམ་དུ་བསྡད་ཀྱང་ཉེས་པ་ཅུང་ཟད་ཀྱང་སྤོང་མ་ནུས་ན་བདག་ཀོ་རྒྱུ་མཚན་ཅིའི་ཕྱིར་ན་སྙིང་འདི་མ་གས་པ་རྡོ་རྗེའམ་ལྕགས་ལས་གྲུབ་པ་འདྲ་ཡིན་ན་མ་གཏོགས་གས་འགྲོ་བར་ངེས་སོ།།དེ་བཞིན་དུ་བདག་གི་རྒྱུད་ལ་ཡོན་ཏན་དང་གཞན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྐུ་གཟུགས་སྐུའི་ཡོན་ཏན་དང་།ཐུགས་ཆོས་སྐུའི་ཡོན་ཏན་ནི་དཔག་མེད་མང་པོ་བདག་གིས་བསྒྲུབ་པར་བྱའོ་ཞེས་ཁས་བླངས་ཏེ་དམ་བཅས་ན་རང་རྒྱུད་དེ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ནང་ནས་སྦྱིན་པ་ལྟ་བུའི་ཡོན་ཏན་རེ་རེ་ཙམ་ཡང་བསྐལ་པ་གྲངས་མེད་རྒྱ་མཚོས་རང་གི་རྒྱུད་ལ་གོམས་དགོས་པར་འགྱུར་བ་ཡིན་ན།བདག་གིས་ནི་སྦྱིན་པའི་ཡོན་ཏན་སྣ་གཅིག་གི་བརྒྱ་སྟོང་གི་ཆ་ཤས་ཙམ་ལ་ཡང་གོམས་པ་དུས་ནམ་ཡང་ལ་སྐྱེས་པ་ཡིན་ཏེ།དེ་ལྟ་བུའི་སྐྱོན་སྣ་གཅིག་ནི་སྤངས་མ་ནུས།ཡོན་ཏན་སྣ་གཅིག་ནི་རང་རྒྱུད་ལ་མ་སྐྱེས་པར་ད་སྔོན་ཡན་ཆད་དུ་དུས་ཡུན་རིང་པོ་ཇི་འདྲ་བ་ཞིག་ཏུ་རིགས་དྲུག་གི་གནས་སུ་ཡང་འཁོར་ནས་བྱས་པ་དོན་མེད་པ་དེ་ལྟར་ན་རང་གི་རྙེད་པའི་སྐྱེ་བ་བླངས་པ་ཐམས་ཅད་ནི་བདག་གིས་དམ་པའི་ཆོས་ཅི་ཡང་མ་འགྲུབ་པར་ལུས་རྟེན་དང་བྱ་བ་ཐམས་ཅད་དོན་མེད་ཁོ་ན་བྱས་པ་འདི་མཚར་རེ་ཆེ་ཞེས་རྒྱལ་བ་སྲས་བཅས་རང་ལ་ཐུགས་ཁྲེལ་བའི་གནས་སོ།།ཟས་གོས་རྙེད་ཚོལ་དུད་འགྲོས་ཀྱང་ནུས་པས་བདག་གིས་རང་བསམ་བཏང་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་གདུང་རིང་བསྲེལ་ལ་སོགས་པ་ལ་ཡོན་ཆབ་དང་མེ་ཏོག་ཕྱག་དང་མཎྜལ་ལ་སོགས་པ་མངོན་སུམ་དང་མངོན་སུམ་མ་ཡིན་པས་མ་མཆོད་ཅིང་།བསོད་ནམས་ཀྱི་ཞིང་འཕགས་པའི་དགེ་འདུན་རྣམས་ལ་ན་བཟའ་བསོད་སྙོམས་ལ་སོགས་པས་དགའ་སྟོན་ཆེན་པོའི་བདེ་བ་ཅི་ཡང་མ་བྱིན་པར་མ་ཟད་རང་གིས་ནི་ང་རྒྱལ་ལ་སོགས་པ་བྱས་པ་དང་།བསྟན་པས་རང་རྒྱུད་འདུལ་དགོས་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་གི་ཆོས་ལ་བཤད་པས་བྱ་བ་མ་བྱས་པ་དང་།རྟོགས་པའི་ཆོས་ལམ་ལྷག་པའི་བསླབ་པ་གསུམ་ལ་སྒྲུབ་པས་རང་རྒྱུད་ལ་བྱ་བ་མ་བྱས་པ་དང་།ཟང་ཟིང་གི་སྦྱིན་པ་ལ་སོགས་པས་དབུལ་པོའི་བསམ་པ་རྫོགས་པར་མ་བྱས་བར་ད་དུང་ཚུར་ལ་འཕྲོག་པ་དང་།རི་དྭགས་དང་ཉྭ་ལ་སོགས་པ་དང་རང་གི་ལུས་ཀྱི་ཤིག་ལ་སོགས་པ་ཐམས་ཅད་ལ་སྲོག་གི་འཇིགས་པ་ལ་རི་རྒྱ་དང་རྔོན་རྒྱ་ཀླུང་རྒྱ་ལ་སོགས་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མ་བྱིན་པ་དང་།ཐག་རིང་གི་མགྲོན་པོ།ཡུན་རིང་གི་ནད་པ།ཆོས་པ་ཉམས་ཆུང་།ཕ་མ་དང་རྒས་འཁོག།།སྤྲང་པོ་ལ་སོགས་པའི་སེམས་ཅན་ཉམ་ཐག་པ་རྣམས་ལ་བདེ་བ་ཕྲན་བུ་ཙམ་ཡང་མ་བྱིན་པ་ཡིན་ན་གཞན་དགེ་བའི་བྱ་བ་ནི་ཅི་ཡང་མ་འགྲུབ་པའི་སྟེང་དུ་རང་གིས་ནི་དོན་མེད་པའི་སྡུག་བསྔལ་གཉིས་གྲུབ་སྟེ།བདག་རང་ཉིད་ལ་མ་ཡི་མངལ་དུ་སྐྱེས་ནས་ཁུ་ཁྲག་གི་ནང་དུ་དྲི་ཟ་ཉེར་ལེན་གྱི་རྣམ་ཤེས་ཁུགས་ནས་བདུན་དང་པོ་ལ་མེར་མེར།གཉིས་པ་ལ་ནུར་ནུར།གསུམ་པ་ལ་ལྟར་ལྟར།བཞི་པ་ལ་ཁྲོང་གོར།ལྔ་པ་ལ་ཉ།དྲུག་པ་ལ་ཁྱབ་འཇུག།།བདུན་པ་ལ་རུས་སྦལ་ལྟ་བུ་བདུན་རེ་རེའི་མཚམས་སུ་རླུང་མི་འདྲ་བ་རེ་རེས་གཏོར་ཏེ་འཇིགས་སྐྲག་སྔངས་གསུམ་དང་བཅས་པས་ཡང་ཤི་བཞིན་ཡང་སོས་པ་ལ་སོགས་པ་ནས་བདུན་ཕྲག་བརྒྱད་དགུའི་བར་དུ་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་ལྟར་དུ་མངལ་གྱི་གཟེར་གྱི་ཟུག་རྔུ་དྲག་པོ་ཐམས་ཅད་མྱོང་བའི་སྡུག་བསྔལ་དང་།རང་ཉིད་ཀྱི་ཨ་མ་དྲིན་མོ་ཆེ་ཉིད་ལ་ཟླ་དགུ་ངོ་བཅུའི་བར་དུ་ཁུར་དགོས་པ་དང་།མ་བུ་གཉིས་ཀ་གཤིན་ཡུལ་གོམས་ཕྱེད་བོར།།མ་ཡི་ཁ་རུས་མ་གཏོགས་རུས་མཚམས་བྱེ།།གསུངས་པ་ལྟར་གྱི་སྐྱེ་བའི་སྡུག་བསྔལ་ལ་སོགས་པའི་སྡུག་བསྔལ་འབའ་ཞིག་བསྐྱེད་བར་ཟད་དོ།།རིན་པོ་ཆེ་གསེར་གླིང་དམ་ཆོས་ཐང་མ་བཞིན་དུ་བརྡལ་བའི་ཞིང་ནས་ཡི་དྭགས་ལ་རྩམ་པ་བསྟན་པ་ལྟར་དང་།བྱ་བརྒྱ་ཤར་དང་ཕ་ཝཾ་སྒོ་མཆིས་ནུབ་ལ་བལྟས་པ་ལྟར་དམ་པའི་ཆོས་དར་ས་ནས་དམ་ཆོས་ཤྭ་ལོ་ཀ་གཅིག་ལ་ཉམས་ལེན་མི་བྱེད་པར་མི་ལུས་སྟོང་བས་དོན་མེད་ཁོ་ན་བྱུང་བ་འདི་ཅི་ཞིག་གིས་ཡིན་སྙམ་ན།ལས་ངན་བདག་གིས་ནི་སྔོན་གྱི་དུས་ཐམས་ཅད་དང་ད་ལྟར་ན་ཡང་ཐེག་རིམ་དགུ་ཡི་ཆོས་ཐམས་ཅད་ལ་མོས་པ་དང་བྲལ་བ་ཁྱི་སྔོན་དུ་རྩྭ་བཞག་པ་ལྟ་བུར་གྱུར་པ་དེ་ཡིས་སྡུག་བསྔལ་གྱི་ནང་ནས་སྒོས་སྡུག་བསྔལ།སྣང་ནས་མུན་པ།ཤི་ནས་དམྱལ་བ་ལ་སོགས་པས་ཕོངས་པ་འདི་འདྲ་བར་བྱུང་བར་གྱུར་པས་ན།དགེ་བ་དད་གུས་དགའ་བ་དང་ལྡན་པ་སུ་ཞིག་གིས་ནི་དམ་པའི་ཆོས་ལ་མོས་པ་གཏོང་སྟེ་གཏོང་བར་མི་རིགས་སོ།།དམ་ཆོས་དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་ཅི་ནས་ཀྱང་ཆོས་ཤིག་བསྒྲུབ་དགོས་བསམ་པའི་དོན་གཉེར་གྱི་འདུན་པ་དེ་ཉིད་མོས་པ་ཡིན་པར་ཐུབ་པས་མདོ་ལས་གསུངས་ཤིང་དེ་ཉིད་འདུན་པ་ཡང་ཡིན་ཏེ།ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ།།འདུན་པའི་རྩེ་ལ་རབ་ཏུ་གནས།།གསུངས་པ་ལྟར།སྐྱེས་ཐོབ་ཀྱི་མོས་པ་མེད་ཀྱང་སྦྱོར་བྱུང་གི་མོས་པའི་རྒྱུ་བཙལ་དགོས་པས།མོས་པ་དེ་ཡི་རྩ་བ་ཡང་དུས་རྟག་ཏུ་ནི་ལས་རྒྱུ་བསགས་པའི་རྣམ་སྨིན་གྱི་འབྲས་བུ་དང་།རྒྱུ་མཐུན་དང་།དབང་དང་།སྐྱེས་བུས་བྱེད་པའི་འབྲས་བུ་རྣམས་བསྒོམས་དགོས་པས་དེ་ཡང་མདོ་དྲན་པ་ཉེར་བཞག་ལས་གསུངས་སོ།།མདོར་ན་དམྱལ་སོགས་རིགས་དྲུག་གི་གནས་སུ་ལུས་ལ་ན་ཚ་ལ་སོགས་པས་སྡུག་བསྔལ་བ་དང་།མི་འདོད་པ་སྣ་ཚོགས་ཀྱིས་ཡིད་མི་བདེ་བ་ཅི་བྱུང་ཡང་སྡིག་པ་བྱས་པ་ལས་བྱུང་བ་དང་།དགྲ་ཇག་ཆོམ་རྐུན་མེ་ཆུ་གཅན་གཟན་ལ་སོགས་པའི་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་རྣམ་པ་སྣ་ཚོགས་པ་ཡང་རྒྱུ་སྡིག་པ་སྤྱོད་པ་ལས་བྱུང་བ་དང་།བདེ་སྐྱིད་མཐའ་ཡས་པའི་ཡིད་འོང་གི་དངོས་པོའི་འདོད་པ་རྣམས་དང་བྲལ་ཏེ་མི་རྟག་མཐའ་བཞིས་བསྡུས་པ་དེ་རྣམས་ནི་རྒྱུ་སྡིག་པ་མི་དགེ་བ་ལ་སྤྱོད་པ་ལས་འབྱུང་བར་འགྱུར་བས་ན།རང་ལ་རྣམ་པར་སྨིན་པའི་འབྲས་བུ་རྒྱུ་མཚན་ཕན་ཚུན་གཏུགས་ཏེ་སྒོམ་དགོས་སོ།།རང་གི་ཡིད་ལ་བསམ་བཞིན་དུ་ཀུན་སློང་བཟང་པོས་ཀུན་ནས་བསླངས་པའི་རྐྱེན་གྱིས་དགེ་བ་བྱས་པས་རིགས་དྲུག་གི་གནས་གང་དང་གང་དུ་འགྲོ་བར་འགྱུར་བའི་གནས་དེ་དང་དེར་ནི་དགེ་བ་བྱས་པའི་བསོད་ནམས་དེས་ནི་མཛའ་བོའི་བུ་མོས་མ་ལ་ཀཪྵ་པ་ཎི་བཞི་བརྒྱད་བཅུ་དྲུག་སོ་གཉིས་ཀྱིས་མཆོད་པའི་འབྲས་བུས་མཛེས་སྡུག་གི་ལྷ་མོ་བཞི་བརྒྱད་བཅུ་དྲུག་སོ་གཉིས་ཀྱིས་མཆོད་པ་དང་།རྫིའུ་ཞིག་གིས་གྲོག་ཚང་ལ་གྲོ་ལྷག་ཙམ་པ་གཏོར་བས་གྲོག་ཚང་རྣམས་ཀྱིས་སྡེ་དང་རྫི་བས་དཔོན་པོ་བྱས་པ་དང་།གྲོང་གི་ཤན་པས་མཚན་མོར་སྲོག་མི་གཅོད་པའི་སྡོམ་པ་བླངས་པས་མཚན་མོའི་ལྷ་མོ་རྣམས་ཀྱིས་མཆོད་པ་ལྟ་བུའི་དགེ་བའི་འབྲས་བུའི་ཡོན་ཏན་གྱིས་མངོན་པར་མཆོད་པར་འགྱུར་ཏེ།དམྱལ་བའི་གནས་སུ་སོང་ན་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་ཕོག་པས་སྡུག་བསྔལ་ཞི་བ་ལ་སོགས་པ་ཡིན་པས།ལས་དང་འབྲས་བུ་ཕན་ཚུན་ཐོད་གཏུགས་ཏེ་སྒོམ་དགོས་སོ་ཞེས་རྣམ་སྨིན་འབྲས་བུ་བསྒོམས་ཞེས་པ་ཤྭ་ལོ་ཀ་རེ་རེའི་མཇུག་ཏུ་འགྲེས་ཁང་ཡིན་གསུངས་སོ།།སྡིག་པ་མི་དགེ་བ་བྱེད་པ་རྣམས་ནི་སེམས་ལ་བདེ་བ་འདོད་ཀྱང་རིགས་དྲུག་གི་གནས་གང་དང་གང་དུ་འགྲོ་བར་འགྱུར་བ་ན་ཡང་ལྷ་ཡུལ་དུ་ལྷ་སྤྲང་པོ་དང་།མཛའ་བོའི་བུ་མོས་མའི་མགོ་ལ་རྡོག་ཐོ་བརྒྱབ་པའི་རྣམ་སྨིན་གྱིས་མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་བའི་སྡུག་བསྔལ་དང་།གནས་པའི་གྲོང་གི་ཤན་པས་ཉིན་མོ་སྲོག་བཅད་པས་ཁྱི་སྲེ་བོ་བཞིས་ལུས་དུམ་བུར་བཅད་དེ་ཟོས་པའི་སྡུག་བསྔལ་ལ་སོགས་པ་ལྟ་བུའི་རིགས་དྲུག་གི་གནས་དེ་དང་དེར་ནི་སྡིག་པ་བསགས་པ་དེས་ནི་འབྲས་བུ་སྡུག་བསྔལ་གྱི་མཚོན་ཆ་སྣ་ཚོགས་ཀྱིས་རང་ཉིད་རྣམ་པར་འཇོམས་པར་བྱེད་པ་ལ་བསམས་ནས་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སྒོམ་དགོས་སོ།།དགེ་བ་བྱས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མེ་ཏོག་པདྨ་དཔག་ཚད་ཡོད་པ་ལ་སོགས་པ་རྒྱ་ཆེ་བ་དང་དྲི་བཟང་པོ་དང་ལྡན་པའི་ནང་དུ་སྐྱེ་བ་ལེན་ལ།སྡིག་པ་བྱས་པས་མའི་མངལ་གནས་རྒྱ་ཆུང་ཞིང་བུ་སྣོད་ཀྱི་ནང་དོག་པ།དྲི་ངན་མི་གཙང་བའི་ནང་དུ་སྐྱེ་ཞིང་།དགེ་བས་རབ་ཏུ་བསིལ་བའི་པདྨའི་སྙིང་པོར་ཟེའུ་འབྲུ་གེ་སར་གྱི་སྟེང་དུ་གནས་ལ།སྡིག་པས་ནི་མའི་ལྟེ་བའི་འོག་དང་ལོང་ཁའི་སྟེང་གཉིས་ཀྱི་བར་དུ་གནས་དགོས་པ་དང་།དགེ་བས་པདྨའི་ནང་དུ་རྒྱལ་བའི་གསུང་སྙན་པོ་ཐོས་པས་སེམས་ཀྱི་དགའ་སྤྲོ་ལུས་ཀྱི་ཟས་སུ་འགྱུར་བ་དེ་རྣམས་ཀྱིས་ལུས་ལ་གཟི་བརྗིད་བསྐྱེད་པར་བྱས་པ་ཡིན་པས་ཤིན་ཏུ་བདེ་སྐྱིད་དང་ལྡན་པ་ཡིན་ལ།སྡིག་པས་མས་ཟས་ཟོས་པ་མཁྲིས་པ་འཇུ་བྱེད་ཀྱིས་ཞུ་བ་བད་ཀན་མྱགས་བྱེད་ཀྱིས་མྱགས་ཏེ་ཁྱབ་བྱེད་ཀྱི་རླུང་གིས་དྭངས་སྙིགས་ཕྱེས་པའི་ཟས་རུལ་བའི་ཁུ་བ་མའི་ལྟོ་བ་ནས་བུའི་ལྟེ་བར་བརྒྱུད་ནས་སོང་བ་དེ་ཙམ་གྱིས་འཚོ་བར་བྱེད་པ་དང་།དགེ་བས་ཐུབ་པ་སྣང་བ་མཐའ་ཡས་ཀྱི་འོད་ཟེར་གྱིས་པདྨ་ལ་ཕོག་མ་ཐག་ཏུ་རྒྱས་ཏེ་པདྨ་ཁ་ཕྱེད་པ་ལས་བྱུང་བའི་མཚན་དཔེ་དང་ལྡན་ཞིང་གོས་དང་བཅས་པ།དྭངས་མ་འཇའ་ཚོན་ལྟ་བུའི་ལུས་མཆོག་ཏུ་གྱུར་པ་ཅན།ཡིད་འོང་ལྟ་ན་སྡུག་པ་འཛམ་གླིང་བྱིས་པ་ན་ཚོད་ལོ་བརྒྱད་ལོན་པ་ལྟ་བུ་ཁོ་ན་ཡིན་ལ།སྡིག་པས་སྲིད་པ་ལས་ཀྱི་རླུང་གིས་མངལ་ན་གནས་པ་མགོ་ཞབས་བརྗེས་ནས་མའི་སྐྱེ་གནས་ཀྱི་ལམ་རུས་པའི་འཇུར་མིག་གོར་མོ་ནས་ཟངས་ལྕགས་ཀྱི་སྐུད་པ་འཐེན་པ་ལྟར་གསོན་པོར་པགས་པ་བཤུས་པ་བཞིན་ཏུ་བཙས་ཚེ་ལུས་ཕྲུ་མས་གཡོགས་པ།གོས་མེད་པ་དྲིན་ཆེན་གྱི་ཨ་མ་རྒན་མོ་མ་གཏོགས་སུས་ཀྱང་བལྟ་བར་མི་བཟོད་པ་དེ་ལྟ་བུ་ཞིག་ཏུ་སྐྱེས་སོ།།དགེ་བ་བྱས་པས་རྒྱལ་བ་འོད་དཔག་མེད་པའི་མདུན་ན་གནས་ཏེ་མཆོད་པ་སྣ་ཚོགས་ཀྱིས་མཆོད་དེ་བདེ་བར་གཤེགས་པའི་སྲས་སུ་ནི་བདེ་སྨོན་འདོན་པ་དང་།བྱང་ཆུབ་ཀྱི་སེམས་དང་འོད་དཔག་མེད་ཀྱི་མཚན་འདོན་པ་དང་།ཡན་ལག་བདུན་པ་ཕུལ་བ་ལ་སོགས་པ་དགེ་བ་བྱས་པས་སྐྱེ་བར་འགྱུར་ཞིང་།སྡིག་པ་བྱས་པས་ནི་སྐྱེས་མ་ཐག་ཏུ་གོས་སྟན་ལ་སོགས་པའི་ནང་ན་རང་གི་མི་གཙང་བའི་འདམ་དུ་ཟུག་ནས་སྡུག་བསྔལ་བ་ནི་མི་དགེ་བ་བྱས་པས་སྐྱེ་བར་འགྱུར་བས་ན།ལུས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སྒོམ་དགོས་སོ།།སྡིག་པ་མི་དགེ་བ་བྱས་པའི་འབྲས་བུ་ནི་ཤི་མ་ཐག་ཏུ་དམྱལ་བར་སྐྱེས་ནས་འཆི་བདག་གཤིན་རྗེའི་སྐྱེས་བུའི་ཟངས་ལྕགས་ཀྱི་སྡེར་མོས་བཟུང་སྟེ་སྤུ་གྲིའི་ལམ་དང་།ཚེར་མའི་ཐང་དུ་ཁྲིད་ནས་གསོན་བོར་པགས་པ་མ་ལུས་བཤུས་པས་ཚ་བས་ཤིན་ཏུ་ཉམ་ཐག་ཅིང་སྡུག་བསྔལ་བའི་ཚེ་ན་ལྟོག་སྐོམ་གྱི་སྣང་བ་ཤར་མ་ཐག་ཏུ་སོལ་ཕུང་རི་རབ་ཙམ་སྤུངས་པ་མེ་འབར་བས་རབ་ཏུ་ཚ་བའི་མེ་དཔུང་མི་བཟད་པ་ཡིས་བཞུས་པའི་ལྕགས་ཞུན་དང་ཟངས་ཞུན་རབ་ཏུ་ཁོལ་མ་ཁ་ནང་དུ་མདུང་ཐུང་དང་རྩེ་གསུམ་དང་དགྲ་སྟྭ་ལ་སོགས་པའི་མཚོན་ཆ་རྣམ་པ་སྣ་ཚོགས་དག་གིས་རྟག་ཏུ་བསྣུན་པའི་ཚེ་ན་འདུག་མི་བཟོད་པར་ལས་མཁན་རྣམས་ཀྱིས་མཚོན་ཆས་བརྡེག་རེས་ཀྱིས་བར་སྣང་ལ་བཏེགས་པའི་དུས་སུ་མཚོན་ཆེས་གཏུབས་པའི་རང་གི་ལུས་ཀྱི་ཤ་ཡི་ཚོགས་ཀྱི་དུམ་བུ་མང་པོ་སྟོན་དུས་སུ་ཤིང་ལོ་རླུང་གིས་གཏོར་བ་ལྟར་ཕྱོགས་བརྒྱར་ལྷགས་ཤིང་འཐོར་མཐར།རུས་པ་དཀར་པོའི་ལུས་ཀྱིས་ཚུགས་མི་ཐུབ་པར་ཤིན་ཏུ་མེ་འབར་བའི་ལྕགས་སྲེགས་ཀྱི་ས་གཞི་བར་སྣང་ནས་རུས་ཕུང་ལྷུང་བ།གན་རྐྱལ་ལམ་ཁ་སྦུབ་ཀྱི་ཚུལ་དུ་ཡོད་པ་སྔར་ལྟར་གཞོན་ཤ་གསར་དུ་སྐྱེས་པ་ལ་པགས་པ་བཤུ་བ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་ཐམས་ཅད་ནི་མི་དགེ་བ་སྡིག་པའི་ལས་བསགས་པ་མང་པོས་ངན་སོང་མུ་མཐའ་མེད་པར་སྐྱེ་བར་འབྱུང་བ་ལ་བསམ་ནས་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྒོམས་ན་དམ་པའི་ཆོས་ལ་མོས་པ་སྐྱེ་བར་འགྱུར་རོ།།དེ་ལྟར་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཙམ་གྱི་དཔེར་ཡང་ཚེ་འདིའི་སྡུག་བསྔལ་ཆེན་པོ་ཇི་ལྟ་བུས་ཀྱང་མི་འོང་སྟེ།འཕགས་པ་ཀླུས།འདི་ན་ཉིན་གཅིག་མདུང་རྣོན་སུམ་བརྒྱ་ཡིས།།རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ།།དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་།།འོལ་ཡང་མི་ཕོད་ཆར་ཡང་མི་བཟོད་དོ།།ཞེས་གསུངས་པ་ལྟ་བུ་ཡིན་པས་ན་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས།ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ངོ་མ་ད་རེས་དལ་འབྱོར་ཐོབ་དུས་སུ་ཡིན་པས་ན་མོ་གསུང་བརྟགས་ལུང་བསྟན་བདམས་ཁ་ལ་སོགས་པ་ཅི་དགོས་ནའང་ད་རེས་ད་རེས་མ་ནོར་གལ་ཆེ་ཞེས་ཡང་ཡང་གསུངས་བར་མཛད་དོ།།དེ་ལྟར་བདེ་བ་ཅན་དུ་བདེ་སྐྱིད་ཀྱི་ལོངས་སྤྱོད་ཐམས་ཅད་དང་།དམྱལ་བའི་གནས་སུ་སྡུག་བསྔལ་མུ་མཐའ་མེད་པ་གཉིས་གང་དགའ་ནའང་ཞི་བ་ལྷ་བདག་གིས་རྗེས་འཇུག་གི་གང་ཟག་རྣམས་ལ་བདེ་སྡུག་གི་བདམས་ཀ་སྟོན་པ་ཡིན་པ་དེ་བས་ན་སེམས་ཀྱིས་དགེ་བའི་ཕྱོགས་ཐམས་ཅད་ལ་མོས་པར་བྱ་ཞིང་།ལུས་དང་ངག་གི་གུས་པ་ཉིད་དུ་བསྒོམ་པར་བྱའོ་ཞེས་གདམས་པར་མཛད་དོ།།གཉིས་པ་བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ་ལ་སྤྱིར་བསྟན་པ་དང་།བྱེ་བྲག་ཏུ་བཤད་པ་གཉིས་ལས།དང་པོ་ནི།རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས།།སོགས་ནས།ང་རྒྱལ་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟ་བུའི་དགེ་སྒྲུབ་སྡིག་སྤོང་གིས་རང་གཞན་གྱི་དོན་གཉིས་མི་འགྲུབ་སྙམ་ན།མདོ་ཕལ་པོ་ཆེའམ་སྡོང་པོ་བཀོད་པ་ལས།བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བརྟན་པའམ་ང་རྒྱལ་བསྒོམ་པའི་ཆོ་ག་དེ་ཡིས་བརྩམས་ནས་བྱང་ཆུབ་སེམས་དཔའ་ང་རྒྱལ་སྒོམ་ཚུལ་གྱིས་ང་རྒྱལ་བསྒོམ་པར་བྱ་སྟེ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་སྤྱོད་འཇུག་གི་བསྒོམ་རིམ་ལས།འཇིག་རྟེན་ན་ཉི་མ་འཆར་བ་ལ་དཔེ་བྱས་ཏེ་བར་ཆད་གཞན་དབང་དུ་མི་བཏང་བར་རྐྱེན་གྱིས་བརྫི་བ་མེད་པ་དང་།ཉི་མ་གཅིག་པུར་རྒྱུ་བ་ལ་དཔེ་བྱས་ཏེ་བདག་ཉིད་གཅིག་པུར་གཞན་ལ་ལྟོས་མི་དགོས་པར་བདུད་སྡེ་ཕམ་པར་བྱས་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པ་དང་།ཉི་མ་ཀུན་ལ་སྣང་བ་ལྟར་བྱང་ཆུབ་སེམས་པའི་ཡེ་ཤེས་སྙིང་རྗེ་སྨོན་པ་དང་གསུམ་གྱིས་འགྲོ་བའི་ཉེར་འཚོར་བྱིན་གྱིས་བརླབས་ཏེ་མཁའ་མཉམ་གྱི་འགྲོ་དོན་དང་དུ་བླངས་པ་དང་གསུམ་གྱིས་ང་རྒྱལ་བསྒོམ་དགོས་སོ་ཞེས་གསུངས་པ་ལྟར་དང་པོར་རང་གིས་ཟང་ཟིང་གི་འབྱོར་པ་དང་ཆོས་ཀྱི་འབྱོར་པ་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ལ་སོགས་པ་ལ་བརྟགས་ནས་འགྲུབ་པར་ངེས་ན་ནི།དང་པོ་རྩོམ་ཞིང་བར་དུ་དགེ་བའི་བྱ་བ་ལ་ཞུགས་ཏེ་ཐ་མ་མཐར་ཕྱིན་པར་བྱེད་དགོས་པས་དེ་ལྟར་དུ་བརྩམ་མམ་ཡང་ན་ཟང་ཟིང་གི་འབྱོར་པ་ལྟོ་གོས་དང་ཆོས་ཀྱི་འབྱོར་པ་དད་བརྩོན་ལ་སོགས་པས་མི་འགྲུབ་ན་ནི་མི་བརྩམ་པར་བྱ་དགོས་སོ།།བྱ་བ་གང་ལ་ཡང་རང་འདུག་ནུས་ནས་དང་པོ་ནས་མ་བརྩམས་པ་ཉིད་ནི་མཆོག་ཏུ་གྱུར་པ་ཡིན་གྱི།རྗེས་སུ་མགོ་བརྩམས་ཟིན་ནས་དུས་ནམ་ཡང་མཐར་མ་ཕྱིན་གྱི་བར་དུ་བྱ་བ་དེ་ལས་ལྡོག་པར་མི་བྱའོ།།བརྩམས་པ་ལས་མི་ལྡོག་པ་དེ་ནི་སྐྱེས་བུ་དམ་པའི་མཚན་ཉིད་ཡིན་ཏེ།ཇི་སྐད་དུ།གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་།།རང་གི་ནུས་པ་ལྷོད་པར་མི་བྱེད་དེ།།སྐྱེས་བུ་དམ་པ་ཁུར་ལྕི་འཁུར་བ་དག།།ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད།།ཅེས་གསུངས་པ་ལྟར་དུ་ལྡོག་པར་མི་བྱའོ།།གལ་སྲིད་བྱ་བ་གང་ཡང་ལྡོག་པར་བྱས་ན་སྐྱེ་བ་ལྔ་བརྒྱ་ལ་སོགས་པ་ཚེ་རབས་གཞན་དང་གཞན་དུ་མགོ་བརྩམ་ནས་མཇུག་མེད་པ་དེ་ཉིད་རྒྱུད་ལ་གོམས་ཤིང་འདྲིས་ནས་དད་བརྩོན་ལ་སོགས་པ་མཇུག་མ་ཚང་བ་ཁོ་ནར་འགྱུར་བས་འཁོར་བའི་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་འཕེལ་བར་འགྱུར་ཏེ།བྱ་བ་གཞན་ཐམས་ཅད་མི་འགྲུབ་པས་དམན་པ་དང་ཉམས་སུ་མྱོང་བ་འབྲས་བའི་དུས་ཀྱང་འབྲས་བུ་དེ་ནི་དམན་ཏེ་བདེ་བ་ཡོངས་སུ་རྫོགས་པ་མྱོང་བར་མི་འགྱུར་ཞིང་།སྔ་མ་མ་ཟད་བྱ་བ་རྗེས་མ་དེ་ཡང་འགྲུབ་པར་མི་འགྱུར་རོ།།མདོར་ན་བྱ་བ་གང་ལ་ཡང་ཟས་ལ་ཚྭ་བྲོའམ་མི་བྲོ་བལྟ་བ་ལྟར་མི་བྱ་བར་འགྱུར་ལྡོག་མེད་པར་བརྟན་པོར་དགོས་གསུངས་སོ།།བརྩམ་ལྡོག་མི་བྱ་བའི་ཕྱིར་དུ་རང་ཉིད་གཅིག་པུས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་།ལམ་ལྔ་ས་བཅུའི་ཡོན་ཏན་དང་།སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་འགྲོ་ཀུན་ལ་རྫོགས་བར་བྱ་བ་ལ་ཞུགས་པ་ནི་ལས་ཀྱི་ང་རྒྱལ་དང་།དགྲ་ཉོན་མོངས་པ་རྣམས་དམན་པར་བལྟས་ཏེ་མི་མཐུན་ཕྱོགས་ཁྱད་དུ་གསོད་པ་ཉོན་མོངས་པའི་ང་རྒྱལ་དང་།བདག་ཉིད་མཆོག་ཏུ་བལྟས་ཏེ་ལྟུང་བ་ཕྲ་རགས་ཀྱིས་རང་རྒྱུད་ལ་མི་གོས་པར་བྱ་བ་ནུས་པའི་ང་རྒྱལ་ཞེས་པ་རྣམས་ཡིན་ཏེ།དེ་ལྟར་གསུམ་པོ་དག་གིས་སྤང་བྱ་ཉོན་མོངས་པ་རྣམས་ལ་ང་རྒྱལ་བྱ་དགོས་སོ།གཉིས་པ་བརྟན་པའམ་ང་རྒྱལ་གྱི་དཔུང་བྱེ་བྲག་ཏུ་བཤད་པ་ལ་ལས་ཀྱི་ང་རྒྱལ་དང་།ནུས་པའི་ང་རྒྱལ་དང་།ཉོན་མོངས་པའི་ང་རྒྱལ་བཤད་པ་གསུམ་ལས།དང་པོ་ལས་ཀྱི་ང་རྒྱལ་ནི།བདག་ཉིད་གཅིག་པུས་བྱའོ་ཞེས།།སོགས་ནས།མེད་པ་མཆོག།།ཅེས་པའི་བར་གྱིས་བསྟན།དེ་ལྟར་རྒྱལ་བ་སྲས་བཅས་ཀྱི་མཛད་སྤྱོད་ཐམས་ཅད་ནི་གཞན་དོན་དུ་བདག་ཉིད་གཅིག་པུས་སྤྱད་པར་བྱའོ་ཞེས་བསམ་པ་འདི་ནི་བྱང་ཆུབ་སེམས་པའི་ལས་ཀྱི་ང་རྒྱལ་ཉིད་ཡིན་ཏེ།སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ།།བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད།།ཅེས་གསུངས་པ་ལྟར་ཉི་མ་གཅིག་པུས་ལས་ཀུན་བྱེད་གྲོགས་བྱེད་པ་བཞིན་ནོ།།སེམས་ཅན་རང་རང་གི་ཐར་ལམ་རང་རང་གིས་བསྒྲུབ་མི་ཆོག་གམ་སྙམ་ན།སེམས་ཅན་རྣམས་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་བཙོན་པ་ལྟར་རང་ལ་དམ་ཆོས་སྒྲུབ་དབང་མེད་པས་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་འདིས་ནི་གཞན་དོན་སྒྲུབ་པ་ལྟ་ཅི།གནས་སྐབས་ཀྱི་རང་དོན་ཙམ་ཡང་སྒྲུབ་པར་མི་ནུས་པ་ཡིན་པས་ན་འགྲོ་བས་ནི་བདག་ལྟར་དུ་རང་གཞན་གྱི་དོན་གཉིས་སྒྲུབ་མི་ནུས་ཏེ།གཞན་དོན་ལ་བརྩོན་ནུས་པའི་སེམས་ཅན་ནི་སྙིགས་དུས་འདིར་མེད་པ་དེ་བས་ན་བདག་གིས་ནི་གཞན་ཕན་གྱི་ལས་འདི་རྣམས་ལ་བརྩོན་པར་བྱའོ་བསམ་པས་དམ་བཅའ་དགོས་སོ།།སེམས་ཅན་གཞན་ཕ་མ་དག་གིས་ནི་རང་བདེ་བའི་དོན་དུ་ཐར་བ་ལས་དམན་པའི་འཁོར་བའི་ལས་ཁང་ཞིང་དང་ཆུ་ལེན་ལ་སོགས་པ་བྱེད་པར་འདུག་ན།བདག་ཉིད་ཀྱང་ནི་ཇི་ལྟར་འདུག་སྟེ་བྱ་བ་ཀུན་གྱི་གྲོགས་སུ་འགྲོ་བ་ཆུ་ལྟར་དུ་མི་མོས་པའི་ལས་ཐམས་ཅད་ལའང་རང་གིས་ཀྱང་འཇུག་སྟེ་གྲོགས་བྱེད་དོ་ཞེས་པའམ།ཡང་ན་སེམས་ཅན་གཞན་དག་གིས་ནི་རྐུ་འཕྲོག་མི་ཚངས་སྤྱོད་དང་རྫུན་ལ་སོགས་པ་དམན་པའི་ལས་ཁོ་ན་བྱེད་འདུག་པ་ཡིན་ན།དགེ་སྒྲུབ་སྡིག་སྤངས་ལ་སོགས་པའི་དམ་པའི་ཆོས་རིན་པོ་ཆེ་ནི་སྒྲུབ་མི་སུ་ཡང་མེད་པས་བདག་ཉིད་ཀྱང་ནི་ཇི་ལྟར་དུ་འདུག་སྟེ་འདུག་མི་རིགས་པས།མདོ་ལས་སྦྱིན་པ་ནི་ངའི་གྲོགས་མ་ཡིན་གྱི་ང་ནི་སྦྱིན་པའི་གྲོགས་ཡིན་ནོ།།དེ་བཞིན་དུ་ཕར་ཕྱིན་གཞན་ལའང་འགྲེས་ཏེ་ཤེས་རབ་ཀྱི་བར་དུ་གསུངས་པ་ལྟར་རོ་ཞེས་དེ་ལྟར་འགྲེལ་ལུགས་གཉིས་མཛད་དོ།།མདོར་ན་དགོས་པའི་གྲོགས་སུ་འགྲོ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ་གསུངས་སོ།།དམ་ཆོས་གཞན་ཕན་གྱི་ལས་སྒྲུབ་པའི་ཚེ་ན་ང་སངས་རྒྱས་ཀྱི་རྗེས་འཇུག་གི་དགེ་ཚུལ་སློང་ཡིན་ནོ་བསམ་པས་ང་རྒྱལ་གྱིས་ནི་ཕྱིན་དྲུག་གི་ལས་རྣམས་མི་བྱེད་དེ།ང་རྒྱལ་འདི་ནི་དགེ་བ་རྗེས་སུ་འབྲངས་ཏེ་དུས་ནམ་ཡང་འོངས་པ་ཡིན་པས་ང་རྒྱལ་ངོས་ཟིན་པར་བྱས་ཏེ་ཅི་ནུས་ཀྱིས་སྤངས་ནས་བདག་གི་རྒྱུད་ལ་ང་རྒྱལ་མེད་པ་མཆོག་ཏུ་གྱུར་པ་ཡིན་ནོ།།གཉིས་པ་ནུས་པའི་ང་རྒྱལ་བཤད་པ་ནི།ཤི་བའི་སྦྲུལ་དང་ཕྲད་གྱུར་ན།།སོགས་ནས།རྫོགས་པར་བྱེད།།ཅེས་པའི་བར་གྱིས་བསྟན།དེ་ཡང་དཔེར་ན་ཤི་བའི་སྦྲུལ་གྱི་རོ་དང་ཁྭ་ཏ་གཉིས་ཕྲད་པར་གྱུར་ན་ཁྭ་ཏ་ཡང་མཁའ་ལྡིང་སྟེ་ཁྱུང་གི་བྱ་བ་ལྟ་བུར་སྤྱོད་པས།སྦྲུལ་རོ་ལ་འཇིགས་རྔམས་ཀྱིས་ཟ་བ་ལྟར་དུ་དེ་བཞིན་དུ་གལ་ཏེ་བདག་ཉིད་ཀྱང་དམ་པའི་ཆོས་སྒྲུབ་པ་ལ་སྤྲོ་ཆུང་ཞིང་ནུས་པ་མེད་པར་ཉམ་ཆུང་ངུར་བྱས་བསྡད་ན་ཉེས་བྱས་ཕྲ་མོའི་ལྟུང་བ་ཆུང་ངུ་ཙམ་གྱིས་དུས་ནམ་དུའང་གནོད་པར་བྱེད་པ་ཡིན་ཏེ།སེམས་ཀྱིས་མི་ནུས་སྙམ་པའི་ཞུམ་པ་དང་བཅས་ཤིང་ལུས་ངག་གིས་ཐར་ལམ་ལ་བརྩོན་འགྲུས་ཀྱི་རྩོལ་བ་དོར་ཏེ་ན་ནིང་ལ་སོགས་པ་ལྟར་དུ་མདོ་འདྲ་མ་དང་སྐྱིད་སྡུག་མེད་པ་ཁོ་ན་བྱས་པ་ལ་ནི་ཚེ་འདི་ཕྱི་ཐམས་ཅད་དུ་ཕོངས་པ་ཁོ་ན་ལས་ཐར་པ་ཐོབ་རྒྱུ་ཡོད་དམ་ཅི་སྟེ་ཐར་པ་ཐོབ་རྒྱུ་མེད་དོ།།དྲན་ཤེས་བག་ཡོད་དང་ལྡན་པས་ད་ལྟར་དམ་པའི་ཆོས་འདི་ཡོད་དུས་སུ་སྒྲུབ་དགོས།ད་ལྟའི་ཕུན་སུམ་ཚོགས་པའི་དགའ་བདེ་བཟང་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་དང་མཇལ་དུས་སུ་སྒྲུབ་དགོས་སྙམ་པས་སེམས་ལ་ང་རྒྱལ་གྱི་དཔུང་ཚོགས་བསྐྱེད་ཅིང་།ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལྟར་དུ་བརྩོན་འགྲུས་ཀྱི་རྩོལ་བ་བསྐྱེད་པས་ཐར་ལམ་བསྒྲུབ་ན་ནི་སོ་བྱང་སྔགས་གསུམ་གྱི་རྩ་བའི་ལྟུང་བ་ཆེན་པོ་ཡིས་ཀྱང་བར་དུ་གཅོད་པ་ཐུབ་པར་དཀའ་བ་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་དང་།བྱང་ཆུབ་སེམས་དཔའི་སློབ་པ་ལམ་གྱི་དུས་སུ་སྲིན་པོ་སྤུ་རལ་ཅན་དང་གཡུལ་བཀྱེས་པས་བྱང་སེམས་རྒྱལ་བ་ལྟ་བུ་དང་།རྒྱལ་བུ་དགེ་དོན་གྱིས་ཡིད་བཞིན་གྱི་ནོར་བུ་རྣམ་གསུམ་ཀླུས་བརྐུས་པ་ཕྱིར་འཕྲོག་པའི་དོན་དུ་མཐའི་རྒྱ་མཚོ་ཆེན་པོ་རུས་སྦལ་གྱི་ཁོག་པས་བཅུས་ཏེ་སྐམ་པར་མཛད་པས་ནོར་བུ་ཕྱིར་ཕུལ་བ་ལ་སོགས་པ་ལྟ་བུ་ཡིན་པ་དེ་བས་ན།བྱང་ཆུབ་སེམས་དཔའ་ནི་རྐྱེན་གང་གིས་ཀྱང་མི་བསྒུལ་བའི་བརྟན་པ་ཞིག་དགོས་ཏེ།མདོ་སྡེ་རྒྱན་ལས།ཕྱེ་མ་ལེབ་དང་འདབ་ཆགས་དང་།།རྒྱ་མཚོ་དག་གིས་རི་རབ་ལྟར།།བརྟན་པ་གྲོགས་ངན་སྡུག་བསྔལ་དང་།།ཟབ་མོ་ཐོས་པས་མི་གཡོས་སོ།།ཞེས་གསུངས་པ་ལྟར་དུ་ཕྱེ་མ་ལེབ་དང་འདབ་ཆགས་ཁྱུང་དང་རྒྱ་མཚོ་གསུམ་གྱིས་རི་རབ་གཡོ་འགུལ་མི་ནུས་པ་ལྟར་དུ་བརྟན་པ་བྱང་ཆུབ་སེམས་དཔའ་གྲོགས་ངན་དང་སྡུག་བསྔལ་དང་སྟོང་ཉིད་ཟབ་མོའི་དོན་ཐོས་པ་གསུམ་གྱིས་ཐུགས་མི་གཡོ་བས་ན།སྙིང་སྟོབས་བསྲན་ཐུབ་བརྟན་པར་འདོད།།ཅེས་བྱམས་མགོན་རིན་པོ་ཆེས་གསུངས་པ་ལྟར་སེམས་ནི་སྤང་བླང་གི་གནས་ལ་རབ་ཏུ་བརྟན་པ་དེ་ཡིས་ཉེས་ལྟུང་ཅི་བྱུང་ཡང་འགྱོད་པས་སྐྲག་ཅིང་བཤགས་པས་སྡིག་ལྟུང་མ་ལུས་པ་རྣམས་ནི་གཞོལ་བར་བྱ་སྟེ་ཞེས་བྱང་ཆུབ་སེམས་དང་ལྡན་པས་སྙིང་སྟོབས་བསྐྱེད་དགོས་སོ།།རྒྱལ་སྲས་སངས་རྒྱས་ཀྱི་རྗེས་འཇུག་བདག་ནི་ལས་ཉོན་ལྟུང་བས་རང་རྒྱུད་ཀྱི་གཉེན་པོ་ཕམ་པར་བྱས་ན་ཁམས་གསུམ་གྱི་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་པ་དང་སེམས་ཅན་ཀུན་ལས་རྒྱལ་བར་འདོད་པ་བཞད་གད་ཀྱི་གནས་སུ་འགྱུར་བས་ན།འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྒྱུད་ལ་སྐྱེ་ནའང་རྗེས་སུ་མི་འབྲང་བར་བྱ་དགོས་སོ།།རྒྱལ་སྲས་བདག་གིས་ནི་ལས་དང་ཉོན་མོངས་པ་ལྟུང་བ་ཐམས་ཅད་ཀུན་ལས་རྒྱལ་བར་བྱ་སྟེ།བདག་ལས་ནི་གཞན་ཉོན་མོངས་པ་སུ་ཡང་རྒྱལ་བར་མི་བྱའོ་ཞེས་དམ་བཅའ་བརྟན་པོར་བྱ་དགོས་སོ།།རྒྱལ་བ་སེང་གེའི་སྲས་བདག་གིས་རང་རྒྱུད་ད་ནི་ཝ་ངན་མ་ལྟ་བུ་མི་བྱེད་པར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི་བརྟན་པའི་ང་རྒྱལ་འདི་ལ་གནས་པར་བྱ་དགོས་སོ།།བརྟན་པའི་ང་རྒྱལ་དེ་ནི་ང་རྒྱལ་མ་ཡིན་ཏེ།ང་རྒྱལ་ཞེས་བྱ་བ་རིགས་རུས་ཆོ་འབྲང་ཚེ་བསོད་དབང་ཐང་དང་ལྡན་པ་འགའ་ཞིག་ལག་པ་གཡུག་ཅིང་དཔྱི་མགོ་བསྐྱོར་ཏེ་འགྲོ་བ་ལ་སོགས་པ་ལྟ་བུ་ཡིན་ནོ་བསམ་ན།རྨོངས་པའི་འགྲོ་བ་གང་ཞིག་གི་སེམས་ཅན་དེ་ནི།སྔོན་དུ་ཤེས་བཞིན་ལེའུའི་ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་གྱི་སྐབས་སུ་བཤད་པ་ལྟ་བུའི་ཉོན་མོངས་པའི་ང་རྒྱལ་བདུན་གྱིས་བརླགས་ཤིང་བཅོམ་པའི་སེམས་ཅན་དེ་ནི།བརྙས་བཅོས་བྱེད་ཡུལ་ཉོན་མོངས་དཀའ་ཚེགས་ཅན་གྱི་སེམས་ཅན་དེ་ནི།རང་གཞན་ཀུན་གྱིས་ང་རྒྱལ་ཡིན་ཆགས་བྱས་པ་མ་གཏོགས།དོན་ལ་ང་རྒྱལ་ཅན་མ་ཡིན་ཏེ།ང་རྒྱལ་ཅན་ཡིན་ན་ཕ་རོལ་གྱི་དགྲའི་དབང་དུ་མི་འགྲོ་བ་ཞིག་དགོས་པ་ལ།སེམས་ཅན་དེ་དག་ཐམས་ཅད་ནི་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ཀུན་གྱི་དབང་དུ་འགྱུར་བཞིན་དུ་ཉོན་མོངས་པའི་ང་རྒྱལ་བདུན་ནི།ང་རྒྱལ་ཙམ་དང་།ཆེ་བའམ་ལྷག་པའི་ང་རྒྱལ།ང་རྒྱལ་ལས་ཀྱང་ང་རྒྱལ།ཅུང་ཟད་སྙམ་པའི་ང་རྒྱལ།ངའོ་སྙམ་པའི་ང་རྒྱལ།མངོན་པའི་ང་རྒྱལ།ལོག་པའི་ང་རྒྱལ་དང་བདུན་གྱིས་སེམས་ཁེངས་ནས་ཁྱི་དང་བཙོན་པ་ཁྲིད་པ་བཞིན་དུ་ངན་འགྲོར་ང་རྒྱལ་བདུན་གྱིས་ཁྲིད་ཅིང་།གལ་སྲིད་མི་ཡུལ་དུ་ཁྲིད་ནའང་མི་གྲལ་དུ་མི་ཚུད་པས་ན་མི་ཡི་དགའ་སྟོན་ཞེས་བཀུར་སྟིས་རིམ་གྲོ་ཐམས་ཅད་བཅོམ་པར་གྱུར་པ་དང་།ཕྱུག་པོ་གཞན་གྱི་ཟས་ལ་ཟ་བའི་བྲན་དུ་གྱུར་ཅིང་ཤིན་ཏུ་སྡུག་བསྔལ་བ་དང་།ཉོན་མོངས་པའི་དབང་དུ་གྱུར་པའི་ང་རྒྱལ་ཅན་དེ་ནི་ཐམས་ཅད་ཀུན་གྱིས་འཕྱ་འདྲེ་དགོད་རྟེན་བྱེད་པའི་གླེན་པ་དང་།ཀུན་གྱིས་ཡིད་དུ་མི་འོང་ཞིང་ཤིན་ཏུ་ལས་ངན་པའི་དཔེ་དང་ཚད་འཇོག་ཡུལ་གྱི་སྙིང་ལ་མི་སྡུག་པ་དང་།ཁ་བསུམ་སྣ་བསུམ་ཀུན་གྱིས་སྐྱུག་བྲོ་བལྟ།།གསུངས་པ་ལྟར་དུ་ཀུན་གྱིས་བརྙས་བཅོས་ཁྱད་གསོད་བྱེད་ཅིང་ཁས་དམན་ཅིང་ཉམ་ཆུང་བ་དང་།དུས་དང་རྣམ་པ་ཐམས་ཅད་དུ་ནི་ཀུན་གྱིས་བརྙས་བཅོས་དང་ཁྱད་གསོད་བྱེད་པར་འགྱུར་ཏེ།ད་ལྟ་མི་ཡུལ་ན་ཀུན་གྱིས་བརྙས་བཅོས་ཁོ་ན་བྱེད་པ་འདི་ཐམས་ཅད་སྔོན་བཙན་པོ་དང་དབང་ཡོད་ལ་སྐྱེས་དུས་སུ་ཐམས་ཅད་ལ་ང་རྒྱལ་བྱས་པའི་རྣམ་སྨིན་ཡིན་ཚུལ་མདོ་ལས་སྔོན་མི་དཔོན་བཙན་པོ་ཞིག་གིས་གཞན་རྣམས་ལ་སྡང་མིག་དང་མིག་ལོག་ཁོ་ན་བལྟས་པས་ཤི་མ་ཐག་ཏུ་དུད་ཚང་ཞིག་གི་མ་སྒྱེད་འོག་ཏུ་ཡི་དྭགས་ལྷག་མ་ཟ་བ་ཞིག་ཏུ་སྐྱེས་པར་གསུངས་པ་ལྟར་དུ།རླུང་དང་སྙིང་ཆུ་ཡིས་རེ་སྦོས་པའི་ཉོན་མོངས་པའི་ང་རྒྱལ་བདུན་གྱིས་སེམས་རབ་ཏུ་ཁེངས་ཤིང་དམ་ཆོས་དགེ་བའི་ཉམས་ལེན་མེད་པའི་མུ་གེས་གདུང་ཤིང་།ཡོན་ཏན་གྱི་ཟས་ཅི་ཡང་མེད་པས་དཀའ་ཐུབ་ཅན་དུ་གྱུར་པ།དགེ་བའི་སྐལ་པ་ཆད་པའི་མུ་གེས་ཉམ་ཐག་པ་དེ་ཡང་ང་ད་དུང་ང་རྒྱལ་ཅན་གྱི་གྲལ་དུ་གཏོགས་དགོས་པ་ཡིན་ན།དེ་ལས་སྡུག་པའི་དམན་པ་ཅི་འདྲ་ཡིན་པ་ཁྱོད་ཀྱིས་སྨྲོས་ཏེ་ཤོད་ཅིག་དེ་ལས་སྡུག་ཅིང་དམན་པ་ནི་མེད་དོ།།བྱང་སེམས་གང་ཞིག་གི་ང་རྒྱལ་ནི་སེམས་ཅན་གྱི་ང་རྒྱལ་དེ་འདྲ་བ་མིན་ཏེ།སེམས་ཅན་ཁམས་གསུམ་དབང་དུ་འདུས་པའི་ང་རྒྱལ་བདུན་གྱི་རྩ་བ་ངའོ་སྙམ་པའི་ང་རྒྱལ་གྱི་དགྲ་ངན་ལས་རྒྱལ་བའི་ཕྱིར་དུ་བདག་མེད་རྟོགས་པའི་ང་རྒྱལ་ལམ་བརྟན་པའི་ང་རྒྱལ་འཆང་ཞིང་།དེ་ལྟ་བུའི་རྒྱལ་སྲས་བྱང་ཆུབ་སེམས་པའི་ང་རྒྱལ་དེ་ནི་བདག་འཛིན་གྱི་དབང་དུ་མི་འགྲོ་བའི་བརྟན་པའི་ང་རྒྱལ་ཅན་དང་།ཉོན་མོངས་པའི་དགྲ་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་ཐུགས་བསྐྱེད་དམ་བཅའི་སྙིང་སྟོབས་ཁྱད་པར་ཅན་གྱིས་དཔའ་བོ་དེ་ཉིད་ཀྱིས་ནི་གོ་ཅི་ཞིག་བཅད་སྙམ་ན།འགྲོ་དྲུག་གི་སེམས་ཅན་གང་ཞིག་གི་རྒྱུད་ལ་གནས་པའི་ངའོ་སྙམ་པའི་ང་རྒྱལ་ལ་སོགས་པ་ནི་ཁམས་གསུམ་ཀུན་ལ་དགྲ་བདོ་དར་འཛོམས་པས་འཁོར་བའི་སེམས་ཅན་སུས་ཀྱང་མེད་པར་བྱ་བ་མ་ནུས་པའི་དགྲ་ངན་དེ་ཡང་བྱང་ཆུབ་སེམས་དཔའི་བརྟན་པའི་ང་རྒྱལ་གྱིས་ངེས་པར་བཅོམ་སྟེ་ཐར་ལམ་ལ་བར་དུ་གཅོད་པའི་དགྲ་ཐམས་ཅད་བཏུལ་ཏེ་བྱང་ཆུབ་སེམས་དཔའི་གཉེན་སྐྱོང་ལུགས་ནི།འགྲོ་བ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཐམས་ཅད་ཡིད་ལ་བསམ་པ་བཞིན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེའི་རྒྱལ་བའི་འབྲས་བུ་མ་ལུས་པ་རང་རང་གི་རྒྱུད་ལ་ཡོངས་སུ་རྫོགས་པར་བྱེད་པའི་བརྟན་པའམ་ནུས་པའི་ང་རྒྱལ་གྱིས་བརྩོན་འགྲུས་བརྩམས་པར་མཛད་དོ།།གསུམ་པ་ཉོན་མོངས་ཀྱི་ང་རྒྱལ་བཤད་པ་ནི།ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ནས།།སོགས་ནས།འདུད་པར་མི་བྱའོ།།ཅེས་པའི་བར་གྱིས་བསྟན།ཁམས་གསུམ་འཁོར་བའི་གནས་འདིར་ཉོན་མོངས་པ་དག་ལ་སྐྱེ་བའི་རྒྱུ་མང་པོ་ཚོགས་པའི་བླ་མ་དང་དགེ་འདུན་གྱི་ནོར་རྫས་ལ་སོགས་པའི་འདོད་པའི་ཡུལ་ལྔའི་ཕྱོགས་ཀྱི་ཁྲོད་དུ་གནས་ཡོད་པའི་ཚེ་ན།གཉེན་པོའི་སྲོག་དྲན་ཤེས་ཀྱི་སོ་བས་གཉེན་པོ་རྣམ་པ་སྣ་ཚོགས་ཀྱིས་ཐབས་བརྒྱ་སྟོང་ཉིད་དུ་སྲན་གཟུགས་ཏེ་ཞེས་པ་ནི་གཉེན་པོས་སྲ་བཟུང་ནས་དགྲ་ཉོན་མོངས་པ་རང་རྒྱུད་ལ་འོངས་སམ་མི་འོངས་སྙམ་པའི་སོ་བ་བཙུགས་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་བསླང་ན་ཡང་མི་སྐྱེ་བར་བྱེད་བསམ་པའི་དམ་བཅའ་དང་ལྡན་པ།དཔེར་ན་ཝ་ལ་སོགས་པའི་རི་དྭགས་གྲངས་མེད་པས་སེང་གེ་ལ་མི་ཚུགས་པ་ལྟ་བུ་དང་།སྟོན་པ་ཐུགས་རྗེ་ཅན་གྱིས་དཔེ་མེད་མ་ལ་ཞབས་ཀྱི་སོར་མོ་ཙམ་གྱིས་ཀྱང་རེག་པར་མི་བྱ།ཞེས་གསུངས་པ་བཞིན་ཏུ་དང་པོ་ཉོན་མོངས་པའི་ཚོགས་ལ་སྐྱོན་དུ་མཐོང་ནས་དེ་རྣམས་ཀྱིས་རང་རྒྱུད་ལ་མི་ཚུགས་པར་བྱ་བ་ལ་སློབ་དགོས་སོ།།རྐང་ལག་ཆག་པ་ལ་སོགས་པའི་ལུས་ལ་ཉམ་ང་བ་ཆེ་ཐང་ཇི་ལྟ་བུ་ཞིག་བྱུང་བར་གྱུར་ཀྱང་ད་དུང་མིའི་མིག་གཉིས་ནི་སྲུང་བ་ལྟར་དུ།དཔེ་དེ་བཞིན་དུ་ཉོན་མོངས་པའི་དབང་གིས་ལུས་ངག་གི་དགེ་བ་ཉམ་ང་བ་ལ་སོགས་པས་སེམས་ལ་ཉོན་མོངས་པ་བྱུང་ནས་སེམས་འདི་ད་ལྟ་སྲུང་ན་ད་ལྟ་མེད་པར་གྱུར་ཀྱང་།ཡུལ་འདི་ཐམས་ཅད་རང་རྒྱུད་ལ་ཉོན་མོངས་པ་སྐྱེད་བྱེད་ཀྱི་གྲོགས་ཡིན་བསམ་པས་རང་སེམས་འདི་དྲན་ཤེས་བག་ཡོད་ཀྱིས་བསྲུངས་ཏེ་དགྲ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་དགོས་བསམ་པ་གལ་ཆེའོ།།ལུས་སེམས་གཉིས་ལ་ཉམ་ང་ཇི་ལྟར་བྱུང་ན་ཡང་བདག་ནི་བསྲེགས་ཏེ་བསད་པར་གྱུར་ཏམ་བདག་གི་མགོ་བོ་བཅད་ཀྱང་སླའི།དུས་དང་རྣམ་པ་ཀུན་ཏུ་དགའ་བའི་འདོད་ཆགས་ལ་ཞེན་པའི་རོ་མྱོང་ལ་སོགས་པ་གཅོད་ཅི་ནུས་ཀྱིས་ཉོན་མོངས་པའི་དགྲ་འདི་ལ་ད་ནི་གུས་ཏེ་འདུད་པར་མི་བྱའོ།།དེས་བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ་སོང་ནས།གསུམ་པ་དགའ་བའི་དཔུང་ནི།དེ་བཞིན་གནས་སྐབས་ཐམས་ཅད་དུ།།སོགས་ནས།འཇུག་པར་བྱ།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་བཞིན་དུ་དུས་དང་གནས་སྐབས་ཐམས་ཅད་དུ་རིགས་པ་འོས་པ་ལས་ནི་གཞན་དུ་མི་རིགས་མི་འོས་པའི་ལམ་ནི་མི་སྤྱད་དོ།།དཔེར་ན་བྱིས་པ་ཆུང་ངུ་རྣམས་ཀྱིས་རྩེད་མོའི་བདེ་བ་ལ་དགའ་ཞིང་འབྲས་བུ་འདོད་པ་ལ་རེ་བ་མེད་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིས་ཕར་ཕྱིན་དྲུག་གི་བྱ་བའི་ལས་གང་ཡིན་པའི་ཕྱིན་དྲུག་གི་ལས་དེ་ལ་ནི་ཞེན་ཅིང་དགའ་བར་བྱ་སྟེ།ཕྱིན་དྲུག་གི་ལས་དེས་མི་ངོམས་པར་ཆོག་ཤེས་མེད་པས་དགའ་བར་བྱ་ཞིང་འབྲས་བུ་ནི་སེམས་ཅན་ལ་བསྔོ་བ་མ་གཏོགས་རང་ལ་འདོད་པར་མི་བྱའོ།།སེམས་ཅན་རྣམས་ཀྱིས་རང་ཉིད་བདེ་བའི་དོན་དུ་ཁང་ཞིང་སོ་ནམ་ཚོང་རྐུན་གཡོ་སྒྱུ་རྫུན་ལ་སོགས་པའི་ལས་མང་པོ་བྱས་ཀྱང་།དེས་རང་བདེ་བའི་རྒྱུར་འགྱུར་རམ་མི་འགྱུར་གཏོལ་མེད་ཅེས་པ་ནི་ངེས་པ་མེད་ཀྱི་སྟེང་དུ་གནོད་པའི་ཐབས་ཀྱང་མང་པོར་འགྱུར་བ་ཡིན་ནོ།།བྱང་སེམས་གང་གི་ལས་ཕྱིན་དྲུག་ཉིད་ནི་འབྲས་བུ་བདེ་བ་ཐོབ་པར་འགྱུར་བ་ཡིན་ན།ཕྱིན་དྲུག་དེའི་ལས་ཉིད་ནི་མི་བྱེད་ན་ཇི་ལྟར་བདེ་སྟེ་བདེ་ཐབས་གཞན་མེད་པས་ཕྱིན་དྲུག་ལ་བརྩོན་དགོས་སོ།།དཔེར་ན་སྤུ་གྲིའི་སོར་ཆགས་པའི་སྦྲང་རྩི་ཞིམ་པ་ལ་ཞེན་ཆགས་ཀྱིས་བལྡག་ཚེ་གྲི་སོས་ལྕེ་བཅད་པའི་སྡུག་བསྔལ་ལྟ་བུའི་ཚེ་འདིའི་འདོད་པ་ལྔའི་ཡོན་ཏན་རྣམས་ནི་དང་པོ་བདེ་ཞིང་རྣམ་སྨིན་རྩུབ་སྟེ།སྐྱེས་རབས་ལས།ཡུལ་དང་དུག་མཚུངས་དང་པོ་ཟོས་ན་བདེ།།ཡུལ་དང་དུག་མཚུངས་རྣམ་སྨིན་མི་བཟད་མྱོང་།།ཞེས་གསུངས་པ་ལྟ་བུའི་འདོད་པ་དེ་རྣམས་ལ་ཆོག་ཤེས་ཀྱིས་མི་ངོམས་ཤིང་ཚིམས་པ་མེད་པ་ཤ་ཆང་བུད་མེད་ལ་སོགས་པ་ཐམས་ཅད་ལ་ཞེན་པའི་རྣམ་རྟོག་འདི་ཉིད་ཤུལ་རྩོག་ཅིང་མཐར་དེ་ཁོ་ན་མ་གཏོགས་དམ་པའི་ཆོས་དྲན་རྒྱུ་མེད་པ་ཡིན་ཀྱང་ད་དུང་དེ་ལ་ཞེན་འདུག་ན།དམ་ཆོས་དགེ་བའི་ལས་ཀྱི་འབྲས་བུ་ཚེ་འདི་དང་ཕྱི་མའི་རྣམ་སྨིན་ནི་ལྷ་མིའི་བདེ་བ་ཐོབ་ལ་མཐར་ཐུག་ནི་སེམས་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དེ་ཡི་བདེ་བའི་མཐར་སྡུག་བསྔལ་དུ་མི་འགྱུར་བའི་བསོད་ནམས་རྣམས་ཀྱིས་ལྟ་ཅི་སྟེ་ཞེས་པ་ནི་ཅིའི་དོན་དུ་ངོམས་ཏེ་མི་ངོམས་པར་བྱ་དགོས་སོ།།གོང་དུ་བཤད་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟའི་རྒྱལ་སྲས་བྱང་སེམས་རྣམས་ཀྱི་སྐུ་རྗེས་དེ་ནས་དམ་ཆོས་ཕར་ཕྱིན་དྲུག་གི་ལས་རྣམས་ཚར་ཞེས་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་དཔེར་ན་ཉི་མ་ཕྱེད་ཉིན་གུང་གི་དུས་སུ་ཉི་མའི་ཚ་བས་ཤིན་ཏུ་གདུང་པ་ཡི་ནི་གླང་ཆེན་མཚོ་དང་ཕྲད་ཚེ་ཐེ་ཚོམ་མེད་པར་མཚོར་འཇུག་པ་ལྟར་དུ་རང་ཉིད་ཉོན་མོངས་པའི་ཚད་པས་གདུངས་པ་ཡང་ཉམས་ལེན་ཕར་ཕྱིན་དྲུག་གི་ལས་མཚོ་ཆེན་ལྟ་བུ་དེ་ལ་ཡང་དག་པར་འཇུག་པར་བྱའོ།།བཞི་པ་དོར་བའི་དཔུང་ནི།སྟོབས་ཉམས་པ་དང་རྗེས་འབྲེལ་ན།།སེམས་ནས།དེ་སྤང་བྱ།།ཞེས་པའི་བར་གྱིས་བསྟན།བརྩོན་འགྲུས་རྩམ་པའི་གྲོགས་ལ་རེ་ཞིག་དོར་བ་དང་གཏན་དུ་དོར་བ་དང་གཉིས་ཀྱིས་བརྩོན་འགྲུས་བརྩམ་པའི་གྲོགས་བྱེད་ཚུལ་ནི།དང་པོ་དམ་ཆོས་སྒྲུབ་པའི་ཚེ་ཡང་ལུས་སེམས་ལ་མི་འདོད་པ་སྣ་ཚོགས་ཀྱིས་སྒོ་གསུམ་གྱི་དགེ་བའི་སྟོབས་ཉམས་པ་དང་།རྗེས་སུ་འབྲེལ་བའི་ཚེ་ན་དགེ་བ་ད་གཟོད་སེམས་ཀྱིས་སླར་བྱ་བའི་དོན་དུ་ལུས་ངག་གི་ངལ་དུབ་བསལ་ཕྱིར་རེ་ཞིག་འདོར་བར་བྱ་བ་ཡིན་ལ།ཁྱད་པར་དེ་དུས་སུ་བག་ཡངས་དགོས་པ་གདམས་ངག་ཡིན་གསུངས་སོ།།ཐོས་བསམ་ལྟ་བུ་རེ་རེ་ལེགས་པར་ཟིན་ན་དེའི་ཕྱི་མ་ཉམས་སུ་ལེན་པ་དང་།ཉམས་སུ་བླངས་མཐར་ཕྱི་མ་གཞན་དོན་སོགས་འདོད་པས་སྔ་མ་དེ་རྣམས་གཏན་ནས་སྤང་བར་བྱ་བ་སྟག་མོས་བུ་སོ་བར་ན་བཟུང་བ་ལྟ་བུའི་གདམས་ངག་དགོས་གསུངས་སོ།།དེས་དཔུང་བཞི་སོང་ནས།གཉིས་པ་སྟོབས་གཉིས་བསྐྱེད་ཚུལ་ལ།ལྷུར་ལེན་གྱི་སྟོབས་དང་།དབང་བསྒྱུར་གྱི་སྟོབས་གཉིས་ལས།དང་པོ་ནི།འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ།།སོགས་ནས།འདོད་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་དཔེར་ན་དགྲ་ནི་དགྲ་ལ་ལན་མང་འཕྲད་པའི་འཐབ་རྩོད་ལ་རྙིང་སྟེ་འདྲིས་ཤིང་གོམས་པས་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་སྤྲད་དེ་ཕན་ཚུན་ལྷགས་ཏེ་དམག་དཔོན་རང་སྔོན་མ་བྱས་ཏེ་འགྲོ་བའི་ཚེ་ན།ཕ་རོལ་གྱི་དགྲ་དཔུང་ཐུབ་ངེས་པའི་ཚེ་འཐབ་ཅིང་ཕམ་པར་བྱེད་ལ།མི་ཐུབ་པའི་ཚེ་ན་འབྲོས་པ་ལ་སོགས་པ་བྱེད་པ་བཞིན་དུ་རང་རྒྱུད་ཀྱི་སྤང་བྱ་དང་གཉེན་པོ་ཐོད་གཏུགས་ཏེ་དྲན་ཤེས་ཀྱིས་འཐབ་ཅིང་ཉོན་མོངས་པ་རྣམས་གཉེན་པོས་མི་ཐུབ་པའི་ཚེ་ན་དགྲ་དུག་ལྔའི་མཚོན་ལས་རང་ཉིད་གཟུར་ཏེ་ཡར་མར་དང་གཡས་གཡོན་དུ་བལྟ་བ་དང་།སྒོ་ཕྱི་ནང་དུ་འགྲོ་བ་དང་དེས་ཀྱང་མ་ཞི་ན་སྐྱབས་འགྲོ་དང་ཡན་ལག་བདུན་པ་ལ་སོགས་པས་ཞི་བར་བྱ་ཞིང་།ཉོན་མོངས་པའི་དགྲ་རྣམས་འདུལ་ངེས་པའི་ཚེ་ན་གཉེན་པོས་ཐོལ་སྐྱེས་རྦད་ཆོད་དུ་གཞོམ་པར་བྱ་ཞིང་།བཏེག་ཅེས་པ་ནི་དྲན་ཤེས་ཀྱི་མཚོན་གྱིས་བཏབ་པའི་དོན་ཡིན་ནོ།།དེ་ནས་གཉེན་པོ་ལྷུར་ལེན་ནི།དཔེར་ན་དགྲའི་དམག་དཔུང་གི་གཡུལ་ངོའི་ནང་དུ་ལག་གི་རལ་གྲི་ལྷུང་བར་གྱུར་ན་གསོད་འོང་སྙམ་པའི་འཇིགས་པས་མྱུར་དུ་རལ་གྲི་ལེན་པ་ལྟར་ཏེ།དེ་བཞིན་དུ་དམ་པའི་ཆོས་དང་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པའི་མཚོན་ཆ་སྐད་ཅིག་མ་ཤོར་ན་དམྱལ་བའི་གནས་སུ་ལྷུང་འོངས་སྙམ་སྟེ་འཇིགས་ཤིང་སྐྲག་པས་དམྱལ་བ་དྲན་ནས་གཉེན་པོ་དྲན་པ་མྱུར་དུ་བླང་བར་བྱའོ།།ཉེས་པ་ཕྲ་མོ་ཞིག་གིས་སྐྱོན་མེད་བསམ་པ་མི་རུང་སྟེ།དཔེ་ཇི་ལྟར་ན་དུག་མདས་ལུས་ལ་ཕོག་མ་ཐག་ཏུ་ཁྲག་ལ་བརྟེན་བཅས་ནས་གོམ་པ་བདུན་མ་བོར་ཚུན་ཆད་དུ་ཤ་དུམ་བུ་ཞིག་མ་ཆོད་ན་དུག་ནི་ཁྲག་གིས་ཁྲིད་ནས་ལུས་ལ་ཡོངས་སུ་ཁྱབ་པར་གྱུར་པ་དེ་བཞིན་དུ་དྲན་ཤེས་མེད་པས་སེམས་ཡུལ་ལ་སྐད་ཅིག་ཙམ་དུ་ཡེངས་པའི་དུས་སུ་དགྲ་ཉོན་མོངས་པ་གླགས་ནི་རྙེད་པར་གྱུར་པའི་ཚེ་ན།རས་ལ་སྣུམ་དང་ལྕགས་ལ་བཙའ་ཞུགས་པ་ལྟར་འབྲལ་བར་དཀའ་བ་ཉེས་པས་སེམས་ལ་ཁྱབ་པར་འགྱུར་བས་ན།དང་པོ་ཉིད་ནས་དྲན་པའི་ཕྱོགས་ཡོངས་ཀྱི་ཞིག་གནད་ཆེ་བ་ཡིན་ནོ།དཔེར་ན་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཕྱི་ནང་སྟོན་པ་བརྟགས་ཤིང་ནང་བ་ལ་ཡིད་ཆེས་ནས་འཕགས་པ་ཀ་ཏྱཱ་ནས་གསུངས་པ་ལྟར་དུ་བཙོན་པ་ཞིག་ལ་ཡུངས་མར་གྱིས་རབ་ཏུ་བཀང་བའི་སྣོད་བསྐུར་ནས་ཕོ་བྲང་ཡང་ཐོག་གི་མཐའ་ལ་བསྐོར་བ་ལ་གཤེད་མ་རལ་གྲི་ཐོགས་པ་བཙོན་པའི་དྲུང་ན་བསྡད་དེ་ཡུངས་མར་ཐིགས་པ་ཞིག་བོ་ན་སྐེ་གཅོད་པའི་གསོད་བསྡིགས་རབ་ཏུ་ཚེ་འདིའི་དོན་ཙམ་ལའང་སྐྲག་ཅིང་འཇིགས་པར་བྱེད་པ་དེ་ལྟར་དུ་བྱ་བ་སྔ་མ་མི་དགེ་བ་བརྟུལ་ཞིང་ཕྱི་མ་དགེ་བ་ལ་ཞུགས་པའི་སྤྱོད་པ་ཅན་ཕྱི་མ་དོན་དུ་གཉེར་བ་རྣམས་ཀྱིས་བཙོན་པས་ཡུངས་མར་བཀང་བའི་སྣོད་ཐོགས་པ་དེ་བཞིན་དུ་སེམས་བསྒྲིམ་དགོས་ཏེ།དབང་པོའི་སྒོ་སྡོམ་པ་འདི་དགྲ་བཅོམ་ཡོངས་ཀྱི་གདམས་ངག་ཡིན་གསུངས་སོ།།གཉེན་པོ་ཤེས་བཞིན་ལྷུར་ལེན་པ་ནི་ཚིག་དོན་རྣམས་མི་བརྗེད་པར་དྲན་པ་དང་།རང་རྒྱུད་ལ་བྱ་ར་བྱེད་པ་ཤེས་བཞིན་དང་།མི་ཉན་བསམ་པའི་བག་ཡོད་གསུམ་གྱིས་སེམས་བསྲུང་དགོས་པ་དེ་བས་ན་བྱ་བ་ཇི་ལྟ་བུ་བྱེད་པའི་ཚེ་ན་ཡང་པང་དུ་སྦྲུལ་ཞིག་སླེབས་འོངས་ན་དཔེ་ཇི་ལྟར་ན་རིངས་པ་ཞེས་མགྱོགས་པས་ཡར་ལ་ལྡང་བ་ལྟར་དུ།དཔེ་དེ་བཞིན་དུ་རང་ལ་གཉིད་འོངས་པ་དང་།སྙོམ་འོངས་ཞེས་པ་སྔས་པ་དང་ཉལ་བ་ལ་སོགས་པའི་ཞེན་པའི་རོ་མྱོང་དགོས་ཚད་ཇི་འདྲ་བ་ཞིག་སེམས་ལ་ཤར་བ་ན།མྱུར་བ་ཉིད་དུ་གཉིད་དང་སྙོམ་འོངས་པ་དེ་དག་བཟློག་པར་བྱ་བ་ལ་བརྩོན་དགོས་སོ།།དྲན་ཤེས་གཉིས་དང་ལྡན་པས་བརྩོན་འགྲུས་ལྷུར་བླངས་ཏེ་སོ་སྐྱེས་ལས་དང་པོ་བ་ཞིག་ལ་ཉེས་ལྟུང་མཚམས་གཅོད་དགོས་ཏེ།དབྱུག་པས་གཅིག་དང་བརྒྱ་བརྡེག་པ་ལ་ཁྱད་པར་ཡོད་པ་ལྟར་ལྟུང་བ་རེ་རེ་ཙམ་ཡང་མ་བྱུང་ན་དགའ་བས་མི་དགེ་བཅུ་ལ་སོགས་པ་དང་།སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལ་ཉེས་པ་བྱུང་བ་རེ་རེ་ཞིང་ཡང་ཅུང་གྲགས་སམ་སྙམ་པས་ཁྱད་དུ་མི་གསོད་པར་དམ་ཉམས་སྡོམ་ཤོར་སྐལ་ཆད་སྙིང་མེད་ང་རང་གིས་ད་དུང་དད་ཟས་གཤིན་ཟས་ལ་སོགས་པ་ཟོས་ཡོད་སྙམ་པས་བདག་ལ་སྨད་པར་བྱས་ནས།རྗེས་སོར་ལས་ཅི་ལ་བབ་ནས་ཀྱང་བྱ་བ་ངན་པ་ལ་འཕྲོ་ཆོད་བྱས་ཏེ་བདག་ལ་ཕྱིས་སུ་ནི་སྡིག་ལྟུང་འདི་རྣམས་མི་འབྱུང་བ་ཞིག་ངེས་པར་གལ་ཆེ་སྟེ།བྱང་སེམས་ལ་སེམས་ཀྱི་ཉེས་པ་བསྲུང་བ་གཙོ་ཆེ་བ་དེ་ལྟར་དུ་བྱ་དགོས་ཞེས་དུས་ཡུན་རིང་དུ་བསམ་པ་གལ་ཆེའོ།།དོན་ཇི་ལྟར་ནའང་ད་ལྟའི་གནས་སྐབས་འདི་དག་ཀུན་ལ་ཚེ་འདིའི་བྱ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བར་བསམ་རྒྱུ་གཞན་ཐམས་ཅད་སྤངས་ནས་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་རང་རྒྱུད་ལ་གོམས་པ་ཉིད་དུ་འགྱུར་བའི་ཐབས་སུ་བརྩོན་དགོས་ཞེས་བསམ་སྟེ་བླ་མ་བསྟེན་པ་དང་།ད་ཕྱིན་ཆད་མ་ཤེས་པ་བསླབ་ཅིང་ཤེས་པར་བྱས་ཏེ་མི་བརྗེད་པའི་སྒོ་ནས་དྲན་ཤེས་བག་ཡོད་མི་བརྗེད་པའི་རྒྱུ་འདི་ཡིས་ནི་དྲན་པ་དང་འཕྲད་པར་བྱེད་པའམ།ཡང་ན་རི་ཁྲོད་དུ་འདུག་པ་ལ་སོགས་པ་རིགས་ཤིང་འཐད་པའི་ལས་རྣམས་ནི་འདོད་ཅིང་བསླབ་པར་བྱ་དགོས་སོ།།གཉིས་པ་དབང་བསྒྱུར་གྱི་སྟོབས་ནི།ཅི་ནས་ལས་བྱེད་སྔོན་རོལ་ནས།།སོགས་ནས།འགྲུབ་པར་འགྱུར།།ཞེས་པའི་བར་གྱིས་བསྟན།ལས་ཅི་ལ་བབ་ནས་ཀྱང་དམ་བཅའ་མཛད་པ་ལྟར་རང་གི་སྒོ་གསུམ་ལ་རང་གིས་དབང་བསྒྱུར་ཏེ་གཞན་དོན་དུ་ཕར་ཕྱིན་དྲུག་གི་ལས་བྱེད་པའི་སྔོན་རོལ་དུ་དང་པོ་ཉིད་ནས་དགེ་བའི་ལས་ཐམས་ཅད་ལ་ནི་ལེ་ལོ་དང་སྙོམས་ལས་མེད་པར་གཉེན་པོའི་མཐུ་ཡོད་པ་བྱེད་དགོས་བསམ་པས་དམ་བཅའ་གལ་ཆེ་ཞིང་།དེའི་ཐབས་སུ་གོང་དུ་བཤད་པ་དེ་ལྟར་དུ་བག་ཡོད་ཀྱི་ལེའུའི་ས་བཅད་རེ་རེ་བཞིན་གྱི་གཏམ་དྲན་པར་བྱས་ཏེ་ཉེས་པ་ལ་འཛེམ་བག་བྱེད་པས་གཟབ་ཅིང་།གྲོགས་གཞན་དབང་དུ་མི་གཏོང་བར་མ་ཟད་རང་གི་སྒོ་གསུམ་ཡང་རྐྱེན་དབང་དུ་མི་གཏོང་བར་ཞེ་མནའ་དང་བཅས་པས་སྦྱོར་བ་ལ་ལག་ལེན་དངོས་ནི་བདག་ཉིད་ལྡང་བ་ཡང་ཞེས་བྱ་བ་ནི་ང་ལོ་བདེ་བ་སྟེ་ཚེག་ཡང་བར་བྱ་ཞིང་ཁྱད་པར་ཐོ་རེངས་དུས་སུ་ཧར་ལངས་དང་གོས་ཕུད་པ་སོགས་བྱས་ཏེ་ཕྱག་འཚལ་བ་ལ་བསླབ་དགོས་སོ།།དཔེ་ཇི་ལྟར་ན་རླུང་ནི་ཕར་ལ་འགྲོ་བ་དང་ཚུར་ལ་འོང་བས་ཤིང་བལ་ལ་དབང་བསྒྱུར་བ་དེ་བཞིན་དུ་དགེ་བའི་ཕྱོགས་ཐམས་ཅད་ལ་གུས་པ་དང་སྦྱོར་བའི་བརྩོན་འགྲུས་གཉིས་ཀྱིས་སྤྲོ་བས་སྒོ་གསུམ་ལ་རང་དབང་བསྒྱུར་ཏེ་གཞུང་རྒྱུད་ལྟ་བུའི་དགེ་ཕྱོགས་ལ་གུས་སྦྱོར་གྱིས་ཀུན་སློང་ཤུགས་དྲག་པ་དང་རྟག་སྦྱོར་གྱིས་རྒྱུན་རིང་བས་ཕྱིན་དྲུག་ལ་བསླབ་སྟེ།བརྩོན་འགྲུས་དང་ལྡན་པ་དེ་ལྟ་བུ་བྱས་ན་ནི་ཡོན་ཏན་གོང་མ་རྣམས་རིམ་གྱིས་འགྲུབ་པར་འགྱུར་རོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།བརྩོན་འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལ།བྱང་སེམས་རྣམ་གཉིས་ཀྱི་གྲོགས་བརྩོན་འགྲུས་ཀྱི་གནས་བསྟན་པ་ཞེས་བྱ་བའི་ལེའུ་བདུན་པའི་ཟིན་བྲིས་སོ།།གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་ལ།ལེའུའི་གཞུང་དང་མཚན་གཉིས་ལས།དང་པོ་ལའང་མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ་དང་།བསམ་གཏན་གྱི་མི་མཐུན་ཕྱོགས་སྤོང་བ་དང་།བསམ་གཏན་སྒོམ་པ་དངོས་བཤད་པ་སྟེ་གསུམ་ལས།དང་པོ་ནི།དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི།།སོགས་ནས།ཕྲག་ན་གནས།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་བརྩོན་འགྲུས་རང་རྒྱུད་ལ་བསྐྱེད་ནས་རྒྱུ་བརྩོན་འགྲུས་ཀྱི་འབྲས་བུ་ནི་བསམ་གཏན་ཡིན་ཏེ།ནང་སེམས་ཀྱིས་དགེ་བའི་དམིགས་པ་ལ་དགའ་ཞིང་སྤྲོ་བཞིན་དུ་བདག་གི་ཡིད་འདི་ནི་ཕྱིའི་ཡུལ་ལ་མི་འཕྲོ་བར་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་བྱེད་པ་ཡིན་ནོ།།དེ་ཡང་མཉམ་གཞག་ཏིང་ངེ་འཛིན་ལ་བརྩོན་འགྲུས་གལ་ཆེ་བས་སེམས་བཙོན་དུ་བཟུང་ན་རིག་པ་སྒྲིམས་པ་འདི་དཀའ་སྟེ།དངུལ་ཆུ་ལག་ཏུ་བཟུང་བ་དང་སྤྲེའུ་ལྟར་ཡིན་པས་སེམས་ནི་ཡུལ་ལྔ་ལ་རྣམ་པར་གཡེང་པའི་མི་ནི་ཉོན་མོངས་པ་གཅན་གཟན་དང་འདྲ་བའི་མཆེ་བའི་ཕྲག་ཅེས་པ་ནི་སོའི་བར་ན་གནས་ཡོད་པ་དང་འདྲ་བས་སེམས་ཡུལ་ལ་མི་གཡེང་པ་ལ་བསླབ་དགོས་སོ།།མདོ་ལས་སངས་རྒྱས་ཀྱིས་སྔར་གཟིགས་མ་མྱོང་བའི་དཔེ་གསུམ་གཟིགས་པ་ནི།ཤིང་རློན་པ་ཅན་ཆུ་ནང་ནས་བརྡར་ན་མེ་མི་འབྱུང་བ་དང་།ཤིང་རློན་པ་ཆུ་ཅན་ས་རླན་གཤེར་ནས་བརྡར་ན་མེ་མི་འབྱུང་བ་དང་།གཙུབ་ཤིང་དང་གཙུབ་རྟེན་སྐམ་པོ་ས་སྐམ་པོ་ནས་བརྡར་ན་མེ་འབྱུང་བ་བཞིན་དུ་ལུས་སེམས་གཉིས་འདུ་འཛི་དང་རྣམ་རྟོག་ལས་རྒྱང་མ་བསྲིང་ན་ཏིང་ངེ་འཛིན་མི་འགྲུབ་པ་དང་།ལུས་འདུ་འཛི་ལས་རྒྱང་བསྲིངས་ཀྱང་སེམས་རྣམ་རྟོག་ལས་རྒྱང་མ་བསྲིང་ན་ཏིང་ངེ་འཛིན་མི་འགྲུབ་པ་དང་།ལུས་སེམས་གཉིས་འདུ་འཛི་དང་རྣམ་རྟོག་གཉིས་ལས་རྒྱང་བསྲིངས་ན་ཏིང་ངེ་འཛིན་འགྲུབ་པའི་དཔེ་དོན་ལྟར་ཡིན་པས་ན།ཆོས་སྒྲུབ་པ་བས་ཀྱང་སྒྲུབ་པའི་ཚུལ་གཙོ་ཆེ་གསུངས་པ་ལྟར་ཏིང་ངེ་འཛིན་སྒོམ་པ་ལས་ཀྱང་ཏིང་ངེ་འཛིན་གྱི་རྒྱུ་ཚོགས་ཚང་བ་འདི་གལ་ཆེ་གསུངས་སོ།།གཉིས་པ་བསམ་གཏན་གྱི་མི་མཐུན་ཕྱོགས་སྤང་བ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།ལུས་དང་སེམས་ནི་དབེན་པ་ཡིས།།སོགས་ནས།ཡོངས་སུ་དོར།།ཞེས་པའི་བར་གྱིས་བསྟན།དེ་ལྟར་སེམས་མི་གཡེང་བའི་ཐབས་ཀྱི་སྔོན་འགྲོ་ནི་གོང་དུ་སངས་རྒྱས་ཀྱིས་སྔར་མ་གསན་པའི་དཔེ་གསུམ་གཟིགས་པ་ལྟར་དུ་ལུས་འདུ་འཛི་ནི་ཕན་ཚུན་བྱིན་ལེན་དང་ཟེར་གཏམ་མང་པོ་ལས་དབེན་ཞེས་པ་ནི་མེད་པའི་དོན་དང་།སེམས་ནི་རྣམ་པར་རྟོག་པ་ལས་དབེན་པ་དེ་ཡིས་ཡུལ་ལ་རྣམ་པར་གཡེང་བ་མི་འབྱུང་ངོ་།།ལུས་སེམས་གཉིས་ལ་འདུ་འཛི་དང་རྣམ་རྟོག་མེད་པས་རྣམ་གཡེང་མི་འབྱུང་བ་ཡིན་པ་དེ་བས་ན་ལུས་རི་ཁྲོད་ལ་སོགས་པར་འདུག་ནས་འཇིག་རྟེན་ཚེ་འདིའི་འདུ་འཛི་སྣ་ཚོགས་ཀྱི་བྱ་བྱེད་ཐམས་ཅད་སྤང་བར་བྱ་ཞིང་།སེམས་དབེན་ཐོབ་ཕྱིར་རྣམ་རྟོག་ལ་སྐྱོན་དུ་བལྟས་ཏེ་འཇིག་རྟེན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་དོར་བར་བྱ་བ་གལ་ཆེའོ་ཞེས་པ་མདོར་བསྟན་ཏོ།།གཉིས་པ་རྒྱས་པར་བཤད་པ་ལ།འཇིག་རྟེན་སྤང་བ་དང་།རྣམ་རྟོག་དོར་བ་གཉིས་ལས།དང་པོ་འཇིག་རྟེན་སྤང་བ་ལའང་།འཇིག་རྟེན་སྤོང་དགོས་པས་དགོས་པའི་རྒྱུ་མཚན་དང་།ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བསྟན་པ་དང་།ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་ཆགས་པ་སྤང་བ་དང་།སྤངས་ནས་དབེན་པ་བསྟེན་ཚུལ་དང་བཞི་ལས།དང་པོ་ནི།ཆགས་པའི་ཕྱིར་དང་རྙེད་སོགས་ལ།།སོགས་ནས།མངོན་དགས་འགྲུབ།།ཅེས་པའི་བོར་གྱིས་བསྟན།དེ་ལྟར་འཇིག་རྟེན་མ་སྤང་ན་བསམ་གཏན་མི་འགྲུབ་པས་ན་ནང་བཅུད་ཀྱི་ཕ་མ་བུ་རྒྱུད་མཛའ་གྲོགས་ལ་སོགས་པ་ལ་ཆགས་པའི་ཕྱིར་ན་འཇིག་རྟེན་འདི་ཉིད་སྤང་མི་ནུས་པ་དང་།ཕྱིའི་ཡོ་བྱེད་རྙེད་དང་སྙན་གྲགས་གྲོང་ཆོག་ལ་སོགས་པ་ལ་སྲེད་པ་སྐྱེས་པས་འཇིག་རྟེན་འདི་མི་སྤོང་བ་ཡིན་པར་ཤེས་པར་བྱ་སྟེ།འཇིག་རྟེན་མ་སྤང་ན་ཏིང་ངེ་འཛིན་མི་འགྲུབ་པ་དེ་བས་ན་ནང་སེམས་ཅན་ལ་ཆགས་པ་དང་ཕྱི་རྙེད་སོགས་ལ་སྲེད་པ་འདི་དག་གཉིས་ཀ་ཡོངས་སུ་སྤོངས་ལ།བྱང་སེམས་མཁས་པས་འདི་ལྟར་དུ་རྒྱལ་བའི་བཀའ་འདི་དོན་ལ་སྤྱད་པར་བྱ་དགོས་ཏེ།ཁོང་ཁྲོ་ལ་སོགས་པ་ཞི་ནས་ཁམས་གང་གི་སེམས་ཞི་བ་ཐོབ་པ་དེ་ལྟ་བུའི་ཞི་གནས་དང་རབ་ཏུ་ལྡན་པའི་ཤེས་རབ་ལྷག་མཐོང་གིས་ནི་ཉོན་མོངས་རྣམས་མགོ་གནོན་པ་དང་།རྩ་བ་དྲུངས་ནས་ཕྱུངས་ཏེ་རྣམ་པར་འཇོམས་པར་བག་ཡོད་ཀྱིས་ཉོན་མོངས་ངོ་ཤེས་པ་དང་།ཤེས་བཞིན་གྱིས་ཡིན་ལུགས་ཤེས་པ་དང་།བརྩོན་འགྲུས་ཀྱི་ཐབས་སྣ་ཚོགས་ཀྱིས་ཉོན་མོངས་འཇོམས་ཚུལ་ཐོས་པས་སྒྲོ་འདོགས་བཅད་དེ་ཤེས་པར་བྱས་ནས།ཞི་ལྷག་གཉིས་ལས་ཐོག་མར་ཞི་གནས་ཉིད་ནི་སེམས་གནས་པའི་ཐབས་དགུའི་སྒོ་ནས་བཙལ་བར་བྱ་ཞིང་།དེའི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལྔ་སྤང་ཞིང་།དེ་ལ་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་དགོས་ཏེ།དང་པོ་སེམས་གནས་དགུ་ནི་སངས་རྒྱས་ཀྱི་སྐུ་འདྲ་དང་ཆོས་ཀྱི་ཚིག་དོན་སོགས་ཀྱི་དམིགས་པ་ལ་སེམས་གཏད་དེ་འཇོག་པ་དང་།དམིགས་པ་དེའི་རྒྱུན་ལ་མི་གཡེང་བར་འཇོག་པ་དང་།སེམས་གཡེང་ན་དམིགས་རྟེན་སླར་ཡང་བསླན་ཏེ་འཇོག་པ་དེ།དམིགས་རྟེན་ལ་དྲན་པས་མི་བརྗེད་པར་ཉེ་བར་འཇོག་དང་།ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམ་ནས་སྒོམ་མི་དགོས་པར་དུལ་བར་བྱེད་པ་དང་།འདོད་པའི་འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པ་དང་།བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པའི་རྣམ་རྟོག་ལངས་པ་རྣམ་པར་ཞི་བར་བྱེད་པ་དང་།རྣམ་རྟོག་དང་བཅས་པ་དཔེར་ན་རྒྱ་མཚོ་དང་རྦ་རླབས་ལྟར་ཡིན་ཀྱང་རྣམ་རྟོག་རགས་པ་ཕལ་ཆེར་ཞི་བའི་བརྩོན་འགྲུས་དང་ལྡན་པས་དམིགས་རྟེན་ལ་རྩེ་གཅིག་ཏུ་བྱེད་པ་དང་།བརྩོན་འགྲུས་མ་བྱས་རུང་འདོད་སེམས་རྩེ་གཅིག་པའི་བསམ་གཏན་ལ་མཉམ་པར་འཇོག་ནུས་པ་དང་དགུའོ།།འདོད་སེམས་དེ་ལས་བསམ་གཏན་དང་པོའི་ཉེར་བསྡེགས་མི་ལྕོག་མེད་པ་དང་།རྟོག་པ་མེད་ལ་དཔྱོད་པ་དང་བཅས་པའི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་དང་།རྟོག་དཔྱོད་གཉིས་ཀ་མེད་པས་དང་པོའི་དགོས་གཞི་ཁྱད་པར་བ་དང་།དེ་བཞིན་ཏུ་ཡན་ལག་གི་སྒོ་ནས་ཕྱེས་པའི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་སྟེ་བསམ་གཏན་པ་དྲུག་རུང་གི་སེམས་དང་ལྡན་ཚེ་གཟོད་ཞི་གནས་ཞེས་བྱ་ལ།ཞི་གནས་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་ལྔ་ནི་ལེ་ལོ་དང་།དམིགས་པ་བརྗེད་པ་དང་།ཞུམ་རྒོད་དང་།འདུ་མི་བྱེད་དང་།འདུ་བྱེད་དང་ལྔའོ།།དེ་རྣམས་ཀྱི་གཉེན་པོ་ནི་སྤོང་བའི་འདུ་བྱེད་བརྒྱད་དེ།མོས་པ་དང་།དད་པ་དང་།བརྩོན་འགྲུས་དང་།ཤིན་ཏུ་སྦྱོང་པ་དང་བཞི་ནི་ལེ་ལོའི་གཉེན་པོ་དང་།དྲན་པ་དང་།ཤེས་བཞིན་དང་།སེམས་པ་དང་།བརྒྱད་པ་བཏང་སྙོམས་ལ་གསུམ་སྟེ་ཚད་མེད་བཏང་སྙོམས་དང་།ཚོར་བ་བཏང་སྙོམས་དང་།འདུ་བྱེད་བཏང་སྙོམས་གསུམ་ཡོད་པ་ལས་འདིར་སྐབས་སུ་འདུ་བྱེད་བཏང་སྙོམས་གསུངས་སོ།།དེ་ལྟ་བུའི་ཞི་གནས་དེ་ཡང་རྒྱུད་ལ་སྐྱེ་བའི་རྒྱུའི་གཙོ་བོ་མེད་དུ་མི་རུང་བ་ནི་བཙན་ཚུགས་ཀྱིས་མི་སྐྱེ་བས་ན་རི་ཁྲོད་ལ་སོགས་པའི་གནས་སུ་ཕྱི་ནང་གི་འཇིག་རྟེན་གཉིས་ལ་ཆགས་པ་མེད་པའི་རྒྱུད་ལ་མངོན་པར་དགའ་བས་འགྲུབ་པས་ན།དང་པོ་བསམ་གཏན་བསྒོམ་སྔ་བྱེད་པ་ལས་ཡུལ་ལ་ཆགས་མེད་བྱེད་པ་གལ་ཆེ་གསུངས་སོ།།གཉིས་པ་ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤང་བར་བསྟན་པ་ནི།མི་རྟག་སུ་ཞིག་མི་རྟག་ལ།།སོགས་ནས།གནས་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་རང་མི་རྟག་པ་སུ་ཞིག་གཞན་མི་རྟག་པ་ཞིག་འཆི་བར་ངེས་པ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་ཡང་དག་པར་ཆགས་པར་བྱེད་པ་སུ་ཞིག་ཡོད་དེ་ཆགས་པར་མི་བྱའོ།།ཆགས་པར་བྱས་ན་ཅི་ཡིན་སྙམ་ན།གཞན་ལ་ཆགས་པ་དེས་ནི་ཚེ་རབས་བརྒྱ་སྟོང་ཕྲག་ཏུ་ཡང་ཡིད་འོང་གི་དངོས་པོ་གཅེས་ཤིང་དམར་རྒུ་ཕངས་ཤིང་སྡུག་པ་མིག་གིས་མཐོང་བར་ཡོང་ཡེ་ནས་མི་འགྱུར་ཏེ།འདོད་ཆགས་ཀྱི་འབྲས་བུ་ནི་ཡི་དྭགས་སུ་སྐྱེ་བར་ངེས་པས་ཕན་ཚུན་འབྲལ་ཚེ་ངུ་མདོག་ལ་སོགས་ཅི་བྱས་ཀྱང་།དོན་ལ་བདེ་བ་ཐོབ་རྒྱུ་མེད་དེ།དེ་བས་རང་དབང་ཡོད་ཚེ་ཆགས་ཞེན་གཅོད་དགོས་མ་གཏོགས་པ་ཆགས་ཡུལ་དེ་ཉིད་མིག་གིས་མ་མཐོང་ན་ནི་སེམས་དགའ་བར་མི་འགྱུར་ཏེ།དེ་དང་ཕྲད་དམ་སྙམ་པ་ཁོ་ནས་སྤྱོད་ལམ་རྣམ་འགྱུར་ལ་སོགས་པ་དྲན་ཏེ་རྣམ་གཡེང་གི་རྣམ་གཡེང་གི་རྣམ་རྟོག་གི་དབང་དུ་གྱུར་ནས།རྒྱལ་བ་ཚངས་དབྱངས་རྒྱ་མཚོས།བསྒོམས་པ་བླ་མའི་ཞལ་རས།།ཡིད་ལ་ཤར་རྒྱུ་མི་འདུག།།མ་བསྒོམ་བྱམས་པའི་ཞལ་རས།།ཡིད་ལ་ལང་ངེ་ལང་ངེ་།།གསུངས་པ་ལྟར་དུ་ཡིད་ཀྱང་རྩེ་གཅིག་ཏུ་མཉམ་པར་འཇོག་པར་མི་འགྱུར་བ་ཡིན་ལ།དྲུང་དུ་སླེབས་ནས་མིག་གིས་མཐོང་ཡང་ཚིམས་པ་དང་ངོམས་པར་མི་འགྱུར་བས་ན་ཇེ་ཐུར་སོང་ནས་སྔར་མ་འཕྲད་པའི་དུས་བཞིན་དུ་འདོད་ཅིང་སྲེད་པས་སྔ་དྲོ་དང་ཕྱི་དྲོ་ལ་སོགས་པའི་དུས་ཀུན་ཏུ་ཁོ་ན་དྲན་པས་སེམས་གདུང་བར་འགྱུར་ཏེ།རྗེ་མི་ལས།གྲོགས་དང་པོ་ལྷ་མོ་འཛུམ་ཁ་མོ།།བལྟ་བའི་གདོང་ལ་ཆོག་ཤེས་མེད།།ཅེས་གསུངས་པ་ལྟར་རོ།།གྲོགས་ལ་དགའ་དད་ཆེ་བས་ཕ་མ་དང་གཉེན་བཤེས་མཛའ་གྲོགས་ལ་སོགས་པའི་ནང་སེམས་ཅན་ཡིན་ནོ་ཅོག་རྣམས་ལ་སེམས་ཆགས་པར་བྱས་ན་དམ་པའི་ཆོས་དང་ཐར་པ་མྱ་ངན་ལས་འདུས་པ་ཡང་དག་པ་ཉིད་ལ་བར་ཆད་སྣ་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ནས་སྒྲིབ་པར་མ་ཟད།རྗེ་མི་ལས།མི་མེད་ལུང་པའི་བྲག་ཕུག་ན།།སྐྱོ་ཆད་དེ་བ་ལ་སངས་དུས་མེད།།ཅེས་དང་།སྐྱོ་ཆད་པའི་གནས་སུ་བསམ་གཏན་འཁོར།།གསུངས་པ་ལྟར་དུ་སེམས་ལ་སྐྱོ་བ་སྐྱེས་པ་འདི་ཡོན་ཏན་གྱི་མཆོག་གཅིག་ཡིན་ཀྱང་།ཆད་ཡུལ་གྱི་སེམས་ཅན་དེ་ཡི་སྐད་ཐོས་པ་ཙམ་གྱིས་འཁོར་བའི་སྡུག་བསྔལ་སོགས་ལ་སྐྱོ་བའི་སེམས་སྐྱེས་པ་རྣམས་ཀྱང་འཇིག་པར་བྱེད་དེ།གྲོགས་ཡོད་ན་སེམས་ལ་སྐྱོ་བ་མི་སྐྱེ་ཐག་ཆོད་ཡིན་ཏེ།མི་མང་པོ་ཚོགས་པའི་འདུ་ར་ལ་ལྟོས་དང་ངོ་འཛུམ་ཤིག་ཤིག་བྱེད་མི་ཞིག་མ་གཏོགས།དམ་པའི་ཆོས་དྲན་པ་ངོ་གདོང་ནག་པོ་བྱེད་མི་གཅིག་ཀྱང་མི་འདུག་གསུངས་སོ།།སངས་རྒྱས་ཀྱིས་མཐའ་གཅིག་ཏུ་ལུང་བསྟན་པ་ནི་འདུས་པའི་ཐ་མར་ནི་སོ་སོར་འབྲལ་ངེས་པ་ཡིན་པས་ཐབས་མེད་བཞིན་དུ་མྱ་ངན་སྡུག་བསྔལ་ཆེན་པོས་སེམས་གདུང་བར་འགྱུར་བས་ཆགས་ཞེན་གཅོད་དགོས་སོ།།ཆགས་ཡུལ་གྱི་མཛའ་བཤེས་ལ་སོགས་པ་དེའི་དོན་ལ་བསམ་བློ་ཁོ་ན་བཏང་བའི་སེམས་པ་འབའ་ཞིག་ཅེས་པ་ནི་དེ་ཁོ་ནའི་ཆེད་དུ་མི་ལོ་དང་མི་ཉན་པའི་བྱ་བ་སྣ་ཚོགས་ཤིག་བྱས་པས།བསྐྱངས་ནའང་རེ་འཁང་ཇེ་ཆེར་འགྲོ་སྟེ་ཕར་ཕར་བསྐྱངས་ན་ཕར་ཕར་རིང་བ་ཞིག་གིས་འདུག་དབང་མེད་པར་ནམ་སླ་ངན་ཟད་ཀྱིས་ཚེ་འདི་དོན་མེད་པ་ཁོ་ནས་འདའ་བར་འགྱུར་བ་ཡིན་ཏེ།གཅུང་མཛེས་དགའ་དང་ཆུང་མ་པུཎྜ་ཏི་ཀའི་གཏམ་རྒྱུད་ལྟར་རོ།།དེ་རིང་དང་སང་ཉིན་ཙམ་ཡང་རྟག་པ་མེད་པའི་མཛའ་བའི་གཉེན་དང་མཐུན་གྱི་བཤེས་གྲོགས་འདུས་མཐའ་འབྲལ་བ་འདི་ཐམས་ཅད་ཀྱིས་ནི་འགྱུར་བ་མེད་པ་གཡུང་དྲུང་རྟག་བརྟན་དམ་པའི་ཆོས་རྣམས་ཀྱང་སྒྲུབ་ལོངས་མེད་པར་རང་གི་དགེ་སྐལ་ཆད་ནས་རྣམ་གཡེང་སྡིག་པ་སྣ་ཚོགས་ཀྱིས་འཇིག་པར་འགྱུར་རོ།།རྒན་པ་ལ་ལྟོས་ནས་བྱིས་པ་དང་།མཁས་པ་ལ་ལྟོས་ནས་བྱིས་པ་དང་།འཕགས་པ་ལ་ལྟོས་ནས་བྱིས་པ་དང་གསུམ་ཡོད་པའི་ནང་ནས་འདིར་འཕགས་པ་ས་ཐོབ་པར་ལྟོས་ནས་ས་མ་ཐོབ་པ་སོ་སོའི་སྐྱེ་བོའི་བྱིས་པ་རྣམས་ལ་བློ་གཏད་ནས་ཆོས་བརྒྱད་ཀྱི་བསམ་པ་དང་གྲབས་དང་སྤྱོད་ལམ་ཐམས་ཅད་འདྲིས་ཏེ་རྣམ་གཡེང་གི་སྐལ་བ་ལ་མཉམ་པར་སྤྱོད་བྱས་བསྡད་ན་ཅི་ནས་ཀྱང་ངེས་པར་ངན་འགྲོར་ནི་འགྲོ་བར་འགྱུར་བས་ཐེ་ཚོམ་ཙམ་ཡང་ཟ་མི་དགོས་ཏེ།འཕགས་པའི་གང་ཟག་རྣམས་དང་སྐལ་བ་མི་མཉམ་པར་ངན་སོང་གི་གནས་སུ་ཁྲིད་པར་བྱེད་པ་པོ་ཡིན་ན་སྡིག་གྲོགས་ཀྱི་བྱིས་པ་བསྟེན་པས་བདག་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།དེ་བས་རང་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་གྲོགས་ངན་རྣམས་ཀྱི་དཀྱིལ་དུ་འཛུལ་བར་མི་བྱེད་པར་རང་གཅིག་པུ་ཞིག་གཅིག་པུ་ཞིག་གཅིག་པུ་ཞིག་ཏུ་འདུག་པ་ལ་བསླབ་དགོས།ཞེས་ལན་གསུམ་གྱི་བར་དུ་གསུངས་ཏེ།རས་བ་ཞི་བ་འོད་ཀྱིས་བདག་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་།།ཞེས་དང་།གཞན་ཡང་།འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཏེ།།འདོད་པ་ཟད་ན་འཕགས་པ་དངོས་ཡིན་ནོ།།ཞེས་གསུངས་པ་ལྟར་དུ་འདོད་ཆུང་ཆོག་ཤེས་དགོས་ལན་གསུམ་དུ་གསུངས་སོ།།བྱིས་པ་རྣམས་ནི་དང་པོ་རྒྱུ་མཚན་ཅི་ཡང་མེད་པ་ཨ་གསར་ཆེ་བས་སྐད་ཅིག་ཡུད་ཙམ་གཅིག་གིས་ནི་སོ་སོར་ཕྱེ་རྒྱུ་མེད་པ་ལྟ་བུས་མཛའ་ཞིང་མཐུན་པར་འགྱུར་ལ།གནོད་པ་སྣ་ཚོགས་ཀྱིས་དུས་ཡུད་ཙམ་གྱིས་ནི་བར་དང་བཤུགས་མ་མི་ཐུབ་པའི་དགྲ་བོར་ཡང་འགྱུར་ཏེ།གཉེན་གྱི་དྭངས་མ་དགྲ་ཡི་རྩེ་མོར་འགྲོ།།གསུངས་པ་ལྟར་རོ།བསྟོད་པ་དང་ཆོས་མཐུན་གྱི་བྱ་བ་གྱིས་ཤིག་ལྟ་བུའི་དགའ་བའི་གནས་བསྟན་པ་ལ་ནི་ཁྲོ་བར་བྱེད་པས་ན།ཆོས་བརྒྱད་དང་བྱིས་པའི་གྲོགས་ནི་འཇའ་དང་འདྲ་སྟེ་ཕར་ལ་བཏུད་ན་རྒྱང་རིང་དུ་བྱེད་ལ།རང་ཚུགས་བཟུང་ནས་མ་བཏུད་ན་ཚུར་ལ་འདུ་བའི་ཕྱིར།མི་ལས།ཁ་ནེའི་གསང་གཏམ་བདུད་རྩིའི་ཚིག།།ལ་སོགས་གསུངས་པ་ལྟར་རོ།།ཟླ་བ་སྒྲོན་མེའི་མདོ་ལས།སོ་སོ་ཐ་དད་འགྲོ་བའི་ཕྱིར།།སོ་སོའི་སྐྱེ་བོ་ཞེས་བརྗོད་དོ།།ཞེས་གསུངས་པ་ལྟར་དུ་སོ་སོའི་སྐྱེ་བོ་རྣམས་ནི་བཟང་བརྗོད་པ་ལའང་རྟོག་ལོག་ཐུ་ཞིང་།ལས་ཅི་བྱས་ཀྱང་མགུ་བར་དཀའ་སྟེ་མགུ་མི་ཤེས་སོ།།གཡོ་སྒྱུ་རྫུན་ཁྲམ་ཇག་རྐུན་དགྲ་གྱོད་ལ་སོགས་པའི་བྱ་བ་དེ་ལྟར་མ་བྱེད་ཅེས་པས་དེ་ལ་ཕན་པར་སྨྲས་ན་ནི་རང་ལ་ཁྲོ་བར་བྱེད་ཅིང་།རི་ཁྲོད་ལ་སོགས་པར་རང་ཉིད་ཆོས་ལ་གནས་ཏེ་འདུག་པའི་ཚེ་ན་ནི་བདག་ཀྱང་ཕན་པ་དམ་པའི་ཆོས་ལས་ཟློག་པར་བྱེད་པ་ད་ལྟའི་སྡིག་གྲོགས་ལ་སོགས་པ་ལྟར་དང་།བྱིས་པ་དེ་དག་གིས་ཅི་ཟེར་བའི་ངག་ལ་ནི་རང་གིས་མ་མཉན་ནའང་དེ་དག་ཁྲོ་བས་རང་གཞན་གཉིས་ཀ་ངན་འགྲོར་འགྲོ་བར་འགྱུར་ཞིང་།དྲང་གཏམ་བྱས་ན་ནི་བཀའ་བཀྱོན་ལ་རྩི་བར་འགྱུར་བས་རང་གི་སྣ་ཐག་རང་མགོར་དཀྲིས་ཏེ་ཆོས་ལ་བྲོས་དགོས་གསུངས་སོ།།བྱིས་གྲོགས་རྣམས་ནི་ཆོས་བརྒྱད་ཀྱི་བསམ་པ་ཁོ་ནའི་དབང་དུ་གྱུར་ནས་གཞན་ལས་རང་མཐོ་བ་ལ་ནི་ཕ་རོལ་དམའ་བ་དེས་ཕྲག་དོག་བྱེད་ཅིང་།རང་གཞན་གཉིས་ཀ་མཉམ་པ་དང་ཕ་རོལ་འདྲ་བ་དེས་རང་ལ་འགྲན་སེམས་བྱེད་པ་དང་།རང་ལས་མཐོ་བ་དེས་ནི་རང་དམའ་བ་ལ་ང་རྒྱལ་བྱེད་པ་དང་།བདག་གིས་གཞན་ལ་བསྟོད་པ་བྱས་ན་ནི་ཁེངས་དྲེགས་སྐྱེས་ཏེ་ངན་སོང་དུ་རང་གིས་རང་བརླག་པ་དང་།བདག་གིས་གཞན་ལ་མི་སྙན་པ་བརྗོད་ན་ནི་ཕ་རོལ་དེའི་རྒྱུད་ལ་ཁོང་ཁྲོ་སྐྱེ་བར་འགྱུར་བ་དང་མཉམ་དུ་ལན་བྱེད་པས་འཇིག་རྟེན་ཆོས་བརྒྱད་འདི་ནི་ནད་པའི་མགོ་སྔས་དང་འདྲ་བས་མཐོ་དམན་ཅི་བྱས་ཀྱང་བདེ་བ་མེད་དེ།ཀུན་མཁྱེན་གྱིས།ཆོས་བརྒྱད་ནད་པའི་སྔས་དང་འདྲ།།ཇི་ལྟར་བྱས་ཀྱང་བདེ་བ་མེད།།ཅེས་གསུངས་པ་ལྟར་དུ་དེ་ལྟར་ཅི་བྱས་ནའང་རང་གཞན་གཉིས་ཀ་སྡུག་བསྔལ་ཆེ་བ་ཙམ་མ་གཏོགས་དུས་ནམ་ཞིག་སོ་སོའི་སྐྱེ་བོའི་བྱིས་པ་རྣམས་ལས་རང་ལ་ཕན་པ་འཐོབ་རྒྱུ་མེད་པས།ནམ་དམ་པའི་ཆོས་ལ་འབྲོས་ཐུབ་ན་གྲོགས་ཡིན་མ་གཏོགས་མི་རྣམས་དང་མཐུན་ཐབས་གཏན་ནས་མི་ཐོན་ངེས་པ་ཡིན་ནོ།།སོ་སོའི་སྐྱེ་བོ་བྱིས་པ་གསུམ་དང་འགྲོགས་ཤིང་བསྟེན་ན་བསམ་སྦྱོར་གཉིས་ཀ་སྡིག་པ་ཁོ་ན་ལས་མེད་པས་ན།བྱིས་པ་གཞན་ལ་ཡང་ན་ནི་བདག་ལ་རང་བསྟོད་བྱེད་པ་དང་།ཡང་ན་ནི་སེམས་ཅན་གཞན་རྣམས་ལ་ལུགས་གཉིས་གང་རུང་གིས་སྨོད་པར་བྱེད་པ་དང་།ཡང་ན་ནི་འཁོར་བར་དགའ་བའི་གཏམ་ཚོང་དང་དམག་འཁྲུགས་འཐབ་རྩོད།སྨད་འཚོང་འབར་ཤ་སྐུར་འདེབས་སྒྲོ་འདོགས་ལ་སོགས་པ་བྱེད་པ་དང་།ཐ་ན་ལམ་འགྲུལ་ཞིག་དང་འཕྲད་ནའང་མི་རྟ་བཟང་ངན་དང་སྐད་ཆ་སོགས་མ་བཤད་ཚེ།དོན་མེད་དུ་རང་རྒྱུད་ལ་ཁོང་ཁྲོ་སོགས་སྐྱེ་བས་ན།མི་དགེ་བ་ཞིག་གིས་རྣམ་རྟོག་ནི་ཅི་ནས་ཀྱང་ངེས་པར་འབྱུང་སྟེ།ཏིང་ཤག་ཕན་ཚུན་འཕྲད་ཚེ་སྒྲ་འབྱུང་བ་ལྟར་དུ།དེ་བས་འཕགས་པའི་གང་ཟག་གི་རྗེས་སུ་བསླབ་སྟེ།ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན།།ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱོད།།ཅེས་གསུངས་པ་ལྟ་བུ་ལ་སློབ་དགོས་སོ།།གོང་དུ་བཤད་པ་དེ་ལྟར་དུ་བདག་གཞན་ལ་བསྟེན་པ་དེས་ཀྱང་ནི་གཉིས་ཀ་ཕུང་བ་དང་།གཞན་བདག་ལ་བསྟེན་པ་དེས་ཀྱང་རང་གཞན་གཉིས་ཀ་ཕུང་བར་འགྱུར་བར་ཟད་དེ།རྫ་མས་རྫ་མ་ལ་བརྡེག་ན་གཉིས་ཀ་ཆག་པ་དང་།སྟོབས་ཆེན་གཡང་ཁར་འཛིང་འཐབ་བྱས་ན་གཉིས་ཀ་འཆི་བ་ལྟར་རོ།།ཕར་ལ་བཟང་པོར་བྱས་ན་ཚུར་ལ་བཟང་བ་ཙམ་མ་གཏོགས་ཕ་རོལ་བྱིས་གྲོགས་དེས་ཀྱང་བདག་གི་དོན་བྱས་པའི་སྣང་བ་ཤར་བ་ཙམ་ཡིན་ཀྱང་།མདོར་ན་བདག་དོན་ཅི་ཡང་མ་བྱས་ལ།བདག་གིས་ཀྱང་རང་ལ་ཕན་པ་མེད་ཚེ་ཕ་རོལ་དེའི་དོན་ཅི་ཡང་བྱས་པར་མི་འགྱུར་བས་ན།བདག་གཞན་གཉིས་ཀ་མདོར་ན་རང་འདོད་ཁོ་ན་ཤས་ཆེ་བས་རང་རིན་པོ་ཆེས་རང་སྐྱོབས་མ་ནུས་ན་ནི་རོག་ར་མ་མགོ་ཡིས་ད་ནི་མི་སྐྱོབ་ངེས་པ་ཅན་ཡིན་པ་འདི་གོ་ཞིང་ཤེས་དགོས་པས།སུ་གཅིག་དང་མི་འདྲིས་པར་རྣལ་འབྱོར་པ་ཕྱག་ས་ཁྲི་མཆོག་ལྟར་དུ་སོ་སོའི་སྐྱེ་བོ་བྱིས་པ་རྣམས་ལས་ཐག་རིང་པོར་བྱོལ་ཞིང་འགྲོ་བར་བྱ་དགོས་སོ།།དེ་ཡང་རྗེ་མི་ལས།ང་ན་ན་འདྲི་མི་མེད་པ་དང་།།ཤི་ན་ངུ་མི་མེད་པ་རུ།།རི་ཁྲོད་འདི་རུ་འཆི་ནུས་ན།།རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།ཞེས་པ་ལ་སོགས་གསུངས་པ་ལྟར་བྱ་དགོས་སོ།།གཞན་དང་འཕྲད་པའི་ཚེ་ན་ཡང་ཚིག་བཟང་པོས་ཕ་རོལ་གྱི་སེམས་དགའ་བས་མགུ་བར་བྱས་ཏེ།རེ་བ་དང་བཟང་ཆེ་བ་དང་རྒྱུ་ཟས་སྤྱོད་ལམ་ལ་སོགས་པས་འདྲིས་ཆེན་པོ་ཉིད་དུ་མི་འགྱུར་བར་ངོ་ཤེས་ཙམ་དང་སྐད་འདྲེས་ཙམ་གྱིས་རང་ཐང་གི་མི་ཐ་མལ་པ་ཙམ་དུ་ལེགས་པར་བྱའོ།།དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཙམ་དུ་བླ་མ་བསྟེན་པ་དང་།གྲོགས་དང་འགྲོགས་པ་དང་།ཡོན་བདག་ལ་བསོད་སྙོམས་ལ་སོགས་པ་སློང་བའི་ཚེ་ན་ཡང་སྟོན་པ་གསེར་ཐུབ་ཀྱིས།ཇི་ལྟར་བུང་བ་མེ་ཏོག་གི།ཁ་དོག་དྲི་ལ་མི་གནོད་པར།།ཁུ་བ་གཞིབ་ནས་འཕུར་བ་ལྟར།།དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།།ཞེས་གསུངས་པ་ལྟར་དུ་ནགས་ཀྱི་བུང་བས་མཚོའི་མེ་ཏོག་གི་སྦྲང་རྩི་གཞིབ་ནས་ཁ་དོག་དང་དྲི་མ་ལ་མི་གནོད་པར་འཕུར་འགྲོ་བ་བཞིན་ཏུ་འདོད་པའི་ཁམས་འདི་ནི་ཟས་ཀྱི་འཚོ་བ་ཡིན་པས་དམ་པའི་ཆོས་ཀྱི་ཚིག་དོན་འདྲི་བ་དང་།ཆོས་སྒྲུབ་པའི་མཐུན་རྐྱེན་ཙམ་ཞིག་བླངས་ནས་དེ་ནས་རང་གཅིག་པུ་ནི་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་རྒྱལ་པོ་ཀྲི་ཀིའི་རྨི་ལམ་དུ་གླང་པོ་ཆེ་ཞིག་སྐར་ཁུངས་ནས་ཐར་ཀྱང་མཇུག་མ་ཐོགས་ནས་མི་ཐར་བ་རྨིས་པ་སངས་རྒྱས་འོད་སྲུང་ལ་ཞུས་ཚེ།མ་འོངས་པ་ན་ཤཱཀྱ་ཐུབ་པའི་རྗེས་འཇུག་རྣམས་ཀྱིས་ཕ་ཡུལ་གྱི་ཁྱིམ་ཆེན་སྤངས་ནས་དགོན་གྲོང་དུ་ཁྱིམ་ཆུང་འཛིན་པའི་ལྟས་ཡིན་གསུངས་པ་ལྟར་དུ་གླང་རྔ་སྐར་ཁུངས་དུ་མི་ཐོགས་པར་ཆགས་སྡང་ཇེ་མང་ལ་འགྲོ་ཡུལ་ནས་མི་འདུག་པར་གཞན་ཀུན་གྱི་མིག་ལམ་ལ་སྔོན་ཆད་ནས་མ་མཐོང་བ་བཞིན་དུ་གནས་གར་ཡོད་ཙམ་ཡང་མི་ཤེས་པར་འཚོ་བ་བྱ་ཚོལ་བྱེའུ་ཚོལ་ལ་བརྟེན་ནས་ཁྱིམ་པ་སོགས་དང་ཕར་བཤད་ཚུར་ལེན་ལ་སོགས་པའི་འདྲིས་པ་མེད་པར་བདག་ཉིད་གཅིག་པུར་གནས་པར་བྱ་བ་གལ་ཆེའོ།།གསུམ་པ་ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤང་བར་བསྟན་པ་ནི།བདག་ནི་རྙེད་མང་བཀུར་སྟི་བཅས།།སོགས་ནས།རྣམས་ཀྱིས་གསུངས།།ཞེས་པའི་བར་གྱིས་བསྟན།དེ་ལྟར་ཚེ་འདིར་ཡང་བདག་ལ་ནི་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་མང་པོ་དང་བཅས་པ་ཡིན་ཞིང་།ཕྱག་འཚལ་གདན་སྟོབས་ཀྱི་བཀུར་སྟི་དང་བཅས་པ་ཡོད་བསམ་པ་དང་།ཡུལ་གང་དུ་སོང་ཡང་བདག་ལ་ནི་སྦྱིན་བདག་ལ་སོགས་པའི་ཡུལ་གྲུ་ལུང་པ་ཐམས་ཅད་མི་མང་པོ་ཡང་བདག་ལ་དགའ་སྟེ་མཛའ་བོ་དང་གྲོགས་པོ་ལ་སོགས་པ་ཡོད་པ་ཡིན་ནོ་ཞེས་བསམ་སྟེ་དེ་འདྲའི་ང་རྒྱལ་གྱི་སྙེམས་པ་འཆང་བ་འདི་ཉིད་སྤོང་བ་གལ་ཆེ་སྟེ།འདི་སྤོང་མ་ནུས་པར་གྱུར་ན་ནི་འཆི་བདག་གི་གཤིན་རྗེ་ལ་ནི་ཐབས་མེད་པས་ཤི་བའི་འོག་ཏུ་ནི་ངན་སོང་གི་སྡུག་བསྔལ་སྣ་ཚོགས་ཀྱིས་འཇིགས་པ་སྐྱེ་བར་འགྱུར་བ་ནི་ཐེ་ཚོམ་མི་དགོས་ཏེ།གཙང་བླ་རྟ་ནག་ཅན་གྱི་ལོ་རྒྱུས་ལྟར་ཡིན་གསུངས་སོ།།ཚེ་འདི་ལའང་ང་རྒྱལ་གྱི་སྙེམས་པ་འཆང་བསྡད་ན་ཤི་རྗེས་སུ་ངན་སོང་ལས་འགྲོ་ས་མེད་པ་དེ་བས་ན་དུས་ཀུན་ཏུ་དགེ་སྡིག་ལ་མི་ཤེས་པས་རྣམ་པར་རྨོངས་པའི་ཡིད་ངན་མ་ཁྱོད་ནི་དཀོར་དང་ལོག་འཚོ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔའི་ཡུལ་གང་དང་གང་ལ་ཆགས་པར་གྱུར་པ་དེ་དང་དེར་ཐམས་ཅད་བསྡོངས་ཏེ་སྟོང་འགྱུར་བསམ་གྱིས་མི་ཁྱབ་པ་ཉིད་དུ།གཤིན་པོའི་རེ་དོམ་ཟ་བ་དང་།།སྡིག་སྤྱོད་ཁྲམ་ཟས་ཟ་བ་གཉིས།།གསུངས་པ་ལྟར་དུ་ད་ལྟ་ཟོས་ཟོས་པའི་བུ་ལོན་ཕྱི་མ་ལུས་ཤ་ཁྲག་གིས་འཇལ་དགོས་པ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་ཉིད་དུ་འགྱུར་ཞིང་།ནད་རོ་དང་མིག་རོ་ལྡང་བ་ལྟར་དུ་ཚེ་འདིར་དགེ་འདུན་གྱི་རྫས་ལ་སོགས་པ་ལ་རང་མི་དབང་བཞིན་དུ་མང་ཇ་ཕོར་པ་གང་བཏུང་ནའང་ཕྱི་མ་ལ་ཁྲོ་ཆུ་ཁོལ་མ་དང་ཟངས་ཞུན་མེ་འབར་བ་ཕོར་པ་སྟོང་ཕྲག་མང་པོ་འཐུང་དགོས་པ་དང་།དེ་བཞིན་དུ་ཟན་ཁམ་གང་ཟོས་པ་ལའང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་སྟོང་ཕྲག་མང་པོ་ཟ་དགོས་པ་དང་།གོས་དང་མལ་ཁྲི་གནས་ཁང་ལ་སོགས་པ་ལ་ལྕགས་སྲེགས་ཀྱི་མལ་ཁྲི་དང་ཁང་པ་ལ་སོགས་པས་སྡུག་བསྔལ་བ་དང་།ཐ་ན་དགེ་འདུན་གྱི་གཙུག་ལག་ཁང་ལ་སོགས་པ་ལ་རྡུལ་ཕྱགས་བྱེད་པའི་ཕྱགས་མས་རང་གི་གནས་ཁང་ཕྱགས་ན་ཕྱགས་མ་ལྟ་བུའི་ཉི་ཚེ་བའི་དམྱལ་གནས་སུ་སྐྱེ་བ་ལྔ་བརྒྱར་ལེན་དགོས་པ་དང་།དེ་བཞིན་དུ་གཏུན་ལྟ་བུའི་དམྱལ་བ་དང་།དགེ་འདུན་འདུ་བའི་རྩིགས་པ་དང་ཀ་བ་ལ་སོགས་པ་ལ་ངར་སྣབས་དང་མཆིལ་མ་ལ་སོགས་པ་དོར་ན་དེ་ལྟ་བུའི་དམྱལ་བར་སྐྱེ་བ་མདོ་དྲན་པ་ཉེར་གཞག་ལས་གསུངས་པ་སོགས་དང་།འཕགས་པ་དགེ་འདུན་མཚོས་གཟིགས་པ་བཞིན་རྒྱ་མཚོའི་འགྲམ་ཞིག་ན་གཙུག་ལག་ཁང་མེ་འབར་བ་དང་།ཆོས་གོས་འབར་བ།ལྷུང་བཟེད་འབར་བ་ལ་སོགས་པ་ཡོད་པས་ན་བུ་སྟོན་རིན་པོ་ཆེས་མཛད་པའི་སྙིང་གི་ཐུར་མ་ལས།ཚུལ་ཁྲིམས་འཆལ་བས་ས་ནི་གོམ་པ་གང་།།ཟས་ནི་ཁམ་གང་བཏུང་བ་ཆུ་ཕོར་གང་།།ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱོད་ན།།ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས།།ཞེས་དང་།མདོ་སྡེ་ཟ་མ་ཏོག་བཀོད་པ་ལས།དགེ་འདུན་གྱི་རྫས་ནི་རྡོ་རྗེའོ།།ཞེས་མི་ཞུ་བའི་ཚད་དང་དམྱལ་བར་འགྲོ་ངེས་པ་ཅན་དུ་གསུངས་སོ།།ཆགས་པས་དམྱལ་གནས་སུ་སྡུག་བསྔལ་མཐའ་ཡས་པ་མྱོང་བ་དེ་བས་ན་བྱང་སེམས་མཁས་པས་གང་ལ་སྲེད་པ་ཆོད་ཐབས་སུ་ཐམས་ཅད་ཀྱིས་མཁོ་མེད་བསམ་པས་ལོག་འཚོའི་ཟས་ལ་སོགས་པ་ལ་ཆགས་པར་མི་བྱ་སྟེ།ཆགས་པ་མ་བཅད་ན་ལྷའི་བུའི་བདུད་ཀྱིས་སྣ་ཁྲིད་ནས་དམྱལ་བར་འགྲོ་བའི་སྔ་ལྟས་ཆ་མེད་ཡིན་པས་རྒྱུ་ཆགས་པ་ལས་ནི་འབྲས་བུ་ངན་སོང་གི་འཇིགས་ཤིང་སྐྲག་པ་ཐམས་ཅད་སྐྱེ་བར་ངེས་པས་ན་ད་ལྟ་སེམས་ཡུལ་སྣ་ཚོགས་ལ་ཆགས་ཞེན་གྱི་དབང་གིས་བསྡུས་པའི་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་རང་གིས་རང་དབང་ཡོད་ཚེ་མཆོད་སྦྱིན་ཞིག་མ་ནུས་ན་ནི།སྟོན་དུས་སུ་ཤིང་ལོ་འཐོར་བ་བཞིན་དུ་ཆགས་སྡང་གིས་བསགས་པ་འདི་དག་ཐམས་ཅད་ནི་མི་རྟག་མཐའ་བཞིས་བསྡུས་པའི་རང་བཞིན་ཅན་དུ་ཡིན་པས་མཐར་འདོར་ཞིང་མེད་པར་འགྱུར་བས་ན་ཤཱ་རིའི་བུས།ལྗོན་ཤིང་རྡིབ་པར་གྱུར་བའི་ཚེ།།ཡལ་ག་ལོ་མས་ཅི་ཞིག་བྱེད།།དེ་བཞིན་སྐྱེས་བུ་འཆི་བའི་ཚེ།།ཡོངས་སུ་བཟུང་བས་ཅི་ཞིག་བྱེད།།ཅེས་གསུངས་པ་ལྟར་དུ་སྤྱོད་འཇུག་འདིར་བལྟས་ཏེ་ཕན་ཡོན་དང་ཉེས་དམིགས་ལ་བརྟག་དཔྱད་བྱས་ནས་སེམས་མི་སྐྲག་པས་རང་རྒྱུད་བརྟན་པར་གྱིས་ཏེ་རྙེད་སོགས་ཀྱིས་མཐར་རང་ལ་དོན་མེད་ཐམས་ཅད་རབ་ཏུ་རྟོགས་ནས་ཤེས་པར་གྱིས་ཤིག་ཅེས་གདམས་སོ།།རྒྱུ་ཟས་ལ་སོགས་པའི་རྙེད་པ་དག་ནི་མང་པོ་རང་ལ་བྱུང་ཞིང་ལྐོག་ཏུ་གྲགས་པ་བྱུང་བ་དང་མངོན་དུ་སྙན་པ་བྱུང་བར་གྱུར་ཀྱང་།བདག་རང་དང་རྙེད་པ་ཐམས་ཅད་དང་སྙན་ཅིང་གྲགས་པའི་ཚོགས་དང་བཅས་ཏེ་མཐར་ནི་དེ་ཐམས་ཅད་གནས་གང་དུ་འདོང་ཞིང་འགྲོ་བའི་གཏོལ་མེད་ཅེས་པ་ནི་གང་དུ་འགྲོ་བའི་ངེས་པ་མེད་དོ།།མཐར་ཐམས་ཅད་ལ་བརྟགས་ན་རང་གི་ལུས་དང་བཅས་པ་ཐམས་ཅད་འབྱོར་རྒུད་འདུ་འབྲལ་ཅན་གྱི་རང་བཞིན་ཡིན་པས་ཀུན་ལ་བྲལ་བློ་འདི་དགོས་སོ།།བདག་ལ་ལྐོག་ན་སྨོད་པ་བྱེད་པའི་སེམས་ཅན་གཞན་ཡོད་ན་དངོས་སུ་བསྟོད་པས་བདག་ལ་དགའ་བར་ཅི་ཞིག་ཡོད་དེ་ལྐོག་ན་སྨོད་པ་གཞན་ཡོད་པས་སོ།།བདག་ལ་ལྐོག་ཏུ་བསྟོད་པ་བྱེད་པ་གཞན་ཡོད་ན་དངོས་སུ་སྨད་པ་བྱས་པས་བདག་ལ་མི་དགའ་བར་ཅི་ཞིག་ཡོད་དེ་ལྐོག་ཏུ་བསྟོད་པ་བྱེད་མི་ཡོད་པས་སོ།།རང་སེམས་གཙང་མ་དཔང་པོར་བཙུག་སྟེ་ཆོས་བརྒྱད་འགོ་སྙོམས་བྱེད་པ་འདི་སྤྱོད་འཇུག་ཤེས་པའི་དོན་རྩ་ཉམས་ལེན་གྱི་གནད་འགག་ཡིན་གསུངས་སོ།།བཀའ་གདམས་པ་རྣམས་ཀྱིས་གསུངས་པ་ལྟར་མི་ཤི་བའི་ཤུལ་གྱི་གཏམ་གཞན་ཅི་ལབ་ལབ་ཏུ་ཆུག་ཅི་བྱེད་ཀྱང་བྱེད་བསམ་པ་འདི་གདམས་ངག་ཡིན་ནོ་གསུངས་སོ།།མདོར་ན་ཐམས་ཅད་ཀྱིས་བདག་ལ་དུས་གཅིག་ཏུ་ནི་བསྟོད་ཐབས་བྱེད་པ་ཅི་ནས་ཀྱང་མི་འོང་སྟེ།སེམས་ཅན་ཐམས་ཅད་ནི་མོས་པ་རྣམ་པ་སྣ་ཚོགས་པ་ཡིན་པས་བྲམ་ཟེ་བྷ་ར་དྷྭ་ཛས་སངས་རྒྱས་ལ་སྤྱོ་བ་སྟེ་སྐྱེ་བ་ལྔ་བརྒྱ་ཞུས་པ་དང་མུ་སྟེགས་སྟོན་པ་སྡེ་དྲུག་གིས་སངས་རྒྱས་ལ་ཕྲག་དོག་ཁོ་ན་བྱས་པ་ལ་སོགས་པ་ཡིན་ཏེ་སྟོན་པ་རྒྱལ་བས་ཀྱང་ནི་སེམས་ཅན་རྣམས་མི་མགུ་བ་ཡིན་ན།བདག་འདྲ་བ་ངན་པས་ནི་སེམས་ཅན་ཐམས་ཅད་མི་མགུ་བ་སྨོས་ཅི་དགོས་སོ།།ཅི་བྱས་ཀྱང་སེམས་ཅན་མགུ་ཐབས་མི་ཐོན་པ་ཡིན་པ་དེ་བས་ན་ངོ་དགའ་ངོ་བསྟོད་ངོ་འཇོ་ལ་སོགས་པའི་འཇིག་རྟེན་མཐུན་འཇུག་གི་བསམ་པ་ཐམས་ཅད་གཏང་སྟེ་ཕྱག་པ་ཁྲི་མཆོག་གིས་ང་ལ་ནི་མིའི་སྣང་བ་མེད་གསུངས་པ་ལྟར་དུ་བཀའ་གདམས་ཀྱི་གཏད་པ་བཞི་དང་།བུད་སྙེད་ཐོབ་གསུམ་གྱིས་ས་སྟོང་ལུང་སྟོང་དུ་ཤི་བའི་སྨོན་ལམ་འདེབས་པའི་ཆོས་པ་ཞིག་དགོས་སོ།།སྤྲང་པོ་ལ་སོགས་པའི་སེམས་ཅན་རྙེད་པ་མེད་པ་ལ་སྐྱོན་མཚང་བརྗོད་ནས་སྨོད་པར་བྱེད་ཅིང་།གྲོང་ཆོག་ལ་སོགས་པ་མི་རྙེད་པ་དང་ཕྱུག་བཙན་གྱི་རྙེད་པ་མི་མཉམ་པ་ཅན་ལ་ནི་མཆོད་སྦྱིན་མི་བྱེད་པ་དང་།བཟའ་བཏུང་མི་བྲ་བ་ལ་སོགས་པས་མི་སྙན་པ་བརྗོད་དེ་ཐམས་ཅད་ཀྱིས་མི་དགའ་བ་ཡིན་ཏེ།དཔེར་ན་ཐང་སྟོང་རྒྱལ་པོ་ཚོང་ལ་མང་ཡུལ་སྐྱིད་གྲོང་དུ་བྱོན་ནས་བོང་བུ་གཉིས་ལ་རྒྱབ་ཁལ་ཅི་ཡོད་ཀྱིས་ཇོ་བོ་འཕགས་པ་ཝཱ་ཏི་ལ་མར་མེ་མང་པོ་ཕུལ་ནས་ཚོང་གྲོགས་རྣམས་དང་མཉམ་དུ་བོང་བུ་གཉིས་སྟོང་རྐྱང་དེ་དེད་ནས་འོང་པ་ལ།ཚོང་པ་གཞན་རྣམས་ཀྱིས་ཐང་རྒྱལ་རིན་པོ་ཆེ་ལ།མི་ཁྱོད་འདྲ་བ།ཡུལ་བཟང་པོ་མང་ཡུལ་སྐྱིད་གྲོང་དུ་འོངས་ཏེ་ཚོང་པས་བོང་བུ་སྟོང་འདེད་དུ་བྱེད་པ་ཁྱོད་ལས་མ་མཐོང་ཞུས་པ་ལ།ཐང་རྒྱལ་གྱིས་བུ་རམ་རྒྱབ་གཅིག་དང་རས་རྒྱབ་གཅིག་བཅས་སྤྲུལ་ནས་བོང་བུ་གཉིས་ལ་བཀལ་ནས་བྱོན་པ་ལ་ཡང་ཚོང་པ་རྣམས་ཀྱིས།བརྩོན་འགྲུས་སྨྱོན་པས་རང་ཅག་ཀུན་མགོ་གཡོག་བྱས་པ་ཡིན་པས།ཚོང་རྫས་ཀྱི་རྒྱུ་རྩའི་རིན་གྱིས་རས་དང་བུ་རམ་ཉོས་ནས་ཡོད།ཅེས་མ་དགའ་ནས་ཡང་ཐང་རྒྱལ་གྱི་སྤྲུལ་པ་བཤིགས་ནས་བོང་བུ་སྟོང་འདེད་མཛད་དགོས་པ་བྱས་པ་ལྟར་དུ་སོ་སྐྱེ་འདི་རྣམས་ནི་ཅི་བྱས་ཀྱང་སེམས་ལ་དགའ་བ་མེད་པ།རང་བཞིན་གྱིས་འགྲོགས་དཀའ་བ།བཟང་ངན་ཅི་བྱས་ཀྱང་མི་འཐད་པ།མི་ལ་འཕུར་བ་ལ་མ་དགའ་བ་དང་།མེ་དང་སྤྲེའུ་ལྟ་བུ་དེ་དག་གིས་སེམས་ལ་དགའ་བ་ཇི་ལྟར་དུ་སྐྱེ་བར་འགྱུར་ཏེ་དགའ་བ་སྐྱེ་བའི་ཐབས་མི་རྙེད་དོ་ཞེས་སམ།ཡང་ན་བྱེད་སྒྲ་སྦྱར་ན་བྱིས་གྲོགས་འགྲོགས་དཀའ་བ་དེ་དག་གིས་བདག་ལ་དགའ་བ་ཇི་ལྟར་དུ་སྐྱེ་བར་འགྱུར་ཏེ་སྐྱེ་བར་མི་འགྱུར་རོ།།དོན་ལ་དེ་དག་གིས་བྱེད་སྒྲ་མེད་པ་འདྲ་བ་ཞིག་གསུངས་སོ།།བླ་མ་དང་འཕགས་པའི་གང་ཟག་མ་གཏོགས་པ་གཞན་མཐོ་དམན་ཐམས་ཅད་ཀྱིས་བཟང་པོར་བྱས་པ་ཀུན་ལ་དུག་རོ་ཡོད་དེ་མཐར་རང་ལ་ཕན་དགོས་པ་གང་གི་ཕྱིར་ན།སོ་སོའི་སྐྱེ་བོ་བྱིས་པ་ཐམས་ཅད་ལ་རང་དོན་ལ་ནི་ཕན་པ་མེད་པར་ཤེས་ན་ཕ་མ་ལ་སོགས་པ་ལའང་དགའ་བ་མི་འབྱུང་བར་འགྱུར་བས་ན།ཐམས་ཅད་ཀྱིས་བཟང་པོར་བྱེད་པ་དང་ཕན་བཏགས་པ་དང་བསྟོད་པ་བྱེད་པ་ལ་སོགས་པའི་སྐྱེ་བོ་བྱིས་པ་འགའ་སུ་ཡང་རང་འདོད་ཁོ་ན་སྒྲུབ་པ་མ་གཏོགས་ཕན་འདོགས་པའི་མཛའ་བཤེས་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་མདོ་ལས་གསུངས་པས།རྒྱུ་མཚན་དེའི་ཕྱིར་ན་རང་མགོ་ཉི་མ་ཆོས་ཀྱིས་བཏོན་ནས་ཐམས་ཅད་ལ་ཆགས་མེད་བྱེད་པ་གལ་ཆེ་གསུངས་སོ།།བཞི་པ་སྤངས་ནས་དབེན་པ་བརྟེན་ཚུལ་ནི།ནགས་ན་རི་དྭགས་བྱ་རྣམས་དང་།།སོགས་ནས།བརྩོན་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་ཕྱི་ནང་ལ་ཆགས་སྲེད་སྤངས་ནས་རྒྱལ་བས་བསྔགས་པའི་དབེན་གནས་ཕུན་སུམ་ཚོགས་པ་ལ་དགའ་བར་བྱ་སྟེ།དེ་ལས་དང་པོ་ནགས་ཚལ་ལ་བསྔགས་པ་ནི།དགའ་བའི་ནགས་ཚལ་ལྷ་མོའི་སྐེད་ཆིངས་ནི།།ཤིང་བལ་གཞོན་ནུའི་དྲྭ་ཕྱེད་གཡོ་བ་ན།།དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་རྣམས།།འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམས།།དེ་རུ་གཤེགས་ཤིག་བསམ་བཏན་འདོད་པ་རྣམས།།ཞེས་པ་ལ་སོགས་པ་གསུངས་པའི་ནགས་ཚལ་ཡོན་ཏན་ཕུན་སུམ་ཚོགས་པ་ན་ཆགས་སྡང་མེད་པའི་གྲོགས་དམ་པ་རི་དྭགས་རྣམས་ཀྱིས་བདག་ལ་མི་སྙན་པ་བརྗོད་པར་མི་བྱེད་ལ།དེ་བཞིན་དུ་བྱ་སྣ་ཚོགས་པ་རྣམས་དང་ཤིང་རྣམས་ཀྱིས་བདག་ལ་མི་སྙན་པ་བརྗོད་པར་མི་བྱེད་པ་དེ་ལྟ་བུའི་གྲོགས་བྱ་དང་རི་དྭགས་གནས་ཤིང་དང་།བདེ་བ་དང་རང་ཉིད་རྟག་ཏུ་འགྲོགས་ན་ཉིན་གཅིག་དང་ཚེ་གཅིག་འདྲ་བ་མགུ་ཁེངས་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་ནམ་ཞིག་བདག་གནས་པར་འགྱུར་སྙམ་དུ་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱིས་སྨོན་པའི་གནས་སུ་གཉེན་པོས་རྐྱེན་ཐུབ་གཅིག་མ་འོང་བར་དུ་རྗེས་འཇུག་རང་ཉིད་འགྲོ་དགོས་གསུངས་སོ།།ཡང་ན་སྡོད་གནས་བྲག་ཕུག་གམ་ས་ཕུག་སོགས་ལྷ་འདྲེ་འདུ་བའི་གནས་ལྷ་ཁང་སྟོང་པ་ཞིག་རལ་དུ་གྱུར་པའམ།ཡང་ན་འབད་རྩོལ་མི་དགོས་པ།ཁ་ཆར་སྐྱོབ་ནུས་ཙམ་གྱི་ལྗོན་ཤིང་གི་དྲུང་དུ་འདུག་གནས་བཅས་ཏེ།ཕྱི་ཚིས་རེ་དོགས་ཀྱི་བསམ་པ་མེད་པས་ཕྱི་མཐའི་བསམ་བློ་མང་པོ་མི་གཏོང་བར་བློ་སྣ་བཙན་ཐབས་སུ་བསྟུངས་ཏེ་རི་ཁྲོད་དུ་སོང་ཟིན་ནས་མདའ་འཕངས་ཚེ་ཕྱིར་ལྡོག་མེད་པ་ལྟ་བུས་དུས་ནམ་ཞིག་ཙམ་རྒྱབ་ཏུ་མི་བལྟ་བར་ལོ་ཟླ་ཞག་གི་བསམ་བློ་མང་པོ་མི་གཏོང་ཞིང་།གནས་གྲོགས་ཟས་གོས་ལ་སོགས་པ་ལ་ཆགས་པ་མེད་པ་དེ་ལྟ་བུར་འགྱུར་བའི་དུས་ཞིག་ཡོང་ན་སྙམ་སྟེ་གུ་ནི་སྨོན་པའི་དོན་ཡིན་ནོ།།ས་ཕྱོགས་ཐམས་ཅད་གཞན་གྱིས་རྒས་དུས་དང་ཤི་དུས་སུ་དགོས་སྙམ་པའི་བདག་གིར་བཟུང་བ་མེད་པ་ན་བཙན་པོ་ལ་སོགས་པ་མེད་པས་རང་བཞིན་གྱིས་ནི་ཡངས་པའི་གནས་རྣམས་སུ་འགྲོ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ལ་རང་དབང་དུ་སྤྱོད་ཅིང་།སེམས་ཀྱིས་ཡུལ་ལ་ཞེན་ཆགས་ཆོད་ན་གཞན་ཐམས་ཅད་དང་འགྲོགས་བདེ་ཞིང་།སོང་ན་བྱ་དང་བསྡད་ན་བྱེའུ་ལྟར་ཆགས་པ་མེད་པར་ཕུན་སུམ་ཚོགས་པའི་དབེན་གནས་དེ་ལྟ་བུ་ཞིག་ཏུ་དུས་ནམ་ཞིག་ཙམ་ན་བདག་ནི་གནས་པར་འགྱུར་བའི་དུས་ཤིག་ཡོང་ན་སྙམ་པའི་སེམས་ཀྱིས་སྨོན་པར་བྱའོ།།རི་ཁྲོད་དབེན་པའི་གནས་སུ་ཡོ་བྱད་ཀྱི་ཁྱད་པར་ནི་ཡོ་བྱད་བཟང་པོ་དགྲ་འདྲེ་འབོད་པའི་གཡབ་མོ་ཡིན་པས་ན།ནང་དུ་བླུགས་སླ་བས་ས་ལ་སོགས་པའི་ལྷུང་བཟེད་ཆུ་ཚགས་ལ་སོགས་པའི་ཉི་ཚེ་ཞེས་པ་ནི་ཐབས་མི་ཆགས་པའི་ཕྲན་ཚེགས་དང་།དགྲ་ཇག་ཐམས་ཅད་ཀུན་ལ་མི་མཁོ་བའི་རྙེད་སླ་ཕྱག་དར་ཁྲོད་པའི་གོས་བྱང་སེམས་དབུལ་པོ་དེས་པའི་ན་བཟའ་ལྟ་བུའི་གོས་འཆང་བར་བྱ་ཞིང་།བཅའ་ཁ་བཟང་པོ་དང་གོས་སོགས་ཡིད་འཕྲོག་པ་མེད་པས་ལུས་འདི་ཇག་རྐུན་སོགས་ལ་སྦ་བར་མ་བྱས་ཀྱང་རྗེ་བཙུན་མི་ལ་ལྟར་དུ་ནོར་མེད་ཙ་ན་དགྲ་དང་བྲལ་བས་དགྲས་འཇིགས་པ་མེད་པའི་སེམས་ཀྱིས་གནས་པར་དུས་ནམ་ཞིག་ཏུ་འགྱུར་སྙམ་པར་བྱའོ།།དེ་ནས་ཡིད་བྱེད་ཀྱི་ཁྱད་པར་ནི།དུར་ཁྲོད་ཀྱི་གནས་སུ་སོང་ནས་མི་སྡུག་པ་དང་མི་གཙང་བ་དང་མི་རྟག་པའི་རང་བཞིན་ཅན་དུ་བསྒོམ་པའི་ཕྱིར་དུ་གཞན་མི་ཤི་བ་དག་གི་རུས་གོང་འཐོར་བ་དག་དང་།བདག་གི་ལུས་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དེ།རོའི་རུས་པ་འདི་རྣམས་ཀྱང་དང་པོ་ད་ལྟའི་བདག་གི་ལུས་ལྟར་དུ་མི་རོ་གསེར་ཆུས་བྱུག་པ་ཞིག་ཡིན་པར་ངེས་ཀྱང་ད་ལྟ་འཐོར་ཚུལ་འདི་དང་བདག་ལུས་གཉིས་ཀ་མགོ་སྦྲེལ་ཏེ་བདག་གཞན་གཉིས་ཀའི་ལུས་འཇིག་པའི་ཆོས་ཅན་ནམ་མཚན་ཉིད་ཅན།ནམ་འཇིག་པའི་རང་བཞིན་ཅན་དག་ཏུ་ནི་དུས་ནམ་ཞིག་ན་མགོ་སྙོམས་སུ་བྱེད་པར་འགྱུར་སྙམ་དུ་བསམ་དགོས་སོ།།བདག་གི་ད་ལྟའི་ལུས་ནི་གཅེས་ཤིང་དམར་བ།ལུས་དར་ཟབ་ཀྱི་སྦུབས་སུ་ཁ་ཇ་ཆང་གི་ངང་ནས་ཡོད་པ་འདི་ཉིད་ཀྱང་ཤི་བའི་གནས་སྐབས་སུ་ལུས་སེམས་ཀྱི་ཚོགས་པ་གྱེས།རྣམ་ཤེས་ཀྱི་བདག་པོ་དང་བྲལ།འབྲལ་ཅིང་ཤུལ་དུ་ལུས་པའི་རོ་རུལ་པ་གང་གི་དྲི་ཡིས་གཙང་རྩོག་མེད་པ་རོ་ལ་དགའ་བའི་ཚད་དུ་གྱུར་པའི་ཝ་དང་ཁྱི་དག་ཀྱང་རོའི་དྲི་མ་ངན་པ་རུལ་བའི་རྐྱེན་གྱིས་རོ་དྲུང་དུ་ཉེ་བར་འགྲོ་བར་མི་འགྱུར་བ།མི་ལུས་ནི་རུལ་ཏེ་རོ་ཡང་མེད་པ་དེ་ལྟ་བུར་ནི་འགྱུར་བ་ཉིད་དུ་འོང་ངེས་པ་ཅན་ཡིན་པས་ལུས་ལ་གཅེས་འབྱོར་སོགས་ཀྱིས་བྲེལ་བར་མི་བྱའོ།།དེ་ལ་དགོངས་ཏེ་རྗེ་མི་ལས།རོ་ཞེས་བྱ་བ་མཐོང་ན་འཇིགས་པ་དེ།།དུས་ད་ལྟ་ལུས་ཀྱི་རྩ་ན་གདའ།།ཞེས་གསུངས་པས།དོན་ལ་འོང་ངོ་མ་ནི་འཆི་བ་ཡིན་ཏེ།ད་ལྟ་ལུས་ཀྱི་གཅེས་འཛིན་འདི་ཆོད་དགོས་གསུངས་སོ།།བདག་གི་ལུས་འདི་མའི་མངལ་ནས་རང་གཅིག་པུ་བྱུང་བ་དེའི་ཚེ་ན་ཡང་ལྷན་ཅིག་ཏུ་མཉམ་པོར་འགྲོགས་ཤིང་སྐྱེས་པའི་ཤ་དང་རུས་པ་དེ་དག་གཉིས་ཀ་ཞིག་སྟེ་ཤ་ཡང་ལོགས་ཤིག་དང་རུས་པ་ཡང་ལོགས་ཤིག་ཏུ་འཐོར་ནས་ཁ་ཁ་སོ་སོར་འགྱེས་པར་འགྱུར་བ་ཡིན་ན།གཉེན་ཉེ་དུ་གྲོགས་མཛའ་བཤེས་ཡིད་དུ་འོང་བ་གཞན་དེ་དག་ཐམས་ཅད་དང་རང་གཉིས་སོ་སོར་གྱེས་པར་འགྱུར་བ་ཅི་ཞིག་སྨོས་ཏེ་སོ་སོར་འབྲལ་བར་ངེས་སོ།།རང་ཉིད་སྐྱེ་བའི་ཚེ་ན་ཡང་རྒྱུ་རྫས་ཀྱི་ལོངས་སྤྱོད་ཅི་ཡང་ཁུར་རྒྱུ་མེད་པར་བདག་གཅིག་པུ་ཞིག་གཅེར་བུ་ལག་སྟོང་མཆན་དུ་བཅུག་པ་ཞིག་སྐྱེ་བར་འགྱུར་བ་ཡིན་པས་སྐྱེ་རོགས་གཞན་མེད་པ་ཤེས་པར་བྱ་ཞིང་།དེ་བཞིན་ཏུ་རང་ཉིད་འཆི་བའི་དུས་ལ་བབ་པ་ནའང་སྔར་གྱི་གཅེར་བུ་ལག་སྟོང་དེ་ཉིད་གཅིག་པུ་ཞིག་འཆི་བར་ཤེས་པར་བྱ་བ་གལ་ཆེ་སྟེ།འཆི་རོགས་མེད་པར་མ་ཟད་ཚེ་འདིར་ཡུལ་འཁོར་དང་མཆེད་གྲོགས་ཕ་མ་གཉེན་བཤེས་ཐམས་ཅད་ཀྱི་དོན་དུ་ཡིན་བསམ་ནས་སྡིག་པ་བྱས་ཚད་ཀྱི་འབྲས་བུ་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་སྐལ་བ་ནི་བདག་རང་ཉིད་ཀྱིས་ཁུར་ནས་ངན་སོང་དུ་འགྲོ་བ་མ་གཏོགས།གཞན་གཉེན་བཤེས་རྩ་ལག་སུས་ཀྱང་མི་ལེན་ཅིང་བདག་ཉིད་ལ་དོན་ཆེན་འགགས་ལ་ཐུག་ནས་ནམ་འཆི་བའི་དུས་ལ་བབ་ཚེ་ན་རོགས་དང་ཤི་རོགས།བར་དོ་དང་ངན་སོང་གི་གནས་སུ་འགྲོ་རོགས་ལ་སོགས་པ་མི་བྱེད་ལ།ད་ལྟ་བདེ་སྐྱིད་དང་ལྡན་པའི་ཚེ་ན་ཟས་ཟ་གྲོགས་ཤིག་ཡིན་ཏེ།རྗེ་མི་ལས།སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན།།གསུངས་པ་ལྟར་དུ་ཟས་གོས་བརླག་བྱེད་མ་གཏོགས་དམྱལ་བའི་སྡུག་བསྔལ་སོགས་མྱོང་གྲོགས་མི་བྱེད་ན།དམ་པའི་ཆོས་སྒྲུབ་པ་ལ་གེགས་བྱེད་པའི་གཉེན་དང་མཛའ་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།ད་ལྟའི་གཉེན་བཤེས་ཐམས་ཅད་ཡུན་རིང་པོའི་གྲོགས་མིན་ཏེ།དཔེར་ན་ཚོགས་པ་ལ་སོགས་པ་རྣམས་ནི་ཡུལ་ལ་འགྲོ་བའི་ཚེ་ན་ཉིན་མོ་ལ་འགྲོ་བའི་ལམ་དག་རུ་ནི་ཞུགས་ནས་འགྲོ་བར་བྱེད་པ་རྣམས་ཀྱང་།མཚན་མོ་ལ་ནི་འགྲོ་ཇི་ལྟར་དགོས་ནའང་གནས་ཚང་ཞིག་ལ་ནི་བསྟེན་ནས་རང་རང་གི་སྡོད་གནས་འཛིན་པར་བྱེད་པ་ལྟར་ཏེ།དཔེ་དེ་བཞིན་དུ་རང་གཞན་སེམས་ཅན་ཐམས་ཅད་སྲིད་པ་ཁམས་གསུམ་འཁོར་བའི་ལམ་རྒྱུད་ལྔ་པོ་ལ་ཞུགས་ནས་འགྲོ་བཞིན་དུ་ད་དུང་མི་ལུས་འདི་ལ་སོགས་པ་ལ་གྲབས་མང་པོ་བྱས་པས་ཚེ་ཟད་པར་བྱེད་པའང་མི་ཤེས་ཀྱང་།ཚེ་ཕྱི་མའི་གྲབས་ཀྱི་འགོ་ལ་འཇུས་ནས་སྐྱེ་བ་སྔ་མ་ལ་ཐག་ཇེ་རིང་དང་སྐྱེ་བ་ཕྱི་མ་ལ་ཐག་ཇེ་ཉེར་སོང་ནས་ཚེ་ཕྱི་མའི་སྐྱེ་བའི་གནས་བཞི་པོ་གང་རུང་ཞིག་ནི་ཡོངས་སུ་འཛིན་པར་གྱུར་ཏོ།།དཔལ་ས་སྐྱ་བ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས།མི་ཚེ་ཐམས་ཅད་གྲབས་ལ་འཛད།།གྲབས་བྱེད་པའི་འཕྲོ་ལ་ཐམས་ཅད་འཆི།།ཤི་ཡང་གྲབས་ལ་ཟད་པ་མེད།།ཚེ་ཕྱི་མའི་གྲབས་ཀྱི་མགོ་ལ་འཇུ།།ཞེས་གསུངས་པ་སོགས་ལ་བསམ་ནས་སྐྱེ་བ་སྔ་ཕྱི་ཡར་མར་འགྲོ་བ་དང་འདྲ་བའི་ཚེ་མཚམས་འདི་ཉིད་དུ།ཞག་གཅིག་གནས་ཚང་ལྟ་བུའི་བར་འདི་ལ།དེང་སང་གཅིག་པུར་གནས་ཏེ་དམ་ཆོས་འགྲུབ་ཐབས་གལ་ཆེ་གསུངས་སོ།།ད་ལྟ་རང་གཞན་ཀུན་གྱི་ཁང་པ་དང་སྦྲ་ལ་སོགས་པའི་སྡོད་གནས་འདི་དག་ཀྱང་གཏན་གྱི་སྡོད་གནས་མིན་ཏེ།རང་ཉིད་ཤི་བའི་དུས་ན་འཇིག་རྟེན་གྱི་ཕ་མ་གཉེན་བཤེས་བུ་ཚ་འཁོར་གཡོག་ཐམས་ཅད་ཀྱིས་ཕྱོགས་ཀུན་ནས་གདུང་བས་ངུ་འབོད་དང་།མྱ་ངན་གྱིས་སྨྲེ་སྔགས་འདོན་བཞིན་དུ་ཁང་སྦྲ་གང་རུང་གི་གནས་སུ་ཇི་སྲིད་དུ་འདུག་ཚད་རྫོགས་པ་དང་།མཉམ་དུ་རྒྱ་གར་ན་ཕུང་པོ་དེ་ཉིད་སྒོ་ལྟ་བུའི་ཤིང་ལེབ་ཀྱི་ཁྱོགས་ལ་བཞག་སྟེ་སྐྱེས་བུ་མི་བཞི་ཡིས་ཕྱོགས་བཞི་སོ་སོ་ནས་ནི་བཟུང་སྟེ་ཁང་སྦྲ་དེ་ལས་ཕུང་པོ་དེ་ནི་རོ་ཁུར་གྱིས་མ་བཏེག་པ་ཡི་གོང་ཉིད་དེ་སྲིད་དུ་ནི་གསོན་ཚེ་འདི་ལ་དབེན་པ་ནགས་ཀྱི་དབུས་སུ་སོང་ཞིག།།ཅེས་གདམས་པར་མཛད་དོ།།ང་གཉེན་གྲོགས་གནས་སོགས་སྤངས་ནས་ཅི་དགོས་སྙམ་ན།རྒྱལ་བས་བསྔགས་པའི་དབེན་ཁྲོད་ལ་སོགས་ནས་བརྩེ་ཞིང་གདུང་སེམས་ཆེ་བའི་གཉེན་བཤེས་ཀྱང་མེད་པ་དང་།དགྲ་གྱོད་ཁོང་ཁྲོ་ལ་སོགས་པའི་འཁོན་པའང་མེད་པར་བྱས་ནས་བདག་གི་ལུས་འདི་གཅིག་པུ་ཞིག་ཏུ་འདུ་འཛི་དང་རྣམ་རྟོག་གི་རྣམ་གཡེང་གིས་དབེན་པའི་རི་ཁྲོད་ལ་གནས་ཏེ།དགོན་སྡེ་དང་ཁྱིམ་ཚང་ལ་སོགས་པས་རང་གི་གྲལ་དུ་མི་འཇོག་པར་དུས་སྔ་མོ་ནས་རང་ལ་ཤི་བ་དང་འདྲ་བར་བརྩིས་ཏེ།ཚེ་འདིའི་རེ་ཐག་རང་གིས་གཅོད་ནུས་ན་མི་མེད་ལུང་སྟོང་དུ་རང་གཅིག་པུ་ཤི་ནའང་རང་གི་རྗེས་སུ་ངུ་འབོད་དང་མྱ་ངན་སྡུག་བསྔལ་བྱེད་པ་སུ་ཡང་མེད་ཚེ་རྣལ་འབྱོར་བ་ན་དགའ་ཤི་སྐྱིད་བྱེད་ཆོག་སྟེ།རྗེ་བཞད་པ་རྡོ་རྗེས།ང་ན་བ་དགྲ་ཡིས་མ་ཚོར་ཞིང་།།ཤི་བ་གཉེན་གྱིས་མ་ཚོར་བར།།རི་ཁྲོད་འདི་རུ་འཆི་ནུས་ན།།རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།གསུངས་པ་ལྟར་རོ།།རང་འཆི་བའི་ཚེ་ན་ནད་གཡོག་ལ་སོགས་པ་དྲུང་ན་འཁོད་པ་ཐམས་ཅད་སུ་དག་ཡིན་ཀྱང་།རྒྱུ་རྫས་ལ་བརྣབ་སེམས་ཅན་ཟ་བསམ་མི་ཁོ་ན་ཡིན་པས་འཆི་ཁའི་ཉམས་ལེན་ཅི་ཡོད་ཀྱང་བརྗེད་དུ་འཇུག་པའི་གནོད་བྱེད་གང་ཡང་མེད་ཚེ།གཉེན་བཤེས་ལ་སོགས་པས་མྱ་ངན་དང་སྡུག་བསྔལ་བྱེད་མི་མེད་ཅིང་།ཐར་ལམ་དང་ཉམས་ལེན་ལ་བར་དུ་གཅོད་པའི་གནོད་པ་བྱེད་པ་དང་རྐང་ལག་ཏུ་འཛིན་མཁན་ལ་སོགས་པ་མེད་པས་ན་བདག་ཉིད་གཅིག་པུར་གྱུར་པ་འདི་ཡིས་ནི་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་དང་།དེ་བཞིན་དུ་འཆི་ཁའི་ཉམས་ལེན་བྱང་ཆུབ་ཀྱི་སེམས་དང་འཕོ་ལུང་དང་བློ་སྦྱོང་དང་བྱམས་དང་སྙིང་རྗེ་ལ་སོགས་པ་རྗེས་སུ་དྲན་ཏེ།གཞན་སུས་ཀྱང་བདག་སེམས་གཡེང་བར་འགྱུར་བ་མེད་པའི་ཤི་ལུགས་འདི་ནི་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལྟར་དུ་ཤིན་ཏུ་བཟང་རབ་ཀྱི་མཆོག་ཡིན་ནོ།།ས་སྟོང་དང་ལུང་སྟོང་དུ་ཤི་ན་གཞན་སུས་ཀྱང་བདག་སེམས་གཡེང་པར་འགྱུར་བ་མེད་པ་དེ་བས་ན།རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་ཤིན་ཏུ་མདངས་དགའ་བའི་སྔོ་ལྗང་གི་ནགས་ཚལ།བྱ་བྱེད་མི་དགོས་པས་ཚོགས་ཆུང་བ་དང་།ལུས་བདེ་ཞིང་སེམས་སྐྱིད་པར་བྱེད་ཅིང་།མི་མང་པོ་མེད་པས་ཡུལ་ལ་གཡེང་བ་ཐམས་ཅད་ཞི་བར་བྱེད་ནུས་པར་གྱུར་པའི་དབེན་གནས་དེ་ལྟ་བུ་ཞིག་ན་བདག་ཉིད་གཅིག་པུ་ཞིག་ཏུ་གནས་པར་བྱ་སྟེ།ཆེད་དུ་བརྗོད་པའི་ཚོམས་ལས།སྟན་གཅིག་མལ་སྟན་གཅིག་པ་དང་།།གཅིག་པུ་སྙོམ་ལས་མེད་པར་སྤྱོད།།གཅིག་པུ་ནགས་ཚལ་གནས་པ་དང་།།གཅིག་པུས་བདག་ཉིད་གདུལ་བར་བྱ།།ཞེས་གསུངས་པ་དང་།རས་པ་ཞི་བ་འོད་ཀྱིས།བདག་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང་།།ཆོས་མཐུན་གྲོགས་པོ་དགེ་སྦྱོར་གྱི་རྟེན།།གསུམ་བཞི་ཕན་ཆོད་ཆགས་སྡང་གི་རྒྱུ།།བདག་དེས་ཀྱང་གཅིག་པུར་བསྡད་པ་ཞིག་ལགས།།ཞེས་དང་།ཚངས་པ་ནི་འཐབ་ཟླ་མེད་པས་གཅིག་ཉིད་དུ་བདེ་ལ།ལྷ་དབང་བརྒྱ་བྱིན་ནི་ལྷ་མིན་དང་འཐབ་དགོས་པས་གཉིས་སུ་འགྱུར་ཞིང་།མིའི་རྒྱལ་པོ་ནི་དགྲ་ཟླ་གཉིས་གསུམ་ལ་སོགས་པ་ཡོད་པས་མི་བདེ་བ་ཡིན་ལ།དེ་ལས་མང་ན་འཁྲུག་པ་འཕེལ་བས་གཅིག་པུར་གནས་པ་གལ་ཆེ་སྟེ།འདུལ་བ་ལུང་བཞི་ལས།ཚངས་པ་ཇི་བཞིན་གཅིག་དེ་བཞིན།།བརྒྱ་བྱིན་ཇི་བཞིན་གཉིས་དེ་བཞིན།།རྒྱལ་བོ་ཇི་བཞིན་གསུམ་དེ་བཞིན།།དེ་ལས་མང་ན་འཁྲུག་པར་འགྱུར།།ཞེས་གསུངས་སོ།།དེ་ལྟ་བུའི་དབེན་གནས་སུ་དུར་རྐུན་ཝ་ལྟ་བུའི་ཆོས་པ་རྒྱུག་མདུར་ལོང་ལོང་མི་བྱེད་པར་དྲང་སྲོང་ལྷ་ལྟ་བུའི་ཆོས་པ་རྣམ་དག་གཅིག་བྱས་ཏེ།སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས།།བསམ་གཏན་ལྷ་དང་ཅིས་མ་འདྲ།།དེ་ལྟར་མི་བྱེད་པར་འཇིག་རྟེན་མཐུན་འཇུག་གི་ཚེ་འདིའི་བསམ་པ་གཞན་ཐམས་ཅད་བྱ་བ་དང་བཅས་པ་ནི་དུས་ཀུན་ཏུ་ཡོངས་སུ་བཏང་སྟེ།ཤེས་བཞིན་ནང་དུ་བཀུག་ནས་བདག་རང་ཉིད་ལ་སེམས་ཤིང་དམ་པའི་ཆོས་ཁོ་ན་ལ་བསམ་པ་གཏད་པ་གཅིག་པུ་དེ་ཡིས་རང་གི་སེམས་ནི་ཞི་གནས་ཀྱིས་མཐོ་དམན་དང་དལ་བྲེལ་མཉམ་པར་བཞག་པར་བྱ་བའི་ཕྱིར་དང་།རྒྱལ་བ་ཙོང་ཁ་པས།བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག།།བཞག་ན་གཡོ་མེད་རི་ཡི་རྒྱལ་པོ་བཞིན།།བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་འདྲ།།ཞེས་གསུངས་པ་ལྟར་དུ་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་ཕྱིར་ལྷག་མཐོང་གིས་ནི་རང་གི་སེམས་དུལ་བར་བྱ་བའི་ཕྱིར་དུ་ལྟོ་གོས་གཏམ་གསུམ་གྱི་ཞེན་པ་སྤངས་ཏེ་དགེ་བའི་བྱ་བ་ཐམས་ཅད་ལ་བརྩོན་པར་བྱ་དགོས་སོ།།དེ་ཡན་ཆད་ཀྱིས་འཇིག་རྟེན་སྤང་བ་སོང་ནས།གཉིས་པ་རྣམ་རྟོག་དོར་བ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།འཇིག་རྟེན་འདི་དང་ཕ་རོལ་ཏུའང་།།སོགས་ནས།དམྱལ་སོགས་སྒྲུབ།།ཅེས་པའི་བར་གྱིས་བསྟན།དེ་ལྟར་འཇིག་རྟེན་ཚེ་འདི་ལའང་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པས་རྒྱལ་པོའི་ཆད་པ་ལ་སོགས་པའི་གནོད་པ་ཐམས་ཅད་བསྐྱེད་པ་དང་།ཚེ་ཕྱི་མ་ཕ་རོལ་ཏུའང་འདོད་པ་ལྔ་པོ་རྣམས་ལ་མིག་གིས་བལྟ་ཞིང་རྣ་བས་ཉན།སྣས་སྣོམས།ལྕེས་མྱོང་།ལུས་ཀྱིས་རེག་པས་ནི་ཕུང་ཁྲོལ་ཞེས་གནོད་པ་མཐའ་དག་སྐྱེད་པར་བྱེད་ལ།ཚུལ་ཇི་ལྟར་གནོད་ན།ཚེ་འདིར་ནི་མིག་ཤེས་གཟུགས་ལ་ཆགས་པས་ཕྱི་ལེབ་མར་མེར་འཆི་བ་དང་།རྣ་ཤེས་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད་པ་དང་།སྣ་ཤེས་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམས་ནས་འཆི་བ་དང་།ལྕེ་ཤེས་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་བཟུང་ནས་གསོད་ཅིང་འཆི་བ་དང་།ལུས་ཤེས་རེག་བྱ་འཇམ་པོ་ལ་ཆགས་པས་གླང་པོ་ཆེ་ཞགས་པས་འཆིངས་ཤིང་ལྕགས་ཀྱུས་འདུལ་བ་དང་།ཇག་རྐུན་འདོད་ལོག་ལ་སོགས་པའི་དོན་དུ་བརྡུང་བརྡེག་དང་མགོ་དང་ཡན་ལག་གཅོད་པས་སྡུག་བསྔལ་བ་དང་།ཚེ་ཕྱི་མ་ཕ་རོལ་ཏུ་ནི་དམྱལ་བ་སོགས་པའི་ངན་སོང་མུ་མཐའ་མེད་པའི་སྡུག་བསྔལ་གྱི་རྒྱུ་ཁོ་ན་རང་རྒྱུད་ལ་སྒྲུབ་པས་ཕུག་གནོད་པ་ཐམས་ཅད་ཀྱི་རྟེན་དང་འབྱུང་ཁུངས་སུ་འགྱུར་རོ།།གཉིས་པ་རྒྱས་པར་བཤད་པ་ལ།ནང་བུད་མེད་ཀྱི་སྲེད་པ་སྤངས་བ་དང་།ཕྱི་རྙེད་སོགས་ཀྱི་སྲེད་པ་སྤང་བ་དང་།དབེན་པའི་ཡོན་ཏན་དྲན་པ་དང་གསུམ་ལས།དང་པོ་ནང་བུད་མེད་ཀྱི་སྲེད་པ་སྤང་བ་ལའང་།རྒྱུ་སྒྲུབ་དཀའ་བ་དང་།ངོ་བོ་མི་གཙང་བ་ཡིན་པ་དང་།འབྲས་བུ་གནོད་པ་མང་བ་དང་གསུམ་ལས།དང་པོ་རྒྱུ་སྒྲུབ་དཀའ་བ་ནི།ཕོ་ཉ་ཕོ་ཉ་མོ་ཡིས་སྔོན།།སོགས་ནས།འདས་མི་འགྲོ།།ཞེས་པའི་བར་གྱིས་བསྟན།དེ་ཡང་འདོད་ཁམས་ཀྱི་འདོད་པའི་གཙོ་བོ་བུད་མེད་ཀྱི་རེག་བྱའི་བདེ་བ་དོན་དུ་གཉེར་བའི་ཕྱིར་དུ་རང་དང་བུད་མེད་གཉིས་ཀ་ཕན་ཚུན་འཕྲད་པའི་ཕྱིར་དུ་བར་ལ་འཕྲིན་པ་མངགས་པར་བྱེད་པ་ལ་ཕོ་ཉ་ཞེས་གཡོག་ཕོ་དང་ཕོ་ཉ་མོ་ཞེས་གཡོག་མོ་རྣམས་མངག་གཞུག་དེ་ཡིས་སྔོན་དུ་འཕྲིན་སྐྱེལ་ཞིང་།དེ་ནས་ཕན་ཚུན་མ་ཕྲད་གོང་དུ་བུད་མེད་གང་གི་ཕྱིར་དུ་བདག་གི་ཕྲིན་ལས་པ་ཕོ་མོ་ལན་གྲངས་དུ་མར་མངག་སྟེ་གསོལ་བ་བཏབ་ཅིང་ཞེས་པ་ནི་རང་གིས་རེ་བ་ཆེན་པོར་བཅས་ཏེ་བསྒུག་ཀྱང་།ཕྱི་རོལ་གྱི་བུད་མེད་གཡོན་ཅན་མ་དཔེ་ནི་ཆེ་འགྱིང་ལ་སོགས་པ་བྱེད་མདོག་གིས་རྒྱུ་རྫས་དོན་དུ་གཉེར་ཞིང་།བུད་མེད་དེའི་དོན་དུ་སྡིག་པ་རྣམས་ལ་མི་འཛེམས་ཏེ།རང་གིས་བྱས་སམ་གཞན་ལ་བྱེད་དུ་འཇུག་སྟེ།སྔོན་དུས་སུ་ལྷ་ཆེན་པོ་ཟེར་བ་ཞིག་གིས་བུད་མེད་ཀྱི་དོན་དུ་ཕ་མ་གཉིས་དང་དགྲ་བཅོམ་པ་ཞིག་དང་གསུམ་བསད་པ་ལྟ་བུ་ལ་སོགས་པ་དང་།ད་ལྟའང་བུད་མེད་ཀྱི་དོན་དུ་ཕ་མ་ལ་སོགས་པ་བརྡུང་བརྡེག་ཚིག་ངན་དང་སྒོ་ཕྱིར་བསྐྲད་པ་ལྟ་བུ་དང་།ཕྱོགས་དང་ཕྱོགས་སུ་གྲགས་པ་མིན་པ་འཕེལ་བ་ལའང་བུད་མེད་གང་གི་དོན་དུ་མ་འཛེམས་པར་འདོད་པ་ལ་སྤྱོད་པ་རྣམས་ཀྱིས་ནི་ཉེས་པ་མི་བྱེད་པ་ནི་གང་ཡང་མེད་པ་དང་།ཚེ་འདིར་རྒྱལ་པོའི་ཁྲིམས་ཀྱི་འཇིགས་པ་དང་།བདག་པོས་རྒྱུ་ཟས་ཕྲོགས་པ་དང་།གསོད་པའི་འཇིགས་པ་དང་།ཕྱི་མ་དམྱལ་བ་ངན་སོང་གི་འཇིགས་པ་ལ་མི་སྐྲག་པར་བུད་མེད་ཀྱི་དོན་དུ་བདག་ནི་ཞུགས་ཤིང་།བདག་ལ་ཡོད་པའི་ཟས་གོས་བཟའ་བཏུང་རྒྱུ་རྫས་རྣམས་ཀྱང་ཡར་མཆོད་མར་སྦྱིན་དང་རང་གིས་ལོངས་སྤྱོད་མི་བྲ་བ་ཐམས་ཅད་ཀྱང་།བུད་མེད་ཀྱི་དོན་དུ་ནི་སེར་སྣའི་མདུད་པ་ལས་གྲོལ་སོང་བ་ལྟ་བུས་ཤ་ཆང་རྒྱན་ཡོ་བྱད་སོགས་ཀྱི་ཆེད་དུ་ལོངས་སྤྱོད་མ་ལུས་པ་ཐམས་ཅད་ཟད་པར་བྱས་ཤིང་།ད་དུང་འདོད་པའི་དབང་དུ་གྱུར་ཏེ་ཤི་འདྲ་དང་མདོ་འདྲ་མས་བུ་ལོན་ལ་སོགས་པ་བྱེད་པར་འགྱུར་ཏེ།འཕགས་པ་དཀོན་མཆོག་བརྩེགས་པ་ལས།འདོད་པའི་རྩ་བ་བུད་མེད་ཡིན།།སྐྱེ་བའི་རྩ་བ་མི་ཤེས་པ།།སྡུག་བསྔལ་རྩ་བ་ཕུང་པོ་སྟེ།།དེ་བས་སྡུག་བསྔལ་ཡོངས་སུ་སྤངས།།ཞེས་གསུངས་པ་ལྟར་དུ་སེམས་ལ་འདོད་ཞེན་གྱི་དབང་གིས་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པ་མེད་པའི་ཆགས་ཡུལ་བུད་མེད་གང་གི་ལུས་ལ་ཡོངས་སུ་འཁྱུད་པའི་འདོད་ཞེན་ཁོ་ན་དེ་ཡིས་རང་སེམས་ལ་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་བའི་ཡུལ་བུད་མེད་དེ་དག་ཉིད་ཀྱི་ལུས་ནི་རུས་པའི་ཕུང་པོ་ཀེང་རུས་ཁོ་ན་ཉིད་ཡིན་ལ།གཞན་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་དང་ཙན་དན་གང་ཡང་མིན་པར་ངེས་ན།གང་ཟག་གི་བདག་མེད་པའམ་རང་གི་ཆུང་མ་མིན་པས་ན་རང་དབང་དང་བཅས་པ་ནི་མིན་ལ།ཆོས་ཀྱི་བདག་མེད་པའམ་གཞན་གྱི་ཆུང་མ་ཡིན་པས་ན་བདག་གི་མིན་ལ།ཆགས་ཡུལ་དང་མ་ཕྲད་ གོང་དུ་ནི་རང་སེམས་ལ་རབ་ཏུ་འདོད་ཅིང་ཆོག་ཤེས་མེད་པའི་སེམས་ཀྱིས་ཡོངས་སུ་ཞེན་ཅིང་ཆགས་པར་གྱུར་ནས་འཁོར་བ་ངན་སོང་གི་རྩ་བ་ཤ་རུས་ཀྱི་ཕུང་པོ་ཞིག་ལ་ཆགས་ཏེ་བློས་ནི་མི་ཐོངས་།རྗེས་སུ་ནི་མི་འབྲང་བ་དེ་ལྟ་བུའི་རྫས་ངན་ཞིག་ལ་བདག་བཟུང་བྱེད་འདུག་པ་ལས་སེམས་ངན་མ་ཁྱོད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་དུ་ཚངས་སྤྱོད་ཡང་དག་པའི་སྡོམ་པ་ཞིག་གིས་རང་རྒྱུད་བསྡོམས་ནས་སྔོན་གྱི་རྒྱལ་བ་སྲས་བཅས་ལྟར་དུ་ཞི་བ་མྱ་ངན་ལས་འདས་པའི་གནས་སུ་མི་འགྲོ་སྟེ་ད་ལྟ་འགྲོ་བར་བྱེད་དགོས་སོ།།ཞི་བསིལ་ཕུན་ཚོགས་བདེ་སྐྱིད་ཀུན་ལྡན་གྱི་ཐར་བ་མྱང་འདས་དང་།ཤ་ཁྲག་རུས་པ་དང་མི་གཙང་རྫས་ངན་གྱི་ཕུང་པོ་ཞིག་གཉིས་སེམས་ངན་མ་ཁྱོད་ལ་ཞི་བ་ལྷ་བདག་གིས་བདམ་ག་གཏད་པ་ཡིན་པས་ད་རེས་མ་ནོར་མྱ་ངན་ལས་འདས་པ་བདམ་དགོས།ཞེས་པའི་དོན་ཡིན་གསུངས་སོ།།གཉིས་པ་ངོ་བོ་མི་གཙང་བ་ཡིན་པར་བསྟན་པ་ནི།གང་ཞིག་དང་པོ་འབད་དེ་བཏེགས།།སོགས་ནས།དུར་ཁྲོད་ལ་དགའམ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་བུད་མེད་ལ་སོགས་པའི་ཆགས་ཡུལ་གྱི་ལུས་དེ་ཉིད་ལ་ནི་ཡང་ན་དབྱིབས་མཛེས་པའམ་ཁ་དོག་དཀར་དམར་གྱི་མདངས་ཅན་ནམ་རེག་བྱ་འཇམ་པ་སྟེ།དབྱིབས་དང་ཁ་དོག་རེག་བྱ་གང་རུང་ཞིག་ལ་ཆགས་སེམས་སྐྱེད་དགོས་པ་ན།དང་པོ་དབྱིབས་སོགས་ལ་ཆགས་ནས་བུད་མེད་གང་ཞིག་དང་ཕྲད་པའི་ཕུང་པོ་ཉིད་དུ་ཁ་ལ་སོགས་པ་གཏུགས་བསམ་ནས་འབད་དེ་མན་ནེའི་ཞབས་ནས་བཏེག་སྟེ་ལག་པ་ནས་སམ་ངོ་གདོང་གྱེན་དུ་དྲངས་ཀྱང་ངོ་ཚ་བས་འོག་ཏུ་ལྟ་བར་བྱེད་ཅིང་།སྔོན་ཆད་བུད་མེད་དེ་ནི་ཕ་མའི་གོ་ན་ཡོད་ཚེ་ཐག་ཉེ་བས་མཐོང་ངམ་ཐག་རིང་བས་མ་མཐོང་ན་ཡང་རུང་སྟེ།ཁྱིམ་ནང་ལ་གསར་དུ་སླེབས་ཚེ་རྒྱར་ན་སེང་རས་ལྟ་བུའི་གོས་ཀྱིས་བུད་མེད་ཀྱི་གདོང་ནི་གཡོག་པར་འགྱུར་བས་གདོང་དེ་ཉིད་མཐོང་ངམ་སྙམ་ནས་སྡུག་བསྔལ་སྣ་ཚོགས་ཀྱིས་སེམས་ངན་མ་ཁྱོད་ཉིད་སྲོག་ཆད་ལ་ཁད་པས་ཉོན་རེ་མོངས་ཞེས་པ་ནི་དཀའ་ཚེགས་ཁོ་ན་བྱེད་པའི་བུད་མེད་ཀྱི་གདོང་དེ་ཉིད་ནི་ད་ལྟ་ཤི་བའི་གནས་སྐབས་སུ་ནི་ལྷ་ཁང་གི་སྒོ་ཕྱེས་པ་དང་།ཐང་ཁའི་ཞལ་ཁེབས་བསལ་བ་ལྟ་བུའི་རང་གི་དབང་པོས་མངོན་སུམ་དུ་མཐོང་བར་གྱུར་པ་བཞིན་དུ་བྱ་རྒོད་ཀྱིས་ལུས་ཀྱི་ཕྱི་ནང་བསལ་བར་བྱས་པ་མཐོང་ནས་རོ་ལ་ད་ལྟ་སེམས་ཁྱོད་ཅིའི་ཕྱིར་ན་འབྱེར་ཞེས་པ་ནི་འབྲོས་པར་བྱེད་དེ།གསོན་ལུས་ལ་དགའ་བ་སྐྱེ་ན་གཤིན་ལུས་ལ་འབྲོས་པར་མི་རིགས་པས་ད་ལྟ་གདོང་སོགས་ལ་བལྟ་བའི་དུས་མ་ནོར་བ་ཡིན་ནོ།།བུད་མེད་དེ་ཉིད་གསོན་པོར་ཡོད་དུས་སུ་རང་ཉིད་ལ་ཕྲག་དོག་དང་མིག་སེར་ཆེ་བའི་དབང་གིས་གཞན་སྐྱེས་པ་རྣམས་ཀྱིས་མིག་གིས་ལྟ་བའི་ཚེ་ན་ཡང་རང་གི་བུད་མེད་གང་ཞིག་ཕྲག་དོག་དང་མིག་གི་སེར་སྣས་ཡོངས་སུ་བསྲུངས་བར་གྱུར་པ།གསོན་ཚེ་ཇི་སྲིད་དུ་བལྟ་མི་བྲ་བའི་བུད་མེད་ཀྱི་ལུས་དེ་ནི་ཤི་བའི་གནས་སྐབས་སུ་ནི་བྱ་ཁྱི་དེས་ཟ་བར་བྱེད་པ་ཡིན་ན།ཕྲག་དོག་དང་མིག་གིས་ལྟ་བ་ལའང་སེར་སྣ་བྱེད་པ་ཅན་ཁྱོད་ཀྱིས་ད་ལྟ་བྱ་ཁྱིས་ཟ་བ་ལས་ཅིས་མི་བསྲུང་སྟེ་བསྲུང་བར་རིགས་སོ།།དོན་ལ་སྐྱེས་པ་དང་བུད་མེད་ཀྱི་ལུས་བདེན་མེད་ཡིན་པའི་རྟགས་སུ་བྱ་ཁྱི་ལ་སོགས་པས་ནི་ལུས་ལ་ཁ་ཟས་སུ་མཐོང་ལ།འདོད་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་ནི་བུད་མེད་ལ་སོགས་པའི་ལུས་ལ་གཙང་ཞིང་ཡིད་འོང་གི་དངོས་པོ་ཞིག་ཏུ་མཐོང་ལ།འཕགས་པའི་གང་ཟག་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་ལུས་ལ་མི་གཙང་བའི་ཕུང་པོ་ཀེང་རུས་ལ་སོགས་པར་མཐོང་བ་ལས།བུད་མེད་དང་སྐྱེས་བ་རྣམས་ཀྱི་ལུས་བརླ་དང་ཚང་ར་ལ་སོགས་པའི་ཤ་ཡི་ཕུང་པོ་འདི་རྣམས་མཐོང་བའི་བྱ་རྒོད་དང་གཞན་ཁྱི་ལ་སོགས་པས་ཤི་མ་ཐག་ཏུ་ཟས་སུ་ཟ་བར་བྱེད་པར་འགྱུར་བ་ཡིན་ན།བྱ་ཁྱི་ལ་སོགས་པ་གཞན་གྱི་ཁ་ཟས་ལ་མེ་ཏོག་གི་ཕྲེང་བ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ཕྲེང་བ་བྱེད་པ་དང་ཙན་དན་གྱིས་བྱུག་པ་ལ་སོགས་པའི་རྒྱན་རྣམས་ཀྱིས་ཅིའི་ཕྱིར་དུ་མཆོད་པར་བྱེད་དེ།དོན་མེད་ལ་མཆོད་པར་མི་རིགས་སོ།།དུར་ཁྲོད་ཀྱི་ནང་དུ་མགོ་དང་རྐང་ལག་ལ་སོགས་པའི་རུས་གོང་མང་པོ་ཉིད་དུ་མཐོང་བར་གྱུར་ནས་དེ་མ་ཐག་ཏུ་རུས་གོང་རྣམས་ནི་མི་འགུལ་བར་བསྡད་ཡོད་ན་ཡང་ནི་སེམས་ཁྱོད་ཉིད་སྐྲག་ཅིང་བྲོས་པར་བྱེད་ན།ད་ལྟའི་མི་གསོན་པོར་གྱུར་པ་འདི་ཐམས་ཅད་ནི་རོ་གྱེན་དུ་ལངས་པ་བཞིན་དུ་སེམས་རྣམ་པར་ཤེས་པ་ཁྱབ་བྱེད་ཀྱི་རླུང་ལྟ་བུ་འགའ་དང་འགའ་ཡིས་ཀྱང་ལུས་བསྐྱོད་པར་བྱས་ནས་རང་ལ་སྡོམ་པ་དང་དམ་ཚིག་བསྲུང་དུ་མི་འཇུག་པར་ཁ་གདངས།མིག་བགྲད།སོ་གཙིགས།བཤུགས་གླུ་ལེན་ཅིང་ང་རོ་སྒྲོག་སྟེ་འོ་དོད་འབོད་བཞིན་རྐང་ལག་གཡོ་ཞིང་འོང་བར་གྱུར་ན་ཅི་ལ་མི་འཇིགས་ཏེ།ཤི་ལུས་དང་གསོན་ལུས་གཉིས་ངོ་བོ་གཅིག་ཡིན་པས་འཇིགས་ཤིང་སྐྲག་དགོས་སོ།།ལུས་ནང་མི་གཙང་བ་དང་རུས་གོང་དང་ནང་ཆ་གང་ལ་ནི་ཤ་ལྤགས་པས་གཡོག་ཤིང་།ཤ་ལྤགས་ལ་ནི་གོས་རྒྱན་རྣམས་ཀྱིས་གཡོག་ཀྱང་རང་སེམས་འདི་ཉིད་ཆགས་པ་ཡིན་ན།ནང་ཆ་དང་རུས་པ་ལ་སོགས་པ་དེ་ཉིད་མ་གཡོག་ན་ཡང་སེམས་ཁྱེད་ཀྱིས་ཅིས་མི་འདོད་དེ་འདོོད་དགོས་སོ།།མི་གཙང་བ་དང་ནང་ཆ་དང་རུས་པ་རྣམས་མ་གཡོག་པ་དེ་ཉིད་ཀྱིས་རང་ལ་དགོས་པ་མེད་པ་ཡིན་ན་ནི་ཀེང་རུས་སོགས་ལ་ཤ་ལྤགས་ཀྱིས་གཡོག་པ་དེ་ལ་ནི་ཅིའི་ཕྱིར་དུ་འཁྱུད་དེ་པང་དུ་ལེན་འདུག་པ་ཡིན་ཏེ།སེམས་ངན་མ་ཁྱོད་ནི་ཕྱིན་ཅི་ལོག་པ་དཔེར་ན་ནང་གི་མར་མི་འདོད་པར་ཕྱིའི་མར་ལྐོག་འདོད་པ་དང་འདྲའོ།།སྐྱེས་པ་དང་བུད་མེད་ལ་སོགས་པ་ཀུན་གྱིས་ཟས་ཟོས་བ་བད་ཀན་མྱགས་བྱེད་ཀྱིས་མྱགས་ཤིང་མཁྲིས་པ་འཇུ་བྱེད་ཀྱིས་ཞུས་ཏེ་མེ་མཉམ་གྱི་རླུང་དང་ཁྱབ་བྱེད་ཀྱི་རླུང་གིས་དྭངས་སྙིགས་ཕྱེས་པའི་ཟས་འདི་ནིི་གཅིག་པུ་ཉིད་ལས་ནི་སྙིགས་མ་ཐུར་དུ་སོང་བ་ལས་བཤང་གཅི་བྱུང་བ་དང་།དྭངས་མ་གྱེན་ལ་སོང་བ་ལས་ཁ་ཆུ་ལ་སོགས་པ་བྱུང་བར་གྱུར་པ་ཡིན་ན།དེ་གཉིས་རྒྱུ་ཟས་གཅིག་ཡིན་པ་འདྲ་བ་ལས་བཤང་གཅི་ལ་ནི་མི་བསམ་པས་མི་དགའ་བ་ཡིན་ཞིང་།ཁ་གཏུགས་པ་དང་ཁ་ཆུ་གཞིབ་པ་ལ་ནི་སེམས་ཁྱོད་ཅིའི་ཕྱིར་དུ་དགའ་སྟེ་དགའ་བར་མ་བྱེད་དོ།།རེག་བྱ་འཇམ་པ་ལ་ཆགས་པའི་གཉེན་པོ་ནི།ཤིང་བལ་དང་སྲིན་བལ་ལ་སོགས་པ་ལུས་ཀྱིས་རེག་ན་རེག་བྱ་ཤིན་ཏུ་འཇམ་པ་དེ་ཡི་མགོ་སྔས་དང་གདན་ལ་སོགས་པ་ལ་འདོད་པ་དྲན་པའི་དབང་གིས་དགའ་བར་མི་བྱེད་པར་ཤིང་བལ་ལྟ་བུའི་དྲི་ཞིམ་པ་དེ་ལ་ནི་དྲི་ང་འཛགས་པ་ཞེས་པ་ནི་དྲི་ངན་མི་གཙང་བ་ཟག་འོང་བ་མ་ཡིན་ནོ་ཞེས་ཕྱིན་ཅི་ལོག་རྟོག་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་འདོད་པ་དང་ལྡན་པའི་སེམས་ཁྱོད་ནི་མི་གཙང་བ་ལ་དགའ་བར་བྱེད་པ་ནི་རྨོངས་པ་མི་ཤེས་པ་ཡིན་ཏེ།འདོད་ཆགས་ནི་ཁམས་གསུམ་གྱི་ནང་ན་སྤང་དཀའ་བ་ཡིན་ནོ།།འདོད་པ་དང་ནི་ལྡན་པའི་སེམས་ངན་པ་བཟང་ངན་ཅི་ཡང་མི་ཤེས་པའི་རྨོངས་པ་རྣམས་ནི་ཤིང་བལ་དང་དར་གོས་ལྟ་བུའི་གོས་གདན་སྔས་སོགས་བྱས་པ་ལ་ལུས་ཀྱིས་རེག་པའི་ཚེ་ན་རེག་བྱ་ཤིན་ཏུ་འཇམ་པ་དེ་ལའང་ཉལ་པོ་ཞེས་འཁྲིག་པ་སྤྱོད་པར་བྱ་བར་མི་ནུས་སོ་ཞེས་བསམ་ནས་ཤིང་བལ་དར་གོས་ལ་སོགས་དེ་ལ་མི་དགའ་བར་རྒྱབ་གྱིས་ཕྱོགས་པས་ཁྲོ་བ་དག་ཏུ་བྱེད་པ་ནི་ཅི་ཡང་མི་ཤེས་པའི་རྨོངས་པ་ཡིན་ནོ།།གལ་ཏེ་སེམས་ང་རང་ཁྱི་ཕག་ལྟ་བུ་ནི་མིན་པས་མི་གཙང་བ་ལ་ཆགས་པ་མེད་དོ་སྙམ་ན།འོ་ན་བུད་མེད་ལ་སོགས་པའི་ལུས་དེ་ཡང་རུས་པ་མང་པོ་གཟེབ་ཅེས་པ་ནི་སྣོད་ཡིན་པས་རུས་པའི་སྣོད་སིལ་པོ་ལྟ་བུ་ལ་རྒྱུས་པས་ལྷུ་ཚིགས་ཐམས་ཅད་སྦྲེལ་བ་བྱས་པ་ལ་དེའི་ཕྱི་གཡོག་ནི་སབ་མ་ལ་ཞལ་བ་བྱས་པ་ལྟར་དུ་ཤ་ཡི་འདམ་གྱིས་ལུས་ཀྱི་སྟོད་སྨད་ཐམས་ཅད་ཞལ་ཞལ་དུ་བྱས་ཏེ་ནང་ཐམས་ཅད་མི་གཙང་བ་ཁོ་ནས་གང་བ་གཞན་བུད་མེད་ལ་སོགས་པ་དེ་ཉིད་ཀྱི་ལུས་ནི་སེམས་ངན་མ་ཁྱེད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་ན་པང་དུ་འཁྱུད་པར་བྱེད་དེ།བྱ་བ་ངན་པ་དེ་ལྟར་མ་བྱེད་ཅེས་པའི་དོན་ནོ།།སེམས་ཁྱོད་ཉིད་ནི་རང་གི་ལུས་མ་གཙང་བའི་རྫས་མང་པོ་སུམ་ཅུ་སོ་དྲུག་གིས་གང་ཡོད་པ་དེ་ལྟ་བུའི་ལུས་དེ་ཉིད་ལ།སྐྱེས་ནས་མ་ཤིའི་བར་དུ་མི་ཚེ་གཅིག་ལ་མི་གཙང་བ་ཁོ་ན་རྩོལ་སྒྲུབ་བྱེད་ཞོར་ལ་སེམས་ཁྱེད་ཀྱིས་དུས་གཏན་དུ་སྤྱོད་པར་བྱེད་ཅིང་།ད་དུང་དེས་མི་ཆོག་པར་མི་གཙང་བའི་རྐྱལ་པ་གཞན་བུད་མེད་དང་སྐྱེས་པ་དབང་གི་ལུས་ལའང་སེམས་ཁྱོད་ཉིད་མི་གཙང་བ་ཁོ་ན་ལ་བརྐམ་ཞིང་ཆགས་པས་ཅིའི་ཕྱིར་འདོད་པར་བྱེད་དེ་འདོད་པར་མ་བྱེད་ཅེས་སོ།།བདག་ནི་བུད་མེད་ཀྱི་དཀར་ཞིང་འཇམ་པའི་ཤ་འདི་ལ་དགའ་ཞེས་བསམ་ནས་ལག་པས་རེག་པ་དང་མིག་གིས་བལྟ་བར་འདོད་དོ་ཟེར་ན་ཀོ།འོ་ན་ཤི་ཟིན་པའི་སེམས་མེད་པ་ཡི་རོའི་རང་བཞིན་གྱི་ཤ་དེ་སེམས་ཁྱོད་ཀོ་ཅིས་མི་འདོད་དེ།རོའི་ཤ་ཡང་འདོད་དགོས་སོ།དེ་ལྟར་མ་ཡིན་ཏེ།ངེད་རང་ཕན་ཚུན་གཉིས་ཀ་གཅིག་སེམས་གཅིག་ལ་ཆགས་པས་ཡིན་ནོ་སྙམ་ན།སེམས་ངན་མ་ཁྱོད་ཀྱིས་འདོད་པའི་ཡུལ་ཕ་རོལ་གྱི་སེམས་གང་ཡིན་པ་དེ་ནི་ལག་པས་རེག་པ་དང་།མིག་གིས་བལྟ་བར་ཡང་མི་ནུས་པ་ཡིན་ལ།བལྟ་རེག་གང་ཞིག་མི་ནུས་པ་དེ་ནི་ཤེས་པ་ཡིན་ཏེ་ལུས་མིན་པས།དགའ་བ་སེམས་ལ་ཆེ་ཡང་དོན་མེད་ལུས་ལ་འཁྱུད་པ་དེས་སེམས་ཁྱོད་ལ་ཅི་ཞིག་བྱ་སྟེ།འོ་མ་འདོད་པས་ནུ་མ་ལ་མི་བཞོ་བར་རྭ་ཅོ་ལ་བཞོ་བ་དང་འདྲའོ།།མི་གཙང་བའི་རྫས་སོ་དྲུག་གིས་གང་བའི་རང་བཞིན་ཆགས་ཡུལ་གཞན་སྐྱེས་པ་དང་བུད་མེད་རྣམས་ཀྱི་ལུས་མི་གཙང་བའི་བུམ་པ་ལ་རིན་པོ་ཆེའི་རྒྱན་ཕྲེང་དང་དེར་གོས་ཀྱིས་གཡོག་པའི་དབང་གིས་མི་གཙང་བ་ཡིན་པ་མི་རྟོགས་ཤིང་ཤེས་པར་མི་འགྱུར་བ་ལ་ངོ་མཚར་མི་ཆེ་ཞིང་།གཞན་ལུས་མི་གཙང་པ་ཡི་རང་བཞིན་ཡིན་པར་མི་ཤེས་པ་ཕར་ཞོག་དང་།རང་གི་ལུས་འདི་ཉིད་ཁྱི་ལུད་དར་བཏུམ་ལྟ་བུ་ཚེ་འདིར་མི་གཙང་བ་ཐམས་ཅད་ཀྱིས་གང་བ་ཉིད་དུ་ཡིན་པར་ནི་རྟོགས་ཤིང་ཤེས་པར་མི་འགྱུར་བ་ཡང་ཤིན་ཏུ་ངོ་མཚར་ཆེའོ་ཞེས་པ་ནི་འཁྲུལ་པ་ཚ་འཁྲུལ་ཅི་འདྲ་བ་མི་གཙང་བ་ཙམ་ཡང་མི་ཤེས་སོ་ཟེར་བའི་དོན་ཡིན་གསུངས་སོ།།དེ་ལྟར་དབྱིབས་དང་རེག་བྱ་ལ་ཆགས་པ་མིན་ཀྱང་ཁ་དོག་དཀར་དམར་གྱི་མདངས་དང་ལྡན་པའི་མཛེས་འཛུམ་ལ་ཆགས་སོ་སྙམ་ན།ཁ་དོག་གི་གཉེན་པོར་སྤྲིན་དང་བྲལ་བའི་ཉི་མའི་འོད་ཟེར་གྱིས་འདབ་མ་ཁ་ཡོངས་སུ་ཕྱེ་བའི་དྭངས་ཤིང་ཡིད་དུ་འོང་བའི་མཚོའི་ནང་ན་པད་མ་རྒྱས་ཤིང་།ཟེའུ་འབྲུ་གེ་སར་བཀྲ་བ་གཞོན་ནུ་སྣ་ཚོགས་ཀྱིས་མཛེས་པ་ལ་ནི་སེམས་ཁྱོད་ཉིད་མི་ཆགས་པར་མ་ཟད་མིག་གིས་བལྟ་བ་ཙམ་ཡང་མི་འདོད་པས་སྤངས་ནས་ནི།པད་ཚལ་ལ་མི་གཙང་བས་གང་མི་འདུག་བསམ་པ་ལྟ་བུས་བུད་མེད་ལ་སོགས་པའི་ལུས་མི་གཙང་བས་གང་བ་ལ་ཞེན་པའི་ཁྱི་ཕག་དང་འདྲ་བའི་སེམས་ཁྱོད་ཀྱིས་ནི་གཞན་གྱི་ལུས་རྣག་ཁྲམ་རྣབ་ལུད་བཤང་གཅི་ལ་སོགས་པའི་མི་གཙང་བའི་གཟེབ་ཅེས་སྣོད་ལ་སེམས་ཁྱོད་ཅིའི་ཕྱིར་དགའ་སྟེ་དགའ་བར་མི་བྱའོ།།མི་མང་པོ་ཡོད་པའི་ས་ཕྱོགས་ཐམས་ཅད་མི་གཙང་བ་ཉིད་ཀྱིས་གོས་ཤིང་གང་ཡོད་པ་དེ་ལ་གལ་ཏེ་རང་གི་ལྕེ་དང་ལག་པས་རེག་པར་ཡང་མི་འདོད་པ་ཡིན་ན།ལུས་གང་ལས་མི་གཙང་བ་མང་པོ་དེ་ནི་བྱུང་བ་ཡི་ལུས་ངན་མི་གཙང་བའི་འབྱུང་ཁུངས་ལ་ཇི་ལྟར་ན་སེམས་ཁྱོད་ཀྱིས་རེག་པར་འདོད་དེ་འདོད་པར་མི་བྱའོ།།གལ་ཏེ་བདག་མི་གཙང་བ་ལ་ཁྱི་མ་གཏོགས་ཆགས་སེམས་སྐྱེས་པ་ཡོད་དམ་སྙམ་ན།མངལ་དང་བུ་སྣོད་བཤང་གཅིས་གང་བའི་མི་གཙང་བའི་ཞིང་ས་ལས་བྱུང་བར་གྱུར་པ་ཡིན་ཞིང་།བུད་མེད་དང་སྐྱེས་པ་དེ་ཡི་ལུས་ཀྱི་ས་བོན་ནི་ཕ་མའི་ཁུ་ཁྲག་དང་།མས་ཟས་ཟོས་ནས་ཁྲག་གི་རོ་མའི་ནུ་ཞོ་དེས་སྐྱེད་པ་ཡིན་ན།གཞན་བུད་མེད་ལ་སོགས་པའི་ལུས་མི་གཙང་བ་དེ་སེམས་ཁྱོད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་ན་པང་དུ་འཁྱུད་འདུག་སྟེ།འཁྱུད་པར་མི་བྱའོ་ཞེས་བསམ་ན་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་འདི་སྒོམ་སླའོ་གསུངས་སོ།།མི་གཙང་བ་བཤང་གཅི་ལས་བྱུང་བའི་མི་གཙང་བའི་སྲིན་བུ་ཆུང་ངུའང་སེམས་ཁྱོད་ཀྱིས་འདོད་པར་མི་བྱེད་པ་ཡིན་ལ།ཤ་ཁྲག་སྣབ་ཁ་ལུད་མིག་རྣག་རྣ་སྤབ་ཀླད་པ་བཤང་གཅི་ལ་སོགས་པའི་མི་གཙང་བ་མང་པོའི་རང་བཞིན་ཅན་གྱི་ལུས་པོ་མི་གཙང་རྒྱུ་རྐྱེན་ཐམས་ཅད་ལས་སྐྱེས་པ་ལུས་ལའང་འདོད་པར་བྱེད་པ་ཅིའི་དོན་དུ་ཡིན་བསམ་སྟེ་བློ་སྣ་ནང་དུ་བསྡུས་ལ་ལྟ་བས་ཤོང་ཡངས་བསྐྱེད་དེ་འདོད་པ་སེམས་ཐོག་ནས་གཅོད་པ་གལ་ཆེའོ་གསུངས་སོ།།སེམས་ངན་ཁྱོད་ཀྱིས་རྒྱལ་བའི་སྐུ་མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དེ་ནི་མི་འདོད་པར་མི་དགོས་པར་འབྱུང་པོ་དང་གཏོར་མའི་དཔེ་བཞིན་དུ་སེམས་ཁྱོད་ཀྱིས་ནི་རང་གི་ལུས་ཉིད་མི་གཙང་བའི་རང་བཞིན་ཡིན་པ་ལ་སྨོད་པ་མི་བྱེད་པར་མ་ཟད་ཀྱི་སྟེང་དུ།ད་དུང་མི་གཙང་བས་གང་བའི་རྐྱལ་པ་མི་གཙང་བའི་ཕུང་པོ་གཞན་ཞིག་ལ་བརྐམ་ཞིང་ཆགས་པས་མི་གཙང་བའི་ལུས་གཞན་ཡང་འདོད་པར་བྱེད་པ་མི་རིགས་པས་སྤང་དགོས་སོ།།གཞན་རྐྱེན་གྱིས་ཡིན་མ་གཏོགས་རང་གཞན་གྱི་ལུས་གཙང་ངོ་སྙམ་ན།ག་བུར་དང་ཙན་དན་ལ་སོགས་པའི་དྲི་ཞིམ་པོའི་སྨན་ཡིད་དུ་འོང་བ་རྣམས་ཀྱིས་ལུས་ལ་བྱུགས་པའམ་ཁ་ནང་དུ་ལེན་ཙམ་བྱས་ཏེ་ཕྱིར་བོར་ནའང་མི་འདོད་པ།དཀར་ཞིང་ཡིད་དུ་འོང་བའི་འབྲས་ཆན་དང་གྲོ་ནས་ལ་སོགས་པའི་ཟས་སྣ་དག་གམ་ལོ་མ་སྣ་ཚོགས་པས་ཚོད་མ་བྱས་པའང་རུང་སྟེ།རང་གི་ཁར་བཅུག་ཙམ་བྱས་ཏེ་དེ་ནས་ཕྱིར་ཕྱུང་ནས་ས་ལ་སྐྱུག་པ་བོ་བ་དེ་ཡིས་ས་ཕྱོགས་ཀུན་ལ་ཡང་མི་གཙང་བས་བཙོག་པར་གྱུར་བ་ནི་ལུས་མི་གཙང་བའི་རྐྱེན་གྱིས་ཡིན་ནོ།།གལ་ཏེ་ལུས་འདི་ནི་མི་གཙང་བ་ཐམས་ཅད་ཀྱིས་གང་བ་འདི་འདྲ་བ་ལུང་དང་རིགས་པ་གང་ཡང་མི་དགོས་པར་རང་གིས་བལྟས་ཚེ་མངོན་སུམ་དུ་གྱུར་ཀྱང་ད་དུང་མི་གཙང་བ་མིན་སྙམ་པས་ཐེ་ཚོམ་ཟ་བ་ཡིན་ན།དུར་ཁྲོད་ཀྱི་གནས་དག་ཏུ་བོར་བའི་རོའི་ལུས་པོ་ཁ་ཕྱེ་བས་གློ་སྙིང་ནང་ཁྲོལ་ལ་སོགས་པའི་མི་གཙང་བ་གཞན་ཐམས་ཅད་ལ་ཡང་སེམས་ཁྱོད་ཀྱིས་བལྟ་བར་གྱིས་ཤིག་དང་དུར་ཁྲོད་ཀྱི་རོ་གང་ལས་ཁྲམ་བཏབ་སྟེ་པགས་པའི་ཁ་ཕྱེ་བའི་ཚེ་ན་དྲུང་དུ་འགྲོ་བ་ཙམ་ཡང་མི་ནུས་པས་འཇིགས་ཤིང་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཏེ་རང་གི་ལུས་འདི་ཉིད་ཀྱང་ད་ལྟ་ཉིད་ནས་རོ་དེའི་རང་བཞིན་བྲོས་དགོས་པ་ཡིན་ཀྱང་།ད་དུང་ཇི་ལྟར་ན་གཞན་བུད་མེད་ལ་སོགས་པའི་ལུས་དེ་ཉིད་ལ་ཕྱིར་ཞིང་ཇེ་ཐུར་སོང་བས་དཀའ་པ་ཇི་ལྟར་དུ་སྐྱེ་བར་འགྱུར་ཏེ་དགའ་བར་མི་བྱའོ།།རང་གཞན་གྱི་ལུས་འདི་དྲི་ཞིམ་མོ་སྙམ་ན།བུད་མེད་ལ་སོགས་པའི་ལུས་ལ་བསྐུས་པའི་དྲི་ཞིམ་པོ་དེ་ཡང་ནི་ཙནྡན་དང་ག་བུར་ལ་སོགས་པའི་དྲི་ཞིམ་ཡིན་གྱི་གཞན་ལུས་ལ་ནི་དྲི་ཞིམ་བྲོ་བ་མ་ཡིན་ན།གཞན་ཙན་དན་དང་ག་བུར་གྱི་དྲི་ཞིམ་པོ་དཔེ་ནི་གཞན་བུད་མེད་གྱི་ལུས་ལ་སོགས་པ་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་ཆགས་པར་བྱེད་མི་རིགས་སོ།།ལུས་ལ་བྱུགས་པ་མེད་ན་གལ་ཏེ་བུད་མེད་ལ་སོགས་པའི་རང་གཞན་རྣམས་ཀྱི་ལུས་ཀྱི་རང་བཞིན་ནི་དྲི་ང་ཞེས་པ་ནི་དྲི་མི་ཞིམ་པས་ན།རང་གཞན་གྱི་ལུས་འདི་ལ་སེམས་ཁྱོད་ཉིད་མ་ཆགས་ན་ལེགས་པ་མིན་ནམ་སྟེ་ལེགས་པ་ཡིན་ལ།འཇིག་རྟེན་ཕལ་པ་རྨོངས་པ་རྣམས་ནི་དོན་མེད་པ་ལ་ཆགས་ཤིང་སྲེད་པ་དེ་དག་རྣམས་ཀྱི་ནི་ཇི་སྟེ་ཞེས་པ་ཅིའི་དོན་དུ་བུད་མེད་ལ་སོགས་པའི་ལུས་དྲི་ཞིམ་པ་སྐུད་བར་བྱེད་དེ་དྲི་ཞིམ་སྐུད་པར་མི་རིགས་སོ།།འོན་ཏེ་ཞེས་པ་ནི་ལར་དྲི་ཞིམ་བྲོ་བ་ཙན་དན་དང་ག་བུར་ལ་སོགས་པ་བསྐུས་པ་ཡིན་ན་རང་གཞན་གྱི་ལུས་ལ་འདིར་ནི་ཙན་དན་མ་བསྐུས་པའི་གནས་སྐབས་ན་དྲི་ཞིམ་པོ་དྲི་ཞིམ་བྲོ་བ་ཙན་དན་དང་ག་བུར་ལ་སོགས་པ་བསྐུས་པ་ཡིན་ན་རང་གཞན་གྱི་ལུས་ལ་འདིར་ནི་ཙན་དན་མ་བསྐུས་པའི་གནས་སྐབས་ན་དྲི་ཞིམ་པོ་ཅི་ཞིག་བྱུང་སྟེ་ཅི་ཡང་མ་བྱུང་ངོ་།ཙན་དན་དང་ལུས་གཉིས་སོ་སོར་ཡིན་ཏེ་གཞན་ཙན་དན་གྱི་དྲི་ཡིས་གཞན་བུད་མེད་ལ་སོགས་པའི་ལུས་དེ་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་ཆགས་པར་བྱེད་མི་རིགས་སོ།།རང་གཞན་གྱི་ལུས་འདི་དང་པོ་ནས་བཟོ་བཅོས་མ་བྱས་པ་གལ་ཏེ་སྐྲ་ལག་ལོག་དང་སེན་མོ་རིང་བ་དང་སོ་སྐྱ་བོའི་དྲིར་བཅས་དང་།འདམ་རྫབ་ཀྱི་དྲིས་བསྒོས་པས་རང་གཞན་གཉིས་ཀའི་ལུས་ཀྱི་རང་བཞིན་ནི་གཅེར་བུ་འདྲེ་ལྟ་བུ་འཇིགས་ཤིང་སྐྲག་པ་ཉིད་དུ་ཡིན་ན།མགར་བས་ལག་ཆ་མགར་བ་ལྟ་བུར་འདི་ཕྱི་གཉིས་ཀར་རང་ལ་གནོད་པའི་མཚོན་ཆ་བཞིན་དུ་ལུས་དེ་ལ་འབད་པ་དྲག་པོས་རྒྱུ་མཚན་ཅིའི་ཕྱིར་དུ་བྱི་དོར་བྱེད་དེ།བྱི་དོར་བྱེད་པར་མི་རིགས་ཏེ་ཁྱིམ་བདག་པར་ཕག་གི་ཆུང་མ་རང་ལུས་ལ་ཆགས་པས་སྦྲུལ་དུ་སྐྱེས་པ་སོགས་ཡིན་པས་སོ།།རང་གཞན་ཐམས་ཅད་ནི་ང་མེད་ལ་ང་དང་།བདག་མེད་ལ་བདག་ཏུ་བཟུང་བས་བདག་ལ་ཕན་པར་བྱེད་པའི་ཐབས་སྒྲུབ་པ་ལ་མི་ཤེས་ཤིང་རྨོངས་པའི་དབང་གིས་ང་བཟང་བ་དང་བཙན་ཕྱུག་ལ་སོགས་པ་བྱེད་དགོས་བསམ་པའི་འབད་པ་དྲག་པོ་དེ་ཡིས་འདོད་པ་དོན་གཉེར་ཁོ་ནས་སྨྱོས་པས་ས་སྟེང་འདི་ཐམས་ཅད་གྲོག་ཚང་ཁ་ཕྱེས་པ་ལྟ་བུ་ཕན་ཚུན་ཀུན་ཏུ་འགྲོ་འགྲུལ་ཤ་སྟག་གིས་འཁྲུགས་པར་འགྱུར་རོ།།རུས་གོང་གི་ཕུང་པོ་འབའ་ཞིག་མཐོང་ནས་ནི་དུར་ཁྲོད་ཀྱི་གནས་ཉིད་དུ་ནི་ཡིད་འབྱུང་སྟེ་འདུག་གནས་སུ་བྱེད་པར་མི་མོས་པ་ཡིན་ན།དུག་ལྔའི་འདྲེ་དང་ལས་ངན་གྱི་གདོན་ཁོག་ཏུ་ཞུགས་ནས་རྐྱེན་ངན་གྱི་རླུང་གིས་གཡོ་བའི་རོ་ལངས་བརྒྱ་སྟོང་གི་རུས་གོང་གིས་རབ་ཏུ་ཁྱབ་པའི་གྲོང་གི་དུར་ཁྲོད་ཆེན་པོ་ཐར་བ་སྒྲུབ་ཏུ་མི་སྟེར་བའི་གནས་ལ་སེམས་ཁྱོད་དགའམ་སྟེ།རོ་ལངས་ཀྱི་གྲོང་ཁྱེར་ལ་དགའ་བར་མ་བྱེད་ཅེས་གདམས་སོ།།དེ་ལྟར་དབྱིབས་ཕྲ་སྦོམ་གཉེན་ལྕུག་ཁ་མིག་རན་པ་ལ་སོགས་པ་ལ་ཆགས་པའི་གཉེན་པོ་རོ་རྣམ་པར་འཐོར་བ་དང་།འབུས་གཞིག་པ་སོགས་སྒོམ་པ་དང་།ཁ་དོག་དཀར་དམར་ལ་ཆགས་པའི་གཉེན་པོར་རོའི་པགས་པ་བཤུས་པ་སྒོམ་པ་དང་།རེག་བྱ་འཇམ་ལ་ཆགས་པའི་གཉེན་པོར་རོ་རུལ་བ་སོགས་སྒོམ་པ་དང་།མདོར་ན་དབྱིབས་ཁ་དོག་རེག་བྱ་གསུམ་གྱི་གཉེན་པོར་ཀེང་རུས་སྒོམ་དགོས་གསུངས་སོ།།གསུམ་པ་འབྲས་བུ་གནོད་པ་མང་བ་ནི།དེ་ལྟར་མི་གཙང་གྱུར་པ་དེའང་།།སོགས་ནས།དག་ཀྱང་སྣང་།།ཞེས་པའི་བར་གྱིས་བསྟན།དེ་ཡང་གོང་དུ་བཤད་པ་དེ་ལྟར་དུ་བུད་མེད་ལ་སོགས་པའི་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བར་གྱུར་པ་དེའང་ཆེ་བ་གསེར་དངུལ་རྟ་བོང་ལ་སོགས་པ་ནས་བཟུང་ཆུན་བ་དངོས་རྫས་ཕྲན་བུ་ཡན་ཆོད་ཀྱི་རིན་རྩ་མེད་པའི་བར་དུ་ནི་དང་པོ་མི་རྙེད་དོ།བར་དུ་རྙེད་ཀྱང་བུད་མེད་ལ་སོགས་པ་དེའི་དོན་རྣམས་སྒྲུབ་པས་བྲེལ་ཏེ་ཤ་ཐང་ཆད་ཅེས་ཤི་ཤི་ཆད་ཆད་ཀྱིས་དཀའ་ཚེགས་བྱེད་དགོས་པ་དང་།ཚེ་འདི་ཙམ་དུ་མི་ཟད་ཐ་མར་ནི་སྲོག་གཅོད་པ་དང་སྡོམ་པ་ཤོར་བ་ལ་སོགས་པས་དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་སུ་སྡིག་པ་བྱས་པའི་འབྲས་བུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་གནོད་པར་འགྱུར་རོ།།རྒྱུ་ནོར་དང་ཟས་གོས་སོགས་ངོ་མི་ཤེས་པའི་ཆུང་ངུ་བྱིས་པ་རྣམས་ཀྱི་གནས་སྐབས་སུ་ནོར་རྣམས་སྤེལ་བར་མི་ནུས་ཤིང་བུད་མེད་སོགས་ཀྱིས་དགོས་པ་མེད་པས་ན་དེ་ལས་གཞན་རྩེ་མོ་རྩེ་བ་ལ་དགའ་བ་དང་།ལང་ཚོ་དར་ལ་བབ་པའི་དུས་ན་ནི་ཡིད་ལ་འདོད་པའི་བུད་མེད་འདིས་ཅི་ཞིག་བདེ་སྟེ།ཚོང་རྐུན་གཡོ་སྒྱུ་ལ་སོགས་པའི་སྒོ་ནས་ཟས་ནོར་སོགས་དགོས་པ་དང་།དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་ཡིས་ཚེ་མཐར་གཏུགས་ཏེ་ཟད་ཅིང་།སོས་དལ་སྐད་ཅིག་ཙམ་དུ་ཡང་འདུག་དབང་མེད་པ་ཡིན་ན་འདོད་པས་ཅི་ཞིག་བྱེད་དེ།།ལས་ལ་གྲུ་མེད་དེ་བན་རྒན་རྫི་བོ།།གསུངས་པ་ལྟར་དང་།ལུས་ཀྱི་འབྱུང་བཞི་རྒས་ཤིང་རྒུད་ནས་ཁྱིམ་ན་གནས་པའི་དུས་ཀྱང་བུད་མེད་དང་བྲལ་བ་མེད་རུང་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་པའི་མཐུ་ཉམས་ཚེ་འདོད་པས་ཅི་ཞིག་བྱ་སྟེ་ཞེན་པ་མ་ཆོད་པས་བློས་ནི་མི་ཐོང་བས་ན།ཚེ་འདིར་བདེ་སྐྱིད་མི་མྱོང་ཞིང་ཕྱི་མར་དམ་ཆོས་མ་གྲུབ་པས་ཤིན་ཏུ་སྡུག་བསྔལ་བའི་གནས་ཏེ།ཆུང་ནས་གཞན་དབང་གྱུར་པས་ཆོས་མ་འགྲུབ།།དར་ནས་འདོད་པའི་རྩེ་དགས་ཆོས་མ་འགྲུབ།།རྒས་ནས་ལང་ཚོ་ཡོལ་བས་ཆོས་མ་འགྲུབ།།ཀྱེ་མ་ཀྱི་ཧུད་ད་ནི་ཅི་ཞིག་བྱ།།གསུངས་པ་ལྟར་རོ།།རྒྱུ་ནོར་མེད་པ་དང་།ཆོས་མགོ་མ་ཐོན་པ་ལ་སོགས་པའི་འདོད་ལྡན་ངན་པ་ཅན་ཁ་ཅིག་ནི་བུད་མེད་ལེན་མདོག་བྱས་ཀྱང་ཉིན་གང་གི་རིང་ཁ་ཚང་ལ་ནི་རང་ངམ་གཞན་གྱི་ལས་ཀྱིས་ཡོངས་སུ་དུབ་སྟེ་ངལ་ཞིང་།ནུབ་མོ་ཁྱིམ་དུ་འོངས་ནས་དཀའ་ཚེགས་ངལ་དུས་ཀྱིས་ཆད་པའི་ལུས་ངན་མས་ནི་འདོད་པ་སྤྱོད་པ་ཕར་ཞོག་སྟེ་རོ་དང་འདྲ་བར་ཉལ་བར་བྱེད་པ་ཡིན་ནོ།།ཡང་འདོད་ལྡན་ཁ་ཅིག་གིས་ནི་ཚོང་རྐུས་ལ་སོགས་པའི་དོན་དུ་བྱེས་སུ་བགྲོད་པའི་ཚེ་ན་དཀའ་ཚེགས་ཀྱིས་ཉོན་རེ་མོངས་པས་སྡུག་བསྔལ་བ་དང་།ས་ཐག་རིང་དུ་སོང་བའི་དབང་གིས་སྡུག་བསྔལ་ཅན་དུ་གྱུར་ཏེ་བུ་སྨད་བཟའ་ཚང་ཐམས་ཅད་ཡིད་ལ་འདོད་པས་གདུང་བཞིན་དུ་གྱུར་ཀྱང་།བུ་སྨད་ཅེས་མ་བུ་རྣམས་ནི་ཁྱུད་ཁོར་ལོས་ཞེས་པ་ནི་ལོ་གཅིག་སོང་དུས་ཀྱང་མིག་གིས་མཐོང་བར་མི་འགྱུར་བ་དང་།དེ་བཞིན་དུ་ད་ལྟ་ནི་སྔར་དང་མི་འདྲ་བར་ཁྲལ་འུ་ལག་ལ་སོགས་དུས་འདའ་དགོས་པ་ཡིན་གསུངས་སོ།།ད་ལྟའི་ཕོ་མོ་གཞོན་ནུ་སུ་ཡིན་ཀྱང་བདག་རང་རང་ལ་ཕན་པའི་འདོད་པ་སྒྲུབ་ལུགས་ལ་རྣམ་པར་རྨོངས་པས་བདེ་ཐབས་མི་ཤེས་ཏེ།ཕ་རོལ་གྱིས་འདོད་པ་སྤྱོད་པ་གང་གི་དོན་ཉིད་དུ་ཕ་མ་ཁུ་ཞང་གིས་རིན་རྩ་བླངས་ཏེ་རང་ཉིད་བཙོང་པ་ཡིན་ཡང་ཕྱུག་པོའི་བདེ་སྐྱིད་དེ་ནི་མ་ཐོབ་པར་ཕ་མ་རྒྱབ་ཏུ་བསྐྱུར་ནས་དོན་མེད་པའི་ཚེ་གཡོག་དུ་བླ་མེད་དུ་གྱུར་ནས་དེ་ཚང་གི་ངོ་འཛུམ་དཀར་ནག་ལ་བལྟ་བཞིན་དུ་ཤིང་བལ་རླུང་གིས་བསྐྱོད་པ་ལྟ་བུའི་གཞན་གྱི་དབང་དུ་གྱུར་པའི་ལས་ངན་གྱི་རླུང་གིས་བདས་ཏེ་ཚེ་སྡུག་སྨུག་པ་དང་མེད་དུ་འགྱུར་རོ།།འདོད་ལྡན་ལ་ལ་ཞིག་གིས་ནི་རྒྱུ་ཟས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་ཀྱང་བཙོངས་ཤིང་གཡོག་གླ་ཅུང་ཟད་ཙམ་རེ་རྙེད་པ་ཆུང་མ་སོགས་ལ་བྱིན་ཏེ་རང་དབང་མེད་པར་གཞན་གྱིས་བཀོལ་པ་ཞེས་མངགས་པའི་རྐྱེན་གྱིས་མི་ཁོམས་པར་གྱུར་ཏེ།རང་ལ་ཁང་ཁྱིམ་མེད་པས་ཆུང་མ་དག་ཀྱང་བུ་དང་བུ་མོ་བྱུང་བའི་ཚེ་ན་ཤིང་དྲུང་དང་ས་ཕུག་དགོན་པ་ཞེས་ས་སྟོང་དང་ཐང་སྟོང་གར་བབ་བབ་ཏུ་སྐྱེ་ཞིང་འབྱུང་བ་གཽ་ཏ་མ་སྐེམ་མོ་དང་ཨུཏྤ་ལའི་མདོག་གི་རྣམ་ཐར་ལྟར་རོ།།འདོད་པས་སེམས་བསླུས་པའི་གླེན་པ་མི་ཤེས་པ་དེ་དག་གིས་ནི་རང་ལ་རྒྱུ་ཟས་མེད་ཀྱང་ད་དུང་སེམས་ལ་འཚོ་ཞིང་ཚེ་རིང་བར་འདོད་དེ་མི་ཤི་བའི་ཐབས་ཅི་དྲག་ཞིག་གིས་རང་ཉིད་འཚོ་ཞིང་མི་འཆི་བར་བྱའོ་ཞེས་བསམ་སྟེ་ལག་པས་སྒྲུབ་ལུགས་རང་སྲོག་སྟོར་བར་དོགས་པའི་ཐེ་ཚོམ་ཟ་བཞིན་དུ་དམག་གི་གཡུལ་གྱི་ནང་དུ་འཇུག་པ་དང་།འདོད་ལྡན་ལ་ལ་ཞིག་གིས་ནི་རྒྱུ་ནོར་ཤོར་བ་དང་དགྲ་གྱོད་འཁོན་པ་སོགས་ལས་རང་ཉིད་ཁེ་བའི་ཕྱིར་དུ་རྒྱལ་བློན་དཔོན་པོ་སོགས་ཀྱི་བྲན་དུ་འགྲོ་བར་བྱེད་ཀྱང་།དོན་ལ་རང་སྡུག་བསྔལ་ཆེ་བྱེད་མ་གཏོགས་པར་ཁེ་རྒྱུ་མེད་དོ།།ཇག་རྐུན་ལ་སོགས་པའི་འདོད་ལྡན་ལ་ལ་ཞིག་གི་ནི་རྐང་ལག་སྣ་མིག་ལ་སོགས་པའི་ལུས་ཀྱང་དུམ་བུར་བཅད་པས་སྡུག་བསྔལ་བ་དང་།འདོད་ལྡན་ཁ་ཅིག་ནི་ལུས་ནི་འདོད་པའི་དོན་དུ་ཉེས་ཆད་ཀྱིས་ཇོ་ཡུ་ལྟ་བུ་རྒྱ་གར་དུ་ཡོད་པའི་གསལ་ཤིང་གི་རྩེ་ལ་ལུས་བཙུགས་པས་སྡུག་བསྔལ་བ་དང་།འདོད་ལྡན་ཁ་ཅིག་གི་ལུས་ནི་མདའ་ལ་སོགས་པའི་མཚོན་ཆ་རྣམས་དང་ཁྱད་པར་དུ་མདུང་ཐུང་གིས་ལུས་ལ་བསྣུན་པས་སྡུག་བསྔལ་བ་དང་།འདོད་ལྡན་ཁ་ཅིག་ནི་ཡུལ་གྲུ་འགའ་ཞིག་ཏུ་ཕོ་མོ་གཉིས་སྔོན་དུ་གང་ཤི་ནའང་རྗེས་མ་དེ་ཉིད་གསོན་བསྲེགས་བྱེད་པ་ལ་སོགས་པ་དག་ཀྱང་སྣང་བས་ན།འདོད་ན་བུད་མེད་ཁོ་ནའི་དོན་དུ་རང་སྡུག་མ་ཉོ་གསུངས་སོ།།རི་ཁྲོད་དུ་འདུག་མི་ནུས་པའི་རྒྱུ་གསུམ་ཡོད་དེ།བུད་མེད་ལ་སོགས་པ་ལ་ཆགས་པ་དང་།ཡོ་བྱད་རྒྱུ་ཟས་མང་པོ་མཁོ་བ་དང་།རང་གཅིག་པུར་སྡོད་མི་ཚུགས་པས་ཁེར་འོག་མི་ཆིངས་པ་དང་གསུམ་པོ་སྤངས་དགོངས་གསུངས་པ་དང་།དེ་བས་དམ་པའི་ཆོས་ལ་བློ་ཐག་རང་གིས་བཅད་ནས་དབེན་གནས་སུ་དམ་ཆོས་སྒྲུབ་དུས།གནམ་སྟོང་གི་མགོ་སྔས།ས་སྟོང་གིས་བརྟེན་མོ།།ཐང་སྟོང་གི་རྒྱལ་པོ།ལུང་སྟོང་གི་སྨྱོན་པ།སོགས་བྱས་ཚེ་གོང་ན་བསྡིགས་མོ་བྱེད་པའི་དཔོན་མེད།འོག་ན་སྡུག་སྐད་འདོན་པའི་གཡོག་མེད།གཅིག་པུ་རང་དབང་ཡོད་པས་བློ་བདེ།བདེ་སྐྱིད་དམ་ཆོས་བསྒྲུབས་པ་འདི་བསོད་ནམས་ཆེན་པོ་ཡིན་གསུངས་སོ།།གཉིས་པ་ཕྱི་རྙེད་སོགས་ཀྱི་སྲེད་པ་སྤང་བར་བསྟན་པ་ནི།བསགས་དང་བསྲུང་དང་བརླག་པའི་གདུང་བ་ཡིས།།སོགས་ནས།དཔེར་མི་ཕོད།།ཅེས་པའི་བར་གྱིས་བསྟན།དེ་ལྟར་ནང་བུད་མེད་ལ་སོགས་པ་ལ་ཞེན་ཆགས་སྤང་ཚུལ་བསྟན་ནས།ཕྱིའི་རྒྱུ་རྫས་ནོར་གྱི་རྙེད་པ་ལ་སོགས་པ་འདི་ཡང་དང་པོ་ཁབ་རྩེ་དང་གྲི་རྩེ་ལྟ་བུས་བསགས་ཀྱང་མི་སོགས་པའི་སྡུག་བསྔལ་དང་།བར་དུ་ཅུང་ཟད་ནོར་རྫས་བསགས་པ་དེ་རྣམས་ཀྱང་བསྲུང་མི་ནུས་པས་སྡུག་བསྔལ་བ་ཀླུ་ལ་སྦྲུལ་མགོ་མང་བ་དང་འདྲ་སྟེ།བཤེས་སྤྲིང་ལས།ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ།།དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ།།ཞེས་གསུངས་པ་ལྟར་དང་།ཐ་མ་ནི་ཡོད་མེད་གཉིས་མཐའ་འདྲ་བས་སྟོར་བ་དང་བརླག་པའི་གདུང་བ་དྲག་པོ་དེ་ཡིས་གནོད་པ་ཐམས་ཅད་ལུས་སེམས་གཉིས་ལ་འབྱུང་བར་བྱེད་པས་ན།ནོར་རྫས་ཐམས་ཅད་ནི་ཕུང་ཁྲོལ་ཏེ་གནོད་པ་མཐའ་ཡས་ཀྱི་རྩ་བ་ཡིན་པར་ཤེས་པར་བྱ་སྟེ།ནོར་རྫས་ལ་སེམས་ཆགས་པས་ཡུལ་སྣ་ཚོགས་ལ་སེམས་གཡེངས་པར་གྱུར་བ་རྣམས་ནི་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ལོང་མེད་པར་ནོར་རྫས་བུད་མེད་ལ་སོགས་པ་ལ་ཆགས་ཞེན་གྱིས་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ནི་གྲོལ་བའི་དུས་སྐབས་ནམ་ཡང་མེད་དོ།།འདོད་པ་དང་ལྡན་པ་རྣམས་ནི་འདོད་པའི་དབང་དུ་གྱུར་པ་ལ་ནི་གོང་དུ་བཤད་པ་དེ་ལ་སོགས་པའི་ཉེས་དམིགས་སམ་ཉེས་སྐྱོན་ནམ་ཉེས་དགུ་མང་བས་སྐྱིད་ཆུང་ཞིང་བསགས་བསྲུང་སྤེལ་བརླག་ལ་སོགས་པའི་སྡུག་བསྔལ་ཆེ་ལ་མནོག་ཆུང་བའམ་བདེ་ཆུང་སྟེ།བཟའ་བཏུང་དལ་མོ་ཙམ་ཡང་བྱེད་ལོང་མེད་པར་དཔེར་ན་ཤིང་རྟ་འདྲེན་པའི་ཕྱུགས་སམ་ཁལ་བཀལ་བའི་ཕྱུགས་དེ་དག་གིས་རྩ་ནི་ཁམ་བུ་འགའ་རེ་ཙམ་ཟོས་པ་ལྟ་བུའི་བདེ་བ་དེ་ཙམ་བཞིན་ནི།ཕྱུགས་དུད་འགྲོ་འབུ་ལ་སོགས་པ་རྣམས་ཀྱིས་ཀྱང་ཁ་ཟས་དང་རྒྱན་གོས་དང་།བུད་མེད་སོགས་ལ་འདོད་པ་སྤྱོད་པ་གསུམ་ནི་རྩོལ་བས་བསྒྲུབས་པ་བྱས་ནའང་མི་དཀོན་པས་མནོག་ཆུང་བའམ་བདེ་འམ་སླ་བའམ་ཁེ་ཆུང་བ་གང་ཡིན་པ་དེ་གསུམ་གྱི་དོན་དུ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པ་དཀའ་བའི་མི་ལུས་འདི་ནི་སྔོན་གྱི་ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ་སྟེ་དམ་ཆོས་སྒྲུབ་ལོང་མེད་པ་དང་།ཚེ་འདིའི་འདོད་པ་ཐམས་ཅད་ནི་མི་རྟག་མཐའ་བཞིས་བསྡུས་པ་ཡིན་པས་ངེས་པར་འཇིག་ཅིང་མེད་པར་འགྱུར་བ་ཡིན་ཞིང་།ཉེས་དམིགས་ནི་ཤིན་ཏུ་ཆེ་ཞིང་མང་སྟེ་དམྱལ་བ་ལ་སོགས་པས་མཚོན་པའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པར་ལྟུང་བར་བྱེད་པ་ཡིན་པས་ན།ཚེ་འདིའི་བདེ་སྐྱིད་ཕྲ་མོ་ལ་ཞེན་པ་འདི་རང་ཅག་སྙིགས་མའི་སེམས་ཅན་རྣམས་ཀྱི་མིག་ལམ་ན་སྐྱིད་པར་སྣང་བ་ནི་ཡི་དྭགས་ཀྱི་མིག་སྔར་ན་ནས་འབྲུ་སྟར་ཀ་ཙམ་ཟེར་བའི་དཔེ་ལྟར་ཡིན་མ་གཏོགས་དག་པའི་ཞིང་དང་ལྷ་ལ་སོགས་པའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཐད་ནས་རང་ཅག་གི་འདོད་པའི་བདེ་བ་འདི་རྒྱ་ཆེན་པོ་ཅི་ཡང་མིན་པའི་ཕྱིར་ན།གཅུང་དགའ་བོའི་ཆུང་མ་པུཎྜ་རི་ཀ་དང་ལྷ་མོ་རྣམས་ཀྱི་དཔེ་མཐོ་དམན་ལྟར་རང་གིས་དམ་ཆོས་སྒྲུབ་པ་དོར་ནས་དུས་དང་རྣམ་པ་ཀུན་ཏུ་དཀའ་ཚེགས་ཀྱིས་ངལ་ཞིང་དུབ་པའི་སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས།ཚེགས་ཆུང་བ་དཔེར་ན་ཚེ་གཅིག་ལ་མེ་འབུད་པ་དང་ཆུ་ལེན་པ་ལྟ་བུ་གང་ཡིན་པ་དེ་ཡི་བརྒྱ་སྟོང་བྱེ་བའི་ཆ་ཤས་ཙམ་གྱི་དཀའ་ཚེགས་ཆུང་ངུ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཉིད་ཀྱང་འགྲུབ་པར་ངེས་ཏེ།རྗེ་བཙུན་མི་ལས་ལོ་དྲུག་གིས་མི་བསྐྱོད་པ་དངོས་སུ་གྲུབ་པ་དང་།གྲུབ་ཆེན་མེ་ལོང་རྡོ་རྗེ་ལོ་དགུས་གྲུབ་པ་ཐོབ་པ་ལ་སོགས་པ་ཡིན་ན།འདོད་ལྡན་སེམས་ཅན་རྣམས་ལ་རྒྱལ་སྲས་བྱང་སེམས་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་བས་ནི་འདོད་པའི་དོན་དུ་སྡུག་བསྔལ་མྱོང་བ་ཆེ་བ་ཡིན་ལ་མཐར་ཐུག་བྱང་ཆུབ་གསུམ་གང་ཡང་འཐོབ་རྒྱུ་མེད་དེ།ད་ལྟ་འདོད་ལྡན་ལ་ཉིན་གཅིག་གི་སྡུག་བསྔལ་ཙམ་འོང་བ་རྒྱལ་སྲས་རྣམས་ལ་སྐུ་ཚེ་ལ་འོ་བརྒྱལ་མེད་ཀྱང་མཐར་ཐུག་ནི་སངས་རྒྱས་ཐོབ་བོ།།ཚེ་འདིའི་བདེ་སྐྱིད་ཀྱི་འདོད་པ་ལ་ཆགས་པའི་འབྲས་བུ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བསམ་པར་བྱས་ན་འདོད་པ་རྣམས་ལ་ནི་མཚོན་གྱིས་ཀྱང་དཔེར་མི་ཕོད་པ་དང་ནི།དེ་བཞིན་དུ་སྲོག་གཅོད་པའི་དུག་དང་ལུས་མྱུར་དུ་བསྲེགས་པའི་མེ་དང་།ངམ་གྲོག་གཅོང་རོང་གི་གཡང་ས་དང་རྒྱུ་ནོར་ལོངས་སྤྱོད་སྲོག་དང་བཅས་པ་འཕྲོག་པར་བྱེད་པའི་དགྲ་བོ་རྣམས་ཀྱིས་ཀྱང་གནོད་ཚབས་ཆེ་བ་དང་ཕུང་ཚབས་ཆེ་བ་འདོད་པ་རྣམས་ཀྱིས་དཔེར་མི་ཕོད་དོ།།དེ་ཡང་འདུལ་བ་ལས།གཡན་པ་ཕྲུག་ན་བདེ་སྙམ་སྟེ།།གཡན་པ་མེད་ན་དེ་བས་བདེ།།འདོད་པ་སྤྱད་ན་བདེ་སྙམ་སྟེ།།འདོད་པ་སྤངས་ན་དེ་བས་བདེ།།ཞེས་གསུངས་པ་ལྟར་དུ་གཞན་མཚོན་ཆ་སོགས་པས་སྲོག་ལན་རེ་ལས་གཅོད་པར་མི་ནུས་ལ།འདོད་པས་ནི་ཉིན་རེ་ལའང་སྲོག་མང་པོ་གཅོད་པའི་སྡུག་བསྔལ་མྱོང་དགོས་པའི་ཉེས་དམིགས་ནས་སྤངས་དགོས་སོ།།གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི།དེ་ལྟར་འདོད་པ་སྐྱོ་བྱས་ཏེ།།སོགས་ནས།།དེ་རྙེད་དཀའ།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་འདོད་པ་རྣམས་ལ་སེམས་སྐྱོ་བར་བྱས་ཏེ།ལུས་སེམས་གཉིས་ཀ་འདོད་པས་དབེན་ཏེ་མེད་པ་ཞི་བ་ལ་ནི་སེམས་ཀྱི་དགའ་བ་བསྐྱེད་དེ་ཕན་ཚུན་དགྲ་གྱོད་ལ་སོགས་པ་རྩོད་པས་སྟོང་པ་དང་།དུག་ལྔའི་ཡུལ་མེད་པས་ཉོན་མོངས་པ་རྣམས་ཀྱིས་སྟོང་པ།སེམས་ཀྱི་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བའི་སྔོན་གྱི་རྒྱལ་བས་བསྔགས་པའི་ནགས་ཀྱི་དགའ་ཚལ་རྒྱས་པའི་ནང་དེ་དག་ཏུ་ཕན་ཚུན་གོམ་པ་བརྒྱད་ཅུའི་བར་དུ་འཆགས་ཤིང་འགྲོ་བར་བྱེད་དོ་ཞེས་བཤད་གཞི་ལས་ནས་བླངས་ཏེ་བྱ་བ་མཐའ་གསལ་ལྟར་དུ་བཤད་དགོས་ཏེ།གང་འཆགས་པར་བྱེད་ན་བྱང་ཆུབ་ཀྱི་སྐལ་བ་དང་ལྡན་པའི་རྒྱལ་སྲས་དེ་ཉིད་འབྱོན་པར་བྱེད་ལ།རྒྱལ་སྲས་དེ་ལས་བྱུགས་པའི་ཁྱད་པར་ནི་ཟླ་བའི་འོད་ཟེར་གྱིས་བསིལ་བ་ནི་དཔེར་ན་འཁོར་ལོས་བསྒྱུར་རྒྱལ་ལ་ཙན་དན་གྱིས་བྱུགས་ཤིང་བསིལ་བའི་བདེ་བ་དང་འདྲ་བ་དང་།ལོངས་སྤྱོད་ཀྱི་ཞེན་པ་སྤངས་ཏེ་གསེར་དང་བོང་བ་མཉམ་པས་ཉེར་སྤྱོད་ཅི་ཡང་བཞག་མི་དགོས་པར་རབ་ཏུ་ཡངས་བའི་འབད་རྩོམ་མི་དགོས་པར་མ་བཅོས་རང་བྱུང་གི་རྡོ་ལེབ་ཀྱི་གནས་མཆོག་ནི་དཔེར་ན་རྒྱལ་པོ་ཆེན་པོའི་ཕོ་བྲང་གི་ཁང་བཟང་ཉམས་དགའ་བར་བྱེད་པ་དང་འདྲ་ཞིང་།འཁོར་ལོས་བསྒྱུར་བ་ལ་ཕ་རོལ་གྱིས་རྒོལ་བའི་དགྲ་མེད་པའམ་ཡང་ན་བཀའ་ཁྲིམས་ཀྱིས་ནོན་པས་འུར་སྒྲ་མེད་ཅིང་།བཙུན་མོའི་ཚོགས་ཀྱིས་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་བསིལ་ཕབ་པའི་བདེ་བ་ལྟར་དུ་རྒྱལ་སྲས་བྱང་སེམས་ཀྱང་ནོར་མེད་པས་དགྲ་དང་བྲལ་བའམ་ཡང་ན་དབེན་པའི་གནས་ན་མི་ཁྱི་ལ་སོགས་པའི་སྒྲ་མེད་ཅིང་སེམས་ཉེ་བར་ཞི་བའི་ནགས་ཀླུང་རླུང་གིས་ལེགས་པར་གཡོ་བ་དེ་ཡིས་བྱང་སེམས་ལ་བསིལ་བར་བྱེད་པ་ཡིན་ཞིང་།འཁོར་ལོས་སྒྱུར་རྒྱལ་གྱིས་གླིང་བཞིའི་སྡེ་རིས་སྐྱོང་བ་ལ་ཕན་པར་སེམས་ཤིང་སྐྱེད་མོས་ཚལ་ནས་འགྲོ་བ་བཞིན་དུ་རྒྱལ་སྲས་ཀྱིས་ཡིད་ལ་བྱེད་པའི་ཁྱད་པར་ནི་གཞན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་གནས་སྐབས་སུ་མཐོ་རིས་ཀྱི་ཕན་པ་དང་།མཐར་ཐུག་གི་བྱང་ཆུབ་ཐོབ་པའི་དོན་ཐམས་ཅད་སེམས་ཤིང་དབེན་པའི་གནས་སུ་ཕན་ཚུན་དུ་འཆགས་པར་བྱེད་དོ།།མི་མེད་ལུང་སྟོང་འགྲིམས་པར་མ་བྱས་ན།།མཚམས་དང་དམ་བཅའ་ཕན་པ་མི་འདུག་ལགས།།གསུངས་པ་ལྟར་དུ།དབེན་གནས་ཁང་པ་སྟོང་པ་དང་ཤིང་དྲུང་རྩོག་པུ་ཙམ་གྱི་གནས་མལ་དང་།ས་ཕུག་དང་བྲག་ཕུག་དག་ཏུ་ཕུན་སུམ་ཚོགས་པའི་གནས་གང་དང་གང་དུ་རང་ཉིད་དུས་ཇི་སྲིད་འདོད་པའི་བར་དུ་གནས་བཅས་ཤིང་འདུག་ལ།འགྲོ་བའི་ཚེ་ན་སྡུག་བསྔལ་གྱི་གནས་ལ་སེམས་ཀྱིས་ཡོངས་སུ་འཛིན་པས་བསྲུང་དགོས་པའི་སྡུག་བསྔལ་ཐམས་ཅད་སྤངས་ཏེ།གོང་གི་དཔོན་དང་འོག་གི་གཡོག་ལ་རེ་བ་དང་ལྟོས་པ་མེད་པར་གུ་དོགས་མེད་པས་བག་ཡངས་སུ་སྤྱོད་པར་བྱེད་དེ་གནས་པ་ཡིན་ནོ།།ཆོས་ལ་རང་ཐག་རང་གིས་བཅད་ན་ལེགས་ཏེ།འདུལ་བ་ལས།རང་དབང་ཐམས་ཅད་བདེ་བ་སྟེ།།གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།ཞེས་གསུངས་པ་ལྟར་དུ་དབེན་པའི་གནས་སུ་རང་དབང་གིས་དམ་པའི་ཆོས་ལ་སྤྱོད་ཅིང་།རྒྱུ་ཟས་ལ་སོགས་པ་ལ་ཆགས་པ་མེད་པ་ཡིན་ལ།གནས་གྲོགས་ལ་སོགས་པའི་ཡུལ་གང་དང་ཡང་ནི་བཟང་ངན་གྱི་འབྲེལ་བ་མེད་པ་དེ་ལྟ་བུའི་ཆོག་ཤེས་ཀྱི་བདེ་བ་ལ་ལོངས་སྤྱོད་པ་གང་ཡིན་པ་དེ་ནི་ཚངས་དང་ལྷའི་དབང་པོས་ཀྱང་ནི་རང་དབང་ཐོབ་པའི་ཆོག་ཤེས་ཀྱི་བདེ་སྐྱིད་དེ་ནི་རྙེད་པར་དཀའ་སྟེ།རྒྱལ་སྲས་དབེན་རི་ལ་གནས་པ་མ་གཏོགས་པ་སུས་ཀྱང་མི་རྙེད་དོ།།ཅིའི་ཕྱིར་དུ་ཡིན་སྙམ་ན།འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཏེ།།འདོད་པ་ཟད་ན་འཕགས་པ་དངོས་ཡིན་ནོ།།ཞེས་གསུངས་པས་སོ།།སྐྱིད་ལ་སྐྱིད་ངོ་ཤེས་དགོས་སོ་གསུངས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་འཇིག་རྟེན་སྤང་བའི་ས་བཅད་བཞི་ནི་དབེན་བའི་རི་ལ་མ་སོང་གོང་དུ་བསམ་བྱ་དང་།རྣམ་རྟོག་དོར་བའི་ས་བཅད་གསུམ་ནི་རི་ཁྲོད་དུ་གནས་ཡོད་ཚེ་འདུག་མི་མོས་པ་སྤང་བའི་ཕྱིར་དུ་བསམ་སྒོམ་བྱ་བ་ཡིན་པར་གསུངས་སོ།།དེ་ལྟར་ན་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་སྤངས་སོགས་ནས།གསུམ་པ་བསམ་གཏན་སྒོམ་པ་དངོས་ལ་མཚམས་སྦྱར་ཏེ་མདོར་བསྟན་པ་དང་།བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ་དང་།ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས།དང་པོ་ནི།དེ་ལ་སོགས་པའི་རྣམ་པ་ཡིས། །སོགས་ནས།བསྒོམ་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་གོང་དུ་བཤད་པའི་དབེན་གནས་ཀྱི་བསྔགས་པ་བརྗོད་པ་དེ་ལ་སོགས་པའི་དཔེ་ཆ་ལ་བལྟས་ཏེ་བླ་མས་གསུངས་དྲན་པའི་རྣམ་པ་ལ་སོགས་པ་དེ་ཡིས་སྤྱིར་ཐུན་མོང་གི་ལུགས་ལ་ལུས་འདུ་འཛི་དང་སེམས་རྣམ་རྟོག་གིས་དབེན་པར་གསུངས་པ་དང་།ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་ནི་རང་འདོད་ཡིད་བྱེད་ཀྱིས་དབེན་པའི་ཡོན་ཏན་ཐམས་ཅད་བསམ་པར་བྱས་ནས་རྒྱ་མཚོ་ལ་འགྲོ་བའི་གྲུ་གཟིངས་ཀྱི་ཁང་པ་ལ་བྱ་རོག་གནས་པ་ཉིན་གང་དུ་འཕུར་ཡང་ནུབ་མོ་ཁང་པ་ལ་གནས་འོང་བ་ལྟར་དུ་དང་པོ་འདོད་པ་ལ་རྣམ་རྟོག་འཕྲོ་ཡང་དེ་ནས་རྣམ་རྟོག་ལ་སྐྱོན་དུ་བལྟས་ནས་འདོད་པ་ལ་སྐྱོ་ཞིང་སུན་པ་ཞིག་གིས་ཞེན་པ་ལོག་ཐུབ་ན་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱེད་པ་ཡིན་ཏེ།ཞེན་ལོག་སྒོམ་གྱི་མགོ་བོ་དང་།།མོས་གུས་སྒོམ་གྱི་རྐང་པ་དང་།།དྲན་པ་སྒོམ་གྱི་དངོས་གཞི་ཡིན།།ཞེས་གསུངས་པ་ལྟར།འདོད་པ་འདི་ལ་ཞེན་ལོག་གེ་འགྲོ་བ་ཞིག་ལ་བསླབ་དགོས་གསུངས་པ་དང་།དེ་ནས་བྱང་ཆུབ་སེམས་དཔའི་དམིགས་རྟེན་ནི་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི་བསྒོམ་པར་བྱའོ།།གཉིས་པ་བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ་ལ།བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་།བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་དང་གཉིས་ལས།དང་པོ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་དང་།དོན་བསྡུ་བ་དང་གསུམ་ལས།དང་པོ་མདོར་བསྟན་ནི།བདག་དང་གཞན་དུ་མཉམ་པ་ནི།།སོགས་ནས།བསྲུང་བར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་བདག་དང་ནི་སེམས་ཅན་གཞན་གཉིས་ཀ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཉིད་དུ་འདྲ་ཞིང་མཉམ་པ་བྱང་ཆུབ་ཀྱི་སེམས་ནི་དང་པོ་ཉིད་དུ་འབད་དེ་བསྒོམ་དགོས་མ་གཏོགས་རང་གཅེས་འཛིན་གྱི་བློ་འདི་ངན་གོམས་ལ་སོང་ན་ཤོག་དྲིལ་དང་འདྲ་བས།གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ཀྱིས་འབད་དགོས་ཏེ།དེ་ཡང་བདག་གཞན་མཉམ་པའི་རྩ་བའི་ངོ་བོ་དངོས་ནི།ཚིག་གཅིག་པོ་འདི་ལ་འདུས་པས་བདག་རང་དང་སེམས་ཅན་གཞན་གཉིས་ཀ་བདེ་བ་འདོད་པ་ལ་མཉམ་པས་ན།རང་དང་སེམས་ཅན་ལ་བདེ་བ་སྒྲུབ་ཐབས་སུ་བརྩོན་དགོས་པ་དང་།བདག་གཞན་གཉིས་ཀ་སྡུག་བསྔལ་མི་འདོད་པ་ལ་མཉམ་པས་ན་སྡུག་བསྔལ་བསལ་ཐབས་ལ་བརྩོན་དགོས་ཏེ།བདེ་བ་སྒྲུབ་པ་དང་སྡུག་བསྔལ་བསལ་བར་འདོད་པ་ལ་བདག་གཞན་གཉིས་ཀ་ད་སྔོན་མ་མཉམ་པ་ཡིན་པས་འཁོར་བར་འཁྱམས་པས་ན་ད་ནི་སེམས་ཅན་ཐམས་ཅད་བདེ་སྒྲུབ་སྡུག་བསྔལ་སེལ་བ་ལ་བདག་བཞིན་དུ་སེམས་ཅན་གཞན་ཡང་བསྲུང་བར་བྱ་བ་ལ་བརྩོན་དགོས་སོ།།གཉིས་པ་རྒྱས་པར་བཤད་པ་ལ།མཉམ་པ་ཇི་ལྟར་བསྒོམ་ཚུལ།དེ་ལ་རྩོད་པ་སྤང་བ།དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས།དང་པོ་ནི།ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་།།སོགས་ནས།སེམས་ཅན་བཞིན།།ཞེས་པའི་བར་གྱིས་བསྟན།དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བདག་གཅིག་པུས་སྒྲུབ་པ་དང་བསལ་བར་མི་ནུས་སྙམ་ན།དེ་ཡང་དཔེར་ན་བདག་གི་ལུས་ལ་ལག་པ་དང་རྐང་པ་ལ་སོགས་པའི་དབྱེ་བ་བྱས་ན་ཡན་ལག་གི་རྣམ་པ་མང་པོ་ཡོད་ན་ཡང་དོན་ལ་བདག་གི་ལུས་སོ་སྙམ་པས་ཡོངས་སུ་བསྲུང་བར་བྱ་བའི་ལུས་སུ་གཅིག་སྟེ།ཕྱག་སོར་མོ་བཅུ་ལས་གང་བཅད་ཚ།།གསུངས་པ་ལྟར་རྡོ་བྱུག་གིས་བརྡེག་པས་ན་བ་དང་།ཟས་གོས་ཀྱིས་བདེ་བ་ལ་གཅིག་པ་ལྟར་དུ།དཔེ་དེ་བཞིན་འགྲོ་བ་སོ་སོ་ཐ་དད་ཀྱི་རྒྱུད་ལ་ཡོད་པའི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་ནི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བདག་ཉིད་བཞིན་དུ་བདེ་བ་འདོད་པ་ལ་བདག་གཞན་མཉམ་པས་ན་བདེ་བ་སྒྲུབ་པ་ལ་བརྩོན་དགོས་པ་དང་།རང་གཞན་གཉིས་ཀ་སྡུག་བསྔལ་མི་འདོད་པ་ལ་གཅིག་ཅིང་མཉམ་པས་ན་སྡུག་བསྔལ་སེལ་ཐབས་བརྩོན་གྲོགས་དགོས་ཏེ།སེམས་ཅན་ཐམས་ཅད་ངའམ་ངའི་ཚུལ་དུ་བདག་ཏུ་བཟུང་ནས་རང་གཞན་གཉིས་ལ་ཡག་དགའ་ཉེས་སྡུག་ཡོད་པ་མཉམ་ན་བདག་གཞན་མཉམ་པ་ཡིན་པས་བསྒོམ་དགོས་གསུངས་སོ།།གལ་ཏེ་བདག་གི་མགོ་བོ་ན་བ་ལ་སོགས་པའི་སྡུག་བསྔལ་གྱིས་ནི་སེམས་ཅན་གཞན་གྱི་ལུས་ལ་མི་གནོད་པ་དེ་ལྟ་བུ་ཞིག་ཡིན་ནའང་བདག་གི་མགོ་བོ་ན་བ་ལ་སོགས་པའི་སྡུག་བསྔལ་བ་དེ་ནི་བདག་གིས་ཉམས་སུ་མྱོང་བྱའི་སྡུག་བསྔལ་ཡིན་པས།བདག་གིས་ཉམས་སུ་མྱོང་བྱའི་སྡུག་བསྔལ་དེ་ནི་བདག་ཏུ་ཞེན་པ་སྐྱེས་ཤིང་གོམས་པས་མི་བཟོད་པ་ཉིད་དུ་གྱུར་པ་ཡིན་ནོ།།བདག་ན་བ་ལ་སོགས་པས་སྡུག་བསྔལ་བ་དེ་བཞིན་ཏུ་སེམས་ཅན་གཞན་གྱི་མགོ་བོ་ན་བ་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་ད་ལྟ་བདག་ལ་འབབ་པར་མི་འགྱུར་བ་ཡིན་ཡང་།གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་པ་དེ་ལྟ་བུ་ཞིག་ཡིན་ནའང་གཞན་གྱི་མགོ་བོ་ན་བ་ལ་སོགས་པའི་སྡུག་བསྔལ་དེ་ནི་བདག་གིས་བསལ་བར་བྱ་བའི་སྡུག་བསྔལ་ཡིན་ཏེ།གཞན་གྱི་མགོ་བོ་ན་བ་ལ་སོགས་པའི་སྡུག་བསྔལ་དེ་ནི་བདག་ཏུ་ཞེན་པ་སྐྱེས་པས་བཟོད་པར་དཀའ་སྟེ་མི་བཟོད་པའི་བློ་སྐྱེ་རྒྱུ་ཡོད་པ་བུ་ན་བ་ལ་མ་ཡིས་མི་བཟོད་ཅིང་བུའི་སྡུག་བསྔལ་སེལ་ཐབས་སུ་བརྩོན་པ་ལྟ་བུ་ཡིན་ནོ།།མདོར་ན་སེམས་ཅན་ཐམས་ཅད་ངའི་ཕ་མའམ་ང་ལྟ་བུ་ཡིན་བསམ་ནས་བསྒོམ་ནུས་ན་གཞན་ལ་སྡུག་བསྔལ་བྱུང་བ་ལ་མི་བཟོད་པའི་བློ་སྐྱེ་རྒྱུ་ཡོད་གསུངས་སོ།།སེམས་ཅན་ལ་དམིགས་པའི་སྙིང་རྗེ་གང་འདོན་གྱི་ཕྲེང་བ་ལ་བཀོད་པ་ནི།བདག་གིས་སེམས་ཅན་གཞན་གྱི་སྡུག་བསྔལ་ཐམས་ཅད་བསལ་བར་བྱའོ་ཞེས་དམ་བཅའ་སྟེ།ཅིའི་ཕྱིར་ཞེ་ན།ཡུལ་གྱི་ངོས་ནས་སྡུག་བསྔལ་ཡིན་པའི་ཕྱིར།དཔེར་ན་བདག་གིས་ཉམས་སུ་མྱོང་བྱའི་སྡུག་བསྔལ་བསལ་བྱ་ཡིན་པ་བཞིན་ནོ།།ཡང་སེམས་ཅན་ལ་དམིགས་པའི་བྱམས་པ་ངག་ཕྲེང་ལ་བཀོད་པ་ནི།བདག་གིས་སེམས་ཅན་གཞན་ལ་ཕན་པ་སྒྲུབ་པར་བྱའོ་ཞེས་དམ་བཅའ་སྟེ།ཅིའི་ཕྱིར་ཞེ་ན།ཡུལ་ཅན་གྱི་ངོས་ན་སེམས་ཅན་ཡིན་པའི་ཕྱིར།དཔེར་ན་བདག་གི་ལུས་ལ་ཕན་པ་བསྒྲུབ་དགོས་པ་བཞིན་ནོ།།བདག་གཞན་མཉམ་པ་ནི།ཡུལ་སྡུག་བསྔལ་ཡིན་ན་བསལ་བྱ་ཡིན་པས་ཁྱབ།ཡུལ་ཅན་སེམས་ཅད་ཡིན་ན་ཕན་གདགས་བྱ་ཡིན་པས་ཁྱབ།རང་གཞན་གྱི་ཕུང་ལྔའི་སྟེང་ན་བདག་མེད་པས་མཉམ་པ་ཡིན་གསུངས་སོ།།བཤད་མ་ཐག་པ་འོག་མའི་ཚིག་རྐང་གཉིས་ཀྱི་སྒྲུབ་བྱེད་སེམས་ཅན་ལ་དམིགས་པའི་བྱམས་པའི་སྒྲུབ་བྱེད་ནི་དུས་གང་དང་གང་གི་ཚེ་ན།བདག་རང་དང་སེམས་ཅན་གཞན་གཉིས་ཀ་བདེ་བ་འདོད་པ་ཉིད་དུ་མཚུངས་ཤིང་འདྲ་བ་ཡིན་པ་ལ་ནི་བདག་དང་གཞན་གཉིས་ཀ་ཁྱད་པར་ཅི་ཞིག་ཡོད་དེ་ཁྱད་པར་མེད་པ་ཡིན་ན་སེམས་ངན་མ་ཁྱོད་ཀྱིས་རྒྱུ་མཚན་གང་གི་ཕྱིར་ན་ཅིའི་དོན་དུ་བདག་གཅིག་པུ་ཁོ་ན་ཞིག་གི་དོན་དུ་བདེ་བར་བརྩོན་པ་ཡིན་ཏེ།དེ་ལྟར་བདག་སྐྱིད་འདོད་ཀྱི་འགོང་པོ་འདི་ཉིད་སྒྲུབ་པར་བྱ་བ་མི་རིགས་ཏེ།དགེ་བཤེས་ཤ་བོ་སྒང་པའི་ཞལ་ནས།ད་རེས་ཀྱི་ཚེ་ཐུང་འདི་ལ་འགོང་པོ་འདི་ཅི་ཐུལ་ཅིག་བྱ་འཚལ།གསུངས་པ་དང་།རྗེ་བཙུན་གྲགས་པ་རྒྱ་མཚན་གྱིས།བདག་དོན་ལ་ཞེན་ན་བྱང་སེམས་མིན།།ཞེས་གསུངས་སོ།སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཚིག་རྐང་གོང་མ་གཉིས་ཀྱི་སྒྲུབ་བྱེད་ནི།དུས་གང་དང་གང་གི་ཚེ་ན་བདག་རང་དང་སེམས་ཅན་གཞན་གཉིས་ཀ་སྡུག་བསྔལ་བ་མི་འདོད་པ་ལ་མཚུངས་ཤིང་འདྲ་བ་ཡིན་པ་ལ་ནི།བདག་དང་གཞན་གཉིས་ཀ་ཁྱད་པར་ཅི་ཞིག་ཡོད་དེ་མེད་པ་ཡིན་ན།རྒྱུ་མཚན་གང་གི་ཕྱིར་ན་ཅིའི་དོན་དུ་སེམས་ངན་མ་ཁྱོད་ཀྱིས་སེམས་ཅན་གཞན་ནི་སྲུང་བར་འདོད་པ་མིན་ལ་བདག་གཅིག་པུ་སྲུང་བར་བྱེད་པ་ཅིའི་དོན་དུ་ཡིན་བསམ་ནས་ཚིག་རྩ་འདི་ཉིད་རང་རྒྱུད་ལ་བརྟགས་དཔྱད་བྱ་ནུས་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཤེས་འོངས་གསུངས་སོ།།དེ་ལྟར་བདག་ལ་བདེ་བ་འདོད་ཅིང་གཞན་ལ་མི་འདོད་པ་དང་གཞན་ལ་སྡུག་བསྔལ་འདོད་ཅིང་བདག་ལ་མི་འདོད་པ་འདི་གཉིས་ཀའི་རྩ་བ་བདག་འཛིན་ཡིན་པ་འདི་ཤེས་དགོས་གསུངས་སོ།།གལ་ཏེ་སེམས་ཅན་ཕ་རོལ་དེ་ལ་སྡུག་བསྔལ་བ་བྱུང་བས་ནི་བདག་རང་ལ་ཅི་ཡང་མི་གནོད་པའི་རྒྱུ་མཚན་དེའི་ཕྱིར་དུ་སེམས་ཅན་གཞན་གྱི་སྡུག་བསྔལ་མི་བསྲུང་བ་དེའི་དོན་གྱིས་ཡིན་ནོ་སྙམ་ན།འོ་ན་མ་འོངས་པ་ཡི་དུས་སུ་དམྱལ་བའི་སྡུག་བསྔལ་ལ་སྐྲག་པ་དང་མ་འོངས་པ་དགུན་གྱི་དུས་སུ་ལྟོག་པ་དང་གྲང་བའི་སྡུག་བསྔལ་ལ་སོགས་པ་ལ་ཡང་སྐྲག་ནས་ད་ལྟ་དགེ་སྒྲུབ་སྡིག་སྤོང་དང་།དབྱར་དུས་སུ་གོས་དྲོན་པོ་འདྲུབ་པ་དང་།སྟོན་དུས་སུ་གྲོ་ནས་ལ་སོགས་པ་ཅིའི་དོན་དུ་སྒྲུབ་པར་བྱེད་དེ་དམྱལ་མེ་དང་།མ་འོངས་པ་དགུན་དུས་ཀྱི་ལྟོག་གྲང་གི་སྡུག་བསྔལ་དེས་ནི་ད་ལྟའི་མི་ལུས་དང་དབྱར་སྟོན་གྱི་བདག་རང་ལ་ནི་གནོད་པ་མི་བྱེད་པ་ཡིན་ན།མ་འོངས་པའི་སྡུག་བསྔལ་དེ་ནི་སེམས་ཁྱོད་ཀྱིས་རྒྱུ་མཚན་ཅིས་ཀྱང་བསྲུང་བར་བྱེད་དེ།སྟོན་ང་དང་དགུན་ང་གཉིས་སོ་སོར་ཡིན་པས་སོ།།ད་ལྟའི་ང་དང་མ་འོངས་པའི་ང་སོགས་གཅིག་ཡིན་སྙམ་ནས་དུས་གསུམ་ལ་སོགས་པ་གཅིག་ཏུ་སྒྲེལ་ཏེ་ང་གཅིག་ཡིན་པས་རློམ་པ་དེ་ལ་བདག་འཛིན་ཟེར་བས།ད་ལྟའི་བདག་གིས་མ་འོངས་པའི་དམྱལ་མེ་དང་གྲང་ལྟོག་ལ་སོགས་པའི་སྡུག་བསྔལ་དེ་ནི་མྱོང་ངོ་སྙམ་པའི་རྣམ་པར་རྟོག་པ་དེ་ནི་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པར་ཤེས་པར་བྱ་སྟེ།བཀག་དགོས་རྒྱུ་ངོ་མ་ནི་བདག་འཛིན་ལྷང་ལ་ཕུད་ཡོང་བ་འདི་ཡིན་གསུངས་སོ།།དཔེར་ན་མིའི་འགྲོ་བ་ཞིག་ཤི་ནས་དམྱལ་བའི་འགྲོ་བ་ཞིག་ཏུ་སྐྱེ་བ་ལ་བསམ་ན་རགས་པ་འགྱུར་བའི་མི་རྟག་པ་ཡིན་ལ།འདི་ལྟར་ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ནི་ལུས་སེམས་གཉིས་སྐད་ཅིག་གིས་སྐྱེ་བ་གྲངས་མེད་པ་ཆུ་བོ་ཁྲ་ལ་ལ་འབབ་པ་ལྟར་དུ་སྔ་མ་ད་ལྟའི་ཕུང་པོ་ལྔ་འགགས་ནས་ཤི་བ་དང་།འདི་ཕན་ལ་ཕྱི་མའི་ཕུང་པོ་ལྔ་སྐྱེ་བ་ཡང་ནི་གཞན་དམྱལ་བའི་སེམས་ཅན་ལྟ་བུ་ཉིད་ཡིན་པས་ན་ཕྱི་རོལ་པས་ནི་ཕུང་ལྔ་རྟག་པར་འདོད་པ་ཡིན་ལ།ནང་བ་སངས་རྒྱས་པའི་ལུགས་ལ་ཕུང་ལྔའི་རྒྱུན་ཙམ་ཡང་སྐད་ཅིག་སྐད་ཅིག་གིས་སྐྱེ་འགགས་བྱེད་པར་འདོད་པ་ཡིན་ཏེ།རྒྱུན་ལ་གང་ཟག་ཅེས་བྱ་སྟེ།།གྱ་གྱུའི་ཕྲེང་བ་འདི་རང་ཡིན།།གསུངས་པ་ལྟར་རོ།།དུས་གང་གི་ཚེ་ན་ཕ་རོལ་གྱི་སེམས་ཅན་གང་གི་དགག་བྱའི་ངོས་འཛིན་གྱི་སྡུག་བསྔལ་གང་ཡིན་པ་དེ་ནི་ཕ་རོལ་གྱི་སེམས་ཅན་རང་དེ་ཉིད་ཀྱིས་བསྲུང་བ་མ་གཏོགས་བདག་གིས་ཅིའི་དོན་དུ་བསྲུང་བར་བྱ་སྙམ་པ།འོ་ན་རྐང་པ་ལ་ཚེར་མ་ལ་སོགས་པའི་རྐྱེན་གྱིས་རྐང་པའི་སྡུག་བསྔལ་མི་བཟོད་པ་ལ་སོགས་པ་དེ་ཉིད་ལག་པ་ལ་སྡུག་བསྔལ་བྱུང་བ་མིན་པས་ལག་པས་ནི་རྐང་པ་ལ་ཚེར་མས་སྡུག་བསྔལ་བྱུང་བ་བསལ་བ་རིགས་པ་མིན་པས།རྒྱུ་མཚན་ཅིའི་ཕྱིར་དུ་ལག་པ་དེས་ནི་རྐང་པ་དེ་ཉིད་བསྲུང་བར་བྱ་སྟེ་རིགས་ཤིང་འཐད་པ་མ་ཡིན་ནོ།།གལ་ཏེ་རྐང་པའི་ཚེར་མའི་སྡུག་བསྔལ་ལག་པས་བསལ་བ་རིག་པ་མིན་ཡང་།ལུས་འདིར་ཐོག་མ་མེད་དུས་ནས་གཟུང་འཛིན་གྱི་བག་ཆགས་གོམས་པའི་དབང་གིས་ལུས་ཀྱི་སྟོད་སྨད་ཕྱོགས་ཐམས་ཅད་སྦྲེལ་ཏེ་གཅིག་ཏུ་རློམ་སྟེ་བདག་ཏུ་འཛིན་ཅིང་ཞེན་པས་རྐང་པའི་དོན་དུ་ལག་པ་འཇུག་དགོས་པ་རེད་ཅེ་ན།འོ་ན་མི་བདེན་པ་ལ་བདེན་པར་བཟུང་ནས་བདག་རང་དང་སེམས་ཅན་གཞན་གཉིས་སུ་འཛིན་པ་མི་རིགས་ཤིང་མི་འཐད་པའི་བདག་འཛིན་རི་རབ་ལྟ་བུ་གང་ཡིན་པ་དེ་ནི་རང་གཞན་གཉིས་ཀའི་རྒྱུད་ལ་གནས་སུ་མི་འཇུག་པར་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་ནོ།།དེ་ལ་བདག་འཛིན་སྤང་ཚུལ་གྱི་བསྒོམ་བྱ་དངོས་ནི་སྟོན་དུས་ཀྱི་ང་དང་དགུན་དུས་ཀྱི་ང་རྣམས་གཅིག་ཡིན་སྙམ་པ་དང་།ད་ལྟའི་ང་དང་ཕྱི་མའི་ང་གཉིས་གཅིག་ཡིན་སྙམ་པའི་རྒྱུད་ཅེས་བྱ་བ་ནི་དཔེ་ཕྲེང་རྡོག་བརྒྱ་ཚོགས་པ་ལ་ཕྲེང་བ་ཞེས་འཁྲུལ་རྟོག་གི་བློས་བཏགས་པ་བཞིན་དུ་རྫུན་པ་ཡིན་ཏེ།ཕྲེང་རྡོག་རེ་རེའི་སྟེང་དུའང་ཕྲེང་བ་རང་བཞིན་གྱིས་གྲུབ་པ་མེད་ལ།ཕྲེང་རྡོག་དེའང་དབྱིབས་ཟླུམ་བུ་ནི་ཕྲེང་རྡོག་མིན་ལ།ཁ་དོག་དམར་སེར་ལྟ་བུ་དང་།རེག་བྱ་སྲ་བའང་བརྟག་ན་ཕྲེང་རྡོག་མ་གྲུབ་པ་དེ་བཞིན་དུ་འདས་པའི་ཤེས་པ་སྐད་ཅིག་མ་ནི་འགགས་པ་དང་།མ་འོངས་པའི་ཤེས་པ་ནི་མ་སྐྱེས་པ་དང་།ད་ལྟའི་ཤེས་པ་སྐད་ཅིག་མ་ནི་སྐྱེ་བ་དང་འགགས་པ་དུས་མཉམ་པ་ཡིན་པས་བརྟག་ན་རྒྱུད་ཅེས་བྱ་བའི་གང་ཟག་གི་བདག་རང་བཞིན་གྱིས་མ་གྲུབ་པ་དང་།ཤ་ཁྲག་རུས་པ་མགོ་དང་ཡན་ལག་ལ་སོགས་པའི་ལུས་ཀྱི་ཚོགས་པ།ཞེས་བྱ་བ་འདི་ནི་དཔེ་དམག་གི་ཚོགས་པ་ལ་སོགས་པ་བཞིན་དུ་རྫུན་ཡིན་ཏེ་དམག་མི་རེ་རེའི་སྟེང་ན་དམག་གི་དཔུང་ཚོགས་རེ་རེ་གྲུབ་པ་མེད་པ་ལྟར་དུ་ལུས་ཀྱི་ཚོགས་པ་རེ་རེའི་སྟེང་དུ་ལུས་རེ་རེ་གྲུབ་པ་མེད་པས་ན་རྒྱུད་ཅེས་བྱ་བའི་གང་ཟག་གི་བདག་སེམས་རྟག་པ་དང་།ཚོགས་པ་ཞེས་བྱ་བ་ཆོས་ཀྱི་བདག་ལུས་གཅིག་པུར་འདོད་པ་གཉིས་ནི་དཔེར་ན་ཕྲེང་བ་དང་དམག་གི་དཔུང་ཚོགས་ལ་སོགས་པར་བཏགས་པ་བཞིན་དུ་རྫུན་ཡིན་ནོ།།ལུས་སེམས་གཉིས་ལ་བདག་མེད་ན་སྡུག་བསྔལ་ཅན་གྱི་བདག་པོ་གང་ཡིན་པ་གང་ཟག་གི་བདག་དང་ཆོས་ཀྱི་བདག་དེ་གཉིས་ཀ་མེད་པར་ངེས་པ་ཡིན་ཏེ།དེས་ན་སྡུག་བསྔལ་འདི་ཉིད་ལ་བདག་པོ་སུ་ཞིག་གིས་དབང་བར་འགྱུར་ཏེ་སྡུག་བསྔལ་ལ་དབང་བྱེད་པའི་བདག་པོ་མེད་པ་ཤེས་དགོས་སོ་གསུངས།དེས་ཅི་འགྲུབ་ན་སྡུག་བསྔལ་ལ་བདག་པོར་བྱེད་པའི་བདག་འཛིན་རང་བཞིན་གྱིས་མ་གྲུབ་དུས་བདག་གཞན་མཉམ་པ་ཡིན་པ་གྲུབ་དོན་མཐར་ཐུག་པའོ།།དེ་ལྟར་སྡུག་བསྔལ་ལ་བདག་པོ་བྱེད་པ་མེད་པར་ནི་རང་བཞིན་གཉིས་ཀ་འདྲ་བ་ཡིན་དུས་སུ་རང་གཞན་གཉིས་ཀའི་རྒྱུད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་དགོས་པ་ལ་བྱེ་བྲག་དང་ཁྱད་པར་མེད་པ་ཉིད་ཡིན་པས་སྡུག་བསྔལ་མ་ལུས་པ་བསལ་དགོས་ཏེ།དེ་ཅིས་གྲུབ་ན།ཡུལ་གྱི་ངོས་ནས་སྡུག་བསྔལ་ཡིན་པའི་ཕྱིར་ན་རང་གཞན་གཉིས་ཀའི་རྒྱུད་ཀྱི་སྡུག་བསྔལ་དེ་རྣམས་བསལ་བར་བྱ་དགོས་པས།སེམས་ངན་མ་ཁྱེད་ཀྱིས་བདག་གཅིག་པུའི་སྡུག་བསྔལ་ཞིག་བསལ་བསམ་པས་སྡུག་བསྔལ་ལ་ཁྱད་པར་ཕྱེས་ཏེ་ངེས་པར་བཟུང་བས་ནི་བདག་གཞན་མཉམ་པ་སྒོམ་པའི་དུས་དེར་ནི་རང་གི་སྡུག་བསྔལ་ཁོ་ན་བདག་ཏུ་བཟུང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།རྒྱུ་མཚན་ཅིའི་ཕྱིར་ན་རང་གཞན་ཀུན་གྱི་སྡུག་བསྔལ་ཐམས་ཅད་ནི་བཟློག་པར་བྱ་སྟེ་བཟློག་པར་མི་བྱའོ།།ཞེས་བརྩད་དུ་མེད་པ་ཡིན་པས་གལ་ཏེ་སེམས་ངན་མ་ཁྱོད་ཀྱི་སྡུག་བསྔལ་རྣམས་བཟློག་པར་བྱ་བསམ་ན་ནི་བདག་གཞན་ཀུན་གྱི་སྡུག་བསྔལ་མ་ལུས་པའང་ཐམས་ཅད་བཟློག་པར་གྱིས་ཤིག།།ཡང་གལ་སྲིད་བདག་གཅིག་པུའི་སྡུག་བསྔལ་བཟློག་པ་མ་གཏོགས་པར་སེམས་ཅན་གཞན་གྱི་སྡུག་བསྔལ་དེ་རྣམས་བཟློག་པར་འདོད་པ་མིན་ན་ནི་བདག་རང་ཉིད་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བསལ་མི་འདོད་པ་བཞིན་དུ་བོར་ལ་ཞོག།།ཅེས་གསུངས་སོ།།དེ་རྣམས་ཀྱི་དོན་མདོར་བསྡུས་པའི་ཞལ་རྒྱུན་དྲི་མ་མེད་པ་ནི་སྤྱོད་འཇུག་གི་ཉམས་ལེན་གྱི་གནད།དོན་དམ་པར་ན་བདག་མེད་པའི་དོན་ལ་ངེས་ཤེས་མ་འདྲོངས་པར་དུ་སྒོམ་དགོས་ཤིང་།ཀུན་རྫོབ་རྟེན་འབྲེལ་ཙམ་དུ་སུ་ལའང་བདག་ཏུ་འཛིན་ཆོག་པ་གཉིས་འགལ་མེད་ཡིན་པ་ཤེས་དགོས་གསུངས་སོ།།གཉིས་པ་དེ་ལ་རྩོད་པ་སྤང་བ་ནི།སྙིང་རྗེས་སྡུག་བསྔལ་མང་གྱུར་པས།།སོགས་ནས།ཟད་འགྱུར་ཕྱིར།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པའི་བྱང་ཆུབ་སེམས་དཔའི་སྙིང་རྗེས་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་མང་པོ་རང་རྒྱུད་ལ་བླང་བར་གྱུར་པས་ན།རྒྱུ་མཚན་ཅིའི་ཕྱིར་དུ་སྙིང་རྗེའི་སྡུག་བསྔལ་མང་པོ་དེ་ཉིད་ནན་ཏན་གྱིས་རང་རྒྱུད་ལ་བསྐྱེད་པ་ཡིན་ཅེ་ན།འཁོར་བ་མཐའ་མེད་ཀྱི་འགྲོ་བའི་སྡུག་བསྔལ་མ་ལུས་པ་ལ་བསམ་པར་བྱས་ན་ཇི་ལྟར་དུ་བྱང་སེམས་ཀྱི་སྙིང་རྗེའི་སྡུག་བསྔལ་གཅིག་ནི་མང་སྟེ་མི་མང་ཞིང་།གལ་ཏེ་བྱང་སེམས་ཀྱི་ཐུགས་རྒྱུད་ཀྱི་སྙིང་རྗེའི་སྡུག་བསྔལ་གཅིག་གིས་ནི་འཁོར་བའི་སེམས་ཅད་ཀྱི་སྡུག་བསྔལ་མང་པོ་མེད་པར་འགྱུར་བ་ཡིན་ན།བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པས་སྙིང་རྗེ་ཆེན་པོའི་སྡུག་བསྔལ་དེ་ནི་རང་གི་རྒྱུད་ལ་བསྐྱེད་བྱ་དང་།སེམས་ཅན་གཞན་གྱི་རྒྱུད་ལ་ཡང་བསྐྱེད་པར་བྱ་བ་ཉིད་ཡིན་ནོ།།རྒྱུ་མཚན་དེས་ནི་སྔོན་དུས་སུ་སངས་རྒྱས་རིན་པོ་ཆེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་མྱ་ངན་ལས་འདས་པའི་བསྟན་པའི་ཐ་མ་ན།བྱང་ཆུབ་སེམས་དཔའ་བདུན་སྟོང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་ལྷན་དུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ན་གནས་པ་ན།བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་རྒྱལ་པོ་དཔའ་བས་བྱིན་གྱིས་རྒྱལ་པོའི་ཆད་པས་བྱང་སེམས་རང་ལ་སྐུ་སྲོག་ལ་བར་དུ་གཅོད་པའི་གནོད་པ་འབྱུང་བ་ཐུགས་ཀྱིས་ཤེས་པར་གྱུར་ཀྱང་།བྱང་སེམས་ཟླ་མཛེས་དེས་ནི་བདག་གི་སྐུ་སྲོག་ལ་བར་ཆད་ཀྱི་སྡུག་བསྔལ་འོང་བ་མ་བསལ་བ་ཡིན་ཏེ།སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་ཚེ་རབས་གཏན་གྱི་སྡུག་བསྔལ་མ་ལུས་པ་ཟད་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཁོ་ན་ཐོབ་པར་འགྱུར་བའི་ཕྱིར་དུ་བརྩོན་པར་མཛད་པ་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་པས།རྒྱལ་པོ་དཔའ་བས་བྱིན་ནི་ཤཱཀྱ་ཐུབ་པ་དང་བྱང་སེམས་མེ་ཏོག་ཟླ་མཛེས་ནི་མཉམ་མེད་དྭགས་པོ་རིན་པོ་ཆེ་ལགས་སོ།།གསུམ་པ་དེ་ལྟར་གོམས་པའི་ཕན་ཡོན་ནི།དེ་ལྟར་རྒྱུད་ནི་གོམས་གྱུར་པ།།སོགས་ནས།རེ་བ་མེད།།ཅེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་བདག་འཛིན་གྱི་འཆིང་བ་གཅོད་བྱེད་བདག་གཞན་མཉམ་པའི་བྱང་ཆུབ་སེམས་ཀྱི་རྒྱུད་ནི་རང་རྒྱུད་ལ་གོམས་པར་གྱུར་པ་ན།སེམས་ཅན་གཞན་གྱི་སྡུག་བསྔལ་ཐམས་ཅད་ཞི་བ་ལ་རབ་ཏུ་དགའ་བར་འགྱུར་བས་ན།དཔེར་ན་མེ་ཏོག་པདྨའི་ཚལ་གྱིས་བརྒྱན་པའི་མཚོ་རུ་ངང་པ་ཐེ་ཚོམ་མེད་པར་འཇུག་པ་ལ་དགའ་བ་ལྟར་དུ་བྱང་སེམས་དེ་ནི་གཞན་དོན་ལ་མནར་མེད་པ་ཡི་གནས་སུ་ཡང་འཇུག་པར་འགྱུར་བ་ཡིན་ནོ།།སྙིང་རྗེའི་སྡུག་བསྔལ་ལ་བརྟེན་ནས་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་ཕྱིར་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་རྣམས་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པར་འགྱུར་བ་ལྟ་བུ་ནུས་ན།བདག་གཞན་གཉིས་ཀ་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པའི་དགའ་བའི་རྒྱ་མཚོ་མཐའ་ཡས་པའི་དགེ་བ་གང་ཡིན་པ་དེ་ཉིད་ཀྱིས་ནི་ཆོག་ཤེས་པ་མིན་ནམ་སྟེ་ཡིན་ལ།དེ་ལས་གཞན་དུ་རང་དོན་དུ་རྫོགས་བྱང་མི་ཐོབ་ཅིང་གཞན་དོན་དུ་སྤྲུལ་པ་ཙམ་ཡང་མེད་པས་ཉན་རང་གི་ཞི་བདེ་ཁོ་ན་དོན་དུ་གཉེར་བའི་ཐར་བ་འདོད་པས་ནི་རྫོང་བྱང་གི་འབྲས་བུ་སྒྲུབ་པ་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།དེ་ལྟར་གོང་དུ་བཤད་པའི་བདག་གཞན་མཉམ་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་གོམས་པར་ནུས་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་སེམས་ཅན་གཞན་གྱི་དོན་ཅི་ཙམ་དུ་བྱས་ཀྱང་ངས་གཞན་དོན་ཉིད་ཐབས་འདི་ལྟ་བུས་བྱས་སོ་སྙམ་པའི་རང་རྒྱུད་ལ་འཁོར་གསུམ་བདེན་ཞེན་གྱི་རློམ་སེམས་མེད་པ་དང་ནི།རང་རྒྱུད་ལ་བདག་ནི་གཞན་ལ་ཕན་པའི་བྱང་སེམས་ཡིན་ནོ་སྙམ་པའི་ངོ་མཚར་བ་མེད་པ་དང་།རང་དོན་མེད་པར་ཕྱོགས་གཅིག་གམ་མཐའ་གཅིག་ཏུ་གཞན་དོན་ཁོ་ན་ལ་དགའ་བས་ན།གནས་སྐབས་སུ་ཚེ་ཕྱི་མའི་རྣམ་སྨིན་གྱི་རེ་བ་མེད་ཅིང་མཐར་ཐུག་སངས་རྒྱས་ཀྱི་འབྲས་བུའི་རེ་བ་ཙམ་ཡང་འདོད་པ་མེད་དོ།།གསུམ་པ་དོན་བསྡུས་པ་ནི།དེ་བས་ཇི་ལྟར་ཆུང་ངུ་ནི།།སོགས་ནས།དེ་ལྟར་བྱ།།ཞེས་པའི་བར་གྱིས་བསྟན།བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་གོམས་པ་དེ་ལྟ་བུ་ཡིན་པ་དེ་བས་ན།དཔེ་ཇི་ལྟར་ན་གཏམ་བཤད་ནོར་བ་ལྟ་བུ་ཆུང་ངུ་ཙམ་དུ་ན་མི་སྙན་པ་ཕྲ་མོ་ལས་ཀྱང་བདག་བསྲུང་བར་བྱེད་པ།ངས་མ་ཉེས་ཟེར་བ་དེ་བཞིན་དུ་གཞན་སེམས་ཅན་རྣམས་ལ་མི་བདེ་བ་ཕྲ་མོ་ལས་ཀྱང་བསྲུང་སེམས་བྱེད་པ་དང་།སྡུག་བསྔལ་ཕྲ་མོ་གཏམ་བཤད་ནོར་བ་ལ་སོགས་པ་དང་བྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་རང་གཞན་ལ་ཁྱད་པར་མེད་པས།རང་གིས་ཇི་ལྟར་འདོད་པ་དེ་བཞིན་དུ་གཞན་ལའང་དེ་ལྟར་དུ་བྱ་དགོས་སོ།།དེ་ཡན་ཆད་ཀྱིས་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་བཤད་པ་སོང་ནས།གཉིས་པ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་བཤད་པ་ལ།རྒྱུ་མཚན་བརྗོད་པས་མདོར་བསྟན་པ་དང་།དེ་བསྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས།དང་པོ་གོམས་པ་ཡི་ནི་གཞན་དག་གི།སོགས་ནས།བསྒོམ་པར་བྱ།།ཞེས་པའི་བར་གྱི་བསྟན།དེ་ཡང་དཔེར་ན་ཚེ་འདི་ཙམ་གྱི་བག་ཆགས་གོམས་པ་ཡིས་ནི་རང་ལས་གཞན་གྱི་ཕ་མ་དག་གི་ཕའི་ཁམས་དཀར་ཆ་ཁུ་བ་ཡི་ཐིགས་པ་དང་།མའི་ཁམས་དམར་ཆ་ཁྲག་གི་ཐིགས་པ་དེ་གཉིས་ལ་བདག་གི་དངོས་པོ་ཅི་ཡང་གྲུབ་པ་མེད་པར་གྱུར་ཀྱང་དྲི་ཟ་ཉེར་ལེན་གྱི་རྣམ་ཤེས་དེས་ནི་བདག་ཏུ་བཟུང་བའི་བག་ཆགས་གོམས་པའི་དབང་གིས་ཁམས་དཀར་དམར་གཉིས་འདུས་པ་ལ་བདག་གི་ལུས་སོ་ཞེས་ནི་སྐྱིད་སྡུད་ཐམས་ཅད་ཤེས་པ་ལྟར་དུ།དཔེ་དེ་བཞིན་རང་གཞན་གཉིས་ཀའི་ལུས་བདག་ཏུ་བཟུང་བ་ལ་ཉེ་རིང་མེད་དུས།སེམས་ཅན་གཞན་གྱི་ལུས་དེ་ལ་ཡང་བདག་གི་ལུས་ཡིན་ཅེས་བསམ་པས་རྒྱུ་མཚན་ཅི་ཡི་ཕྱི་ན་བདག་ཏུ་མ་བཟུང་སྟེ།གཞན་ལུས་བདག་ཏུ་བཟུང་བ་ལ་བསླབ་དགོས་སོ།།དེ་ལྟར་གཞན་ལུས་ལ་བདག་ཏུ་བཟུང་ན་བདག་གི་ལུས་འདི་ཉིད་ནི་སེམས་ཅན་གཞན་གྱི་ལུས་དག་ཏུ་བཞག་པ་ལ་ནི་གོང་དུ་བཤད་པ་དེ་ལྟར་དུ་བདག་ཏུ་བཟུང་བའི་བག་ཆགས་གོམས་པ་ལ་བསླབ་ན་དཀའ་བ་མེད་པ་ཡིན་ཏེ།རྟ་ལ་སོགས་པ་ཕན་ཚུན་བརྗེས་ཟིན་པའི་བློ་བཞིན་ནོ།།དེ་ལྟར་གཞན་བརྗེ་ཚུལ་དེ་ལའང་བློའི་འཛིན་སྟངས་བརྗེ་བ་དང་།བདེ་སྡུག་གི་བློ་བརྗེ་བ་དང་།གཅེས་འཛིན་གྱི་བློ་བརྗེ་བ་དང་།ཐམས་ཅད་བརྗེ་བ་ལྟ་བུ་ཡོད་པ་ལས།འདི་ནི་བློ་སྦྱོང་སྤྱིའི་ཆུ་མགོ་ལྟ་བུའམ་གཞུང་ཤིང་ལྟ་བུ་ཡིན་པས་གང་བདེར་ཡིན་ནོ།།རང་བདག་ཏུ་བཟུང་བ་ཉིད་ནི་འཁོར་བ་ལས་མི་ཐར་བས་ན་སྐྱོན་དང་བཅས་པ་དང་།གཞན་སེམས་ཅན་བདག་ཏུ་བཟུང་བ་ལ་ནི་དུས་ནམ་ཡང་ལམ་དང་འབྲས་བུའི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཡིན་པར་ཤེས་པར་བྱས་ནས།བདག་གི་གཅེས་འཛིན་ཡོངས་སུ་དོར་བར་བྱེད་པ་དང་།གཞན་སེམས་ཅན་གྱི་དོན་དང་དུ་བླང་བ་ནི་བསྒོམ་པར་བྱའོ།།གཉིས་པ་དེ་བསྒོམ་ཚུལ་རྒྱས་པར་བཤད་པ་ལ།བརྗེ་ཚུལ་སྤྱིར་བསྟན་པ་དང་།གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་དང་།བརྗེས་ནས་ཇི་ལྟར་བསྒྲུབ་པ་དང་གསུམ་ལས།དང་པོ་བརྗེ་ཚུལ་སྤྱིར་བསྟན་པ་ལ།གཞན་དང་དུ་བླང་པ་དང་།བདག་གཅེས་འཛིན་དོར་བ་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན།དེ་ནས་ངེས་པར་བརྗེ་དགོས་པར་བསྟན་པ་དང་བཞི་ལས།དང་པོ་ནི།ཇི་ལྟར་ལག་པ་ལ་སོགས་པ།།སོགས་ནས།དམ་པར་སྤྱད་པར་བྱ།།ཞེས་པའི་བར་གྱིས་བསྟན།དཔེ་ཇི་ལྟར་ན་ལག་པ་དང་རྐང་པ་ལ་སོགས་པ་ལ་ཕྱོགས་༼འདིར་ཚིག་རྐང་ཕྱེད་གཉིས་ཀྱི་འགྲེལ་པ་ཆད་འདྲ།༽གཅིག་ཏུ་བཟུང་ནས་འགྲོ་བའི་རིགས་ཀྱི་ཡན་ལག་ཏུ་རྒྱུ་མཚན་ཅིའི་ཕྱིར་ན་ལས་ཅན་རྣམས་མི་འདོད་དེ།འགྲོ་བ་སྤྱིའི་ཡན་ལག་ཏུ་བྱེ་བྲག་ཏུ་འགྲོ་བ་རིགས་དྲུག་ལ་ངའི་སེམས་ཅན་གྱི་འགྲོ་བ་ཞེས་འདོད་དགོས་སོ།།སེམས་ཅན་ཐམས་ཅད་བདག་མ་ཡིན་ནོ་སྙམ་ན།འོ་ན་རང་ལའང་བདག་གི་བདག་གཅིག་ཡོད་དགོས་ཀྱང་བག་ཆགས་གོམས་པ་མ་གཏོགས་མེད་ན།དཔེ་ཇི་ལྟར་ན་བདག་གཏན་ནས་མེད་པའི་ལུས་འདི་ཉིད་ལ་མངལ་ན་གནས་པ་ཕྱིན་ཆད་ཀྱི་བག་ཆགས་གོམས་སྟོབས་ཆེས་བས་ལུས་ལ་བདག་གི་ལུས་ཡིན་སྙམ་པའི་བློ་འབྱུང་བར་འགྱུར་བ།དཔེ་དེ་བཞིན་དུ་སེམས་ཅན་གཞན་གྱི་ལུས་རྣམས་ལ་ཡང་བག་ཆགས་གོམས་པ་ལ་བསླབ་པས་བདག་གི་བློ་ནི་ཅིས་མི་སྐྱེ་སྟེ་གཉེན་བྱས་པ་དང་།རྟ་བརྗེས་པ་ལྟར་དུ་བདག་གི་བློ་ནི་སྐྱེ་ངེས་པ་ཡིན་ནོ།།སེམས་ཅན་ཐམས་ཅད་བདག་ཏུ་བཟུང་ནས་བདག་རང་ཉིད་ལྟ་བུའི་བློ་སྐྱེ་བ་དེ་ལྟ་བུ་ཡིན་ན་ནི།སེམས་ཅན་གཞན་གྱི་དོན་བྱས་ཀྱང་བདག་བཟང་ངོ་སྙམ་པའི་རང་ལ་ངོ་མཚར་བའང་མི་འབྱུང་ལ།བདག་གི་ཐབས་འདི་ལྟ་བུས་གཞན་དོན་བྱས་སོ་སྙམ་པའི་འཁོར་གསུམ་བདེན་ཞེན་གྱི་རློམ་སེམས་རང་ལ་མི་འབྱུང་སྟེ།དཔེར་ན་བདག་རང་ཉིད་ཀྱིས་ནི་ཟས་ཅི་ཙམ་ཟོས་ནས་ཀྱང་ཟས་ཟོས་པའི་ལན་རང་ལ་རེ་བ་མི་འབྱུང་བ་བཞིན་དུ་ཡིན་ཏེ།བརྩོན་འགྲུས་ནང་དུ་རྩེད་མོའི་བདེ་འབྲས་འདོད་པ་སོགས་ལྟར་དུ་འདི་དུས་སུ་འཕོ་འདེབས་དང་གཞན་དོན་བྱ་བའི་དུས་ཡིན་གསུངས་སོ།།གཞན་དོན་བྱས་ཀྱང་ལན་ལ་མི་རེ་བ་ཡིན་པ་དེ་བས་ན་དཔེ་ཇི་ལྟར་ན་ཆུང་ངུ་རྩེད་མོའི་དུས་ཙམ་ནའང་འཁོར་གྱི་དབུས་སུ་གཏམ་བཤད་ནོར་བ་ལྟ་བུའི་མི་སྙན་པ་་ཕྲ་མོ་ལས་ཀྱང།དེ་རིང་ངས་ཆང་འཐུང་བའི་སྐྱོན་གྱིས་ཡིན་པ་མ་གཏོགས།མི་ནོར།ཟེར་བ་ལ་སོགས་པས་བདག་བསྲུང་བ་དཔེ་དེ་བཞིན་དུ་འགྲོ་བ་གཞན་ལ་འདི་རྣམས་སྐྲག་མི་ཉན་སྙམ་པས་བསྲུང་སེམས་དང་།འཁོར་ཚོགས་ཀྱི་འཇིགས་སྐྲག་ཕྲ་མོ་དང་བྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་རང་རྒྱུད་ལ་གོམས་པར་བྱ་བ་ལ་སློབ་དགོས་སོ།།གཞན་ལ་བསྲུང་སེམས་དགོས་པ་དེ་བས་ན་འགྲོ་བའི་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་རྟག་ཏུ་གཟིགས་ཏེ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ལས་སྐྱོབ་པར་མ་ཟད།ཐ་ན་བླ་མ་དང་རྒྱལ་པོ་ལ་སོགས་པ་དང་ཆོས་དང་འཇིག་རྟེན་གྱི་གཏམ་བཤད་ལྟ་བུའི་ཚེ་ནའང་འགྲོ་བ་ཡི་འཁོར་གྱི་འཇིགས་པ་ཕྲན་བུ་དེ་ཙམ་ལའང་དེ་ཉིད་ཀྱིས་སྤྱན་རས་གཟིགས་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་སེམས་ལ་འཇིགས་སྐྲག་ཐམས་ཅད་བསལ་བའི་ཕྱིར་དུ་འཕགས་པ་རང་གི་མཚན་ཡང་ཐུགས་བསྐྱེད་དང་སྨོན་ལམ་དང་ཏིང་ངེ་འཛིན་ལ་སོགས་པའི་སྟོབས་ཀྱིས་དེ་ལྟར་དུ་ཕན་ནུས་པར་བྱིན་གྱིས་རླབ་པར་མཛད་དོ།།བདག་ཡལ་བར་དོར་ནས་གཞན་གཅེས་པར་བཟུང་བ་འདི་ནི་དཀའམ་སྙམ་ན།རྒྱལ་སྲས་ཀྱི་སྤྱོད་པ་ཡིན་པས་དཀའ་དཀའ་སྟེ།རྒྱལ་སྲས་ཀྱི་སྤྱོད་པ་དཀའ་བ་དེ་ལས་ཕྱིར་ལྡོག་པར་མི་བྱ་སྟེ།བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པ་རྫོགས་པའི་སངས་རྒྱས་ལ་དམིགས་ཡོད་པས་ན།དཔེ་འདི་ལྟར་བག་ཆགས་གོམས་པའི་མཐུ་ཡིས་ནི་དགྲ་བོ་གང་གི་མིང་ཙམ་ཐོས་པའི་ཚེ་ན་འཇིགས་ཤིང་སྐྲག་པར་བྱེད་པ་དེ་ལ་ཡང་རང་གིས་ཕར་ལ་མཐུན་བཏང་ནས་དཔོན་གཡོག་དང་གཉེན་ལ་སོགས་པ་བྱས་ན།མཐར་དགྲ་དེ་ཉིད་མེད་སོང་བའི་ཚེ་ན།རང་གི་སེམས་ལ་མི་དགའ་བར་འགྱུར་བ་བཞིན་དུ་གང་ལ་བསླབས་ཤིང་གོམས་ན་སླ་བར་འགྱུར་རོ།།བྱང་ཆུབ་སེམས་དཔའ་གང་ཞིག་གིས་བདག་རང་དང་གཞན་སེམས་ཅན་ཐམས་ཅད་རྣམས་ནི་འཁོར་བའི་སྡུག་བསྔལ་ལས་མྱུར་བ་ཉིད་དུ་བསྐྱབ་པར་འདོད་པ།བྱང་སེམས་དེས་ནི་བདག་འཛིན་སྤང་བ་དང་གཞན་དོན་དང་དུ་བླང་བ་གཉིས་ཕན་ཚུན་དུ་བརྗེ་བ་བྱས་བར་བྱེད་པ་འདི་ནི་ཉན་རང་གིས་མ་རྟོགས་པ་དང་།དགེ་བ་གཞན་ལས་འཕགས་ཤིང་སུས་ཀྱང་མི་ཤེས་པས་གསང་བའི་དམ་པ།བདག་གཞན་བརྗེ་བ་འདི་ནི་ཉམས་ལེན་གྱི་གཙོ་བོ་ཉིད་དུ་སྤྱད་པར་བྱ་བ་གལ་ཆེ་སྟེ།བློ་སྦྱོང་ཐམས་ཅད་འདི་ལས་འཕྲོས་པ་ཡིན་གསུངས་སོ།།གཉིས་པ་གཅེས་འཛིན་དོར་བ་ནི།བདག་ལུས་གང་ལ་ཆགས་པ་ཡིས།།སོགས་ནས།བརྙས་མི་བྱེད།།ཅེས་པའི་བར་གྱིས་བསྟན།དེ་ལྟར་གཞན་དོན་དང་དུ་བླང་བ་ལ།དང་པོ་བདག་ཏུ་འཛིན་པའི་ལུས་ལ་གཅེས་འཛིན་འདི་དོར་དགོས་ཏེ།བདག་གི་ལུས་གང་ཡིན་པ་འདི་ཉིད་ལ་ཆགས་པ་ནི་ཆགས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པ་དེ་ཡིས་ལུས་ལ་བདག་ཏུ་བདག་བཟུང་བའི་རྐྱེན་གྱིས་འཇིགས་པའི་གནས་ཤིན་ཏུ་ཆུང་བ་ཤིག་དང་ལྗི་བ་ཚེར་མ་ལ་སོགས་པ་ལ་འཇིགས་ཤིང་སྐྲག་པ་སྐྱེ་བ་ཡིན་པས།དེ་ལྟ་བུའི་ལུས་ངག་ཡིད་གསུམ་བདག་ཏུ་བཟུང་བ་ལས།ལུས་ཀྱི་བདག་འཛིན་ཨ་ཀར་ཤ་རུ་ཏྲ་ལ་སོགས་པའི་རཱུ་ཏྲ་སྡེ་གསུམ་ཡིན་པས་ན།འཇིགས་པ་ཐམས་ཅད་རྗེས་སུ་འབྲངས་ཏེ་སྐྱེ་བར་འགྱུར་བའི་དགྲ་འབོད་པའི་རྟེན་དང་འདྲེ་འདུ་བའི་གནས་ཀྱི་ལུས་འཇིགས་པ་ཀུན་གྱི་རྩ་བ་དེ་ལ་ཐར་འདོད་སུ་ཞིག་གིས་དགྲ་བཞིན་དུ་སྡང་བར་མི་བྱེད་དེ་བྱེད་དགོས་སོ།།འཇིགས་པ་ཐམས་ཅད་རྩ་བར་གྱུར་པའི་ལུས་གང་ཞིག་བཀྲེས་པའི་ནད་དང་སྐོམ་པའི་ནད་དང་ཚ་གྲང་ལ་སོགས་པའི་ནད་མ་ལུས་པ་གསོ་བའི་ཆོ་ག་སྟེ་ཐབས་ཤིག་བྱེད་པར་འདོད་པས་བྱ་གསོད་པ་དང་ཉྭ་གསོད་པ་དང་རི་དྭགས་ལ་སོགས་པའི་སེམས་ཅན་གང་དང་གང་ཡིན་པ་གསོད་པར་བྱེད་ཅིང་།ཚོང་པ་མགྲོན་པོ་རྣམས་ལས་ཟས་ནོར་གྱི་ཆེད་དུ་ལམ་སྒུག་བྱེད་པ་དང་།ལུས་གང་ཞིག་གི་དོན་དུ་ཕ་མ་ཉེ་འབྲེལ་སོགས་དང་གྱོད་འཁོན་འཛིང་སོགས་ལས་རང་ཁེ་བའི་ཕྱིར་དུ་བུད་མེད་དང་གཡོག་འཁོར་ལ་སོགས་པས་རང་གི་ལུས་ལ་རིམ་གྲོ་བྱ་བའི་ཕྱིར་དུ་ཕ་གསོད་པ་དང་མ་གསོད་པ་དང་།སེམས་ཅན་གཞན་ཡང་དུ་མ་གསོད་པར་བྱེད་ཅིང་།ལུས་གསོ་བའི་ཆེད་དུ་སངས་རྒྱས་དང་ཆོས་དང་མཆོད་རྟེན་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་བཤིག་པ་དང་།བཙོངས་བ་དང་གཏན་མར་འཇོག་པ་ལ་སོགས་པ་དང་།མར་མེ་དང་མཆོད་ཐེབས་ཅི་ཡོད་རྣམས་དང་།དགེ་འདུན་གྱི་སྤྱི་རྫས་ཕྲོགས་བཅོམ་ལ་སོགས་པའི་དཀོན་མཆོག་གསུམ་གྱི་དཀོར་རང་གིས་དངོས་སུ་འཕྲོག་པའམ་ལྐོག་ཏུ་བརྐུས་ནས་རང་གིས་ལོངས་སྤྱོད་པའི་རྣམ་སྨིན་དེ་ནི་དམྱལ་བ་མནར་མེད་པའི་མེ་ནང་རང་ཉིད་སྲེག་པར་འགྱུར་བ་ནི་ལུས་འདིའི་ཆེད་དུ་སྡིག་པ་མང་པོ་བསགས་བསྡད་པ་ཡིན་པས་ན།བྱང་སེམས་མཁས་པ་སུ་ཞིག་གིས་ལུས་དེ་ལ་དགའ་བས་འདོད་པར་བྱེད་ཅིང་སྟེ་འདོད་པར་མི་རིགས་ལ།སུ་ཞིག་གིས་རང་ལུས་དེ་ལ་འཇིགས་པ་ལས་བསྲུང་བར་བྱེད་དེ་བསྲུང་བར་མི་བྱེད་པ་དང་།སུ་ཞིག་གིས་ལུས་དེ་ལ་ཟས་ནོར་རྒྱན་གོས་སོགས་ཀྱིས་མཆོད་པར་བྱེད་ཀྱི་སྟེ་མཆོད་པ་བྱེད་པར་མི་རིགས་སོ།།ལུས་འདི་ལ་མཁས་པ་སུ་ཞིག་གིས་དགྲ་བཞིན་དུ་ལྟ་བར་མི་བྱེད་དེ་དགྲ་བཞིན་དུ་ལྟ་དགོས་ལ།མཁས་པ་སུ་ཞིག་གིས་ལུས་འདི་ལ་ཁྱད་གསོད་སོགས་ཀྱིས་བརྙས་པར་མི་བྱེད་དེ་བྱེད་དགོས་སོ།།གསུམ་པ་བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་ནི།གལ་ཏེ་བྱིན་ན་ཅི་སྤྱོད་ཅེས།།སོགས་ནས།མི་བཟད་ལེན།།ཅེས་པའི་བར་གྱིས་བསྟན།གལ་ཏེ་རྒྱུ་ཟས་གཞན་ལ་བྱིན་ན་བདག་ཉིད་ཀྱིས་ཅི་ལ་ལོངས་སྤྱོད་ཅེས་རང་ཉིད་གལ་ཆེན་དང་།གནད་ཆེན་དུ་གཙོ་བོར་བྱས་ཏེ་བདག་དོན་ཁོ་ན་ལ་སེམས་པ་ནི་སྐྱོན་ཆེན་པོ་འདྲེ་ཡི་ཚུལ་ལུགས་ཏེ།ཡི་དྭགས་ལ་སྐྱེ་བའི་ཆོས་ལུགས་ཡིན་ཅིང་།གལ་ཏེ་རང་གིས་ལོངས་སྤྱོད་ན་གཞན་ལ་ཅི་ཞིག་སྦྱིན་ནོ་ཞེས་གཞན་གྱི་དོན་གལ་ཆེན་དང་གནད་ཆེན་དུ་སེམས་པ་དེ་ནི་གནས་སྐབས་སུ་ལྷ་ཡི་ཡུལ་དུ་སྐྱེ་བའི་ཆོས་ལུགས་དང་མཐར་ཐུག་ལྷའི་ཡང་ལྷ་སངས་རྒྱས་ཐོབ་པའི་ཆོས་ལུགས་ཡིན་ནོ།།བདག་གི་ཕྱིར་དུ་སེམས་ཅན་གཞན་ལ་སྲོག་གཅོད་བརྡུང་བརྡེག་འཕྲོག་བཅོམ་ལ་སོགས་པས་གནོད་པ་བྱས་ན་དམྱལ་བ་དང་ཡི་དྭགས་ལ་སོགས་པར་སྐྱེས་ཏེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་གདུང་བར་འགྱུར་ཏེ།རྒྱལ་པོ་འཕགས་སྐྱེས་བོ་དང་བློན་པོ་མ་ལ་གནོད་གཉིས་ཀྱིས་ཤཱཀྱ་རྣམས་བསད་པས་དམྱལ་བར་སྐྱེས་པ་དང་།ཡུལ་སྒྲ་སྒྲོག་ཏུ་སའི་ཆར་བབ་པས་ཐམས་ཅད་ས་འོག་ཏུ་ཤི་བ་ལྟ་བུའོ།།གཞན་གྱི་ཕྱིར་དུ་བདག་ལ་གནོད་པ་བྱས་ཏེ་ཟས་གོས་དང་ལུས་སྦྱིན་པ་གཏོང་བ་ལ་སོགས་པ་བྱས་ན་འདི་ཕྱི་མཐར་ཐུག་ཀུན་ཏུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདེ་སྐྱིད་འཐོབ་པར་འགྱུར་དེ།ལྷ་ལྕམ་མནྡྷེ་བཟང་མོས་གཅན་གཟན་རྣམས་ལ་སྐུ་ལུས་སྦྱིན་པ་བཏང་བས་གཅན་གཟན་རྣམས་གངས་ལྗོངས་སུ་མི་ལུས་ཐོབ་སྟེ་མནྡྷེ་བཟང་མོ་ཆོས་རྒྱལ་སྲོང་བཙན་སྒམ་པོར་གྱུར་པ་དང་སངས་རྒྱས་ཀྱི་སྐྱེས་རབས་ལྟ་བུའོ།།འཇིག་རྟེན་ཐམས་ཅད་ལས་བདག་ཉིད་བཙན་ཕྱུགས་ལ་སོགས་པས་མཐོ་བར་འདོད་པ་དེས་ནི་ངན་འགྲོ་ངན་སོང་གི་གནས་སུ་སྐྱེ་བ་དང་།གལ་སྲིད་མིར་སྐྱེས་ནའང་ཁས་ཞན་དབང་ཆུང་དང་གཞན་གྱིས་འཕྱ་སྨོད་བྱེད་པའི་གླེན་པར་འགྱུར་རོ།།མཐོ་འདོད་དེ་ཉིད་སེམས་ཅན་གཞན་ལ་སྤོ་པར་བྱས་ཏེ་གཞན་ལ་གུས་ཤིང་མཐོ་བར་འདོད་ན་ལྷ་མིིའི་བདེ་འགྲོར་ཞེ་ས་དང་བཀུར་སྟིས་རིམ་གྲོ་འཐོབ་པར་འགྱུར་བས་པཎ་ཆེན་དགེ་འདུན་གྲུབ་ཀྱིས་དགེ་འདུན་ལ་གུས་པར་བགྱིས་བས་ད་ལྟ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་གོ་འཕང་བརྙེས་པ་ལྟ་བུའོ།།མངག་ན་སྐྱེ་བ་ལྔ་བརྒྱ་ལ་སོགས་པར་བྲན་གཡོག་པོ་ལ་སོགས་པ་བྱེད་དགོས་པ་མྱོང་བར་འགྱུར་ཏེ།ཤཱཀྱའི་བུ་མོ་གྲགས་འཛིན་མ་ལ་རྒྱང་གྲགས་དྲུག་གི་བར་དུ་དར་བ་བུམ་པ་གང་གཡོ་སྒྱུ་བྱས་ཏེ་བསྐུར་བའི་རྣམ་སྨིན་གྱིས་སྲས་སྒྲ་གཅན་འཛིན་ལ་སོགས་པ་སྐྱེ་བ་ལྔ་བརྒྱའི་བར་དུ་མངལ་དུ་ལོ་དྲུག་རེར་བྱིས་པ་བཟུང་དགོས་པ་བྱུང་བ་ལྟ་བུའོ།།གཞན་སེམས་ཅན་གྱི་དོན་དུ་བདག་གི་སྒོ་གསུམ་དང་རྒྱུ་ཟས་སྤྱད་དུ་བཅུག་ན།ལྷ་ལྕམ་མནྡྷེ་བཟང་མོ་དང་རྫི་བོ་དང་གྲོག་ཚང་གི་དཔེ་ལྟར་དུ་རྗེ་དཔོན་དང་གཙོ་བོ་ཉིད་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་རོ།།མདོར་ན་འཇིག་རྟེན་གྱི་ཁམས་འདི་ན་བདེ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀུན་ནི་གཞན་སེམས་ཅན་བདེ་བ་འདོད་པ་ལས་བྱུང་བ་དང་།འཇིག་རྟེན་གྱི་ཁམས་ཀུན་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀུན་ནི་རང་ཁོ་ན་བདེ་བ་འདོད་པ་ལས་བྱུང་བ་ཡིན་པས་ན་མང་དུ་བཤད་པ་ལྟ་བུ་ཅི་ཞིག་དགོས་ཏེ།སོ་སོའི་སྐྱེ་བོའི་བྱིས་པ་རྣམས་ཀྱིས་རང་གི་དོན་ཁོ་ན་བྱེད་པའི་ལས་ཀྱིས་དམྱལ་བ་ལ་སོགས་པར་སྐྱེས་པ་དང་།ཐུབ་པ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞན་གྱི་དོན་ཁོ་ན་མཛད་པས་སངས་རྒྱས་སུ་གྱུར་པ་འདི་གཉིས་ཀྱི་ནི་ཁྱད་པར་ལ་ལྟོས་ཤིག་དང་བདག་གཞན་མཉམ་བརྗེའི་བྱང་སེམས་འདི་བསྒོམ་པར་རིགས་ཏེ།ཐུབ་པས་གཞན་དོན་མཛད་པས་རྫོགས་སངས་རྒྱས།།བྱིས་པས་རང་དོན་བསྒྲུབས་པས་འཁོར་བར་འཁྱམས།།ཞེས་གསུངས་པ་ལྟར་རོ།།འདིར་བདེ་སྡུག་བརྗེ་བ་ནི་བློ་སྦྱོངས་དོན་བདུན་མ་ལས།དེ་ཡང་རླུང་ལ་བསྐྱོན་ཏེ་བྱ།།ཞེས་རླུང་འགྲོ་འོང་དང་བསྟུན་ནས་བདག་གི་བདེ་བ་གཞན་ལ་སྦྱིན་ཞིང་།སེམས་ཅན་གཞན་གྱི་སྡུག་བསྔལ་བདག་ལ་བྱུང་བར་བསྒོམ་པ་ལ་སོགས་པ་རང་གཞན་གཉིས་ཀའི་བདེ་སྡུག་གི་ཚོར་བ་དེ་དག་བསམ་པ་ཐག་པས་ཡང་དག་པར་བརྗེ་བར་མ་བྱས་པ་ཡིན་ན་མཐར་ཐུག་ཏུ་རྫོགས་པའི་སངས་རྒྱས་ཉིད་དུ་ནམ་དུའང་མི་འགྲུབ་ཅིང་།གནས་སྐབས་སུ་ཁམས་གསུམ་འཁོར་བར་སྐྱེ་བ་ན་ཡང་བདེ་བ་ཕྲ་མོ་ཙམ་ཡང་མེད་པར་འགྱུར་རོ།།འཇིག་རྟེན་ཚེ་ཕྱི་མ་ཕ་རོལ་གྱི་དོན་མི་འགྲུབ་པ་ཕར་ལ་ཞོག་གི་ལོ་རྒྱུས་ཀྱང་མ་གླེང་དང་ཚེ་འདི་ལའང་བྲན་གཡོག་གིས་ལུས་ལ་ཤ་ཚ་བྱས་ཏེ་དཔོན་པོ་བདག་པོའི་ལས་རྣམས་མི་བྱེད་པ་དང་།རྗེ་དཔོན་དང་བདག་པོས་རྒྱུ་ཟས་ལ་ཤ་ཚ་བྱས་ཏེ་བྲན་གཡོག་ལ་ཟས་གོས་ནོར་གྱི་གླ་རྔན་པ་མི་སྟེར་བའི་རྐྱེན་གྱིས་དཔོན་གཡོག་གཉིས་ཀའི་འཇིག་རྟེན་ཚེ་འདིའི་དོན་ཙམ་ཡང་འགྲུབ་པར་མི་འགྱུར་བ་ནི་དཔོན་གཡོག་གཉིས་ཀས་བདག་གཞན་གཉིས་བརྗེ་མ་ནུས་ཤིང་སྤེལ་མ་མ་བྱས་པས་ཡིན་ནོ།།དེའི་ཕྱིར་ན་མཐོང་བའི་ཆོས་ཚེ་འདི་ལ་བདེ་བ་རང་རྒྱུད་ལ་འགྲུབ་པའི་རྒྱུ་མ་མཐོང་བའི་ཆོས་ཚེ་ཕྱི་མ་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་མ་ལུས་པ་རྒྱུད་ལ་འགྲུབ་པར་བྱེད་པའི་ཕུན་སུམ་ཚོགས་པས་ལུས་བདེ་ཞིང་སེམས་སྐྱིད་པའི་རྒྱུ་མཆོག་ཏུ་གྱུར་པ་བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་བོར་ཏེ་ཉམས་སུ་མི་ལེན་ཞིང་།ད་དུང་སེམས་ཅན་གཞན་ལ་བརྡུང་ཕྲོགས་བཅོམ་ཞིང་ཚིག་ངན་དང་གཞན་སྲོག་བཅད་ནས་ཤ་ཟོས་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པ་བྱས་པའི་རྒྱུ་འབྲས་ལ་བླང་དོར་མི་ཤེས་ཤིང་རྨོངས་པས་རིགས་དྲུག་གི་སྡུག་བསྔལ་མི་བཟད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུ་བ་ལྟ་བུར་རང་རྒྱུད་ལ་ལེན་པར་བྱེད་པས་ན།བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེའོ།།བཞི་པ་དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ་ནི།འཇིག་རྟེན་དག་ན་འཚེ་བ་གང་ཡོད་པ་དང་།།སོགས་ནས།ཕན་པར་སྤྱད།།ཅེས་པའི་བར་གྱིས་བསྟན།དེ་ལྟར་གཞན་ཕ་རོལ་སེམས་ཅན་གྱི་ངོས་ནས་འགྲོ་བ་རིགས་དྲུག་གི་འཇིག་རྟེན་གང་དག་ན་གནོད་ཅིང་འཚེ་བ་གང་ཡོད་པ་རྣམས་ནི་བདག་འཛིན་ལས་བྱུང་བ་དང་།རང་ངོས་ནས་འཇིགས་པ་སྣ་ཚོགས་བྱུང་བ་དང་དམྱལ་བ་ལ་སོགས་པའང་སྡུག་བསྔལ་ཇི་སྙེད་ཡོད་པར་གྱུར་པ་དེ་དག་ཐམས་ཅད་ཀུན་ནི་བདག་མེད་ལ་བདག་ཏུ་བཟུང་བ་སྟེ་བདག་གཅེས་པར་འཛིན་པ་འདི་ལས་བྱུང་བ་ཡིན་པས་ན།ཁམས་གསུམ་འཁོར་བར་འཁྱམས་པའི་འདྲེ་ཆེན་བདག་འཛིན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།འདི་ནི་གཅད་བྱ་ཡིན་པས་གཅོད་པ་ལ་དགོངས་གལ་ཆེ་བས་བདག་འཛིན་མལ་གྱི་ནང་ནས་ཆོད་གསུངས་ཡོད་པས་ཅི་ནུས་སུ་སྤོང་དགོས་ཤིང་གཉེན་པོ་ཐམས་ཅད་ཀྱི་མདའ་མདུང་གི་རྩེ་མོ་འདི་ལ་གཏད་ནས་བདག་འཛིན་འདི་ཚར་གཅོད་དགོས་གསུངས་སོ།།རྒྱུ་མཚན་དེའི་ཕྱིར་ན་བདག་ཏུ་གཅེས་པར་འཛིན་པའི་རྣམ་རྟོག་འདི་ཉིད་ཡོངས་སུ་གཞན་དོན་ལ་མ་བཏང་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་སྤོང་བར་མི་ནུས་པ་ཡིན་ཏེ།དཔེ་ཇི་ལྟར་ན་ལག་པས་མེ་ནི་བཟུང་བ་མ་བཏང་བ་ཡིན་ན་ལག་པ་སྲེག་པར་སྤོང་བར་མ་ནུས་པ་བཞིན་ཏུ་ཡིན་པས་བདག་འཛིན་བློས་བཏང་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤོང་བར་ནུས་སོ།།བདག་གཞན་བརྗེ་བའི་ཚིག་རྩ་དངོས་ནི་ཤྭ་ལོ་ཀ་འདི་ཡིན་པས་བདག་གཅེས་འཛིན་སྤངས་ནས་གཞན་དོན་དང་དུ་བླངས་ན་སངས་རྒྱས་འགྲུབ་པ་དེ་ལྟ་བུ་ཡིན་པས་ན།དེ་ལྟས་དང་པོ་བདག་ཕྱིར་གཞན་ལ་གནོད་པ་མི་བྱེད་པ་ལ་བསླབ་ནས།དེ་ནས་ད་གཟོད་གཅེས་འཛིན་གྱི་བློ་འདི་བརྗེ་བ་ཡིན་པས་ན།བདག་གི་གནོད་པ་ཐམས་ཅད་ཞི་བར་བྱ་བ་དང་སེམས་ཅན་གཞན་གྱི་སྡུག་བསྔལ་མཐའ་དག་ཞི་བ་བྱ་བའི་ཕྱིར་དུ་བདག་ཏུ་འཛིན་པའི་གཞི་གསུམ་པོ་ཉིད་ནི་གཞན་ལ་བསྔོས་ནས་བཏང་བ་བྱ་བ་དང་།སེམས་ཅན་གཞན་ཕ་མ་རྣམས་ནི་བདག་ལ་གཅེས་འཛིན་བྱེད་པ་བཞིན་དུ་གཅེས་པར་བཟུང་བར་བྱ་བ་ལ་བསླབ་དགོས་སོ།།བྱང་སེམས་ཀྱི་གཞན་དོན་བསྒྲུབ་པའི་གནས་སྐབས་ཀྱི་དུས་འདིར་སེམས་ཅན་བདག་ནི་གཞན་སེམས་ཅན་གྱི་དོན་ལ་གཞི་གསུམ་པོ་བྱིན་ཟིན་པས་སེམས་ཅན་གཞན་གྱི་དབང་དུ་གྱུར་ཏེ་ཞེས་བསམ་དགོས་པ་ཉིད་ཡིད་ཁྱོད་ཀྱིས་མ་ནོར་བར་ངེས་པར་ཤེས་པར་གྱིས་ལ།རང་དོན་རུས་སྦལ་ལྟ་བུའི་བསམ་པ་མི་འཆང་བར་སྤྱི་སེམས་རྒྱལ་པོ་ལྟ་བུའི་བསམ་པ་བཟུང་སྟེ།དགེ་སྒྲུབ་སྡིག་སྤོང་ཅི་བྱེད་ནའང་མཐའ་ཡས་པའི་སེམས་ཅན་ཀུན་གྱི་ཕན་དང་བདེ་བའི་དོན་བྱེད་པར་བསམ་པ་མ་གཏོགས་པར་ད་ནི་ཡིད་ཁྱོད་ཀྱིས་སེམས་ཅན་གྱི་དོན་ལས་གཞན་དུ་རང་དོན་ངན་པ་འཁོར་བར་འཁྱམས་བྱེད་དེ་ནི་མི་བསམ་པ་གལ་ཆེའོ།།བདག་ཏུ་འཛིན་པའི་གཞི་གསུམ་པོ་གཞན་ལ་བྱིན་ནས་ཅི་ཞིག་བྱེད་དགོས་སྙམ་ན།འདི་ལྟར་དུ་སེམས་ཅན་གཞན་གྱི་དབང་དུ་གྱུར་པའི་མིག་གིས་ཡི་གེར་བལྟ་བ་དང་།རྣ་བས་ཆོས་ཉན་པ་ལ་སོགས་པ་ཡིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཕྱིར་གཞན་དོན་ལ་དམིགས་པ་མ་གཏོགས་པར་ཚུར་ལ་རང་གི་དོན་རྣམས་སྒྲུབ་པར་བྱེད་པ་རིགས་པ་མ་ཡིན་ཏེ་གཞན་དོན་ལ་འགྱུར་དགོས་སོ།།སེམས་ཅན་གཞན་དེའི་དོན་དུ་མིག་ལ་སོགས་པ་བྱིན་པ་དེ་ཡིས་ཁྱི་རྐུན་བྱིན་པ་ལྟ་བུ་སེམས་ཅན་དེ་ལ་མིག་གིས་ལྟས་བྱེད་པ་དང་ཁ་ནས་ཚིག་ངན་སྨྲ་བ་ལ་སོགས་པས་ལོག་པར་བྱ་བ་ཐམས་ཅད་མི་རིགས་པས་སྤངས་དགོས་སོ།།བདག་ཏུ་འཛིན་པའི་གཞི་གསུམ་པོ་གཞན་ལ་བྱིན་པ་དེས་རང་དོན་སྒྲུབ་པར་མི་རིགས་པ་དེས་ན་ད་སྔོན་རང་གཙོ་བོར་བྱས་ཀྱང་།ད་ནི་སེམས་ཅན་གཞན་གྱི་དོན་གཙོ་བོར་བྱ་བ་སངས་རྒྱས་ཀྱི་རྣམ་ཐར་དང་དངུལ་ཆུ་ཐོགས་མེད་ལྟ་བུ་ལ་སོགས་པ་བྱ་སྟེ།སེམས་ཅན་ཕ་རོལ་པོའི་ས་ནས་ཚུར་ལ་བདག་གི་ལུས་ལ་གསོ་རྒྱན་སོགས་ཅི་དང་ཅི་མཐོང་བ་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་དེ་དང་དེ་ཐམས་ཅད་ནི་གཏོང་མི་བྲ་སྙམ་པས་ཞེན་པ་གང་ལ་ཆེ་བ་མ་ལུས་པ་བཙན་པོས་ཕྲོགས་པར་བྱས་ནས་ཀྱང་རྒྱལ་པོ་ཟླ་འོད་ཀྱི་རྣམ་ཐར་ལྟར་དུ་སེམས་ཅན་གཞན་དག་ལ་ནི་ཕན་པར་བྱེད་པའི་ཐབས་སུ་ལོངས་སྤྱོད་པར་རང་གིས་བྱེད་པ་དང་།གཞན་ལའང་བྱེད་དུ་ཆུག་ཅིག།།གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།དམན་སོགས་བདག་ཏུ་བྱས་པ་དང་།།སོགས་ནས།ང་རྒྱལ་བསྒོམ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་རང་གིས་ང་རྒྱལ་བྱ་ཡུལ་གྱི་དམན་པ་ལ་སོགས་པ་དེ་ནི་བདག་ཏུ་བྱས་པ་དང་གཞན་དམན་པ་དེ་ཉིད་དུ་ནི་བདག་གིས་བྱས་ནས།དེ་ལས་གཞན་པའི་རྣམ་རྟོག་མེད་པའི་སེམས་ཀྱི་བསྒོམ་པ་དངོས་གཞིའི་དུས་སུ་རང་དམན་པའི་གནས་སུ་ཡོད་པ་དེར་ཡར་ལ་ཕྲག་དོག་བསྒོམ་པ་ལ།རང་གི་གནས་ན་ཡོད་པའི་མཐོ་བ་དེས་རང་དམན་པ་ལ་ང་རྒྱལ་བསྒོམ་པ་རང་སེམས་ལ་སྡུག་བསྔལ་བྱུང་ཚེ་སྔོན་ཆད་རང་ལས་གཞན་པ་རང་ལ་ཕྲག་དོག་བྱེད་པ་པོ་རྣམས་ལ་རང་གིས་ང་རྒྱལ་བྱས་པའི་ཉེས་པ་མཐོང་ནས་བདག་གཞན་གོ་ས་བརྗེས་པའི་དམན་པ་དེས་ཕྲག་དོག་བསྒོམ་པས།སྔོན་དུ་རང་ལ་དམན་པ་ལ་རང་ཉིད་ཀྱིས་ང་རྒྱལ་བྱས་པའི་གཉེན་པོར་འགྱུར་བ་ཡིན་ནོ།།དེ་བཞིན་དུ་སོགས་ཁོང་ནས་བྱུང་བ་རང་དང་མཉམ་པའི་འདྲ་བའི་དགྲ་དེ་ནི་བདག་ཏུ་བྱས་པ་དང་།གཞན་མཉམ་པའི་དགྲའི་གནས་ཉིད་དུ་ནི་བདག་གིས་བྱས་ནས་དེ་ལས་གཞན་པའི་རྣམ་རྟོག་མེད་པའི་སེམས་ཀྱིས་དངོས་གཞིའི་དུས་སུ་དགྲ་དང་རང་ཕན་ཚུན་གཉིས་ཀས་གཅིག་གིས་གཅིག་ལ་འགྲན་སེམས་བསྒོམ་པར་བྱས་པས་སེམས་ལ་སྡུག་བསྔལ་བ་བྱུང་བ་ན་སྔོོན་དུ་རང་གིས་གཞན་ལ་འགྲན་སེམས་བྱས་པའི་གཉེན་པོར་ཕ་རོལ་གྱི་འགྲན་སེམས་བསྒོམ་པ་འགྲོ་བ་དང་།ཡང་རང་ལས་མཐོ་བའི་དགྲ་ལྷག་པ་དེ་ཉིད་བདག་ཏུ་བྱས་པ་དང་གཞན་དགྲ་མཐོ་བའི་གནས་དེ་ཉིད་དུ་བདག་གིས་བྱས་ནས་དེ་ལས་གཞན་པའི་རྣམ་རྟོག་མེད་པའི་སེམས་ཀྱིས་དངོས་གཞིའི་དུས་སུ་དགྲ་དམའ་བ་དེས་རང་མཐོ་བ་ལ་ཕྲག་དོག་བསྒོམ་པ་དང་།རང་མཐོ་བ་དེས་མར་ལ་ང་རྒྱལ་བསྒོམ་པར་བྱས་པས་ད་སྔོན་རང་གིས་གཞན་མཐོ་བ་རྣམས་ལ་ཕྲག་དོག་བྱས་པའི་གཉེན་པོར་འགྲོ་བ་ཡིན་ནོ།།དེ་ལྟར་ན་སྤྱོད་འཇུག་གཞུང་འདི་ལྟར་དུ་ཕྲག་དོག་གིས་ང་རྒྱལ་གྱི་གཉེན་པོ་འགྲོ་བ་དང་།འགྲན་སེམས་ཀྱིས་འགྲན་སེམས་ཀྱི་གཉེན་པོར་འགྲོ་བ་དང་།ང་རྒྱལ་གྱིས་ཕྲག་དོག་གི་གཉེན་པོར་འགྲོ་བ་ཡིན་ནོ།།ཡང་འཇམ་དབྱངས་ས་སྐྱ་པཎྜི་ཏ་རིན་པོ་ཆེས་མཛད་པའི་ཐུབ་པའི་དགོངས་གསལ་ལས་གསུངས་པའི་མན་ངག་གི་ལུགས་ལྟར་ན།རང་ལས་དམའ་བའི་གནས་སུ་དགྲ་བཞག།།དགྲའི་གཞན་མཐོ་བའི་གནས་སུ་རང་བཞག་ལ།རང་མཐོ་བ་དེ་དང་དགྲ་དམའ་བ་དེ་གཉིས་ཕྲག་དོག་བསྒོམ་དུ་གཞུག།།བསྒོམ་དེ་ཚར་བ་ན་འདི་ལྟ་བུའི་བསྒོམ་པའི་འབྲས་བུ་བྱུང་སྡེ་རང་མཐོན་པོར་བསྒོམ།གཞན་དམའ་བར་བསྒོམ་པ་དེས་རང་ལ་ཕྲག་དོག་བྱས་པར་བསྒོམ་པ་ལ་ཡང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན།གཞན་ལ་ཕྲག་དོག་བྱེད་པ་ག་ལ་འཐད་ཅེས་ཕྲག་དོག་རང་ཞིར་འགྲོའོ།།དེ་བཞིན་དུ་བདག་དང་མཉམ་པ་ལ་བལྟས་ལ་འགྲན་སེམས་བསྒོམ་པ་དང་།བདག་དང་མཉམ་པའི་དགྲའི་གནས་སུ་རང་ཉིད་བཞག།།རང་གི་གནས་སུ་དགྲ་དེ་བཞག་ལ།དགྲ་དེས་ཕྱོགས་མཐའ་དག་གི་སྒོ་ནས་རང་ལ་འགྲན་སེམས་བྱས་པར་བསྒོམ་ལ།བསྒོམ་དེ་གྲོལ་བ་ནས་འདི་ལྟ་བུའི་བསམ་པ་འབྱུང་སྟེ།རང་དགྲར་བསྒོམ་ནས་གཞན་གྱི་གནོད་པ་དང་འགྲན་སེམས་བྱས་པར་བསྒོམ་པ་ལ་ཡང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན།གཞན་ལ་གནོད་པ་དང་འགྲན་སེམས་བྱ་ག་ལ་རུང་སྙམ་ནས་འགྲན་སེམས་རང་ཞི་བར་འགྱུར་རོ།།ཡང་དེ་བཞིན་དུ་ང་རྒྱལ་བསྒོམ་པ་ལ་རང་བས་དམའ་བས་གནས་སུ་བདག་ཉིད་བཞག།།རང་གི་གནས་སུ་རང་བས་དམའ་བ་དེ་བཞག་ལ།གཞན་མཐོ་བ་དེས་རང་དམའ་བ་དེ་ལ་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་རྒྱལ་བྱེད་དུ་གཞུག།།བསྒོམ་དེ་ཚར་བ་དང་བདག་ལ་གཞན་གྱི་ང་རྒྱལ་བསྒོམ་པ་ན།འདི་ལྟ་བུའི་སྡུག་བསྔལ་འབྱུང་ན།དེའི་ཕྱིར་བདག་གིས་གཞན་ལ་ང་རྒྱལ་བྱ་ག་ལ་རུང་སྙམ་དུ་ང་རྒྱལ་ངོ་བོ་ཉིད་ཀྱིས་ཞི་བར་འགྱུར་རོ།།འདིའི་ལུགས་ལ་ཕ་རོལ་དེས་ཚུར་ལ་བསྒོམ་པ་ལས་རང་གིས་ཕར་ལ་བསྒོམ་པ་མིན་ཏེ་ཕྲག་དོག་གི་གཉེན་པོར་ཕྲག་དོག་དང་།འགྲན་སེམས་ཀྱི་གཉེན་པོར་འགྲན་སེམས་དང་།ང་རྒྱལ་གཉེན་པོར་ང་རྒྱལ་འགྲོ་བ་ཡིན་ནོ་གསུངས་སོ།། གཉིས་པ་རྒྱས་པར་བཤད་པ་ལ།དམན་པ་དང་བརྗེས་ནས་ཕྲག་དོག་བསྒོམ་ཚུལ་དང་།མཉམ་པ་དང་རྗེས་ནས་འགྲན་སེམས་བསྒོམ་པ་དང་།ལྷག་པ་དང་བརྗེས་ནས་ང་རྒྱལ་བསྒོམ་པ་དང་གསུམ་ལས།དང་པོ་ནི།འདི་ནི་བཀུར་བྱས་བདག་ཉིད་ཡིན།།སོགས་ནས།བསྡོ་བར་འདོད།།ཅེས་པའི་བར་གྱི་བསྟན།དེ་ལྟར་བདག་ལས་དམན་པའི་དགྲའི་གནས་སུ་བདག་དགྲ་ཡིན་པར་བློ་བཞག་ནས།རང་མཐོ་བའི་གནས་སུ་རང་ལ་ཕྲག་དོག་བྱས་པའི་དགྲ་དེ་ཡོད་པར་བློ་བཞག་ནས་འདི་ལྟར་བརྗོད་ཅིང་བསམ་པར་བྱ་སྟེ།ང་རྒྱལ་ཅན་འདི་ནི་སྐྱེ་བོ་མང་པོས་བཀུར་སྟི་བྱས་ཤིང་།དགྲ་བདག་ལ་ནི་བཀུར་སྟི་ཡོད་པ་མིན་ཞིང་།ང་རྒྱལ་ཅན་འདི་ལ་རྙེད་པ་ཡོད་པ་བཞིན་དུ་དགྲ་བདག་གིས་ནི་ཅི་ཡང་མི་རྙེད་ཅིང་ང་རྒྱལ་ཅན་འདི་ནི་ཐམས་ཅད་ཀྱིས་བསྟོད་པར་བྱས་ཏེ་དགྲ་བདག་ལ་ནི་ཀུན་གྱིས་སྨོད་པར་བྱེད་པ་དང་།ང་རྒྱལ་ཅན་འདི་ནི་རྟག་ཏུ་བདེ་བ་ལ་གནས་ཤིང་དགྲ་བདག་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་པ།དགྲ་བདག་ནི་ཁང་པ་རྫི་བོ་ཆུ་ལེན་ལ་སོགས་པའི་ལས་རྣམས་ནི་བྱེད་དགོས་པ་དང་།ང་རྒྱལ་ཅན་འདི་ནི་བདེ་བ་ཉིད་དུ་གནས་པས་ཆོག་སྟེ།ང་རྒྱལ་ཅན་འདི་ནི་འཇིག་རྟེན་ཀུན་ལ་ཆེ་བའི་བླ་མ་དང་དཔོན་པོ་ལ་སོགས་པ་ཡིན་པ་དང་།དགྲ་བདག་ནི་ཁས་དམན་ཞིང་ཉམས་ཆུང་བས་ཡོན་ཏན་ནི་ཅི་ཡང་མེད་པར་ཕྱོགས་ཀུན་ཏུ་གྲགས་སོ།།མར་དགྲ་བདག་ལ་ཡོན་ཏན་མེད་པར་ང་རྒྱལ་ཅན་ལ་ཅི་ཞིག་བྱ་སྟེ།དགྲ་བདག་གིས་ཀྱང་ཐོས་བསམ་སོགས་བྱས་ཏེ་ཡོན་ཏན་ཡོད་པ་ཞིག་བྱ་དགོས་བསམ་པ་དང་།དགྲ་བདག་ལ་ཡོན་ཏན་མེད་པའང་མིན་ཏེ།སྐྱོན་གྱི་ཆ་ནས་བསམ་ན་སངས་རྒྱས་ལའང་སེམས་ཅན་མི་ཤེས་པས་སྐྱོན་དུ་མཐོང་བ་འང་ཡོན་ཏན་གྱི་ཆ་ནས་བསམ་ན་སེམས་ཅན་སུ་ལའང་ཡོན་ཏན་སྣ་རེ་མེད་པ་མིན་པས།དགྲ་བདག་འཁོར་དང་བཅས་པ་ཀུན་ལའང་མི་ལུས་ཐོབ་པ་ལ་སོགས་པའི་ཡོན་ཏན་སྣ་རེ་དང་ནི་ལྡན་པ་ཉིད་དུ་ཡིན་ཞིང་གསར་རྙིང་གི་བླ་མ་གང་དང་འཛམ་གླིང་གི་རྒྱལ་བློན་གང་བས་ནི་ང་རྒྱལ་ཅན་འདི་དམན་ཅིང་།ང་རྒྱལ་ཅན་དེའི་གོང་ན་བླ་མ་དང་རྒྱལ་བློན་དེ་རྣམས་ཡོད་ཅིང་།སྤྲང་པོ་གང་བས་ནི་དགྲ་བདག་མཆོག་ཡིན་ཏེ་དགྲ་བདག་ལས་དམན་པའི་སྤྲང་པོ་དབུལ་པོ་དེ་རྣམས་ཀུན་ཡང་ཡོད་པ་ཡིན་ནོ།།དགྲ་བདག་ནི་ཚུལ་ཁྲིམས་འཆལ་ཞིང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པས་གུད་པ་དང་།ཤེས་རབ་བརྩོན་འགྲུས་གུད་དེ་རྒུད་པ་ལ་སོགས་པ་ན་དགྲ་བདག་ཉོན་མོངས་པའི་སྟོབས་ཀྱིས་དམན་ཏེ་གཞན་དབང་དུ་གྱུར་པའི་ཡིན་པ་མ་གཏོགས་དགྲ་བདག་ལ་ནི་དབང་ཡོད་པ་མིན་ཏེ།གལ་སྲིད་ང་རྒྱལ་ཅན་འདི་ཉིད་བཟང་པོའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན་ལས་ཅི་ནུས་ཀྱིས་དགྲ་བདག་ནི་ཟས་གོས་དང་ཚུལ་འཆལ་ལྟ་བ་གུད་པ་ལ་སོགས་པ་ལས་གསོ་དགོས་པ་ཡིན་ཏེ།དེ་ལྟར་གསོ་བར་བྱས་ན་ང་རྒྱལ་ཅན་འདིས་དགྲ་བདག་བཀའ་བཀྱོན་དྲག་པོས་ཚར་གཅོད་པ་སོགས་པའི་གནོད་པ་ཅི་བྱས་པའང་དགྲ་བདག་གིས་དང་དུ་བླང་དགོས་པ་ཡིན་པ་ལ།འོན་ཏེ་ཞེས་མར་དགྲ་བདག་ནི་ང་རྒྱལ་ཅན་འདིའི་ཟས་གོས་ལ་སོགས་པས་གསོ་བར་བྱ་བ་མིན་པས་རྒྱུ་མཚན་ཅི་ཕྱིར་དགྲ་བདག་ལ་ང་རྒྱལ་ཅན་འདིས་བརྙས་བྱེད་དེ་བརྙས་པ་བྱེད་དོན་ཅི་ཡང་མེད་དོ།།ང་རྒྱལ་ཅན་འདི་ལ་ཡོན་ཏན་མང་པོ་ཡོད་པས་དགྲ་ཁྱོད་ལ་བརྙས་པ་ལོས་བྱེད་ཟེར་ན།དགྲ་བདག་ལ་ང་རྒྱལ་ཅན་དེ་ཡི་ཡོན་ཏན་གྱིས་ཅི་ཞིག་བྱ་སྟེ།བདག་ལ་ཕན་པ་མེད་པར་མ་ཟད་ང་རྒྱལ་ཅན་འདི་ཉིད་ཀྱིས་འཁོར་རང་ཡིན་བསམ་པས་དགྲ་བདག་ན་འགྲོ་གདུག་པའི་སེམས་ཅན་གྱི་ཁར་གནས་པ་རྣམས་ཀྱི་འགྲོ་བ་ལ་སྙིང་རྗེ་མེད་པའམ།ཡང་ན་ང་རྒྱལ་ཅན་འདི་ཉིད་ཁོ་རང་བདག་ཡོན་ཏན་ཅན་ཡིན་བསམ་པས།ངན་སོང་ན་འགྲོ་གདུག་པའི་སེམས་ཅན་མ་རུངས་པ་རྣམས་ཀྱི་ཁར་གནས་པ་ཀུན་གྱི་འགྲོ་བ་ཡོངས་ལ་སྙིང་རྗེ་མེད་པས་ན།ང་རྒྱལ་ཅན་འདི་ཉིད་ད་དུང་ཕྱིར་ལ་ཁོ་རང་གི་རྒྱུ་ལ་ཡོན་ཏན་མང་པོ་ཡོད་པ་རློམ་པ་དེ་ཡིས་འཛམ་གླིང་གི་མཁས་པ་དང་མཐོན་པོ་ལ་སོགས་པ་དེ་དག་ཐམས་ཅད་ལ་དོ་བསྡོ་བར་འདོད་པ་དེའི་ང་རྒྱལ་སྐྱེ་བའི་ཡོན་ཏན་གྱིས་ཅི་ཞིག་བྱ་སྙམ་པས་སྔོན་ཆད་རང་ལས་དམན་པ་ཀུན་ལ་ང་རྒྱལ་བྱེད་འདུག་པ་དེ་ཞི་བྱེད་ཡིན་པས།དང་པོ་ནས་ང་རྒྱལ་ལ་སོགས་པ་རྒྱུད་ལ་མི་སྐྱེ་བ་མི་འོངས་ཀྱང་།ཉོན་མོངས་སྐྱེས་ཚད་གཉེན་པོས་ཐོལ་སྐྱེས་རྦད་ཆོད་ཐུབ་དགོས་ཏེ།ཁམས་འདུས་དད་པས་གསོ་བ་དང་།རྐྱེན་ངན་གཉེན་པོས་ཐུབ་པ་ཞིག་ལ་ཅི་ནུས་སུ་འབད་དགོས་གསུངས་སོ།།གཉིས་པ་མཉམ་པ་དང་བརྗེས་ནས་འགྲན་སེམས་བསྒོམ་པ་ནི།བདག་དང་མཉམ་པ་ལྟོས་ནས་ནི།།སོགས་ནས།དག་ཏུ་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་བདག་ཕ་རོལ་དང་མཉམ་པའི་དགྲའི་གནས་སུ་བློ་བཞག་ལ།ཕ་རོལ་དགྲ་དེ་རང་གི་གནས་སུ་བློ་བཞག་སྟེ་འདི་ལྟར་བསམ་སྟེ།དགྲ་བདག་དང་མཉམ་པ་འགྲན་སེམས་ཅན་དེ་ལ་ལྟོས་ནས་ནི་ཐབས་གང་ཞིག་གིས་དགྲ་རང་ཉིད་ལྷག་པར་བྱ་བའི་ཕྱིར་དུ་དགྲ་བདག་གི་ཡོན་བདག་ལ་སོགས་པ་ལས་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་དང་ཕྱག་འཚལ་གདན་སྟོབས་ཀྱི་བཀུར་སྟི་རྣམས་ནི་རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ་པར་བྱ་དགོས་སྙམ་པ་དང་།ལས་ཅི་ལ་བབ་ནས་ཀྱང་ཐབས་གང་རུང་གིས་དགྲ་བདག་གི་ཡོན་ཏན་ཅི་ཡོད་པ་ནི་ཕྱོགས་ཀྱི་འཇིག་རྟེན་ཀུན་ལ་གསལ་བར་བྱ་བ་ལ་བརྩོན་པར་བྱེད་པ་དང་།དགྲ་རང་གི་ཡོན་ཏན་ལས་གཞན་ཡང་འགྲན་སེམས་ཅན་འདི་ཡི་ཡོན་ཏན་གང་ཡོད་པ་རྣམས་ནི་ཡོན་བདག་ལ་སོགས་པ་སུས་ཀྱང་ཐོབ་པར་མི་འགྱུར་བ་དེ་ལྟར་བྱ་དགོས་སོ།།དགྲ་བདག་གི་སྐྱོན་ཅི་ཡོད་པ་ཡང་སྦ་བར་བྱ་ཞིང་།དགྲ་བདག་ནི་སེམས་ཅན་གྱིས་མཆོད་པར་འགྱུར་བ་དང་།འགྲན་སེམས་ཅན་འདི་ལ་ནི་མཆོད་པར་བྱེད་པར་མིན་པ་དགྲ་བདག་ནི་དེང་སང་གི་དུས་སུ་རྙེད་པ་ལེགས་པར་རྙེད་པ་ཡིན་ཅིང་དགྲ་བདག་ནི་ཡོན་བདག་ལ་སོགས་ཀྱིས་བཀུར་བར་འགྱུར་ལ།འགྲན་སེམས་ཅན་འདི་ལ་བཀུར་བར་བྱེད་པ་མིན་པར་བྱེད་པ་དང་།འགྲན་སེམས་ཅན་འདི་ལ་ནི་གཏམ་ངན་མི་ཁ་གླེང་བརྗོད་བྱ་བ་ཉེས་པ་ལ་སོགས་པས་མ་རུངས་པ་བྱས་པར་འགྱུར་པ་དེ་ལ་དུས་ཡུན་རིང་དུ་དགྲ་བདག་གིས་ནི་སེམས་དགའ་བས་བལྟ་བར་བྱ་ཞིང་།འགྲན་སེམས་ཅན་དེའི་སྐྱོན་ཅི་ཡོད་གཞན་ལ་དགྲ་བདག་གིས་བརྗོད་ནས་འགྲོ་བ་ཀུན་གྱི་བཞད་གད་ཀྱི་གནས་སུ་འགྱུར་བ་དང་།སེམས་ཅན་ཕན་ཚུན་ཐམས་ཅད་ཀྱིས་འགྲན་སེམས་ཅན་དེའི་སྐྱོན་གྱི་ལོ་རྒྱུས་ཐོས་ནས་སྨོད་པར་བྱེད་པ་དེ་དག་པ་རྟག་ཏུ་བྱ་བ་ཡིན་ནོ།།འདི་ཐམས་ཅད་རང་ས་ནས་མི་བཞག།།མི་ས་རུ་རང་ཡོད་བསམ་པའི་བློ་བཞག་དགོས་གསུངས་སོ།།གསུམ་པ་ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་ཚུལ་ནི།ཉོན་མོངས་འདི་ཡང་བདག་དང་ནི།།སོགས་ནས།གནོད་པ་བྱས།།ཞེས་པའི་བར་གྱིས་བསྟན།དེ་ལྟར་རང་དམའ་བས་གཞན་མཐོ་བ་ལ་ཕྲག་དོག་བྱེད་འདུག་པ་མཐོ་བ་དེ་ཡི་གནས་སུ་རང་བཞག།།རང་དམའ་བའི་གནས་སུ་མཐོ་བའི་དགྲ་དེ་བཞག་ནས་བདག་བས་ལྷག་ས་དེའི་ཐམས་ཅད་རང་གི་སེམས་ཐོག་ཏུ་བླངས་ཏེ་ལག་ལེན་ལ་འདེབས་ཚེ།གོ་ལྡོག་པའི་སེམས་ཀྱིས་འདི་ལྟར་བསམ་སྟེ་དགྲ་བདག་བས་དམན་པ་ཕྲག་དོག་ཅན་གྱི་ཉོན་རེ་མོངས་པ་བརྙས་བཅོས་ཀྱི་གནས་སུ་གྱུར་པ་འདི་ཡང་དགྲ་བདག་མཐོ་བ་དང་ནི་ལྷན་ཅིག་ཏུ་ནི་ཡོན་ཏན་ལ་སོགས་པས་མཉམ་པར་འགྲན་ཟླར་བྱེད་དོ་ཞེས་གཏམ་དུ་གྲག་ན་ཡང་།ཕྲག་དོག་ཅན་འདི་ནི་དགྲ་མཐོ་བ་བདག་ལ་ཐོས་པ་རྒྱ་ཆེ་བས་མཉམ་མམ་ཅི་ཞིག་སྟེ་མི་མཉམ་པ་དང་།བསམ་པ་དང་བསྒོམ་པའི་ཤེས་རབ་བམ་གཟུགས་བཟང་ངན་གྱིས་མི་མཉམ་པ་དང་།རིགས་མཐོ་དམན་གྱིས་མི་མཉམ་པ་དང་།ནོར་ཕྱུག་དབུལ་གྱིས་ཕྲག་དོག་ཅན་འདི་དང་དགྲ་བདག་གཉིས་ཀ་མཉམ་མམ་སྟེ་ཅི་ལྟ་བུའི་སྒོ་ནས་ཀྱང་མི་མཉམ་མོ།།རང་ས་ནས་བལྟས་ན་མི་མཉམ་པ་མི་ཤེས་ཀྱང་མཐོ་བ་གོང་མའི་གོ་ས་ནས་བལྟས་ན་མི་མཉམ་པ་ཤེས་པ་ཡིན་པས།གོང་དུ་བཤད་པ་པོ་དེ་ལྟར་དུ་ཕྱོགས་རྣམས་ཀུན་ལ་རབ་ཏུ་གྲགས་པ་དེ་ཡི་ཕྱིར་ན།དགྲ་བདག་གི་ཡོན་ཏན་ཐམས་ཅད་ཐོས་པར་གྱུར་ནས་རང་གཞན་ཐམས་ཅད་ནི་བ་སྤུ་ལྡང་བའི་དགའ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་བས་ལུས་བདེ་ཞིང་སེམས་སྐྱིད་པར་བྱེད་པ་ལ་ནི་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ།།ཅི་སྟེ་ཞེས་པ་ནི་བརྒྱ་ལ་གལ་སྲིད་དམན་པ་ཕྲག་དོག་ཅན་འདི་ལ་རྒྱུ་ཟས་ཀྱི་རྙེད་པ་ཅུང་ཟད་ཙམ་རེ་ཡོད་སར་ཀྱང་གལ་ཏེ་དགྲ་མཐོ་བ་ང་ཡི་ཁང་པ་དང་ཞིང་ལས་ལ་སོགས་པ་བྱེད་ན་ཕྲག་དོག་ཅན་དམན་པ་འདི་ལ་ཟས་ཀྱི་འཚོ་བ་ཙམ་དུ་བྱིན་ནས་དགྲ་མཐོ་བ་བདག་གི་དབང་ཐང་གི་སྟོབས་ཀྱིས་ཕྲག་དོག་ཅན་དམན་པ་དེ་ལ་རྙེད་པ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་བླང་བར་བྱའོ།།དམན་པ་ཕྲག་དོག་ཅན་འདི་ནི་བདེ་བ་ཐམས་ཅད་ལས་ཉམས་པར་བྱ་ཞིང་།དགྲ་མཐོ་བ་བདག་གིས་གནོད་པ་ཐམས་ཅད་ཕྲག་དོག་ཅན་དེ་ལ་ཕབ་པ་དང་དུས་རྟག་ཏུ་སྦྱར་བར་བྱ་སྟེ།དེ་ལྟར་བྱ་དགོས་པ་ནི་དམན་པ་ཕྲག་དོག་འདི་ཡིས་ཚེ་རབས་བརྒྱ་ཕྲག་ཐམས་ཅད་དུ་འཁོར་བར་འཁོར་བའི་ཚེ་ན་དགྲ་མཐོ་བ་བདག་ལ་འགྲན་སེམས་དང་ཕྲག་དོག་ལ་སོགས་པས་འདས་དུས་གནོད་པ་མང་པོ་བྱས་པ་དང་།ད་ལྟ་བྱེད་བཞིན་པ་ཡིན་པས་སོ།།ཡང་ན་ཚིག་རྐང་འདི་གཉིས་འོག་མའི་མགོར་སྦྱར་ན།བདག་གཅེས་པར་འཛིན་པ་འདི་ཡིས་ཚེ་རབས་བརྒྱ་ཕྲག་ཐམས་ཅད་དུ་ནི་འཁོར་བར་གནས་དགོས་པའི་བདག་ལ་གནོད་པ་སྣ་ཚོགས་བྱས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་བརྗེ་ཚུལ་སྤྱིར་བསྟན་པ་དང་།གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་གཉིས་སོང་ནས།གསུམ་པ་བརྗེས་ནས་ཇི་ལྟར་བསྒྲུབ་པ་ལའང་།འཇམ་པོའི་སྒོ་ནས་གདམས་པ་དང་།རྩུབ་མོའི་སྒོ་ནས་ཚར་གཅོད་གཉིས་ལས།དང་པོ་ནི།ཡིད་ཁྱོད་རང་དོན་བྱེད་འདོད་པས།།སོགས་ནས།ཚར་བཅད་བྱ།།ཞེས་པའི་བར་གྱིས་བསྟན།དེ་ཡང་ད་སྔོན་ཡན་ཆད་ནི་ཡིད་ཁྱོད་ཀྱིས་རང་གཅིག་པུའི་དོན་ཁོ་ན་ཞིག་བྱེད་པར་འདོད་པས་སེམས་ཁྱོད་ཉིད་ཀྱི་དབང་དུ་གྱུར་ནས་ལོ་ཟླ་མི་ཚེ་སོགས་མ་ཡིན་པར་བསྐལ་པ་གྲངས་མེད་པ་མང་པོ་འདས་པར་གྱུར་ཀྱང་།ང་རང་གིས་ནི་ཁྱོད་ཀྱི་བྱ་བ་བཟང་པོ་ཞིག་ཤེས་ཡོད་བསམས་ཀྱང་།ཡིད་ཁྱོད་ཀྱིས་ནི་དམྱལ་བའི་སྡུག་བསྔལ་མྱོང་བ་ལ་སོགས་པ་དཀའ་ཚེགས་ཀྱི་ངལ་བ་ཆེན་པོ་གོང་དུ་བཤད་པ་དེ་ལྟ་བུས་ཡིད་ཁྱོད་ཀྱི་རང་དོན་འགྲུབ་པ་མི་དགོས་དང་འབྲས་བུ་འཁོར་བའི་སྡུག་བསྔལ་ཆེན་པོ་འབའ་ཞིག་བསྒྲུབས་ནས་ཐར་བའི་དུས་མེད་པ་བྱས་ཡོད་པར་ད་ལྟ་མ་གཏོགས་མ་གོ་བས་ན།ད་ནི་གོང་དུ་བདག་གཞན་མཉམ་བརྗེའི་ནང་དུ་བཤད་པ་དེ་ལྟར་འཕགས་པ་འཇམ་དབྱངས་དང་སྤྱན་རས་གཟིགས་ལ་སོགས་པས་མཛད་པ་ལྟར་དུ་ངེས་པར་ཕ་མ་སེམས་ཅན་གཞན་དེ་དང་དེ་དག་གི་དོན་ཁོ་ན་བསམ་པ་བཟང་པོས་བསྒྲུབ་པ་ལ་རབ་ཏུ་འཇུག་པར་གྱིས་ཤིག་དང་རྣམ་འདྲེན་ཐུབ་པའི་བཀའ་རིན་པོ་ཆེ་དེས་ནི་དུས་ནམ་ཡང་རང་གཞན་ཐམས་ཅད་མི་བསླུ་བས་ན།བསམ་བཟང་གིས་གཞན་ཕན་བྱས་པ་དེ་ཡི་ཡོན་ཏན་དམ་པ་རྣམས་ནི་ཕྱིས་ལམ་ལ་སློབ་པ་དང་འབྲས་བུ་ཐོབ་པའི་དུས་སུ་མངོན་སུམ་དུ་མཐོང་བར་འགྱུར་རོ།།གལ་ཏེ་ཡིད་ངན་མ་ཁྱོད་ཀྱིས་སྐྱེ་བ་སྔོན་མ་རྣམས་དང་ཚེ་སྟོད་ཡན་ཆད་ཀྱི་སྔ་མོའི་དུས་སུ་གཞན་དོན་གྱི་ལས་འདི་ཉིད་ཁོ་ན་བྱས་པར་གྱུར་ན་ནི།སངས་རྒྱས་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་དང་གནས་དང་འཁོར་དང་ཆོས་དང་དུས་ཕུན་སུམ་ཚོགས་པ་ལྔའི་བདེ་བའམ་ཡང་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་གྱི་ཟག་མེད་ཕུན་སུམ་ཚོགས་པའི་བདེ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་ཅིང་མྱོང་བ་མིན་པ་ད་ལྟའི་ལུས་སེམས་འུ་བུ་ཅག་གཉིས་ཀྱི་སྒོ་གསུམ་ནད་མུག་མཚོན་འཁྲུག་དང་འཁྱག་ལྟོགས་བཀྲེས་སྐོམ་ལ་སོགས་པས་རྟག་ཏུ་མནར་བའི་གནས་སྐབས་ངན་པ་འདི་འདྲ་བར་ནི་འགྱུར་བའི་དུས་ནི་ནམ་ཡང་མི་སྲིད་དོ།།དེ་ལྟར་བསམ་བཟང་གིས་གཞན་ཕན་བསྒྲུབ་ན་མཐར་ཐུག་སངས་རྒྱས་ཐོབ་ཅིང་གནས་སྐབས་སུ་འཁོར་བར་མི་འཁྱམས་པ་ཡིན་པ་དེ་བས་ན།དཔེ་འདི་ལྟར་དུ་སེམས་ཅན་གཞན་ཕ་མ་དེ་དག་གི་ཁུ་བ་དང་ཁྲག་གི་ཐིག་པ་གཉིས་ལ་སེམས་ངན་མ་ཁྱོད་ཀྱིས་ངའམ་ངའི་ལུས་པོ་བསམ་པས་གང་ཟག་དང་ཆོས་བདག་གཉིས་གང་རུང་ཞིག་གིས་ངར་འཛིན་བྱས་པའི་བག་ཆགས་གོམས་པ་ཤུགས་ཆེ་བས་ལུས་ངན་མ་རྫི་བོ་ཡོར་རེ་བ་ནག་ངམ་མེ་བ་ན་ཚ་དང་སྡུག་བསྔལ་གྱི་འབྱུང་གནས་འདི་གྲུབ་པ་ཡིན་པ་ལྟར་དུ།དཔེ་དེ་བཞིན་ཏུ་རང་གི་སྒོ་གསུམ་གྱི་འཛིན་ཞེན་དམ་པོ་དེ་ཉིད་ད་ནི་ཕ་མ་སེམས་ཅན་གཞན་མ་ལུས་པ་ཀུན་གྱི་ལུས་ལའང་གཅེས་འཛིན་གྱི་སེམས་དེ་རབ་ཏུ་གོམས་པར་གྱིས་ཤིག་དང་རང་གཞན་ལ་ཕན་པའི་སངས་རྒྱས་སུ་འགྱུར་ངེས་པ་ཡིན་ནོ།།ད་ནི་གཞན་ལ་ཇི་ལྟར་བསྒྲུབ་དགོས་སྙམ་ན་ད་སྔོན་རང་ས་ནས་གཞན་རྒྱལ་ཁམས་ཀྱི་ཐོག་ཏུ་ཟ་ཆེ་ཧེབ་ལང་བྱས་པ་དེ་བཞིན་དང་ནི་གཞན་སེམས་ཅན་གྱི་ས་ནས་རང་ཐོག་ལ་ཟ་ཆེ་ཧེབ་ལང་གིས་ཟས་ནོར་ལ་སོགས་པ་ཅི་ཞིག་རྙེད་དམ་སྙམ་པའི་རྟོག་ཆེན་བྱས་ནས་རྒྱན་གོས་ལོངས་སྤྱོད་ཀྱི་དངོས་པོ་ནི་བདག་གི་ལུས་ལ་ཅི་དང་ཅི་སྣང་བ་དེ་དང་དེ་ཐམས་ཅད་ལས་གཅེས་འཛིན་གང་ལ་ཆེ་བ་ཉིད་ཀུན་འཕྲོག་པར་བྱས་ནས་སེམས་ཁྱོད་ཀྱིས་སེམས་ཅན་གཞན་ལ་ཕན་པར་སྤྱོད་དུ་ཆུག་ཅིག།།དེ་བཞིན་དུ་དཀོར་དང་སྡིག་པའི་ཕུང་པོ་བདག་ནི་ཟས་གོས་སོགས་ཀྱིས་སྐྱིད་ཅིང་བདེ་བ་ཡིན་ལ།ཕ་མ་སེམས་ཅན་གཞན་ནི་དཀའ་ཚེགས་སོགས་ཀྱིས་མི་སྐྱིད་པ་ཡིན་ལ།མཐོ་འོས་མིན་པ་བདག་ནི་འཇིག་རྟེན་ན་མཐོ་བ་ཡིན་ཏེ།དམའ་འོས་མིན་པའི་སེམས་ཅན་གཞན་ནི་རྡོ་དབྱུག་ལ་སོགས་པས་ཁྱི་ཙམ་ཡང་མི་ཐུབ་པའི་དམའ་བ་ཡིན་པ་དང་།བདག་ལ་ནི་ངོ་ཤེས་དང་ཟས་གོས་ལ་སོགས་པས་ཕན་པར་བྱེད་པ་མང་པོ་ཡོད་ལ།ཕ་མ་སེམས་ཅན་གཞན་ལ་ནི་ཟས་གོས་སོགས་ཀྱིས་ཕན་པར་བྱེད་པ་ཡོད་པ་མིན་ནོ།།ཞེས་བསམས་ནས་བདག་རང་གིས་རང་ལ་ཕྲག་དོག་ཅིས་མི་བྱེད་དེ་བྱེད་དགོས་ཏེ།བློ་སྦྱོང་ལས་གཏོ་ལོག་མི་བྱ་ཞེས་པའི་དོན་ཡིན་གསུངས་པས་མདོར་ན་བུད་སྙེགས་ཐོབ་གསུམ་དགོས་སོ།།བདག་ནི་བདེ་བར་ཡོད་པ་དང་བྲལ་བར་གྱིས་ཏེ་རང་གི་བཟའ་བཏུང་སྤྲང་བོ་ལ་སྦྱིན་པ་དང་།འུ་ལག་གི་ཁུར་བོ་རང་གིས་ཁུར་བ་ལྟ་བུ་ལ་སོགས་པའི་སྒོ་ནས་ཕ་མ་སེམས་ཅན་གཞན་གྱི་སྡུག་བསྔལ་བ་ཐམས་ཅད་བདག་ལ་སྦྱོར་བར་གྱིས་ཤིག།།ཇོ་བོའི་བླ་མ་བྱམས་པའི་རྣལ་འབྱོར་པས་ཁྱི་ལ་དབྱུག་པ་རྒྱབ་པའི་སྡུག་བསྔལ་རང་ལ་དངོས་སུ་བླངས་པ་བཞིན་ནོ།།ད་སྔོན་ནི་གཞན་སྐྱོན་ལ་བལྟ་བའི་མིག་སྒོ་འདིས་ལོག་ལྟ་དང་བཅས་པས་སེམས་ཅན་གཞན་གྱི་སྐྱོན་ལ་རྟོག་པ་ཁོ་ན་ཡིན་ཀྱང་།ད་ནི་སྤྱོད་འཇུག་འདིས་རང་སྐྱོན་བརྟག་པའི་མེ་ལོང་དུ་ཁྱབ་སྟེ་དུས་གང་དང་གང་གི་ཚེ་ནའང་བདག་འདི་ཡིས་ནི་བྱ་བ་བཟང་ངན་ཅི་དང་ཅི་འདྲ་བ་བྱེད་ཅེས་སྤྱོད་ལམ་རྣམ་བཞི་གང་གི་ཐད་ནས་བདག་གི་སྐྱོན་ལ་དྲན་ཤེས་བག་ཡོད་དང་ལྡན་པར་བརྟག་པར་གྱིས་ཏེ།རང་སྐྱོན་རང་གིས་རིག་ན་སངས་རྒྱས་ཡིན།།གསུངས་པ་ལྟར་རོ།།སེམས་ཅན་གཞན་གྱིས་ཉེས་པ་ཆེ་ཆུང་ཅི་བྱས་པ་མ་ལུས་པ་ཡང་དྲང་སྲོང་གཽ་ཏ་མ་དང་ཁ་ཆེའི་དགེ་སློང་ར་བ་ཏི་དང་རྭ་སྒྲེང་གི་སྡེར་མ་བོར་བའི་དཔེ་དང་།དགེ་བཤེས་ཀློང་ཐང་བ་ཆེན་པོ་ལ་བུ་འདི་ནི་ཁྱེད་ཀྱི་སྲས་པོ་ཡིན་ནོ་ཞུས་པ་དང་དུ་བཞེས་པ་ལ་སོགས་པ་ལྟ་བུས་ངང་གི་སྐྱོན་དུ་བསྒྱུར་བར་བྱོས་ལ།ཇི་སྐད་དུ།གཏམ་མ་ཉེས་ཁ་ཡོགས་དགེ་བསྐུལ་གྱི་ལྕག་འདེབས།།དགྲས་ལོག་བསྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན།།འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས།།ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད།།ཅེས་གསུངས་པ་ལྟར་དུ་ཉམས་སུ་ལེན་དགོས་སོ།།བདག་གིས་ནི་ཉེས་པ་ཕྲ་མོ་ཆུང་ངུ་ཙམ་ཞིག་བྱས་ཀྱང་ཉེས་པ་དེ་ཉིད་བདག་གིས་མ་བྱས་ཟེར་ནས་ཁ་བཀབ་མིག་བཙུམ་ལག་བརྡ་བྱེད་དེ་དཔེ་བཤད་ལུང་དྲངས་ལ་སོགས་པ་མི་བྱེད་པར་ཉེས་པ་ཁས་བླངས་ནས་སྐྱེ་བོ་མང་པོའི་མདུན་ལ་འགྱོད་པས་རབ་ཏུ་ཤོགས་ཏེ་ཞེས་བཤགས་པ་བྱེད་དགོས་སོ།།སེམས་ཅན་གཞན་གྱི་སྙན་པ་དང་གྲགས་པ་སྙིང་ཐག་པ་ནས་ལྷག་པར་བརྗོད་པས་བདག་ངན་མ་རང་གི་གྲགས་པ་ཐམས་ཅད་ཟིལ་གྱིས་ནོན་པར་བྱེད་པ་དང་།བདག་རང་ནི་བྲན་གཡོག་ཀུན་ཀྱི་ཐ་མ་ལྟར་དུ་བྱས་ཏེ་སེམས་ཅན་གཞན་གྱི་དོན་རྣམས་ཀུན་ལ་བདག་ནི་བྲན་བྱས་ཏེ་བཀོལ་ཞེས་མངགས་པར་གྱིས་ཤིག།།བདག་འདི་ནི་དམ་ཉམས་སྡོམ་ཤོར་ཆགས་སྡང་རྨོངས་པ་ལ་སོགས་པའི་རང་བཞིན་གྱི་སྐྱོན་ཅན་དུ་ཅན་ཤེས་པར་བྱས་ཏེ།དད་པ་དང་སྙིང་རྗེ་ངེས་འབྱུང་སྐྱོ་ཤས་སད་སུད་ཡད་ཡུད་རེ་རྒྱུད་ལ་སྐྱེས་ཚེ་སོས་ཀའི་ནམ་སླ་དང་འདྲ་སྟེ་མི་བདེན་བསམ་ནས་སྐད་ཅིག་མ་ཆུ་བུར་ལྟ་བུའི་གློ་བུར་གྱི་ཡོན་ཏན་སྐྱེས་པའི་ཆ་ཤས་ཙམ་དེས་བདག་ལ་མི་བསྟོད་དེ་ནམ་ཕུག་མེད་པར་བསམ་དགོས་སོ།།བདག་འདི་ཡི་ཡོན་ཏན་ཕྲན་བུ་ཙམ་རེ་ཡོད་པ་ལ་ཅི་ལ་བབ་ནས་ཀྱང་རུས་སྦལ་གྱི་ཡན་ལག་བཞིན་རུ་སྦས་ཏེ་གསང་ནས་སེམས་ཅན་སུ་འགས་ཀྱང་མི་ཤེས་པའི་རང་བཞིན་དེ་ལྟར་དུ་གྱིས་ཤིག།།མདོར་བསྡུ་ན་ད་སྔོན་ཡན་ཆད་དུ་བདག་གི་ཟས་གོས་སོགས་པའི་དོན་གྱི་ཕྱིར་དུ་སེམས་ངན་མ་ཁྱོད་ཀྱིས་སེམས་ཅན་གཞན་རྣམས་ལ་བཤལ་གཏུབ་བརྡུང་བརྡེག་འཕྲོག་བཅོམ་བཙན་བཙུག་སློང་འདེབས་ལ་སོགས་པས་གནོད་པ་བྱས་པ་གང་དང་གང་ཡིན་པའི་གནོད་པ་དེ་དང་དེ་ཐམས་ཅད་ནི་ཕ་མ་སེམས་ཅན་ཐམས་ཅད་ལ་ཕན་བདེ་མ་ལུས་པ་བསྒྲུབ་པའི་དོན་གྱི་ཕྱིར་དུ་ཕྱིན་ཆད་འཆི་བདག་གཤིན་རྗེས་བུ་ལོན་ཐམས་ཅད་མ་སྙེགས་གོང་དུ་ལུས་ལོངས་སྤྱོད་སོགས་ཀྱིས་མཆོད་སྦྱིན་རང་གིས་བྱས་ཏེ་བདག་གཞན་གཉིས་ཀ་གོ་ལྡོག་པའི་ཚུལ་གྱིས་བདག་རང་ཉིད་ལ་ནི་གཅོད་ཀྱིས་ལུས་སྦྱིན་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་འབད་པར་གྱིས་ཤིག།།བདག་འདི་ནི་ཆེ་འགྱིང་སྦོམ་གསུམ་ལ་སོགས་པས་གཉའ་བ་མཐོ་ཞིང་ཁས་དྲག་པོར་འགྱུར་བའི་ཚུལ་དུ་བཟང་རྒུ་དང་མཛེས་རྒུས་ཤེད་དཔུང་བསྐྱེད་པར་ནི་དུས་ནམ་མི་བྱ་སྟེ།རང་ཤེད་རང་གིས་གཅོག་ཅིང་རང་སྨ་རང་གིས་ཕབ་སྟེ་དཔེར་ན་བག་མ་གསར་པ་སླེབས་མ་ཐག་པའི་ཚུལ་ལུགས་བཞིན་དུ་རྒྱལ་བ་སྲས་བཅས་ཐུགས་ཁྲེལ་འོངས་སྙམ་པའི་སྒོ་ནས་རང་གི་སྒོ་གསུམ་པོ་རང་ངོ་ལ་ལྟོས་ནས་ངོ་ཚ་ཤེས་པས་བསྡམས་པ་དང་།བདག་གི་སེམས་ལ་ཅི་དྲན་ཚད་འདི་ཐམས་ཅད་སེམས་ཅན་གཞན་རྣམས་ཀྱིས་མཐོང་ན་ཇི་ལྟར་དུ་བྱེད་སྙམ་པའི་གཞན་ངོ་ལ་ལྟོས་པའི་ཁྲེལ་ཡོད་ཀྱིས་འཇིགས་ཤིང་སྐྲག་པས་བསྡོམས་པ་དང་དྲན་ཤེས་བག་ཡོད་ཀྱིས་དུས་རྟག་ཏུ་རང་གི་སྒོ་གསུམ་པོ་བསྡམས་ཏེ་བཞག་པར་བྱ་དགོས་སོ།།གོང་དུ་བཤད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ཡིག་སྤྱོད་པ་ལ་འཇུག་པའི་ཆ་ཤོག་རིན་པོ་ཆེའི་ནང་འཁོད་ལྟར་དུ་བསམ་པ་བྱང་ཆུབ་སེམས་སྦྱོར་བ་ཕྱིན་དྲུག་ལྟར་དུ་སྒོ་གསུམ་ཆོས་མཐུན་དུ་དེ་བཞིན་གནས་པར་བྱ་དགོས་གསུངས་པ་ཐམས་ཅད་ལ་རང་གི་སྒོ་གསུམ་ཀྱང་དེ་ལྟར་དུ་མཐུན་པར་གནས་པར་བྱ་ཞིང་།ཉེས་སྤྱོད་འབྱུང་བའི་སྒོ་ཉེར་བདུན་དང་རང་དོན་ཡིད་བྱེད་དང་།ཕྲག་དོག་འགྲན་སེམས་ང་རྒྱལ་ལ་སོགས་པ་དེ་ལྟར་བྱ་བ་ངན་པ་ཐམས་ཅད་ལ་ནི་སེམས་ཁྱོད་ཀྱིས་མི་བྱ་བ་ཉིད་དུ་གནས་དགོས་པ་དང་།གོང་དུ་བཤད་པ་དེ་ལྟར་དུ་སྤང་བླང་གི་གནས་འདི་ཐམས་ཅད་ལ་ནི་ཡིད་ཁྱོད་ཀྱིས་དཔོན་གྱིས་མངའ་འབངས་ལྟར་དུ་དབང་བར་བྱ་སྟེ།གལ་སྲིད་སྤང་བླང་གི་གནས་དེ་ཐམས་ཅད་ལས་ཡིད་ངན་མ་ཁྱོད་འདས་ན་ནི་ཐོག་བརྫིས་ལོག་གནོན་དང་མཐའ་གཏད་འབྱུང་བཞིའི་གཟེར་བུ་དང་།ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་གཉན་ཆེན་མཐའ་གཏད་བྱས་ཏེ་ཚར་བཅད་པར་བྱ་ངེས་པ་ཅན་ཡིན་ནོ།།གཉིས་པ་རྩུབ་མོའི་སྒོ་ནས་ཚར་གཅོད་པ་ལའང་།ཡིད་ཚར་གཅོད་པ་དང་།ལུས་ཚར་གཅོད་པ་གཉིས་ལས།དང་པོ་ནི།འོན་ཏེ་དེ་ལྟར་གདམས་ཀྱང་ནི།།སོགས་ནས།བསྲུང་བར་བྱ།།ཞེས་པའི་བར་གྱིས་བསྟན།འོན་ཏེ་ཞེས་ལར་གོང་དུ་བཤད་པ་སྒོ་གསུམ་ལ་བག་ཡོད་དྲན་ཤེས་ཀྱིས་རང་དབང་བསྒྱུར་དགོས་པ་ལ་སོགས་པ་དེ་ལྟར་དུ་གདམས་པར་བྱས་ཀྱང་།སྤང་བླང་གི་གནས་ལ་ནི་སེམས་ངན་མ་ཁྱོད་གོང་བཤད་དེ་ལྟར་དུ་གནས་བར་མི་བྱེད་ན།སེམས་ངན་མ་ཁྱོད་ལ་འཁོར་བ་དང་ངན་སོང་གི་ཉེས་པ་མ་ལུས་ཀུན་བསྟེན་ཡོད་པས་ན།སེམས་ཁྱོད་ཉིད་ཚར་གཅོད་པ་ཁོ་ན་བྱ་བར་ཟད་དེ།སེམས་ཁྱོད་ཀྱི་ཁོ་བོ་ང་རང་ནི་དམྱལ་བ་ལ་སོགས་པ་འཁོར་བའི་གནས་གར་ཡིན་ཡིན་དུ་བརླག་པར་བྱས་པའི་སྔོན་གྱི་དུས་དེ་ནི་གཞན་ཡིན་པས་བྱ་བ་ཉེས་ཚར་བ་ཐམས་ཅད་ཕར་ཞོག་དང་།ད་ཕྱིན་ཆད་ནི་ང་རང་ཉིད་ནི་སྔོན་དུས་འདྲ་བ་ཞིག་མིན་ཞིང་།སེམས་ཁྱོད་ཀྱིས་བློ་མ་དྲང་བར་ཡོད་པར་ཤེས་ཏེ།གནོད་པ་ཐམས་ཅད་སེམས་ཁྱོད་ལས་བྱུང་བ་ངས་མཐོང་བས།ད་ནི་སེམས་ཁྱོད་ཡུལ་གང་དུ་འགྲོ་ནའང་སོང་ཞིག།།ཁྱོད་ལ་འགྲོ་གནས་མེད་ཅིང་སྔར་དུས་ཀྱི་དེ་མིན་པས་སེམས་ཁྱོད་ཉིད་ཕྱིན་ཆད་ཚུར་ལ་གནས་དགོས་ན་ནི་བྲན་གཡོག་གི་བསམ་པ་ཟུངས་ལ་དབང་དུ་མི་འདུ་བའི་སེམས་ཁྱོད་ཀྱི་དྲེགས་པ་ཀུན་ནི་གཞོམ་སྟེ་མེད་པར་བྱ་དགོས་སོ།།ད་དུང་བློ་ངན་གོམས་ཀྱི་བག་ཆགས་ཀྱི་དབང་གིས་བདག་ངན་མ་ཁྱོད་ཉིད་ལ་རང་གི་དོན་ཡིད་ལ་བྱེད་པ་ཅི་ཡོད་དེ་སྙམ་པའི་སེམས་པ་ཀུན་དེ་ནི་ད་ལྟ་ཉིད་དུ་དོར་ཅིག།།བདག་གིས་ནི་གཞན་སེམས་ཅན་རྣམས་ལ་ཁྱོད་བཙོང་ནས་གཞན་དོན་དུ་མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་ཆེན་ནི་འགྲུབ་ཆེད་བྱས་ཡོད་པས།བསྐལ་པ་གྲངས་མེད་མང་པོར་སེམས་ཅན་རེ་རེ་བཞིན་དུ་མགུ་བར་བྱ་མི་ནུས་སྙམ་པས།སེམས་ཁྱོད་རང་གིས་སྐྱོ་བར་མ་སེམས་པར་ཞོ་ཤ་ཕུལ་ཞེས་པ་ནི་གཞན་ལ་བདེ་བྱིན་དགོས་སོ།།ཡང་བདག་འཛིན་དང་གཞན་སེམས་ཅན་ལ་བཙོང་བས་དུས་ཁྱོད་རང་ལ་མི་མཁོའམ་ཟེར་ན།གཞན་ལ་སེམས་ཁྱོད་མི་བཙོང་ཐབས་མེད་ཡིན་པས་གལ་ཏེ་ང་རང་གི་དུས་རྟག་ཏུ་བག་མེད་པའི་དབང་དུ་གྱུར་ནས་ཡོད་པ་ལ་སེམས་ཁྱོད་མཐའ་ཡས་པའི་སེམས་ཅན་རྣམས་ལ་ལུས་ལོངས་སྤྱོད་དགེ་བ་དང་བཅས་པ་མ་བྱིན་པ་ཡིན་ན་ནི།སེམས་ངན་ལ་ཁྱོད་ཀྱིས་ཁོ་བོ་སྟེ་བདག་རང་ཉིད་ནི་དམྱལ་བ་ཡི་སྲུང་མ་བྱ་ཁྱི་གཅན་གཟན་ལ་སོགས་པ་རྣམས་ལ་བྱིན་དུས་ངེས་པ་ཡིན་པས་ན།སེམས་ཁྱོད་སེམས་ཅན་རྣམས་ལ་བྱིན་པར་རིགས་སོ།།ཁྱོད་རང་ལ་དམྱལ་བ་ལ་སོགས་པ་འཁོར་བའི་གནས་སུ་བྱིན་མ་མྱོང་ཟེར་ན།གོང་དུ་བཤད་པ་དེ་ལྟར་དུ་སེམས་ཁྱོད་ཀྱིས་དུས་ཡུན་རིང་པོ་ཅི་ལྟ་བུ་ཞིག་ཏུ་ན་དམྱལ་བ་ལ་སོགས་པར་ཁོ་བོ་རང་ཉིད་བྱིན་པས་ཡུན་རིང་པོ་ཉིད་དུ་སེམས་ལ་སྡུག་བསྔལ་ཤིན་ཏུ་ཆེ་བས།ད་ནི་དམྱལ་བ་སོགས་ལ་ང་རང་བྱིན་པའི་ཁོ་རྣམས་སེམས་ཁྱོད་ལ་དྲན་པར་བྱས་ཏེ་སེམས་ཁྱོད་ཀྱིས་རང་དོན་ཡིད་བྱེད་ཀྱིས་སེམས་པ་ཅི་ཡོད་པ་གཞོམ་པར་བྱ་དགོས་སོ།།བདག་ཏུ་འཛིན་པའི་གཞི་གསུམ་སེམས་ཁྱོད་དང་བཅས་པ་གཞན་ལ་བྱིན་པའི་སེམས་དེ་ཉིད་ཕྱིར་ལོག་སྟེ་བདག་ལ་ནི་དགའ་བར་འདོད་ན་ནི།རང་ལ་བདག་གིས་དགའ་བར་མི་བྱ་ཞིང་གཞན་ལ་བྱིན་པའི་སེམས་དེ་ཉིད་ལོག་སྟེ་བདག་རང་ཉིད་ནི་བསྲུང་བར་འདོད་པའི་ཚེ་ན།སེམས་ཅན་གཞན་དེ་དག་ཐམས་ཅད་དུས་རྟག་ཏུ་བསྲུང་བར་བྱ་བ་ལ་སློབ་དགོས་ཏེ་མདོ་ལས།ཅི་འདྲ་བ་ཡི་ལས་བྱས་པ།།དེ་འདྲ་བ་ཡི་འབྲས་བུ་འབྱུང་།།ཞེས་གསུངས་པ་ལྟར་རོ།།གཉིས་པ་ལུས་ཚར་གཅོད་པ་ནི།ཇི་ལྟ་ཇི་ལྟར་ལུས་འདི་ནི།སོགས་ནས།བཟུང་བར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་སེམས་ཚར་བཅད་པ་བཞིན་དུ་ཐབས་སྣ་ཚོགས་ཇི་ལྟ་དང་ཇི་ལྟར་ཞེས་པ་ནི་ཇི་དང་ཇི་འདྲ་བ་ཞིག་གིས་ལུས་འདི་ཉིད་ནི་ཞྭ་གོས་དྲོ་འཇམ་ཞིམ་ཟས་མངར་ཆུ་མང་པོས་ཡོངས་སུ་སྐྱོང་བར་བྱེད་པར་གྱུར་བ་དེ་ལྟ་བུ་ཅི་ཙམ་དུ་གཅེས་ན་དེ་ལྟར་ཙམ་དུ་ངན་ལིང་ལ་སོང་ནས་ཤིན་ཏུ་ནི་བཟོད་སྲན་ཆུང་ངུའི་བཟེ་རེ་ཅན་དུ་གྱུར་པ་ཉིད་དུ་ལྷུང་སྟེ་རྐྱེན་ཅི་ཡང་མི་བཟོད་པ་བཞིན་དུ་འགྱུར་བ།དཔེར་ན་འཕགས་པ་མ་འགགས་པའི་གཟིམས་མལ་ལ་མེ་ཏོག་སིལ་མ་ཁོ་ན་བཀྲམ་པ་ན་མེ་ཏོག་གཅིག་གི་ཡུ་བ་བཅད་པས་སྐུ་ལུས་ལ་མི་བདེ་བ་བྱས་པ་བཞིན་ནོ།།གོང་དུ་བཤད་པ་དེ་ལྟར་དུ་བཟེ་རེ་ཅན་ནམ་བཟོད་སྲན་ཆུང་ངུ་ཉིད་དུ་ལྷུང་བ་པོ་དེ་ཡི་ཡིད་ལ་ཅི་ཡང་འདོད་པོ་མ་ལུས་པ་ནི་ས་སྟེང་འདི་ན་ཡིད་འོང་གི་དངོས་པོ་ཐམས་ཅད་ཀྱིས་བསམ་པ་རྫོགས་པ་ནུས་པར་ཡོད་པ་མིན་ན་ནི།བཟེ་རེ་ཅན་དེ་ཡི་ཡིད་ལ་འདོད་པ་ཐམས་ཅད་ནི་སུས་བསྒྲུབ་པར་བྱེད་ནུས་ཏེ་མི་ནུས་པ་དཔེར་ན་དཔོན་མགོ་དང་རི་མགོའི་དཔེ་བཞིན་དང་མི་དབང་ང་ལས་ནུའི་རྣམ་ཐར་བཞིན་ནོ།།རང་ལ་ནུས་པ་མེད་ཅིང་སེམས་ལ་འདོད་པ་ཆེ་ལ་རྟག་ཏུ་ཉོན་མོངས་པ་མང་པོ་དང་འདྲིས་སྟོབས་ཆེ་བས་བསམ་པ་ཉམས་པ་རྐུ་རྫུན་ལ་སོགས་པ་དང་།བྲམ་ཟེ་བླུན་རྨོངས་ཞིག་གིས་སངས་རྒྱས་འཁོར་འདས་ལ་བསོད་སྙོམས་དྲངས་ནས་རྨོས་གླང་དུ་སྐྱེ་བའི་སྨོན་ལམ་ཕྱིན་ཅི་ལོག་པར་བཏབ་པ་ལ་སོགས་པ་དེ་ལྟ་བུའང་སྐྱེ་བར་འགྱུར་རོ།།བཟེ་རེ་མེད་པར་བྱེད་ཐབས་ངན་པ་གང་ཞིག་ཅི་བྱུང་ནའང་ཤོག་བསམ་ཏེ་ཅི་ལའང་མི་རེ་བ་ཀུན་གྱིས་མཁོ་མེད་སྙམ་པས་མཐོ་དམན་བཟང་ངན་ཀུན་ལ་ལྟོས་པ་མེད་པ།གང་བྱུང་དེས་ཆོག་བྱེད་པ་དེ་ཡི་ཕུན་སུམ་ཚོགས་པ་ཐམས་ཅད་ཟད་མི་ཤེས་པ་ཡིན་པས་དེ་ལྟར་དུ་སློབ་བོ།།གཙང་པ་རྒྱ་རས་ཀྱི་དྲག་སྔགས་རྣམ་གསུམ་ལྟར་ཀུན་ལ་ལྟོས་མེད་དགོས་པ་ཡིན་པ་དེ་བས་ན།ལུས་ཀྱི་འདོད་པ་རྣམས་ནི་འཕེལ་བར་འགྱུར་བའི་ཕྱིར་ན་གཉིད་དང་འདོད་པའི་ཡོན་ཏན་ལ་སོགས་པས་སྐབས་དབྱེ་མི་བྱ་སྟེ་ཞེས་པ་ནི་རང་གིས་རང་ལ་དུས་ཀུན་ཏུ་གནང་བ་བྱེད་འདུག་པར་མི་རིགས་པས་སྤང་བྱའོ།།ཐར་པ་འདོད་པ་གང་ཞིག་གིས་ནི་སྦྲང་མ་རྩི་ལ་འབྱར་བ་བཞིན་དུ་རྒྱུ་ཡིད་འོང་གི་དངོས་པོ་འཆང་ན་འབྲས་བུ་དམྱལ་བའམ་འདྲེ་ངན་ལ་སོགས་པར་སྐྱེ་བས་ན།ཡིད་དུ་འོང་བའི་དངོས་པོ་མི་འཛིན་པ་དེ་ནི་དངོས་པོ་ལ་བཟང་ངན་མེད་པར་གནས་མལ་ངན་ངན་ཙམ་གྱིས་ཆོག་ཤེས་པ་ལ་སོགས་པ་ནི་དངོས་པོ་བཟང་པ་ཡིན་ཏེ།འདྲེ་ཤ་རྐང་གི་གཏམ་རྒྱུད་དང་རྒྱ་གར་དུ་དགེ་སློང་ཞིག་ལྷུང་བཟེད་ལ་ཆགས་པས་སྦྲུལ་དུ་སྐྱེས་པ་ཡིན་ཏེ།།སངས་རྒྱས་ཀྱིས་ཡིད་འོང་གི་དངོས་པོ་བཅིང་ན་འགལ་ཚབས་ཅན་དུ་འགྱུར་རོ་གསུངས་སོ།།མཐོ་དམན་དྲག་ཞན་ཕྱུག་དབུལ་མེད་པའི་ལུས་ཀྱི་ཐ་མ་ནི་ཐལ་བའི་མཐར་གཏུགས་ཏེ་མེད་པར་འགྱུར་བ་ཤེས་དགོས་ཤིང་།ཤི་བའི་གནས་སྐབས་སུ་མི་གཡོ་ཞིང་མི་འགུལ་བ་རོ་ཁུར་ལྟ་བུ་གཞན་གྱིས་བསྐྱོད་པར་བྱ་བ་ཡིན་ཅིང་།ད་ལྟ་ནས་མི་གཙང་བས་གང་བའི་གཟུགས་ཕུང་འདི་ནི་མི་བཟད་པ་སྟེ་མ་རུངས་པ་འདི་ལྟ་བུའི་ལུས་ལ་སེམས་ཁྱོད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་དུ་ན་བདག་ཏུ་འཛིན་ཏེ་བདག་ཏུ་འཛིན་པར་མི་རིགས་སོ།།སེམས་བདག་ལ་གསོན་པོའི་དུས་སུ་ལུས་འདི་དགོས་སོ་སྙམ་ན།ཤི་གསོན་གྱི་རོ་ལ་ཁྱད་པར་མེད་པས་གསོན་པའི་ཚེ་ནའང་ཡིན་ནམ་ཡང་ན་ནི་ཤི་ན་ཡང་བླའི་སྟེ་སེམས་བདག་ལ་ལུས་ཀྱི་རུས་པའི་འཁྲུལ་འཁོར་འདི་ཉིད་ཀྱིས་ཅི་ཞིག་བྱ་སྟེ་དགོས་པ་མེད་དེ་བོང་བ་ཞེས་ས་ལ་སོགས་པ་དང་ལུས་འདི་གཉིས་ལ་ཁྱད་ཅི་ཞིག་ཡོད་དེ་མེད་ན་ཀྱི་ཧུད་ཅེས་རྒྱལ་བ་སྲས་བཅས་རྣམས་ཀྱིས་སེམས་ཅན་ཀུན་གྱི་ལུས་བདག་མེད་ལ་ངར་འཛིན་གྱིས་བདག་ཏུ་བཟུང་བ་ལས་ཐུགས་སྐྱོ་བའི་ཉམས་ཀྱིས་ངའོ་སྙམ་པའི་ང་རྒྱལ་ཅི་ཕྱིར་སེལ་བར་མི་བྱེད་དེ།ལུས་ལ་བདག་ཏུ་བཟུང་བའི་ང་རྒྱལ་སེལ་བར་བྱེད་དགོས་སོ།།སེམས་ཁྱོད་ཀྱིས་ནི་ལུས་འདི་ཉིད་ཀྱི་ཁ་ཏ་སྟེ་བསྟོད་དགའ་སྨད་སྡུག་གིས་ཁ་ར་སོ་ཚུས་བྱས་པ་དེ་ཡིས་ཡར་བ་མར་བརྟགས་ར་ཀུན་ལ་འགྲོ་ཞིང་མི་དགེ་བཅུ་ལ་སོགས་པ་དོན་མེད་པའི་སྡུག་བསྔལ་ཁོ་ན་ཉེ་བར་བསགས་ནས་དཀའ་ཚེགས་མང་པོ་ལུས་ཀྱི་དོན་དུ་བྱས་ཀྱང་།ལུས་རང་ཉིད་ལ་ནི་སེམས་བདག་གིས་བཟང་པོ་བྱས་པས་སེམས་རང་ལ་རྗེས་སུ་ཆགས་པ་མེད་པ་དང་།དཀའ་སྤྱད་ངལ་དུབ་ལ་སོགས་པས་ངན་པ་བྱས་ཀྱང་ཁོང་ཁྲོ་བ་མེད་པ་ཤིང་དང་མཚུངས་པས་ལུས་འདི་ལ་བཟང་པོ་བྱས་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།དེ་ལྟར་ལུས་ལ་དགའ་སྡུག་མེད་པའི་རྟགས་ནི་སེམས་བདག་གིས་ཚུལ་འདི་ལྟར་དུ་ལུས་འདི་ཉིད་བསྐྱངས་པ་ལ་ཆགས་པ་མེད་པའམ་ཡང་ན་བྱ་རྒོད་དང་ཁྱི་ལ་སོགས་པ་རྣམས་ཀྱིས་ཟོས་པར་གྱུར་ཀྱང་ལུས་ལ་ཞེ་སྡང་མེད་པ་གང་རུང་སྟེ།མདོར་ན་ལུས་ནི་བཟང་པོ་ལ་ཆགས་པ་མེད་པ་དང་།ངན་པ་ལ་ཞེ་སྡང་བ་ཡོད་པ་མིན་ན།ཅི་སྟེ་ཞེས་ཅི་ཡི་དོན་དུ་ལུས་ཤེས་མེད་དེ་ལ་སེམས་ཁྱོད་ཆགས་པར་བྱེད་དེ་ཆགས་པར་བྱེད་མི་རིགས་སོ།།ལུས་གང་ཞིག་ལ་སྨོད་པར་བྱེད་པས་སེམས་ཁྱོད་ཁྲོ་བ་དང་ལུས་གང་ཞིག་ལ་བསྟོད་པ་བྱས་པས་སེམས་ཁྱོད་ཉིད་མགུ་བར་འགྱུར་བ་ཡིན་ཀྱང་།གལ་ཏེ་བསྟོད་སྨད་བྱ་བའི་ཡུལ་གྱི་ལུས་དེ་ཉིད་ལ་ནི་བཟང་ངན་གྱི་ཤེས་པ་ཅི་ཡང་མེད་ན་སེམས་བདག་གིས་ལུས་གང་གི་དོན་དུ་ངལ་བ་དོན་མེད་བསྟོད་སྨད་བྱེད་པ་ལ་དགའ་སྡུག་བྱས་པས་དགོས་པ་མེད་དོ།།སེམས་གང་ཞིག་གིས་རང་གི་ལུས་འདི་ཉིད་འདོད་པར་གྱུར་པ་ཡིན་པས་སེམས་དེ་དང་བདག་གི་ལུས་གཉིས་ཀ་མཛའ་ཞིང་བཤེས་པ་ཡིན་ནོ་ཞེ་ན།འོ་ན་སེམས་ཅན་ཐམས་ཅད་རང་གི་ལུས་འདོད་པ་ལ་ཉེ་རིང་མེད་པས་བདག་གི་ལུས་ལ་དགའ་བ་བཞིན་དུ་སེམས་ཅན་གཞན་རྣམས་ཀྱི་ལུས་དེ་ལ་སེམས་བདག་ཀོ་ཅིས་མི་དགའ་སྟེ་དགའ་བར་རིགས་སོ།།བདག་ལུས་ཀྱི་གཅེས་འཛིན་བཏང་ནས་གཞན་ལུས་ལ་དགའ་དགོས་ཡིན་པ་དེ་བས་ན།སེམས་བདག་གིས་ཆགས་ཞེན་མེད་པར་འགྲོ་བ་ཀུན་ལ་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་ཕན་པའི་ཕྱིར་དུ་ལུས་འདི་གཏང་བར་བྱའོ།།འོ་ན་ད་ལྟར་ཉིད་ནས་གཏོང་དགོས་སྙམ་ན།ད་ལྟ་ཉིད་དུ་གཏོང་བ་བས་དང་པོ་ཐབས་ལ་མཁས་པས་བདག་ཏུ་བཟུང་དགོས་པ་དེས་ན།ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན།།ཞེས་གསུངས་པ་ལྟར་དུ།ལུས་འདི་ལ་བརྟེན་ནས་ཉེས་པ་མང་པོ་འབྱུང་ན་ཡང་མགར་བའི་ལག་ཆ་དང་།བྲིས་ཆ་ལ་སོགས་པ་བཟོ་བོ་རྣམས་ཀྱི་ལས་ཀྱིས་བྱ་བ་བསྒྲུབ་པའི་ཆ་སྤྱད་བཞིན་དུ་ལུས་འདི་ཉིད་ལ་ཆགས་ཞེན་མེད་པའི་སྒོ་ནས་ཆོས་བསྒྲུབ་པ་ཆ་རྐྱེན་དུ་དམིགས་ནས་གཟུང་བར་བྱ་བ་ལ་སློབ་དགོས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་བསམ་གཏན་བསྒོམ་ཚུལ་རྒྱས་པར་བཤད་པ་སོང་ནས།གསུམ་པ་ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་ནི།དེ་བས་བྱིས་པའི་སྤྱོད་པས་ཆོག།།སོགས་ནས།བཞག་པར་བྱ།།ཞེས་པའི་བར་གྱིས་བསྟན།དེ་ལྟར་ལུས་སེམས་ལ་ཞེན་ན་འཁོར་བར་འཁྱམས་པ་ཡིན་པ་དེ་བས་ན།ཆགས་སྡང་ཟླ་དགའ་ངོ་བསྲུང་ཟས་ཚོལ་འགྲོ་འདུག་ཟ་ཉལ་གཉིད་སྙོམ་བག་མེད་ལེ་ལོ་ལ་སོགས་པ་སོ་སོའི་སྐྱེ་བོ་བྱིས་པའི་སྤྱོད་པ་ལ་ད་སྔོན་ཡན་ཆད་དུ་སྤྱད་པས་ཆོག་པར་ངེས་པས།ད་ནི་བདག་གིས་བླ་མ་རྒྱལ་བ་སྲས་བཅས་བྱང་སེམས་མཁས་པའི་རྗེས་སུ་བསྙེགས་ཏེ་བག་ཡོད་ཀྱི་ལེའུའི་ནང་དུ་གསུངས་པའི་གཏམ་རྣམས་ནི་དྲན་པར་བྱས་ནས།ཡུལ་ལ་འཇུག་པ་རང་དབང་མེད་ཅིང་ལུས་སེམས་བཟུང་དུ་མི་བཏུབ་པའི་གཉིད་བཟློག་པ་དང་།དམིགས་རྟེན་ལྟ་བུའི་ཡུལ་མི་གསལ་བའི་རྨུགས་པ་བཟློག་པར་བྱ་ཞིང་།སངས་རྒྱས་ཀྱི་སྐྱེས་རབས་རྣམས་དང་ཉེ་སྲས་རྣམས་དང་རྗེ་བཙུན་མི་ལ་ལ་སོགས་པ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཆེ་བ་རྣམས་ཀྱི་རྣམ་ཐར་ལྟར་དུ།ལྟོ་ཚད་ལ་ཕབ།གཉིད་སྲང་ལ་གཅུར།རིགས་པ་འཇུར་ལ་དྲངས་ནས་རྡོ་རྗེའི་སྐྱིལ་ཀྲུང་དང་།སྙིང་ལ་རུས་པ་བསྐྱེད་དེ་དྲན་ཤེས་བཞག་ཡོད་དང་ལྡན་པས་གཉེན་པོ་རིགས་པའི་སྲབ་ནི་གཟུང་བྱ་སྟེ་ཞེས་པ་ནི་གཉེན་པོ་སྲ་བཟུང་སོ་བ་བཙུགས་ནས་དཔའ་བསྐྱེད་དེ་ཉིན་མོ་དང་མཚན་མོ་གཉིས་ཆ་བྱེད་དེ་ཞེས་ཆ་མཉམ་པར་རྒྱུན་མི་འཆད་པར་བརྩོན་འགྲུས་ཀྱིས་མ་འབད་ན་ནི་འཁོར་བ་ཐོག་མེད་པ་ནས་བསགས་པའི་ལས་ཉོན་ལས་ཐར་ཏེ་བདག་གི་སྡུག་བསྔལ་ཐམས་ཅད་ལས་དུས་ནམ་ཞིག་ན་མཐར་ཕྱིན་བར་གྱུར་ཏེ་བརྩོན་འགྲུས་མེད་ན་ཐོག་མེད་ནས་བསགས་པའི་འཁོར་བའི་སྡུག་བསྔལ་ལས་མི་ཐར་བ་ཡིན་པས་དེ་བས་ན་ལམ་ལྷག་པའི་བསླབ་པ་རིན་ཆེན་རྣམ་པ་གསུམ་ལ་སྒྲིབ་པར་བྱེད་པ་ལྔ་པོ་འདི་བསལ་དགོས་ཏེ།སྒྲིབ་པ་ལྔ་ནི་བཤེས་སྤྲིང་ལས།རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་།།གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།།སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར།།འཕྲོག་པའི་ཆོམ་རྐུན་ལགས་པས་མཁྱེན་པར་མཛོད།།ཅེས་གསུངས་པ་ལྟར་ལས་སྔོན་དུས་འདོད་ཡུལ་དྲན་པ་ལ་སོགས་པས་སེམས་རྒོད་པ་དང་།འདོད་པའི་ཡོན་ཏན་རྣམས་ལ་འདུན་ཅིང་ཆགས་པ་དང་གཉིས་ཀྱིས་ཚུལ་ཁྲིམས་ལ་བར་དུ་གཅོད་པའི་སྒྲིབ་པ་དང་།ལུས་སེམས་བཟུང་དུ་མི་གཏུབ་པ་ལ་སོགས་པའི་གཉིད།དམིགས་རྟེན་སོགས་མི་གསལ་བའི་རྨུགས་པ་དང་།ཁྱད་པར་དུ་གནོད་ཅིང་འཚེ་བའི་སེམས་དང་གསུམ་གྱིས་ཏིང་ངེ་འཛིན་ལ་བར་དུ་གཅོད་པའི་སྒྲིབ་པ་དང་།འགྱོད་པས་ནི་བསླབ་པ་གསུམ་པོ་སྤྱིར་དང་བྱེ་བྲག་ཏུ་ཚུལ་ཁྲིམས་ཏིང་ངེ་འཛིན་གཉིས་ལ་སྒྲིབ་པར་བྱེད་པ་དང་།ཐེ་ཚོམ་གྱིས་ཤེས་རབ་ལ་བར་དུ་གཅོད་པའི་སྒྲིབ་པ་སྟེ།དེ་ལྟར་སྒྲིབ་པ་ལྔའི་གཉེན་པོ་ལས།རྒོད་འགྱོད་གཉིས་ཀྱི་གཉེན་པོར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་འདུས་བྱས་མི་རྟག་པར་བསམ་པ་དང་།གཉིད་རྨུགས་གཉིས་ཀྱི་གཉེན་པོར་ལུས་སེམས་ཡངས་པོར་བྱས་ཏེ་ཉི་ཟླ་དང་མར་མེ་ལ་སོགས་པར་སེམས་གཏད་དེ་སྣང་བའི་འདུ་ཤེས་སོགས་དང་།གནོད་སེམས་ཀྱི་གཉེན་པོར་བཟོད་པ་དང་བྱམས་པ་བསྒོམ་པ་དང་།འདོད་པ་ལ་འདུན་པའི་གཉེན་པོ་ནི་མི་སྡུག་པའམ་མི་གཙང་བ་བསྒོམ་དགོས་ཏེ།ཇི་སྐད་དུ།འདོད་ཆགས་ཤས་ཆེའི་གཉེན་པོར་ཤ་ཚིལ་དང་།།པགས་པ་ཀེང་རུས་བལྟ་བས་རྣམ་པར་བཟློག།།ཞེ་སྡང་ཤས་ཆེའི་གཉེན་པོར་བྱམས་པ་དང་།།གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།།ཞེས་གསུངས་པ་དང་།ཐེ་ཚོམ་གྱི་གཉེན་པོར་ཐོས་བསམ་ལ་སོགས་པའི་བྱ་བ་སྟེ།དང་པོར་ཐོས་པས་སྒྲོ་འདོགས་ཆོད་པ་གལ་ཆེ་སྟེ།འདྲི་དང་བསླབ་ལ་ངོ་ཚར་མེད།།འཇམ་དཔལ་གྱིས་ཀྱང་དང་པོར་བསླབ།།ཅེས་དང་།བྱམས་པས།ཤེས་རབ་མཆོག་ཡིན་དེའི་གཞི་ནི།།ཐོས་པ་དེ་ཕྱིར་ཐོས་པ་མཆོག།།ཅེས་གསུངས་པ་ལྟར་དུ་དེ་ལྟར་ལམ་གྱི་སྒྲིབ་པ་ལྔ་པོ་གཉེན་པོས་བསལ་བའི་ཕྱིར་དུ་ལམ་ངན་པ་ལོག་པའི་ལམ་ལས་དམིགས་རྟེན་ལ་སེམས་བླན་ཏེ་ཞེས་ལོག་པའི་ལམ་ལས་ཕྱིར་ལོག་ཏེ་དགེ་བ་ལ་རྩེ་གཅིག་ཏུ་སེམས་གཏད་ནས་བདག་གཞན་མཉམ་པ་དང་བརྗེ་བ་གཉིས་ཀྱི་ཡང་དག་པའི་དམིགས་རྟེན་དེ་ལ་དྲན་ཤེས་བག་ཡོད་ཀྱིས་དུས་རྟག་པར་ཡང་ནི་མི་གཡོ་བར་བདག་གིས་སེམས་མཐོ་དམན་དང་།དགའ་སྡུག་དལ་ཁོད་སྙོམས་ཏེ་མཉམ་པར་བཞག་པར་བྱའོ་ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།ལེའུ་བརྒྱད་པ་བསམ་བསྟན་གྱི་ལེའིུ་ཟིན་བྲིས་སོ།།གསུམ་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བར་བྱེད་པ་དགུ་པ་ཤེས་རབ་ཀྱི་ལེའུ་བཤད་པ་ལ།གཞུང་དང་།མཚན་གཉིས་ལས།དང་པོ་ཤེས་རབ་ཀྱི་ལེའུའི་གཞུང་ལ།ཤེས་རབ་བསྐྱེད་པ་མདོར་བསྟན་པ་དང་།དེ་རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།ཡན་ལག་འདི་དག་ཐམས་ཅད་ནི།།སོགས་ནས།ཤེས་རབ་བསྐྱེད།།ཅེས་པའི་བར་གྱིས་བསྟན།དེ་ལྟར་གོང་དུ་བཤད་པའི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྦྱོར་བ་སྦྱིན་པ་ནས་བསམ་བསྟན་གྱི་ལེའུའི་བར་གྱི་ཡན་ལག་འདི་དག་ཐམས་ཅད་ནི་སྟོན་མཆོག་ཐུབ་པས་ལམ་དང་འབྲས་བུའི་ཤེས་རབ་རང་རྒྱུད་ལ་བསྐྱེད་པའི་དོན་དུ་གསུངས་ཏེ།དེ་ཡང་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔས་མ་བརྒྱན་ན།ཉན་རང་གི་བདག་མེད་རྟོགས་པའི་ཤེས་རབ་ཙམ་དུ་བསྒྱུར་བས་ན།བྱང་སེམས་དང་ཚུལ་ཁྲིམས་པ་ལ་སོགས་པ་དང་ལྡན་པས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་གནས་ལུགས་ཀྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་ཏེ།བསླབ་བཏུས་ལས།མཉམ་བཞག་ཡང་དག་ཇི་བཞིན་དུ།།ཤེས་པར་འགྱུར་ཞེས་ཐུབ་པས་གསུངས།།ཞེས་བསམ་གཏན་དང་ལྡན་པས་ཉོན་མོངས་པ་མགོ་གནོན་པ་དང་།ཤེས་རབ་ཀྱིས་ཉོན་མོངས་པ་དྲུང་ནས་འབྱིན་པར་བྱེད་པ་དེ་ཡི་ཕྱིར་ན་དང་པོ་རང་རྒྱུད་ལ་ཤེས་རབ་མེད་ན་བདག་ཏུ་འཛིན་པའི་བདེན་ཞེན་གྱི་དབང་གིས་བདག་གཞན་གཉིས་སུ་བཟུང་སྟེ་ཡུལ་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་དྲག་པོ་སྐྱེ་པ་དང་།དེ་ལྟར་བདག་འཛིན་དང་ཉོན་མོངས་པ་ལས་བསྐྱེད་པའི་རང་རྒྱུད་ཀྱི་སྡུག་བསྔལ་རྣམས་ཀྱི་གཉེན་པོར་ཤེས་རབ་ཡང་དག་པ་ཞིག་རྒྱུད་ལ་སྐྱེས་ཚེ་དེས་བདག་འཛིན་སྤོང་བར་ནུས་ལ།དེ་ནས་བདག་འཛིན་དེས་བསྐྱེད་པའི་སྡུག་བསྔལ་མ་ལུས་པ་ཞི་བར་བྱེད་ལ།དེ་ལྟར་རང་རྒྱུད་ཀྱི་བདག་འཛིན་ལ་སོགས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤངས་པ་ན།དེ་ལྟར་བདག་འཛིན་གྱི་དབང་དུ་སོང་བའི་སེམས་ཅན་གཞན་རྣམས་ཀྱི་རྒྱུད་ཀྱི་བདག་འཛིན་དང་དེས་བསྐྱེད་བའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་བ་དུས་མཉམ་དུ་འབྱུང་བའི་དབང་གིས་བདག་གཅེས་འཛིན་དོར་ན་གཞན་དོན་ཤུགས་ལས་འབྱུང་བས་ན།གདུལ་བྱ་གཞན་ལའང་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གི་ལམ་བསྟན་པས་གཞན་རྒྱུད་ཀྱི་བདག་འཛིན་དང་སྡུག་བསྔལ་བ་མ་ལུས་པ་དེ་དག་མྱུར་དུ་ཞི་བར་འདོད་པས་ནི་ཐོས་བསམ་ལ་སོགས་པའི་ཤེས་རབ་རང་རྒྱུད་ལ་ཐོག་མ་ཉིད་དུ་བསྐྱེད་དགོས་ཏེ།དེ་ལྟ་བུའི་བསྐྱེད་བྱའི་ཤེས་རབ་དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས།ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།།ཡེ་ཤེས་དེ་ནི་དེ་བཞིན་གཤེགས།།གཞུང་ལམ་དག་ལ་དེ་སྒྲས་བསྟན།།ཅེས་གསུངས་པ་ལྟར་དུ།སྤྱིར་ཤེས་ཕྱིན་ནི་སངས་རྒྱས་ཀྱི་ཐུགས་ཀྱི་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ་དེ་ལ་ནི་འབྲས་བུའི་ཤེས་ཕྱིན་དང་།དེ་སྒྲས་བསྟན་པའི་གཞུང་ལམ་གཉིས་ལས།དང་པོ་གཞུང་ཤེར་ཕྱིན་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་།རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་དང་བཅས་པའི་དོན་བསྡུས་པ་ཤེས་རབ་ལེའུའི་གཞུང་དང་།གཉིས་པ་ལམ་ཤེར་ཕྱིན་ནི་ཚོགས་སྦྱོར་མཐོང་བསྒོམ་གྱི་སློབ་ལམ་བཞི་ལ་གནས་པའི་ཐུགས་རྒྱུད་ཀྱི་ཤེས་རབ་ཡིན་ལ།དེ་ལའང་ནང་གསེས་ཀྱིས་དབྱེ་ན་ཚོགས་ལམ་དུ་ཐོས་བྱུང་གི་ཤེས་རབ།སྦྱོར་ལམ་དུ་སྒོམ་བྱུང་གི་ཤེས་རབ་དང་གཉིས་ཀྱིས་སྟོང་ཉིད་ཀྱི་མིང་ཙམ་ལས་མིང་ནས་དོན་སྤྱིའི་ཚུལ་དུ་རྟོགས་པས་ན་རྗེས་མཐུན་ནམ་རྗེས་དཔག་གི་ཤེས་རབ་དང་།མཐོང་ལམ་ཐོབ་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་རང་མཚན་པ་མངོན་སུམ་དུ་རྟོགས་ཏེ་བསྒོམ་ལམ་ནས་ས་བཅུ་རྒྱུན་མཐའི་བར་དུ་མཉམ་གཞག།།རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་ཐོབ་ཤེས་བྱ་འབྱེད་པའི་ཡེ་ཤེས་གཉིས་སམ་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་སྟེ།མདོར་ན་ཤེས་རབ་རང་རྒྱུད་ལ་བསྐྱེད་པའི་ཚུལ་ནི།དང་པོ་གཞུང་ཤེར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་ལམ་གྱི་གནས་སྐབས་སུ་ཚོགས་སྦྱོར་གཉིས་སུ་ཐོས་བསྒོམ་ལས་བྱུང་བའི་ཤེས་རབ་དང་།མཐོང་བསྒོམ་གཉིས་སུ་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་དང་།འབྲས་བུའི་གནས་སྐབས་སུ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཤེས་རབ་རང་རྒྱུད་ལ་རིམ་པ་བཞིན་དུ་བསྐྱེད་དགོས་པ་མདོར་བསྟན་ནས།གཉིས་པ་དེ་རྒྱས་པར་བཤད་པ་ལ།ལྟ་བ་གཏན་ལ་ཕབ་པ།བསྒོམ་པ་ཉམས་སུ་བླང་བ།གཏན་ཚིག་གིས་སྒྲོ་འདོགས་གཅོད་པ།སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས།དང་པོ་ལྟ་བ་གཏན་ལ་ཕབ་པ་ལའང་བདེན་གཉིས་ཀྱི་རྣམ་པར་བཞག་པ།དེ་ལ་རྩོད་པ་སྤང་བ།ཐེག་ཆེན་མཆོག་ཏུ་སྒྲུབ་པ་དང་གསུམ་ལས།དང་པོ་བདེན་གཉིས་ཀྱི་རྣམ་པར་བཞག་པ་ལའང་།བདེན་གཉིས་ཀྱི་དབྱེ་བ།བདེན་གཉིས་ཀྱི་མཚན་ཉིད།བདེན་གཉིས་གཏན་ལ་འབེབ་པའི་གང་ཟག་དང་གསུམ་ལས།དང་པོ་བདེན་གཉིས་ཀྱི་དབྱེ་བ་ནི།ཀུན་རྫོབ་དང་ནི་དོན་དམ་སྟེ།།འདི་ནི་བདེན་པ་གཉིས་སུ་འདོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་གནས་ལུགས་ཡང་དག་པའི་དོན་ལ་སྒྲིབ་བྱེད་གཉིས་འཛིན་འཁྲུལ་རྟོགས་ཀྱི་བློ་ནི་ཀུན་རྫོབ་དང་།འཁྲུལ་པའི་བློ་ཡུལ་ལས་འདས་པའི་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་ཀྱི་གནས་ལུགས་གང་དུའང་མ་གྲུབ་པ་དེ་ནི་དོན་དོམ་པ་སྟེ།དེ་ལྟར་ཀུན་རྫོབ་ནི་འཁྲུལ་པའི་བློ་ངོར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ནི་འཁྲུལ་སྣང་གནས་སྐབས་ཙམ་དུ་བདེན་པས་ན་ཀུན་རྫོབ་བདེན་པ་དང་།ཉན་རང་བྱང་སེམས་སངས་རྒྱས་འཕགས་པ་བཞིའི་ཡུལ་ཅན་མཉམ་བཞག་ཡེ་ཤེས་ཀྱི་ངོས་ནས་ཡུལ་ཆོས་རྣམས་ཀྱི་གནས་ལུགས་ཟབ་མོའི་སྟོང་ཉིད་དེ་ནི་སྤྲོས་བྲལ་གྱི་ཚུལ་དུ་བདེན་པས་ན་དོན་དམ་པའི་བདེན་པ་དང་གཉིས་པོ་འདི་ལ་ནི་ཡུལ་ཅན་གྱི་བློ་གཉིས་ལ་ལྟོས་ནས་ཡུལ་གཉིས་གནས་སྐབས་དང་མཐར་ཐུག་གི་བདེན་པར་བཞག་པས་ན་བདེན་པ་རྣམ་པར་གཉིས་སུ་འདོད་དོ།།འཕགས་པ་ཀླུ་སྒྲུབ་ཀྱིས།སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།།བདེན་པ་གཉིས་སུ་ཡང་དག་འདུ།།འཇིག་རྟེན་ཀུན་རྫོབ་བདེན་པ་དང་།།དམ་པའི་དོན་གྱི་བདེན་པའོ།།ཞེས་གསུངས་སོ།།གཉིས་པ་བདེན་གཉིས་ཀྱི་མཚན་ཉིད་ནི།དོན་དམ་བློ་ཡི་སྤྱོད་ཡུལ་མིན།།བློ་ནི་ཀུན་རྫོབ་ཡིན་པར་བརྗོད།།ཞེས་པས་བསྟན།དེ་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་ནི་བློ་ཡི་སྤྱོད་ཡུལ་ཐམས་ཅད་དུ་གྱུར་པ་མིན་པ་དང་།བློ་གཉིས་སྣང་གི་འཁྲུལ་པ་ཡུལ་དང་བཅས་པ་ནི་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་པར་བརྗོད་དོ།།དེས་ན་དོན་དམ་བློ་ཡུལ་མིན་ཚུལ་ལ་རྒྱ་གར་གྱི་སློབ་དཔོན་དགེ་བ་ལྷས་ནི།བློ་རིག་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་བློའི་ཡུལ་དུ་བྱར་རུང་བ་ཀུན་རྫོབ་དང་།བློ་ཡུལ་ལས་འདས་པ་ནི་དོན་དམ་ཡིན་པར་འདོད་པ་ལྟར་ན་འཕགས་པ་རྣམས་ཀྱི་ཡུལ་ཅན་མཉམ་བཞག་གི་ཡེ་ཤེས་ཀྱང་བློ་ཙམ་ཡིན་པས་དོན་དམ་ནི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་འདོད་དོ།འོ་ན་འཕགས་པ་རྣམས་ཀྱིས་སྟོང་ཉིད་ཟབ་མོའི་གནས་ལུགས་མ་རྟོགས་སམ་ཞེ་ན།ཡོངས་གཅོད་དང་རྣམ་བཅད་གཉིས་ཡོད་པས།ཆོས་ཀྱི་གནས་ལུགས་ཡོངས་གཅོད་དོན་དམ་པའི་ངོས་ནས་རྟོགས་བྱ་རྟོགས་བྱེད་མེད་པས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་ལས་འདས་པར་གསུངས་པ་ཡིན་ནའང་།འགག་པ་མེད་པ་སྐྱེ་མེད་པ།།ཞེས་སོགས་གསུངས་པ་ལྟར་དུ་སྤྲོས་པའི་མཐའ་རྣམ་པར་བཅད་པའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་གནས་ལུགས་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་སྟོང་ཉིད་རྟོགས་པའི་ཚིག་བླ་དགས་སུ་བཏགས་པ་ཡིན་ནོ།།སྟོང་པ་ཉིད་དང་ངེས་པར་རྗེས་མཐུན་པའི།།བློ་སྐྱེས་པ་ལ་རྟོགས་པའི་བླ་དགས་བཏགས།།ཞེས་གསུངས་པ་ལྟར་དུ་འདོད་དོ།།རྒྱ་གར་གྱི་སློབ་དཔོན་ཤེར་འབྱུང་དང་རྣམ་སྣང་མཚོ་ལ་སོགས་པས་ནི།བློ་བདག་འཛིན་རྣམ་རྟོག་དང་བཅས་པ་ནི་ཀུན་རྫོབ་དང་།རྣམ་པར་མི་རྟོག་པའི་ཡུལ་ནི་དོན་དམ་དུ་འདོད་དོ།།ལུས་ཅན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ནི་དོན་དམ་དུ་འདོད་པ་དང་མི་འདོད་པ་གཉིས་སུ་ཡོད་གསུངས།དར་ཊིཀ་ལྟར་ན་བློ་གཉིས་སྣང་དང་བཅས་པའི་ཀུན་རྫོབ་དང་དེ་ལས་འདས་པ་དོན་དམ་དུ་འདོད་དོ།རྒྱལ་སྲས་ཐོགས་མེད་རིན་པོ་ཆེས།ཁམས་གསུམ་གྱི་སེམས་ཚོགས་བརྒྱད་དང་སེམས་བྱུང་ང་གཅིག་ཡུལ་དང་བཅས་པ་ནི་ཀུན་རྫོབ་དང་།དེ་ལས་འདས་པ་དོན་དམ་དུ་འདོད་པ་ཡིན་ཏེ།དབུས་མཐའ་ལས།སེམས་དང་སེམས་བྱུང་ཁམས་གསུམ་པའི།།སྒྲོ་བཏགས་རྣམ་པ་ཅན་རྟོགས་ཡིན།།ཅེས་གསུངས་པ་ལྟར་ལས་དབུས་མཐའི་ལུང་དོན་དེ་ཉིད་ལ་གཙོ་བོར་མཛད་དམ་སྙམ་ལགས།གསུམ་པ་བདེན་གཉིས་གཏན་ལ་འབེབས་པའི་གང་ཟག་ནི།དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་།།སོགས་ནས།ཀྱིས་གནོད།།ཞེས་པའི་བར་གྱིས་བསྟན།ཡུལ་ཤེས་བྱ་བདེན་གཉིས་གཏན་ལ་འབེབས་པ་པོ་དེ་ལ་འཇིག་རྟེན་ཏེ་གང་ཟག་རྣམ་པ་གཉིས་སུ་མཐོང་སྟེ་ཡོད་ལ།གང་ཟག་གཉིས་ནི་བདག་མེད་པའི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཅི་རིགས་པ་དང་ལྡན་པ་ནི་རྣལ་འབྱོར་པ་དང་།བདག་མེད་པའི་དོན་ལ་ཐོས་པའི་ཤེས་རབ་ཙམ་ཡང་མི་ལྡན་པ་དེ་ལ་ནི་ཕལ་པ་ཞེས་བྱའོ།།བདེན་གཉིས་དེ་ལ་འཇིག་རྟེན་ཕལ་པ་རྣམས་ཀྱིས་ནི་ལུས་གཅིག་པུ་དང་སེམས་རྟག་པ་ཡིན་པར་འདོད་པ་དེ་ལ་ནི་ཉན་ཐོས་བྱེ་བྲག་སྨྲ་བའི་རྣལ་འབྱོར་འཇིག་རྟེན་ཏེ་གང་ཟག་རྣམས་ཀྱིས་ནི་གཟུང་བ་རྡུལ་ཕྲན་ཆ་མེད་དུ་འདོད་པས་ནི་ལུས་གཅིག་པུར་འདོད་པ་ལ་གནོད་པ་དང་།ཤེས་པ་སྐད་ཅིག་ཆ་མེད་དུ་འདོད་པས་ནི་ཕལ་པས་སེམས་རྟག་པར་འདོད་པ་ལ་གནོད་ཅིང་།བདེན་འཛིན་གྱི་བློ་བདེན་མེད་དུ་བཤིག་པ་དང་།རྣལ་འབྱོར་བ་ལ་ཡང་ནང་གསེས་སུ་བློ་སྟོབས་ཀྱི་ཁྱད་པར་གྱིས་ཕྱེ་ན་ཐེག་དམན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་དང་ཐེག་ཆེན་སེམས་ཙམ་པ་དང་དབུ་མ་བ་སྟེ་གྲུབ་མཐའ་སྨྲ་བ་བཞི་ལས།དང་པོ་ཐེག་དམན་བྱེ་བྲག་སྨྲ་བ་ནི།གཟུང་བ་རྡུལ་ཕྲན་ཆ་མེད་དུ་འདོད་པ་ལ་ཐེག་ཆེན་གོང་མ་དབུ་སེམས་ཀྱིས་ཕྱོགས་ཆ་དྲུག་གི་རྡུལ་ཕྲན་གྱིས་གཞལ་བས་བདེན་མེད་དུ་བཤིག་པས་གནོད་པ་དང་།ཆོས་འཛིན་པའི་ཤེས་པ་སྐད་ཅིག་ཆ་མེད་དུ་འདོད་པ་ལ་ནི་ཐེག་ཆེན་གྱིས་དུས་འདས་པ་འགགས་པའི་ཆ་དང་།མ་འོངས་པའི་ཤེས་པ་མ་སྐྱེས་པའི་ཆ་གཉིས་གཞལ་ན་ད་ལྟའི་ཤེས་པ་སྐད་ཅིག་མའང་སྐྱེ་འགགས་ཀྱི་ཆ་གཉིས་སུ་འགྱུར་བས་ཤེས་པ་རང་བཞིན་མ་གྲུབ་པར་གཏན་ལ་ཕབ་པས་གནོད་པ་དང་།ཐེག་ཆེན་སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དངོས་པོ་བདེན་གྲུབ་ཏུ་འདོད་པ་ལ་ཐེག་ཆེན་གོང་མ་དབུ་མ་བ་རྣམས་ཀྱིས་སྒྱུ་མ་དང་རྨི་ལམ་དང་འཇའ་ཚོན་ལྟ་བུ་ལ་སོགས་པ་མེད་བཞིན་དུ་སྣང་བ་ཀུན་རྫོབ་དང་།སྣང་བཞིན་དུ་སྟོང་པ་དོན་དམ་གྱི་བདེན་པ་གཉིས་འགལ་མེད་དུ་གཏན་ལ་ཕབ་པས་གནོད་དོ།།གནོད་ཅེས་པའང་གྲུབ་མཐའ་འོག་མས་དོན་དམ་མཐར་ཐུག་ཏུ་འདོད་པའི་ལྟ་བ་དེ་ཉིད་གྲུབ་མཐའ་གོང་མ་གོང་མའི་རྣལ་འབྱོར་པས་ཀུན་རྫོབ་སྦུ་བ་འཇའ་ཚོན་ལྟ་བུར་རྫུན་དུ་གཏན་ལ་ཕབ་པས་ན་གནོད་ཅེས་གསུངས་སོ།།གཉིས་པ་དེ་ལ་རྩོད་པ་སྤང་བ་ལའང་།གཞི་བདེན་གཉིས་ལ་རྩོད་སྤང་།ལམ་སྟོང་ཉིད་ལ་རྩོད་སྤང་།འབྲས་བུ་གཞན་དོན་ལ་རྩོད་སྤང་དང་གསུམ་ལས།དང་པོ་གཞི་བདེན་གཉིས་ལ་རྩོད་སྤང་དེ་ལའང་།འཇིག་རྟེན་ཕལ་བའི་རྩོད་སྤང་།ཉན་ཐོས་ཀྱི་རྩོད་སྤང་།སེམས་ཙམ་པའི་རྩོད་སྤང་དང་གསུམ་ལས།དང་པོ་འཇིག་རྟེན་ཕལ་པའི་རྩོད་སྤང་ནི།གཉིས་ཀ་ཡང་ནི་འདོད་པའི་དཔེས།།སོགས་ནས།འཇིག་རྟེན་རྩོད།།ཅེས་པའི་བར་གྱིས་བསྟན།དེ་ལ་དང་པོ་ཕལ་པས།འོ་ན་གཉིས་ཀའི་མཐུན་སྣང་དུ་གྲུབ་པའི་དངོས་པོ་འདི་རྣམས་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་དུ་ཇི་ལྟར་གཏན་ལ་འབེབས་སོ་ཞེ་ན།དབུ་མས་ལན་ནི།ཁྱེད་ཅག་ཕལ་བ་དང་ངེད་རང་དབུ་མ་གཉིས་ཀ་ལ་ཡང་མཐུན་སྣང་དུ་རྫུན་ཉིད་དུ་འདོད་པ་དཔེར་ན་སྒྱུ་མའི་རྟ་གླང་དང་རྨི་ལམ་ལ་སོགས་པ་ནི་བདེན་མེད་དུ་འདོད་པའི་དཔེས་མཚོན་ཏེ་མཐུན་སྣང་དུ་གྲུབ་པའི་ཆོས་ཐམས་ཅད་བདེན་མེད་ཉིད་དུ་ཡིན་ནོ།།ཕལ་པས།འོ་ན་ཁྱེད་དབུ་མས་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་ན་འབྲས་བུ་སངས་རྒྱས་ཐོབ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་བསགས་པ་ལ་དགོས་པ་མེད་དོ་ཞེ་ན།དབུ་མས།མཐར་ཐུག་འབྲས་བུའི་དུས་སུ་བློ་ཡང་དག་པས་བརྟགས་ཤིང་དཔྱད་པའི་ངོས་ན་སེམས་ཅན་རང་བཞིན་གྱིས་མ་གྲུབ་པའི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་བསགས་པས་སངས་རྒྱས་ཐོབ་པར་འདོད་པ་མ་ཡིན་གྱི།ད་ལྟ་མ་བརྟགས་མ་དཔྱད་པའི་གཉིས་སྣང་འཁྲུལ་པའི་སེམས་ཅན་རྣམས་ཀྱི་བློའི་དྲི་མ་དག་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་བསགས་པས་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་ཡིན་ནོ།།ཕལ་པས།འོ་ན་ཁྱེད་དབུ་མའི་ལུགས་ལ་འཇིག་རྟེན་ཕལ་པ་དང་རྣལ་འབྱོར་རྣམ་གཉིས་སྣང་བ་སྒྱུ་མ་ཙམ་དུ་འདྲ་མཉམ་ཡིན་ན་སྣང་བཅས་ཀྱི་བློ་མི་དོར་བས་ཁྱད་པར་ཅི་ཞིག་གིས་དབྱེ་ཞེ་ན།དབུ་མས།ཕལ་པ་དང་རྣལ་འབྱོར་པ་གཉིས་ཀས་བློ་འཛིན་སྟངས་ཀྱིས་སྣང་ལུགས་འདི་ལ་འཇིག་རྟེན་ཕལ་པ་རྣམས་ཀྱི་བློ་ཡིས་ཡུལ་སྣང་ཐམས་ཅད་དངོས་པོ་བདེན་གྲུབ་ཨ་འཐས་སུ་མཐོང་ཞིང་།རྣལ་འབྱོར་པས་ནི་བདེན་མེད་འཇའ་ཚོན་ལྟར་མཐོང་བ་དང་།ཕལ་པས་ནི་རྟ་ལ་སོགས་པའི་དངོས་སྣང་འདི་ཐམས་ཅད་བདེན་གྲུབ་ཡང་དག་པ་ངེས་པ་ཉིད་དུའང་རྣམ་རྟོག་གིས་ཤེས་པར་བྱེད་གྱི།རྣལ་འབྱོར་པས་ནི་ཡང་དག་པ་མ་ཡིན་པའི་རྫུན་ཉིད་དུ་རྟོགས་པར་བྱེད་པ་དང་།དངོས་སྣང་ཐམས་ཅད་ཕལ་པས་སྒྱུ་མ་ལྟ་བུ་མིན་པར་རྟག་པ་རང་བཞིན་གྱིས་གྲུབ་པར་བསམ་པ་དང་།རྣལ་འབྱོར་པས་ནི་མི་རྟག་པ་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སྒྱུ་མ་ལྟར་བུ་ཡིན་པར་ཤེས་པས་ན།གནས་ལུགས་གཏན་ལ་འབེབ་པའི་གནས་སྐབས་འདིར་རྣལ་འབྱོར་པ་རྣམས་ཀྱིས་བདེན་མེད་དུ་འདོད་པ་དང་།འཇིག་རྟེན་ཕལ་པས་བདེན་གྲུབ་ཏུ་འདོད་པ་གཉིས་ལ་རྩོད་པ་བྱས་པས་རྣལ་འབྱོར་པས་བདེན་མེད་དུ་འདོད་པ་དངོས་པོའི་གནས་ལུགས་དང་མཐུན་པས་ཕལ་པའི་འདོད་པ་ཀུན་རྫོབ་ཏུ་གྲུབ་པ་ཡིན་ནོ།།གཉིས་པ་ཉན་ཐོས་ཀྱི་རྩོད་སྤང་ནི།གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི།།སོགས་ནས།མི་འབྱུང་ངོ་།།ཞེས་པའི་བར་གྱིས་བསྟན།དེ་ལ་ཉན་ཐོས་ཀྱིས་གང་ཟག་གི་བདག་རི་བོང་གི་རྭ་བཞིན་དུ་བདེན་པར་གྲུབ་པ་མེད་པ་ཁྱོད་དབུ་མ་བདེན་ཀྱང་།ཆོས་ཀྱི་བདག་གཟུགས་ལ་སོགས་པའི་ཕུང་པོ་ལྔ་བདེན་པར་གྲུབ་པ་ཡོད་དེ་འཇིག་རྟེན་ན་མངོན་སུམ་དུ་གྲུབ་པའི་ཕྱིར་རོ་ཞེ་ན།དབུ་མས།གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་འཇིག་རྟེན་ན་བདེན་པར་གྲུབ་པ་མངོན་སུམ་དུ་མཐོང་བ་འདི་ཉིད་ཡིན་ནོ་ཟེར་ཀྱང་།ཕུང་པོ་ལྔ་ནི་འཇིག་རྟེན་ན་ཐ་སྙད་ཀུན་རྫོབ་ཙམ་ལ་ཡོངས་སུ་གྲགས་པས་བཞག་པ་ཡིན་གྱི།དོན་དམ་པ་ན་ནི་མི་བསླུ་བའི་ཚད་མས་གྲུབ་སྟེ་བཞག་པ་མིན་ཏེ།དཔེར་ན་བུད་མེད་དེ་ནི་མི་གཙང་བ་དང་སྡུག་བསྔལ་བ་ལ་སོགས་པའི་རང་བཞིན་དུ་ཡིན་པ་ལ།འཇིག་རྟེན་ཕལ་པ་རྣམས་ལ་ནི་བུད་མེད་དེ་ཉིད་གཙང་བ་དང་བདེ་བ་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྲགས་པ་བཞིན་དུ་ཡིན་པ་ལ།འཇིག་རྟེན་ཕལ་བ་རྣམས་ནི་བུད་མེད་དེ་ཉིད་གཙང་བ་དང་བདེ་བ་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྲགས་པ་བཞིན་དུ་ཕུང་པོ་ལྔ་ཡང་བདེན་གྲུབ་ཡོད་པར་འདོད་པ་རྫུན་ཡིན་ནོ།།ཉན་ཐོས་ཀྱིས་ཕུང་པོ་ལྔའི་རང་བཞིན་བདེན་གྲུབ་ཏུ་ཡོད་དེ་བཅོམ་ལྡན་འདས་ཀྱིས་མདོ་ལས།གང་ཟག་གི་བདག་གིས་སྟོང་པའི་ཆོས་ཀྱི་བདག་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དོན་དམ་བདེན་གྲུབ་ཏུ་ཡོད་པར་གསུངས་སོ་ཞེ་ན།དབུ་མས།དང་པོ་ནས་ཆོས་རྣམས་སྟོང་པ་ཉིད་ཡིན་པར་བསྟན་ན་བློ་དམན་ཀུན་ལམ་ལ་མི་འཇུག་པས་ན།འཇིག་རྟེན་གྱི་སེམས་ཅན་རྣམས་ཐར་པའི་ལམ་ལ་གཞུག་པའི་དོན་དུ་ནི་རྣམ་འདྲེན་འགྲོ་བའི་མགོན་པོས་དངོས་པོ་སྨྲ་བའི་གྲུབ་མཐའ་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་བདེན་གྲུབ་ཏུ་ཡོད་པར་བསྟན་ཀྱང་།ཡང་དག་པ་དེ་ཁོ་ན་ཉིད་དུ་དོན་དམ་པ་ན་ནི་གཟུང་བ་རྡུལ་ཕྲན་དང་ཆོས་འཛིན་གྱི་ཤེས་པ་ཆ་མེད་དེ་དག་གཉིས་ཀ་སྐད་ཅིག་མ་ཙམ་དུ་ཡང་བདེན་གྲུབ་ཉིད་དུ་ཡོད་པ་མིན་ནོ།།ཉན་ཐོས་ཀྱིས་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དུ་མཐོང་བ་དོན་དམ་པར་མཐར་ཐུག་མིན་ན་ཕལ་པ་ལ་མི་སྣང་བས་ན་ཀུན་རྫོབ་ཏུ་ཡང་འགལ་ལོ་ཞེ་ན།དབུ་མས།ཕལ་པ་ལ་ཆ་མེད་གཉིས་ཀ་མི་སྣང་རུང་དེ་གཉིས་ལ་རྣལ་འབྱོར་པའི་ཀུན་རྫོབ་ཟེར་བ་ཡིན་པས་ཀུན་རྫོབ་མ་ཡིན་པའི་ཉེས་རྐྱེན་མེད་དེ།ཕལ་པས་བུད་མེད་ལ་མི་གཙང་བའི་རང་བཞིན་མི་མཐོང་བ་ལྟར་རོ།།ཉན་ཐོས་ཀྱིས་བདེན་བཞིའི་སྐད་ཅིག་མའི་རང་བཞིན་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ལ་སོགས་པ་མཐོང་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ་ཞེས་སངས་རྒྱས་ཀྱིས་གསུངས་པས་དོན་དམ་ཡིན་ནོ་ཞེ་ན།དབུ་མས།དེ་ནི་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འཇིག་རྟེན་ཕལ་པ་ལ་ལྟོས་ནས་ཁྱེད་ཐེག་དམན་པ་རྣམས་ཀྱིས་བདེན་བཞིའི་སྐད་ཅིག་མཐོང་བ་དེ་ལ་ཁོ་ན་ཉིད་མཐོང་བ་ཡིན་ནོ་ཞེས་གསུངས་ཀྱང་།ད་དུང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པ་མཐར་ཐུག་གི་དེ་ཁོ་ན་ཉིད་ཀྱི་དོན་དམ་པ་ནི་མཐོང་བ་མ་ཡིན་ནོ།།ཉན་ཐོས་ཀྱིས་ཕལ་པ་ལ་མི་སྣང་བའི་རྣལ་འབྱོར་པའི་ཀུན་རྫོབ་ཟེར་བ་ཞིག་མི་འཐད་དེ་ཞེ་ན།དབུ་མས།ཀུན་རྫོབ་ཡིན་ནོ་ཅོག་ཐམས་ཅད་ཕལ་པས་མཐོང་དགོས་ན་བཟུང་བ་དང་ཤེས་པའི་ཆ་མེད་དེ་གཉིས་ལས་གཞན་དུ་རྣལ་འབྱོར་པ་མི་སྡུག་བསྒོམ་པ་རྣམས་ཀྱིས་བུད་མེད་མི་གཙང་བར་ངེས་པར་བརྟགས་ཀྱང་འཇིག་རྟེན་ཕལ་པ་རྣམས་ཀྱིས་བུད་མེད་ལ་གཙང་མར་མཐོང་བས་གནོད་པར་འགྱུར་ཏེ།ད་དུང་ཡང་ཁྱེད་ཉན་ཐོས་ཀྱིས་ཀུན་རྫོབ་མཐོང་བ་མ་གཏོགས་དོན་དམ་མཐོང་བས་གནོད་དོ།།ཉན་ཐོས་ཀྱིས་གལ་ཏེ་ཁྱེད་དབུ་མའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་རྫུན་པ་ཁོ་ན་ཡིན་ན།རྒྱལ་བ་མཆོད་པ་ལ་བསོད་ནམས་མེད་པར་ཐལ་ཏེ།རྒྱལ་བའང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེ་ན།དབུ་མས།བདེན་མེད་སྒྱུ་མ་འདྲ་བའི་རྒྱལ་བ་ལ་སྒྱུ་མ་ལྟ་བུའི་མཆོད་པ་ཕུལ་བ་ལས་བསོད་ནམས་སྒྱུ་མ་འདྲ་བར་འབྱུང་བ་ནི་དཔེ་ཇི་ལྟར་ན་ཁྱེད་ཉན་ཐོས་ཀྱིས་སངས་རྒྱས་དངོས་ཡོད་ལ་མཆོད་པ་དངོས་ཡོད་ཀྱིས་མཆོད་ནས་བསོད་ནམས་དངོས་ཡོད་འབྱུང་བར་འདོད་པ་ཇི་ལྟར་བ་བཞིན་ཏེ་དངོས་པོ་ཡོད་མེད་འདྲ་བ་ཡིན་ནོ།།ཉན་ཐོས་ཀྱིས།གལ་ཏེ་སེམས་ཅན་སྒྱུ་མ་རྨི་ལམ་དང་འདྲ་བ་ཡིན་ན།སེམས་ཅན་ཤི་ཟིན་ནས་ཇི་ལྟར་ན་རྗེས་སུ་སྐྱེ་བ་ལེན་ནོ་ཞེ་ན།དབུ་མས།སེམས་ཅན་ཤི་ཟིན་ནས་ཡང་སྐྱེ་བ་ལེན་འོང་བ་ནི་ལས་ཉོན་དང་སེམས་ཀྱི་རྐྱེན་ཚོགས་པ་རྒྱུན་མ་ཆད་པ་ཡོད་པས་ཡིན་ཏེ།དཔེར་ན་དུས་ཇི་སྲིད་དུ་སྒྱུ་མ་མཁན་རྣམས་ཀྱི་རྫས་སྔགས་ཀྱི་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་རྟ་གླང་ལ་སོགས་པ་སྤྲུལ་པའི་སྒྱུ་མའང་འབྱུང་བར་འགྱུར་བ།ལོ་ཟླ་སྐད་ཅིག་ལ་སྣང་བ་ཡོད་པ་ལ་སོགས་པ་བཞིན་ནོ།།ཉན་ཐོས་ཀྱིས་གལ་ཏེ་ལས་ཉོན་དང་སེམས་ཀྱི་རྐྱེན་ཡོད་ཀྱི་བར་དུ་གནས་པས་ཡུན་རིང་དུ་གནས་པའི་ཕྱིར་སེམས་ཅན་བདེན་པར་ཡོད་པར་ཐལ་ལོ་ཞེ་ན།དབུ་མས་ལས་ཉོན་གྱིས་སྤྲུལ་པའི་སེམས་ཅན་སྐྱེ་རྒྱུ་ཡོད་པས་དུས་ཡུན་རིང་བ་ཙམ་གྱིས་རྒྱུ་མཚན་ཇི་ལྟར་ན་སེམས་ཅན་བདེན་པར་གྲུབ་པ་ཡོད་པ་ཡིན་ཏེ།གནས་པ་རྒྱུན་རིང་བ་ཁོ་ནས་བདེན་རྫུན་ལ་འཇོག་པ་མིན་ནོ།།ཉན་ཐོས་ཀྱིས་གལ་ཏེ་སྒྱུ་མ་ལྟ་བུ་ཡིན་ན་མི་བསད་པ་ལ་སོགས་པ་ལ་སྡིག་པ་དང་ཕན་གདགས་ན་དགེ་བ་མེད་པར་ཐལ་ལ།དེ་རྣམས་སྒྱུ་མ་ཡིན་ཡང་དགེ་སྡིག་ཡོད་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་ལ་བསད་ན་སྡིག་པ་དང་ཟས་བྱིན་ན་དགེ་བ་ཡོད་པར་འགྱུར་རོ་ཞེ་ན།དབུ་མས།སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མའི་སྐྱེས་བུ་དང་རྟ་གླང་ལ་སོགས་པ་བསད་པ་དང་བརྡུང་བརྡེག་དང་འཕྲོག་བཅོམ་བྱས་པ་སོགས་ལ་སེམས་མེད་པའི་ཕྱིར་ན་སྡིག་པ་མེད་དེ།ཐོ་ཡོར་བཤིག་པ་ལ་སྡིག་པ་མེད་པ་ལྟར་རོ།།དེ་ལྟར་བདེན་གྲུབ་ཡོད་མེད་ཀྱིས་བདེན་རྫུན་དུ་བཞག་པ་མིན་ཏེ།སྒྱུ་མའི་སེམས་དང་ལྡན་པ་རྣམས་ལ་དགེ་བས་ཀུན་ནས་བསླངས་ཏེ་ཕན་བཏགས་ན་བསོན་ནམས་འབྱུང་བ་དང་།ཉོན་མོངས་པས་ཀུན་ནས་བསླངས་ཏེ་སེམས་ཅན་རྣམས་ནི་བསད་པ་ལ་སོགས་པ་བྱས་ན་སྡིག་པ་འབྱུང་བ་ཡིན་ནོ།།ཉན་ཐོས་ཀྱིས།གལ་ཏེ་སྒྱུ་མ་འདྲ་མཉམ་ཡིན་ན་སེམས་ཡོད་མེད་ཀྱིས་རང་བཞིན་གྱི་དབྱེ་བ་ཉིད་ཀྱང་མི་འཐད་པས་སེམས་ཡོད་པ་དེ་བདེན་རྟགས་ཡིན་ནོ་ཞེ་ན།དབུ་མས།ལས་ཉོན་གྱིས་སྤྲུལ་པའི་སྒྱུ་མའི་སེམས་ཅན་རྣམས་ལ་སེམས་ཡོད་པ་དང་།རྫས་སྔགས་ཀྱིས་སྤྲུལ་པའི་སྒྱུར་མའི་སྐྱེས་བུ་རྟ་གླང་ལ་སོགས་པ་དེ་ལ་སེམས་མེད་པ་དེ་གཉིས་ནི་སྒྱུ་མ་མི་འདྲ་བ་ཡིན་ཏེ།སྒྱུ་མ་མཁན་གྱིས་སྤྲུལ་པའི་སྔགས་དང་རྡེའུ་ཤིང་བུ་ལ་སོགས་པ་རྣམས་ལ་སེམས་འབྱུང་བའི་ནུས་པ་མེད་པའི་ཕྱིར་ན་སྒྱུ་མའི་མི་རྟ་ལ་སོགས་ལ་སྒྱུ་མའི་སེམས་ནི་འབྱུང་བ་མེད་པ་ཡིན་ནོ།།ཉན་ཐོས་ཀྱིས་འབྲས་བུ་སྒྱུ་མ་འདྲ་མཉམ་དུ་སྤྲུལ་པའི་རྒྱུ་རྐྱེན་ལ་ནུས་པ་ཡོད་མེད་ཀྱི་ཁྱད་པར་མི་འཐད་པ་ལ་ནུས་པ་ཡོད་པས་བདེན་ནོ་ཞེ་ན།དབུ་མས།སྒྱུ་མའི་རྟ་གླང་སོགས་སྤྲུལ་བྱེད་ཀྱི་རྐྱེན་རྣམས་སོ་སོར་ཡིན་པ་ལྟར་སེམས་ཅན་རྣམས་ཀྱི་ལུས་དང་སེམས་སྤྲུལ་བྱེད་ཀྱི་སྣ་ཚོགས་པའི་རྒྱུ་དང་རྐྱེན་སོ་སོ་ཐ་དད་པ་ལས་བྱུང་བ་དེ་ཡི་དབང་གིས་སྒྱུ་མ་དེ་ཡང་མི་འདྲ་བ་སྣ་ཚོགས་ཉིད་ཡིན་ནོ།།སྒྱུ་མའི་གླང་ཆེན་སྤྲུལ་བྱེད་ལྟ་བུའི་རྫས་སྔགས་ཀྱི་རྐྱེན་གཅིག་གིས་ནི་རྟ་དང་ལུས་དང་སེམས་ལ་སོགས་པ་ཐམས་ཅད་ཀུན་སྤྲུལ་ནུས་པ་དེ་ནི་ཡུལ་གང་ན་ཡང་ནི་ཡོད་པ་ལ་མིན་ཏེ།དཔེར་ན་གྲོོ་ལྟ་བུ་གཅིག་གིས་ནས་འབྲས་ལ་སོགས་པ་བསྐྱེད་མི་ནུས་པ་བཞིན་ནོ།།མདོ་སྡེ་བས།གལ་ཏེ་ཁྱེད་དབུ་མའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་པ་ཡིན་ན།སེམས་ཅན་ཐམས་ཅད་མཐར་ཐུག་གི་མྱ་ངན་ལས་འདས་པ་མིན་ཀྱང་དོན་དམ་པའི་ངོས་རང་བཞིན་གྱི་མྱ་ངན་ལས་འདས་པ་ཡིན་ནའང་།དེས་མ་ཕན་པར་འཁོར་བ་སྡུག་བསྔལ་ཀུན་རྫོབ་ཀྱི་ངང་དུ་ཡང་འཁྲུལ་ཏེ་ཚུར་ལ་འཁོར་འོང་པ་དེ་ལྟ་བུ་ཞིག་ཡིན་ན་སངས་རྒྱས་རྣམས་ཀྱང་དོན་དམ་པ་ན་ནི་མྱ་ངན་ལས་འདས་ཀྱང་ཀུན་རྫོབ་ཏུ་ནི་འཁྲུལ་པ་ལྟར་དུ་འཁོར་བར་འགྱུར་བས་ན།བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྦྱོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་སྙམ་ན།དབུ་མས།རྫས་སྔགས་དང་ལས་ཉོན་འཁྲུལ་པའི་སེམས་ཀྱི་རྐྱེན་རྣམས་རྒྱུན་ནི་མ་ཆད་ན་ནི་ལུས་སེམས་གཉིས་ཀྱི་སྒྱུ་མ་གཉིས་ཀའང་ལྡོག་པར་མི་འགྱུར་བ་ཡིན་གྱི།བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་ལས་ཉོན་འཁྲུལ་པའི་རྐྱེན་རྣམས་ཀྱི་རྒྱུན་ནི་བཅད་དེ་ཆད་པར་གྱུར་པ་ན་ཀུན་རྫོབ་ཏུ་ཡང་འཁྲུལ་པ་མི་འབྱུང་ངོ་ཞེས་འཁྲུལ་པའི་རྐྱེན་རྒྱུན་ཆད་ན་ལས་ཇི་ཙམ་ཡོད་ཀྱང་འཁོར་བར་སྐྱེ་བ་མི་ལེན་པ་ཤེས་དགོས་ཏེ།སངས་རྒྱས་ཀྱིས་ཐོག་མེད་ནས་བསགས་པའི་བཟང་ངན་གྱི་ལས་ཟད་པས་སངས་རྒྱས་པ་མིན་ཏེ།མི་དགེ་བའི་ལས་ཀྱི་འབྲས་བུ་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་སོགས་བསྟན་ཚུལ་དང་།དགེ་བའི་ལས་འཁོར་ལོས་སྒྱུར་རྒྱལ་ཁྲི་ཚོ་བདུན་གྱི་དགེ་རྩ་རྗེས་འཇུག་གི་དོན་དུ་བསྔོས་པ་སོགས་ལྟར་སངས་རྒྱས་ཀྱིས་བདག་འཛིན་གྱི་རྐྱེན་རྒྱུན་བཅད་ནས་བདག་མེད་ཀྱི་ཡེ་ཤེས་བརྙེས་པ་ཡིན་པ་འདི་ཤེས་དགོས་གསུངས་སོ།།གསུམ་པ་སེམས་ཙམ་པའི་རྩོད་སྤང་ནི།གང་ཚེ་འཁྲུལ་པའང་ཡོད་མིན་ན།།སོགས་ནས།ཅི་ཞིག་ཡོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་སེམས་ཙམ་པས་ཡུལ་ཅན་སེམས་ཀྱི་མིང་ལ་འཁྲུལ་པ་དང་ཡུལ་གྱི་མིང་ལ་སྒྱུ་མ་ཞེས་པའི་མིང་བཏགས་པར་མཛད་པ་ཡིན་ཏེ།གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དངོས་པོ་བདེན་གྲུབ་དོན་དམ་དུ་འདོད་པ་ཡིན་ནོ།།དཔེར་ན་ཡུལ་ཀ་བ་སེམས་མིན་ཡང་བློ་ངོར་སྣང་བའི་ཀ་བ་སེམས་ཡིན་ཏེ།མི་ཤི་ཟིན་པ་བློ་ངོར་སྣང་བ་སེམས་ཡིན་ཟེར་བས་ན་སྣང་ཡུལ་སེམས་སུ་མི་འདོད་ཅིང་སྣང་བ་སེམས་སུ་འདོད་པས་སེམས་ཙམ་ཟེར།དེ་ལྟར་ན་ཕྱིའི་ཡུལ་དང་ནང་གི་སེམས་ལའང་ཕྱི་ལ་དམིགས་པའི་ཡུལ་རིག་གི་སེམས་ནི་དོན་དམ་མིན་ཀྱང་།ནང་ལ་དམིགས་པའི་སེམས་ངོར་རམ་མིན་ཀྱང་ནང་ལ་དམིགས་པའི་སེམས་ཤེས་པ་རང་རིག་བདེན་གྲུབ་དེ་ནི་དོན་དམ་དུ་འདོད་དོ།དེ་ཡང་སེམས་ཙམ་པས།དབུ་མ་ཁྱོད་ལ་དུས་གང་གི་ཚེ་ན་འཁྲུལ་བ་རང་རིག་གི་ཤེས་པ་དངོས་པོ་དེའང་བདེན་གྲུབ་ཏུ་ཡོད་པ་མིན་ན།སེམས་པ་ཕྱིའི་ཡུལ་སྒྱུ་མ་གང་སུ་ཞིག་གིས་དམིགས་པར་འགྱུར་ཏེ་དམིགས་པ་པོ་མེད་དོ་ཞེ་ན།དབུ་མས།འགོ་མཚུངས་ཀྱི་རིགས་པས་རང་རིག་གི་ཤེས་པ་བདེན་གྲུབ་དེས་ཡུལ་ལ་དམིགས་པ་གང་གི་ཚེ་ན་སེམས་ཙམ་པ་ཁྱོད་ལ་ཕྱིའི་ཡུལ་སྒྱུ་མ་ཉིད་མེད་པར་གྱུར་ན་ཤེས་པའང་བདེན་གྲུབ་དེས་དུས་དེའི་ཚེ་ན་ཡུལ་ཅི་ཞིག་ལ་དམིགས་ཏེ་ཡུལ་མེད་སྣང་སྒྱུ་མ་ལྟ་བུ་ཡིན་པ་ངེད་དབུ་མ་དང་འདྲ་བ་ཡིན་ནོ།།སེམས་ཙམ་ལས།གལ་ཏེ་ཡུལ་རང་བཞིན་གྱིས་བདེན་གྲུབ་ཏུ་མེད་ཀྱང་ཡུལ་དེའི་ཁ་མ་དེ་ཉིད་དུ་ན་གཞན་བདེན་གྲུབ་ཅན་ཞིག་ཡོད་དེ་ཕྱི་ཡུལ་གྱི་རྣམ་པ་དེ་ནི་ནང་རང་གི་སེམས་དེ་ཉིད་སྐད་ཅིག་དང་པོ་ལ་ཕྱིའི་ཡུལ་ལྟར་དུ་སྣང་བ་ལ་སྐད་ཅིག་གཉིས་པས་ཤེས་པ་ཡིན་ཏེ།དཔེར་ན་ན་ནིང་མི་ཤི་ཟིན་པ་ད་ལོར་བློ་ངོར་སྣང་བ་བཞིན་ནོ་ཟེར་ན།དབུ་མས་སེམས་ཙམ་པ་ཁྱོད་ཀྱི་ཤེས་པ་བདེན་གྲུབ་དེས་ཡུལ་ལ་དམིགས་པ་གང་གི་ཚེ་ན་རང་གི་སེམས་དེ་ཉིད་ཡུལ་སྒྱུ་མ་ཡིན་ན་དུས་སྐད་ཅིག་མ་དེའི་ཚེ་ན་སྐད་ཅིག་དང་པོར་སེམས་ཡུལ་ལྟར་དུ་སྣང་བ་གང་ཞིག་སྐྱེས་པ་དང་འགགས་ཟིན་པ་ཡིན་པ་ལ་སྐད་ཅིག་གཉིས་པའི་ཡུལ་ཅན་གྱི་སེམས་གང་གིས་མཐོང་སྟེ་མཐོང་བ་མེད་པ་ཡིན་ཏེ།དཔེར་ན་ནད་པ་ཁར་སང་ཤི་ཟིན་པ་ལ་དེ་རིང་སྨན་བྱེད་རྒྱུ་མེད་པ་བཞིན་ནོ།།དེ་ལྟར་སེམས་ཀྱིས་སེམས་མི་མཐོང་བ་ནི་འཇིག་རྟེན་གྱི་ནི་མགོན་པོས་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལ་སོགས་པ་ལས་ཀྱང་སེམས་ཀྱིས་ནི་སེམས་དུས་ནམ་ཡང་མི་མཐོང་ངོ་ཞེས་གསུངས་ཏེ།དཔེར་ནི་མཛད་པ་ནི་རལ་གྲི་རང་གི་སོ་དེས་ནི་སོ་རང་ལ་རང་དཔེ་ཇི་ལྟར་ན་མི་གཅོད་པ་ཡིན་པ་དེ་བཞིན་ཏུ་ཡིད་རང་གིས་ཀྱང་རང་མི་མཐོང་བ་ཡིན་ནོ།།ཞེས་མི་འཐད་དོ་ཟེར་བ་ན།སེམས་ཙམ་པས།ཤེས་པ་རང་གིས་རང་གསལ་ཏེ།དཔེ་ཇི་ལྟར་ན་མར་མེ་སྦར་བའི་ཚེ་ན་མར་མེ་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ཐམས་ཅད་ཡང་དག་པར་གསལ་བར་བྱེད་པ་དེ་བཞིན་དུ་ཤེས་པ་རང་གིས་རང་གསལ་ལོ་ཞེ་ན།དབུ་མས།ཁྱེད་སེམས་ཙམ་པའི་དཔེ་མི་འཐད་དེ་མར་མེ་ནི་གསལ་བྱེད་ཡིན་མ་གཏོགས།མར་མེ་རང་གིས་རང་གསལ་བར་བྱ་བ་མིན་ཏེ།རྒྱུ་མཚན་གང་གི་ཕྱིར་ན།མར་མེ་ལ་ཡེ་ནས་མུན་པ་རྣམས་ཀྱིས་བསྒྲིབས་པ་མེད་པ་ཡིན་ཏེ།དངོས་པོ་ཀུན་བསྒྲིབས་ཡོད་པ་མར་མེ་ཡིས་གསལ་བར་བྱེད་དོ།།སེམས་ཙམ་པས།དཔེར་ན་ཤེལ་དཀར་པོ་རས་སྔོན་པོ་ལ་སོགས་པ་སྔོན་པོ་གཞན་རྐྱེན་ཉིད་ལ་ལྟོས་དགོས་པའི་དཔེ་བཞིན་དང་།ཤེལ་བཻཌཱུརྱ་སྔོན་པོ་ནི་དང་པོ་ནས་སྔོན་པོ་ཡིན་པ་མ་གཏོགས་པ་རས་སྔོ་བ་ཉིད་ལ་སོགས་པ་གཞན་རྐྱེན་ལ་ལྟོས་དགོས་པ་ཡོད་པ་མ་ཡིན་པའི་དཔེ་གཉིས་ཡོད་པ་དེ་བཞིན་དུ།དོན་གཉིས་ཡོད་པ་ནི་ཡུལ་རིག་གི་ཤེས་པ་འགའ་ཞིག་ནི་རིག་བྱེད་གཞན་རྐྱེན་ཀ་བ་ལ་སོགས་པ་གཞན་ལ་ནི་ལྟོས་དགོས་པའི་ཤེས་པ་དང་།རང་རིག་གི་ཤེས་པ་དངོས་པོ་བདེན་གྲུབ་ནི་གཞན་ཀ་བ་ལ་སོགས་པའི་རྐྱེན་ལ་ལྟོས་དགོས་པ་མེད་པ་དེ་བཞིན་དུ།ཤེས་པ་གཉིས་སུ་ཡོད་པར་ཡང་མཐོང་ངོ་ཞེ་ན།དབུ་མས།སེམས་ཙམ་པ་ཁྱོད་ཀྱི་དཔེ་མི་འཐད་དེ་བཻཌཱུརྱ་དང་པོ་སྔོ་བ་ཉིད་མིན་པ་ལ་རྗེས་སུ་བཻཌཱུརྱ་སྔོན་པོར་ཡིན་པ་དེ་ལྟ་བུ་བཻཌཱུརྱ་བདག་གིས་བདག་ཉིད་སྔོན་པོར་བྱས་པ་མེད་དེ།དང་པོ་ཉིད་ནས་སྔོན་པོར་ཡིན་ཀྱང་སེམས་རང་རིག་དང་རང་གསལ་ཡིན་ཟེར་བ་འདི་ལ་རིག་བྱ་རིག་བྱེད་དང་གསལ་བྱ་གསལ་བྱེད་ཀྱི་ཚིག་ཡོད་པས་དཔེ་མི་འཐད་དོ།།སེམས་ཙམ་པས།ཤེས་པ་རང་གིས་རང་གསལ་བ་ཡིན་ཏེ་མར་མེ་སྦར་བས་དངོས་པོ་གསལ་བར་བྱེད་དོ་ཞེས་མིག་གི་ཤེས་པས་མངོན་སུམ་དུ་ཤེས་ཏེ་ངག་གིས་བརྗོད་པར་བྱེད་ཞེ་ན།དབུ་མས།འོ་ན་བློ་ཤེས་པ་ནི་རང་གིས་རང་རིག་ཅིང་རང་གསལ་བ་ཉིད་དུ་ཡིན་ནོ་ཞེས་རིག་བྱའི་ཡུལ་གྱི་སེམས་དང་།རིག་བྱེད་བློའི་སེམས་དང་།ཡུལ་དང་ཡུལ་ཅན་དེ་གཉིས་རིག་མཁན་གྱི་སེམས་དང་གསུམ་ཡོད་ཅེས་གཞན་གང་ཞིག་གིས་ཤེས་ནས་དེ་སྐད་སེམས་གསུམ་ཡོད་པར་བརྗོད་དེ་མི་འཐད་དོ།།འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ་ཞེས་གསུངས་པའི་ཕྱིར་རོ།།སེམས་ཙམ་རྣམ་དེན་པས།གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དངོས་པོ་བདེན་གྲུབ་ཏུ་ཡོད་པ་དེ་ཉིད་ཀྱིས་རང་གིས་རང་རིག་ཅིང་གསལ་བ་ཡིན་པ་གཞན་དུ་སུས་ཀྱང་ཤེས་པ་མིན་ཏེ།ཤེས་པ་རང་གིས་རང་རིག་ཅིང་གསལ་བ་ཡིན་པར་བརྗོད་དགོས་ཏེ་མདོ་ལས།ཀྱེ་རྒྱལ་བའི་སྲས་དག་སེམས་ལ་སེམས་མ་མཆིས་ཀྱི་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན།དབུ་མས།དེ་སྐད་དུ་བརྗོད་པ་གང་གི་ཚེ་ན་སུ་འགས་ཀྱང་སེམས་རང་གིས་རང་རིག་ཅིང་གསལ་བའི་རང་བཞིན་ནི་མཐོང་བ་མིན་ན་ནི་རང་གིས་རང་རིག་ཅིང་གསལ་བའམ།ཡང་ན་སེམས་དེ་ནི་མི་གསལ་བ་ཡིན་ནོ་ཞེས་དེ་གཉིས་གང་ཡིན་ཀྱང་དོན་མེད་དེ།དཔེར་ན་བུད་མེད་མོ་གཤམ་ལ་དང་པོ་ནས་བུ་དང་བུ་མོ་གང་ཡང་མེད་ན།མོ་གཤམ་དེའི་བུ་མོའི་སྤྱོད་ལམ་གྱི་འགྱིང་བག་བརྗོད་པ་ལ་དགོས་མེད་པ་བཞིན་དུ་ཤེས་པ་རང་རིག་རང་གསལ་ཡིན་ཚུལ་དེ་ནི་བརྗོད་ཀྱང་རིགས་པས་བསྒྲུབ་ཏེ་གྲུབ་པའི་མཐའ་འདི་ལ་ནི་དོན་མེད་དོ།།དེ་ཡན་ཆད་ཀྱིས་མངོན་སུམ་གྱི་དཔེས་རང་རིག་སྒྲུབ་བྱེད་བཀག་གོ།སེམས་ཙམ་པས།དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་པ་ནི།རང་རིག་བདེན་གྲུབ་ཏུ་ཡོད་དེ་གལ་ཏེ་ཁྱེད་དབུ་མ་བ་ལ་རང་རིག་གཏན་ནས་ཡོད་པ་མིན་ན་སེམས་རྣམ་པར་ཤེས་པས་སྔོན་དུ་མེ་ཏོག་སྔོན་པོ་ལ་སོགས་པ་ལྟ་བུ་ཞིག་མཐོང་ནས་དེའི་རྗེས་སུ་རས་སྔོན་པོ་ཞིག་མཐོང་བའི་རྐྱེན་གྱིས་སྔོན་མེ་ཏོག་སྔོན་པོ་མཐོང་བ་དྲན་འོང་བ་དེ་རང་རིག་བདེན་གྲུབ་ཏུ་ཡོད་པའི་རྟགས་རེད་མ་གཏོགས།རང་རིག་བདེན་གྲུབ་ཏུ་གཏན་ནས་མེད་ན་རྣམ་ཤེས་ཀྱིས་སྔོན་མེ་ཏོག་སྔོན་པོ་མཐོང་བ་དྲན་པར་ཇི་ལྟར་དུ་འགྱུར་ཏེ་དྲན་པར་མི་འགྱུར་ཞེ་ན།དབུ་མས།དེ་ལྟར་གཞན་རས་སྔོན་པོ་དེ་རིང་མཐོང་སྟེ་ཉམས་སུ་མྱོང་བ་དུས་དེ་དང་རྣམ་ཤེས་འབྲེལ་ཏེ་རྗེས་དཔགས་ཀྱིས་ཤེས་པར་གྱུར་པ་ལས་ཁར་སང་གི་མེ་ཏོག་སྔོན་པོ་དེ་ཉིད་དྲན་པར་འགྱུར་བ་རེད་མ་གཏོགས།མེ་ཏོག་དངོས་སུ་མཐོང་བ་མེད་པ་དཔེར་ན་དགུན་དུས་སུ་བྱི་བས་རྨུགས་ནས་ལུས་ལ་དུག་ཞུགས་པ་དེ་ཉིད་དཔྱིད་དུས་སུ་འབྲུག་གྲགས་པ་དང་མཉམ་དུ་དེའི་རྐྱེན་གྱིས་བྱི་བའི་དུག་ནད་གཟོད་ན་འོང་བའི་ཚེ་ན།བྱི་བས་རྨུག་པ་དེ་བར་མ་མཐོང་བ་མིན་ཀྱང་དྲན་འོང་བ་བཞིན་ནོ།།སེམས་ཙམ་པས།གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་རྟགས་ཀྱིས་རང་རིག་སྒྲུབ་པ་ནི།དཔེར་ན་ཏིང་ངེ་འཛིན་གྱི་རྐྱེན་གཞན་དག་དང་ལྡན་པ་ན་རང་གི་སེམས་ཉིད་ཀྱིས་ནི་གཞན་སེམས་ལ་ཅི་བསམ་པ་མཐོང་བའི་ཕྱིར་ན།སེམས་རང་ཉིད་ཀྱིས་རང་ཉིད་གསལ་བ་དེ་ལྟ་བུ་ཡིན་ནོ་ཞེ་ན།དབུ་མས།ཐུན་མོང་གྲུབ་པའི་ནང་ནས་མིག་སྨན་གྱི་རྫས་བསྒྲུབས་ཏེ་གྲུབ་པའི་ཚེ་ན་མིག་སྨན་གྱི་རྫས་ཀྱི་སྦྱོར་བ་མིག་ལ་བྱུག་པ་ལས་ས་འོག་དཔག་ཚད་མང་པོ་ན་ཡོད་པའི་གཏེར་གྱི་བུམ་པ་ཡོད་པ་མཐོང་ན་ཡང་།མིག་རང་ལ་བྱུག་པའི་མིག་སྨན་ཉིད་མི་མཐོང་བ་དང་།མིག་ལྤགས་ལ་སོགས་པ་མཐོང་བར་འགྱུར་བ་མིན་པ་ལྟར་དུ་སེམས་རང་གིས་རང་མི་མཐོང་ངོ་།།སེམས་ཙམ་པས།གལ་ཏེ་རང་རིག་གི་ཤེས་པ་གཏན་ནས་བདེན་པར་མ་གྲུབ་པ་ཡིན་ན།སེམས་ཅན་ཐམས་ཅད་འོན་ལོང་ལ་སོགས་པར་འགྱུར་རོ་ཞེ་ན།དབུ་མས།དོན་ཇི་ལྟར་ནའང་ངེད་དབུ་མ་པས་མིག་གིས་གཟུགས་མཐོང་བའི་ཤེས་པ་དང་རྣ་བས་སྒྲ་ཐོས་པའི་ཤེས་པ་ལ་སོགས་པ་དེ་དག་རྣམས་ཀྱང་།གནས་སྐབས་འདིར་ནི་དགག་པར་བྱ་བ་མིན་ཏེ།ཐ་སྙད་ཙམ་དུ་རང་རིག་དང་ཀུན་གཞི་སོགས་འདོད་པ་ཕལ་ཆེར་ཡོད་ཀྱང་།འོ་ན་གང་ཞིག་དགག་པ་ཡིན་སྙམ་ན།ད་ལམ་འདིར་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱུར་གྱུར་པ་རང་རིག་གི་ཤེས་པ་བདེན་པར་གྲུབ་པ་ལ་སོགས་ཡོད་སྙམ་པའི་རྣམ་པར་རྟོག་པ་བདེན་ཞེན་གྱི་བློ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ།།དེ་ལྟར་རང་རིག་གི་ཤེས་པ་དང་ཡུལ་རིག་གི་ཤེས་པ་རྣམས་དོན་དམ་པར་ན་རང་བཞིན་གྱིས་མེད་པ་དང་།ཀུན་རྫོབ་ཐ་སྙད་ཙམ་དུ་ཡོད་པ་གཉིས་འགལ་མེད་དུ་ཤེས་དགོས་སོ།།སེམས་ཙམ་རྣམ་བརྫུན་པས།ནང་གི་སེམས་ཤེས་པ་བདེན་གྲུབ་དེ་ལས་ཡུལ་སྒྱུ་མ་གཉིས་ཀ་གཞན་ཐ་དད་དུ་མིན་ཞིང་།ཡུལ་སེམས་གཉིས་ཀ་ཐ་དད་ལས་གཞན་དུ་མིན་པ་གཅིག་ཡིན་པར་ཡང་མི་བརྟགས་ཅེས་པ་ནི་ཡུལ་སེམས་གཉིས་ཀ་ཐ་དད་དུའང་མིན་ལ་གཅིག་ཏུ་ཡང་མི་འདོད་དོ་ཞེ་ན།དབུ་མས།ནང་གི་སེམས་དངོས་པོ་བདེན་གྲུབ་ཏུ་ཡོད་པར་འདོད་ན་རྒྱུ་མཚན་ཇི་ལྟར་ན་ཕྱིའི་ཡུལ་སྒྱུ་མ་དེ་གཉིས་གཞན་ཐ་དད་དུ་མིན་ཏེ་ཡིན་པར་ངེས་སོ་ཞེས་ཡུལ་དངོས་མེད་དང་སེམས་དངོས་ཡོད་གཉིས་ཐ་དད་དུ་གྲུབ་པ་ཡིན་ནོ།།སེམས་ཙམ་པས།ཡུལ་སེམས་གཉིས་ཀ་གཅིག་དང་ཐ་དད་གཉིས་ཀ་ལས་གཞན་དུ་མིན་ནོ་ཞེ་ན།དབུ་མས།འོ་ན་ཕྱིའི་ཡུལ་ལ་དངོས་པོ་མེད་པ་དེ་བཞིན་དུ་ནང་གི་སེམས་ལ་ཡང་དངོས་པོར་བདེན་པར་གྲུབ་པ་མེད་པ་ཡིན་ནོ།།སེམས་ཙམ་པས་གལ་ཏེ་རང་རིག་གི་ཤེས་པ་གང་དུ་ཡང་མ་གྲུབ་པ་ཡིན་ན་ཡུལ་ལ་ཇི་ལྟར་དུ་བལྟའམ་ཞེ་ན།དབུ་མས།དཔེ་ཇི་ལྟར་ན་ཡུལ་སྒྱུ་མ་བདེན་པར་གྲུབ་པ་མིན་ཡང་རྨི་ལམ་གྱི་ཡུལ་དུ་རྟ་གླང་གྱི་སྣང་བ་ལྟར་ཐ་སྙད་ཙམ་དུ་བལྟ་བར་བྱ་བའི་ཡུལ་དུ་ནུས་པ་དེ་བཞིན་དུ་ཡུལ་བདེན་མེད་ལ་ལྟ་བར་བྱེད་པ་པོའི་ཡིད་ཀྱང་བདེན་གྲུབ་ཏུ་མི་དགོས་པར་དཔེར་ན་རྨི་ལམ་གྱི་སེམས་བཞིན་ཏུ་ལྟ་བྱེད་དུ་ནུས་པ་ཡིན་ནོ།།སེམས་ཙམ་པས།རང་རིག་གི་ཤེས་པ་བདེན་གྲུབ་ཏུ་ཡོད་དགོས་ཏེ།དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པས།གལ་ཏེ་འཁོར་བ་འདིར་རང་རིག་གི་ཤེས་པ་དངོས་པོ་བདེན་གྲུབ་ཅན་འདི་རྒྱུ་འབྲས་ཀྱི་རྟེན་ཅན་ཉིད་དུ་འཁྲུལ་གཞི་ལ་ཡོད་དགོས་མ་གཏོགས།ཤེས་པ་བདེན་གྲུབ་དེ་ནི་མེད་ན་དེ་ལས་གཞན་དུ་ཕྱི་རོལ་ཆད་ལྟ་རྒྱང་འཕེན་པ་ལྟར་དུ་ནམ་མཁའ་དང་འདྲ་བར་འགྱུར་བ་ཉིད་དུ་འདོད་དགོས་སོ་ཞེ་ན།དབུ་མས།ཡུལ་འཁྲུལ་པ་དངོས་པོ་མེད་པ་ཞིག་ཡུལ་ཅན་གྱི་ཤེས་པ་དངོས་པོ་བདེན་གྲུབ་ཡོད་པ་ཅན་ཞིག་ལ་བརྟེན་པར་བྱས་པས་རྒྱུ་འབྲས་ཀྱི་རྟེན་གཞི་ནི་ཅི་ཡང་བྱེད་མི་ནུས་པས་ན།ཡུལ་དང་ཡུལ་ཅན་གཉིས་ཀས་གཅིག་ལ་བྱ་བ་བྱེད་པ་དང་ལྡན་པ་ཇི་ལྟར་དུ་འགྱུར་ཏེ།ཡོད་མེད་གཉིས་ཀ་མཚན་ཉིད་འགལ་བ་ཡིན་པས་བྱ་བ་བྱེད་པར་མི་འགྱུར་རོ།།དེར་མ་ཟད་སེམས་ཙམ་པ་ཁྱེད་ཀྱི་སེམས་བདེན་གྲུབ་དེ་ནི་འཁྲུལ་པ་ཡུལ་གྱི་གྲོགས་མེད་པར་དངོས་མེད་ཀྱི་དངོས་པོ་ལ་ཅི་ཞིག་བྱ་སྟེ་བྱ་བྱེད་དང་བྲལ་བ་དཔེར་ན་ངེད་དབུ་ལས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུར་གཏན་ལ་ཕབ་པའི་ཚེ་ན།སེམས་ཙམ་ཁྱེད་ཀྱིས་ཤེས་པ་བདེན་གྲུབ་ཏུ་འདོད་པ་དེ་ནི་བར་སྣང་ལ་རྭ་ལངས་པ་ལྟར་དུ་གཅིག་པུ་ཉིད་དུ་གནས་དགོས་པར་འགྱུར་བ་ཡིན་ནོ།།སེམས་ཙམ་པས།རང་རིག་གི་ཤེས་པ་བདེན་གྲུབ་དེ་ཉིད་འཁྲུལ་པ་ཡུལ་དང་བཅས་པ་མ་ཡིན་ནོ་ཞེ་ན།དབུ་མས།འཁྲུལ་ཡུལ་མེད་པ་གང་གི་ཚེ་ན་སེམས་བདེན་གྲུབ་དེ་ནི་གཟུང་འཛིན་དང་བྲལ་བ་ཡིན་པ་དེའི་ཚེ་ན་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་འདྲ་བ་ཤ་སྟག་ཡིན་དགོས་ལ།དེ་ལྟར་དུ་ཡིན་ན་ནི་དུས་ནམ་ཡང་སྣང་བ་ཐམས་ཅད་སེམས་ཙམ་དུ་བློས་བརྟགས་པ་ལ་རྒྱུ་འབྲས་ཀྱི་རྟེན་གཞིར་བྱེད་ནུས་པའི་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པར་ངེས་པ་ཡིན་ནོ།།དེ་ལྟར་ཐམས་ཅད་རྩོད་བྱེད་ནི་མིན།བདེན་མེད་དུ་གཏན་ལ་ཕབ་བྱེད་ཡིན་པས།མ་རྟོགས་པ་རྟོགས་བྱེད་ཀྱི་ཐབས་ཁོ་ན་ཡིན་ནོ་གསུངས་སོ།།གཉིས་པ་ལམ་སྟོང་ཉིད་ལས་རྩོད་པ་སྤང་བ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།སྒྱུ་མ་ལྟ་བུར་ཤེས་ན་ཡང་།།སོགས་ནས།སྤོང་བར་འགྱུར།།ཞེས་པའི་བར་གྱིས་བསྟན།སེམས་ཙམ་པས།ཡུལ་སྟོང་ཉིད་དུ་ཤེས་པས་ཡུལ་ཅན་ལ་ཉོན་མོངས་པའི་རྟོག་པ་སྐྱེ་བ་མི་སྤོང་སྟེ།ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་གྱུར་ན་ཡང་རྒྱུ་མཚན་ཇི་ལྟར་ན་རང་རྒྱུད་ཀྱི་ཉོན་མོངས་པ་ལྡོག་པར་འགྱུར་ཏེ་ལྡོག་པར་མི་འགྱུར་བ་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པ་བྱེད་པ་གང་གི་ཚེ་ན།སྒྱུ་མ་མཁན་གྱིས་སྒྱུ་མའི་བུད་མེད་སྤྲུལ་པ་དེ་ལ་བུད་མེད་དེ་སྤྲུལ་པ་བྱེད་པ་པོ་སྒྱུ་མ་མཁན་ཉིད་ཀྱང་འདོད་ཆགས་སྐྱེ་བར་འགྱུར་ཞེ་ན།དབུ་མས།སྒྱུ་མའི་སྐྱེས་བུ་དེ་ཉིད་སྤྲུལ་པ་བྱེད་པ་པོ་དེ་སྒྱུ་མ་མཁན་གྱི་སེམས་ལ་ནི་ཡུལ་ཤེས་བྱ་ལ་དངོས་པོ་བདེན་ཞེན་གྱིས་བཅིངས་ཏེ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེས་ན།སྤྲུལ་པའི་བུད་མེད་དེ་མཐོང་བ་ན་སྒྱུ་མ་མཁན་དེའི་སེམས་ལ་ངས་སྤྲུལ་ལོ་སྙམ་པའི་བདེན་ཞེན་གྱི་དབང་གིས་སྟོང་པ་ཉིད་ཀྱི་བག་ཆགས་གོམས་པ་ཉམ་ཆུང་བ་ཉིད་ཡིན་ནོ།།སྟོང་པ་ཉིད་ཀྱི་དོན་ཤེས་པས་མི་ཆོག་པར་དབྱིབས་དང་ཁ་དོག་རེག་བྱ་གསུམ་གྱིས་རང་བཞིན་མ་གྲུབ་པར་གཏན་ལ་ཕབ་སྟེ་ལམ་གོམས་པ་ཡུན་བསྲིངས་པའི་སྟོབས་ཀྱིས་སྟོང་པ་ཉིད་ཀྱི་བག་ཆགས་རྒྱུད་ལ་གོམས་པར་གྱུར་པས་ནི།བདེན་གྲུབ་ཀྱི་དངོས་པོའི་བག་ཆགས་ཐམས་ཅད་སྤོང་བར་འགྱུར་ཏེ།དངོས་པོ་དངོས་མེད་ཀྱིས་བཤིག་པར་འགྱུར་ཞིང་།དངོས་པོ་མེད་དོ་བསམ་རྒྱུའི་སྟོང་འཛིན་ཅི་ཡང་མེད་པ་ཡིན་ཅེས་སྙམ་པ་སེམས་ལ་རབ་ཏུ་གོམས་པར་གྱུར་པས་དངོས་མེད་རྟེན་དང་བྲལ་བའི་དབང་གིས་ནི་སྟོང་འཛིན་ཤེས་སྒྲིབ་དེ་ཡང་བུད་ཤིང་ཟད་པའི་མེ་བཞིན་དུ་ཕྱི་ནས་རང་ཞི་ལ་སོང་བས་སྤོང་བར་འགྱུར་རོ་ཞེས་དམ་བཅའ་ཙམ་བཞག་སྟེ།གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི།གང་ཚེ་གང་ཞིག་མེད་དོ་ཞེས།།སོགས་ནས།རབ་ཏུ་ཞི།།ཞེས་པའི་བར་གྱིས་བསྟན།དེ་ལྟར་དུས་གང་གི་ཚེ་ན་ཡུལ་ཅན་དགྲ་ལྟ་བུ་གང་དང་ཡུལ་བུམ་པ་ལྟ་བུ་གང་ཞིག་མེད་དོ་ཞེས་བསམ་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་བརྟག་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་མི་ཤར་བས་ན།གཟུང་འཛིན་གྱི་མཚན་མ་མི་དམིགས་པ་དེའི་ཚེ་ན་དངོས་ཡོད་དངོས་མེད་ཀྱིས་བཤིག་ཅིང་།དངོས་མེད་རྟེན་དང་བྲལ་བ་ཡིན་ཏེ།དང་པོ་ངའོ་སྙམ་པའི་དངོས་པོ་དེ་ནི་ཤེས་རབ་ཀྱིས་བརྟགས་ནས་ང་རང་བཞིན་མེད་པར་གཏན་ལ་འབེབ་དགོས་ལ།དེ་ནས་ང་མེད་དོ་སྙམ་བྱེད་ཀྱི་ཤེས་པ་དེ་ནི་དངོས་པོ་མེད་པ་རྟེན་དང་བྲལ་བའི་ཚེ་ན་དངོས་པོ་ཡོད་མེད་གཉིས་ཀ་བློ་ཡི་མདུན་ན་ཇི་ལྟར་དུ་གནས་ཏེ་གནས་པ་མེད་དོ།།དེ་ལྟར་ཤེས་རབ་ཀྱིས་ཡུལ་དང་ཡུལ་ཅན་གྱི་འཛིན་པ་སྤངས་པ་གང་གི་ཚེ་ན།ཡོད་དོ་སྙམ་པའི་དངོས་པོར་འཛིན་པའི་འདུ་ཤེས་ཀྱི་མཚན་མ་ཐམས་ཅད་ནི་མེད་དོ་སྙམ་པའི་དངོས་པོ་མེད་པར་འཛིན་པའི་འདུ་ཤེས་ཀྱིས་སྤོང་བར་འགྱུར་བ་དང་།དངོས་པོ་མེད་དོ་སྙམ་པའི་འདུ་ཤེས་དེ་ནི་རྟེན་དང་བྲལ་ཏེ་དངོས་པོ་ཡོད་མེད་དེ་དག་གཉིས་ཀ་བློ་ཡི་མདུན་ན་མི་གནས་པ་དེའི་ཚེ་ན།ཡུལ་དང་ཡུལ་ཅན་གྱི་རྣམ་པ་གཉིས་ཀ་གཞན་ཅི་ཡང་མེད་པས་ན།གཉིས་བཅས་ཀྱི་མཚན་མ་ཐམས་ཅད་གཉིས་མེད་ཀྱི་དབྱིངས་སུ་དག་སྟེ་ཡུལ་གྱི་དམིགས་པ་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཚེ་ན།ཡུལ་ཅན་གྱི་བློའི་འཛིན་པ་རྣམས་ནི་རབ་ཏུ་ཞི་སྟེ་ཡུལ་མེད་ཟངས་ཐལ་གྱི་གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་བ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཡང་དག་པ་ཡིན་ཏེ།མངོན་རྟོགས་རྒྱན་ལས།གཟུགས་ལ་སོགས་ལ་མི་གནས་ཕྱིར།།དེ་ལ་སྦྱོར་བ་བཀག་པའི་ཕྱིར།།ཞེས་གསུངས་པ་ལྟར་དུ།གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཡུལ་རང་ངོས་ནས་གྲུབ་པ་མེད་པ་ནི་མི་གནས་པའི་སྦྱོར་བ་སྟེ།ཡུལ་ལ་ཞེན་སྤྱོད་བཀག་པའི་ཕྱིར་དམིགས་པ་མེད་པར་གསུངས་པ་དང་ཡུལ་ཅན་གྱི་བློས་ཞེན་སྤྱོད་དང་བཅས་པས་ཡུལ་དེ་རྣམས་ལ་མི་སྦྱོར་བ་ནི་མི་སྦྱོར་པའི་སྦྱོར་བ་སྟེ།བློའི་འཛིན་པ་རྣམས་རབ་ཏུ་ཞི་བར་གསུངས་པ་དང་དོན་གཅིག་ཏེ།ཉི་ཁྲི་ལས་བཀའ་སྩལ་པ།རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ།།ཚོར་བ་ནས་རྣམ་མཁྱེན་གྱི་བར་ཡང་བྱང་ཆུབ་སེམས་དཔའི་དམིགས་པའོ།།དམིགས་པ་མེད་པ་ནི་གང་ལ་ཆོས་དེ་དག་རྒྱུ་བ་མེད་པ་སྟེ།འདི་ལྟ་སྟེ།གང་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཉིད་ཀྱི་བར་གྱི་ཆོས་དེ་དག་དམིགས་སུ་མེད་པའོ།།ཞེས་གསུངས་སོ།།དེ་ལྟར་ན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡོངས་སུ་བསྡུས་པ་ནི།དམིགས་པ་མེད་པར་རབ་ཏུ་ཞི།།ཞེས་ཚིག་གཅིག་པོ་འདིར་འདུས་པ་ཡིན་གསུངས་སོ།།དེ་ལྟར་ན་སངས་རྒྱས་ཀྱི་མཉམ་བཞག་གི་ཡེ་ཤེས་སྣང་བཅས་དང་སྣང་མེད་ལ་འདོད་པའི་ལུགས་གཉིས་ལས་འདིར་སྣང་མེད་དུ་འདོད་གསུངས་སོ།།གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤང་བ་ནི།ཡིད་བཞོན་ནོར་བུ་དཔག་བསམ་ཤིང་།།སོགས་ནས།བཅས་པ་བཞིན།།ཞེས་པའི་བར་གྱིས་བསྟན།སེམས་ཙམ་པས།ཡུལ་དང་ཡུལ་ཅན་གྱི་འཛིན་པ་རབ་ཏུ་ཞི་བའི་དུས་སུ་རྣམ་པར་རྟོག་པ་མེད་ན་གཞན་དོན་ཇི་ལྟར་དུ་མཛད་ཅེ་ན།དབུ་མས།རྣམ་རྟོག་མེད་ཀྱང་གཞན་ལ་ཕན་པ་བསྒྲུབ་ནུས་པ་དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་རྣམས་ཀྱིས་དཔེ་ཇི་ལྟར་ན་སེམས་ཅན་གྱི་རེ་བ་ཡོངས་སུ་སྐོང་བ་དཔེ་དེ་བཞིན་དུ་གདུལ་བྱ་སེམས་ཅན་གྱི་ཁམས་མ་ལུས་པར་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་དཀར་སེར་དམར་ལྗང་གི་ཁ་དོག་སྣ་ཚོགས་ཀྱི་སྐུ་མདོག་ཅན་གྱི་རྒྱལ་བའི་སྐུར་སྣང་ངོ་ཞེས་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པ་ཡིན་ཏེ།ས་བཅུའི་དབང་ཕྱུག་ལ་ལོངས་སྐུ་དང་།སོ་སྐྱེས་ལ་སྤྲུལ་སྐུ་དང་ཡང་སྤྲུལ་སྣང་བ་ཡིན་ནོ།།སྔོན་ཡུལ་འགའ་ཞིག་གི་སྐྱེ་བོ་ཀླུའི་གནོད་པས་ཟིན་པ་ན།ཡུལ་ཨོ་ཌི་ཡ་ན་རིགས་སྔགས་གྲུབ་པའི་བུད་མེད་གཅིག་ཡོད་པ་ལ་བྲམ་ཟེ་སཾ་གུས་ཀླུ་དབང་དུ་བྱེད་པའི་ཐབས་ཀྱི་རིགས་སྔགས་ཞུས་ཚེ།ཁྱི་མོ་ནག་མོའི་འོ་མ་ཕུལ་བརྒྱད་ལ་ནམ་མཁའ་ལྡིང་གི་རིགས་སྔགས་ཀྱིས་མངོན་པར་སྔགས་ཏེ་སཾ་གུ་ལ་འཐུང་དུ་བཅུག་པ་དང་།ཕུལ་བདུན་འཐུངས་ཏེ་ཕུལ་གང་བཏུང་བར་མ་ནུས་པས་ཀླུ་བདུན་དབང་དུ་འགྱུར་ཏེ་མཐའ་ཡས་དབང་དུ་མ་གྱུར་ཏོ།དེ་ནས་སཾ་གུ་མཐུ་དང་ལྡན་པ་ལས་དུས་ཕྱིས་མཐའ་ཡས་ཀྱི་གནོད་པས་ཚེའི་དུས་བྱས་ཀྱང་སྔར་རིགས་སྔགས་ཀྱིས་སྔགས་པའི་མཆོད་སྡོང་གིས་ཀླུའི་གནོད་པ་ཞི་བར་བྱེད་དོ་ཞེས།བསོད་ནམས་རྩེ་མོའི་འགྲེལ་པ་ལས་གསུངས་པ་ལྟར་དུ་དཔེར་ན་བྲམ་ཟེ་སཾ་གུས་ནམ་མཁའ་ལྡིང་གི་རིགས་སྔགས་ཀྱིས་ནི་རང་གི་སྐུ་གདུང་གི་མཆོད་སྡོང་བསྒྲུབས་ནས་བྲམ་ཟེ་སཾ་གུ་འདས་པར་གྱུར་པ་ཡིན་ཀྱང་།དེ་ནས་སཾ་གུ་དེ་འདས་ནས་དུས་ཡུན་རིང་པོ་ལོན་པར་གྱུར་ན་ཡང་སྐུ་གདུང་དེ་ཉིད་ཀྱིས་ཀླུའི་དུག་ལ་སོགས་པ་ཞི་བར་བྱེད་པ་དེ་བཞིན་དུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱང་ཆུབ་སྤྱོད་པའི་གཞན་དོན་དུ་མཛད་པ་དེ་དང་རྗེས་སུ་མཐུན་བར་མཐར་ཐུག་གི་འབྲས་བུ་རྒྱལ་བའི་མཆོད་སྡོང་གཞན་དོན་དུ་བསྒྲུབས་པར་མཛད་པ་དེ་ཡང་བྱང་ཆུབ་སེམས་དཔའི་ཕུང་པོ་ལྔ་རྒྱུན་ཆད་ནས་རྣམ་རྟོག་ཟད་དེ་མྱ་ངན་ལས་འདས་པ་གྱུར་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་རྣམས་མཛད་པ་ཡིན་ནོ།།དེ་ལྟར་རོང་ཟོམ་དང་ཟླ་གྲགས་སོགས་ཀྱིས་ནི་ཡེ་ཤེས་མེད་པར་འདོད་ཀྱང་རོང་ཟོམ་གྱིས་རྣམ་མཁྱེན་གྱི་ཡེ་ཤེས་སངས་རྒྱས་པ་ན་ཡོད་པར་འདོད་ཅིང་།ཀུན་མཁྱེན་ཆེན་པོ་སོགས་ཀྱིས་ནི་སངས་རྒྱས་ཀྱི་ལོངས་སྐུ་རྟེན་ཅན་དང་ཆོས་སྐུ་རྟེན་མེད་ངོ་བོ་ཉིད་ཀྱིས་འགྲོ་དོན་མཛད་པར་གསུངས་སོ།སེམས་ཙམ་པས།སེམས་ཀྱི་འཇུག་པ་རྒྱུན་ཆད་པའི་སེམས་མེད་པ་ལ་མཆོད་པ་བྱས་པས་ཇི་ལྟར་དུ་འབྲས་བུ་དང་ལྡན་པར་འགྱུར་ཞེ་ན།དབུ་མས།སེམས་ཡོད་མེད་གཉིས་ཀྱི་ཁྱད་པར་འདྲ་བ་ཡིན་པ་གང་གི་ཕྱིར་ན་སངས་རྒྱས་དངོས་སུ་བཞུགས་པ་ལ་མཆོད་པ་ཕུལ་བའམ་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་མཆོད་པ་ཕུལ་བ་གཉིས་ཀྱི་ཕན་ཡོན་མཚུངས་པ་ཉིད་དུ་མདོ་ལས་བཤད་ཡོད་པའི་ཕྱིར་རོ།།དེ་ཡང་སེང་གེ་རྣམ་པར་བརྩེ་བའི་མདོ་ལས།གང་ཕྱིར་སངས་རྒྱས་བཞུགས་པའམ།།ཡོངས་སུ་མྱ་ངན་ལས་འདས་པའི།།སྐུ་གདུང་རིང་བསྲེལ་མཆོད་བྱས་ན།།སེམས་ཀྱང་མཉམ་ལ་འབྲས་བུ་མཉམ།།ཞེས་གསུངས་སོ།།སེམས་ཙམ་པས།དེ་ལྟར་སངས་རྒྱས་དངོས་དང་རིང་བསྲེལ་ལ་སོགས་པ་མཆོད་པའི་བསོན་ནམས་མཉམ་པ་ཡིན་ཀྱང་།བསོད་ནམས་དེ་ཀུན་རྫོབ་ཡིན་ནམ་དོན་དམ་པ་ལས་འབྱུང་ངོ་ཞེ་ན།དབུ་མས།ཁོ་བོ་ཅག་གིས་ནི་བསོད་ནམས་ཀུན་རྫོབ་པར་འདོད་པས་ན་སངས་རྒྱས་མཆོད་པའི་བསོད་ནམས་ཀུན་རྫོབ་ཏུ་འབྱུང་བར་འདོད་པའམ་ཡང་ན་ནི་དོན་དམ་པ་དེ་ཁོ་ན་ཉིད་དུ་འབྱུང་བར་འདོད་པའང་རུང་སྟེ།མཆོད་པ་ཕུལ་དེ་ལས་འབྲས་བུ་འབྱུང་བར་ངེས་པ་ནི།ལུང་ལས་གསུངས་པ་ཡིན་ཏེ།དཔེར་ན་ཁྱེད་དངོས་པོར་སྨྲ་བས་བདེན་པར་གྲུབ་པའི་སངས་རྒྱས་ལ་མཆོད་པ་བདེན་གྲུབ་ཕུལ་བའི་ཇི་ལྟར་ན་ཕན་ཡོན་བདེན་གྲུབ་ཀྱི་འབྲས་བུར་བཅས་པ་འབྱུང་བར་འདོད་པ་བཞིན་ནོ།།དེ་ཡན་ཆད་ཀྱིས་ལམ་སྟོང་ཉིད་ལ་རྩོད་པ་སྤང་བ་སོང་ནས།།གསུམ་པ་ཐེག་ཆེན་མཆོག་ཏུ་བསྒྲུབས་པ་ལའང་།གཞུང་ཐེག་ཆེན་བཀར་བསྒྲུབ་དང་།ལམ་སྟོང་ཉིད་གཉེན་པོར་བསྒྲུབ་པ་གཉིས་ལས།དང་པོ་ནི།བདེན་པ་མཐོང་བས་གྲོལ་འགྱུར་གྱི།།སོགས་ནས།སུ་ཞིག་བྱེད།།ཅེས་པའི་བར་གྱིས་བསྟན།ཉན་ཐོས་ཀྱིས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་ཞིང་།འདུལ་བ་ལ་མི་སྣང་།མདོ་སྡེ་ལ་མི་འཇུག།།མངོན་པའི་ཆོས་ཉིད་དང་འགལ་བས་ན་ཐེག་ཆེན་གྱི་ལམ་ལས་ནི་ཉན་ཐོས་ཀྱི་རང་ལམ་ནས་སྡུག་བསྔལ་ཀུན་འབྱུང་འགོག་ལམ་གྱི་བདེན་པ་བཞི་ལ་དབྱེ་བས་སྐད་ཅིག་བཅུ་དྲུག་གི་གནས་ལུགས་མཐོང་བས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འགྱུར་བར་ནུས་ཀྱི།དེ་ལས་ལྷག་པའི་ཁྱེད་ཐེག་ཆེན་གྱིས་སྟོང་པ་ཉིད་ཀྱི་དོན་མཐོང་བས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེ་ན།དབུ་མས།རྒྱུ་མཚན་གང་གི་ཕྱིར་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་ལས་སྟོང་ཉིད་རྟོགས་པའི་ལམ་འདི་ནི་མེད་པར་ཉན་རང་སངས་རྒྱས་ཀྱི་བྱང་ཆུབ་གསུམ་ཐོབ་པ་མེད་པར་གསུངས་ཏེ།ཡུམ་ལས་ཉན་ཐོས་དང་།རང་སངས་རྒྱས་དང་།རྫོགས་པའི་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་དང་།སྡུད་པ་ལས།གང་ཞིག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་།།རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ།།བཟོད་པ་འདི་ལ་མ་བརྟེན་ཐོབ་པར་འགྱུར་བ་མིན།།ཞེས་ཉན་ཐོས་སུ་འགྱུར་བ་དང་རང་སངས་རྒྱས་སུ་འགྱུར་བར་འདོད་པ་དང་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་བར་འདོད་པ་རྣམས་ཀྱིས་སྟོང་ཉིད་རྟོགས་པའི་ལམ་བཟོད་པ་འདི་ལ་མ་བརྟེན་གྱི་བར་དུ་འཐོབ་པར་འགྱུར་བ་མ་ཡིན་ནོ།།གསུངས་ཡོད་དོ་ཞེ་ན།ཉན་ཐོས་ཀྱིས་གལ་ཏེ་ཁྱེད་དབུ་མས་ཐེག་པ་ཆེན་པོའི་མདོ་ཡུམ་རྒྱས་འབྲིང་བསྡུས་པའི་ལུང་དྲངས་པ་འདི་ནི་བཀའ་ཡིན་པར་མ་གྲུབ་པོ་ཞེ་ན།དབུ་མས།ཐེག་དམན་ཉན་ཐོས་ཁྱོད་ཀྱི་འདུལ་བ་ལུང་གཞི་དང་།ལུང་རྣམ་འབྱེད་དང་།ལུང་ཕྲན་ཚེགས་དང་།གཞུང་བླ་མའམ་ལུང་དམ་པ་སྟེ་འདུལ་ལུང་སྡེ་བཞི་ནི་བཀའ་ཡིན་པར་ཇི་ལྟར་དུ་གྲུབ་པ་ཡིན།།ཞེས་དྲིས་པ་ལ།ཉན་ཐོས་ཀྱིས།རྒྱུ་མཚན་གང་གི་ཕྱིར་ན་རང་ཅག་ཐེག་པ་ཆེ་ཆུང་གཉིས་ཀ་ལ་འདུལ་ལུང་སྡེ་བཞི་འདི་རྣམས་བཀའ་ཡིན་པར་གྲུབ་བོ་ཞེ་ན།དབུ་མས།ཉན་ཐོས་ཁྱེད་རྣམས་དང་པོ་སྐྱེས་དུས་ཉིད་ནས་འདུལ་ལུང་སྡེ་བཞི་དང་མཉམ་དུ་སྐྱེས་ཏེ་འོང་ཐབས་མེད་པས་ཐེག་དམན་ཁྱོད་ལ་འདུལ་ལུང་སྡེ་བཞི་འདི་རྣམས་མ་གྲུབ་པ་ཡིན་ནོ་ཞེས་གསུངས་པ་ལ།ཉན་ཐོས་ཀྱིས།དང་པོ་ནས་འདུལ་ལུང་དང་མཉམ་དུ་སྐྱེས་པ་མིན་ཀྱང་རྗེས་སུ་སྟོན་པ་ནས་བརྒྱུད་པའི་བླ་མ་ལ་བསྟེན་ཏེ་དམ་པའི་ཆོས་ཉམས་སུ་བླངས་པ་ལས་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་དང་མཐར་ཐུག་གི་མྱང་འདས་དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ལ་སོགས་པ་རྐྱེན་གང་དང་གང་གིས་ནི་ཐེག་དམན་རང་ལམ་དེར་ཡིད་ཆེས་སོ་ཞེ་ན།དབུ་མས།དེ་ལྟ་བུའི་རྐྱེན་དེ་ནི་ཐེག་པ་ཆེན་པོ་ལ་ཡང་ཡོད་དེ།སངས་རྒྱས་ནས་འཇམ་དབྱངས་ཀླུ་སྒྲུབ་ལ་སོགས་པ་ནས་བརྒྱུད་པའི་བླ་མ་ལ་བསྟེན་ནས་ལམ་ཉམས་སུ་བླངས་པས་ས་བཅུ་ལམ་ལྔའི་སྤང་རྟོགས་མངོན་དུ་བྱས་ཏེ་སངས་རྒྱས་པར་འགྱུར་བ་ཡོད་པས་ན་ཡིད་ཆེས་པར་མཚུངས་སོ་ཞེས་གསུངས་པ་ལ།ཉན་ཐོས་ཀྱིས།ཐེག་དམན་གྱི་འདུལ་ལུང་སྡེ་བཞི་དེའི་ཐེག་དམན་རང་དང་གཞན་ཁྱེད་ཐེག་ཆེན་དང་གཉིས་ཙམ་གྱིས་འདོད་པས་བདེན་ནོ་ཞེ་ན།དབུ་མས།འོ་ན་ལུང་རིགས་གང་ལའང་བརྟེན་མི་དགོས་པར་འདོད་མཁན་མང་ཉུང་གིས་བཀའ་ཡིན་པར་འགྱུར་ན་ནི།ཕྱི་རོལ་པའི་རིག་བྱེད་ངེས་བརྗོད་མཆོད་སྦྱིན་སྙན་ཚིག་སྲིད་བསྲུང་ལ་སོགས་པ་རྣམས་ཀྱང་འདོད་མཁན་ཤིན་ཏུ་མང་བས་བདེན་པར་འགྱུར་ན།དེ་ལ་ཐེག་དམན་ཁྱེད་རང་གིས་ཡིད་ཆེས་བྱ་བར་རིགས་སོ།།གསུངས་པ་ལ།ཉན་ཐོས་ཀྱིས།ཐེག་དམན་འདུལ་ལུང་སྡེ་བཞི་ལ་བཀའ་ཡིན་མིན་གྱི་རྩོད་པ་མེད་པས་བདེན་ལ།ཐེག་པ་ཆེན་པོའི་མདོ་ཤེར་ཕྱིན་ལ་སོགས་པ་ནི་བཀའ་མིན་གྱི་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་རོ་ཞེ་ན།དབུ་མས།འོ་ན་འདུལ་ལུང་སྡེ་བཞི་ལ་བཀའ་མིན་ནོ་ཞེས་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དང་བཅས་པ་ཡིན་ཕྱིར་དོར་བྱར་དང་།དེར་མ་ཟད་འདུལ་བའི་ལས་ཆོག་དང་སོ་ཐར་གྱི་མདོ་ལ་སོགས་པའི་འདུལ་ལུང་གཞན་རྣམས་ལ་ཡང་སྤྱིར་རང་གཞན་བྱེ་མདོ་དེ་དག་གཉིས་ཀ་དང་བྱེ་བྲག་ཏུ་རྩ་བའི་སྡེ་བ་བཞི་ལས་གྱེས་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ་ཐམས་ཅད་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ན་དོར་བྱར་འགྱུར་རོ།།དེ་ལྟར་ན་སངས་རྒྱས་ཀྱི་བསྟན་བའི་རྩ་བ་དགེ་སློང་ཉིད་ཡིན་ན་དགེ་སློང་ཉིད་ཀྱང་དཀའ་བར་གནས་ཏེ།འདུལ་བའི་ལས་ཆོག་རྩོད་བཅས་ཡིན་པས་དགེ་སློང་མེད་པར་འདོད་དགོས་སོ།།ཡང་ན་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་མངོན་གྱུར་སྤོང་བ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཉིད་ཡིན་ན་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་དཀའ་བར་གནས་ཏེ་དགྲ་བཅོམ་པ་མེད་པར་འདོད་དགོས་སོ།།དེ་ལྟར་དགྲ་བཅོམ་དེ་ལའང་།སྤྲུལ་པའི་དགྲ་བཅོམ་དེ་ལའང་།ཞི་བ་ཕྱོགས་བགྲོད་པའི་དགྲ་བཅོམ་པ་དང་།མངོན་པའི་ང་རྒྱལ་ཅན་གྱི་དགྲ་བཅོམ་པ་ལ་སོགས་པ་ཡོད་པ་ལས་འདིར་འཇིག་རྟེན་པའི་ལམ་གྱི་ཉོན་མོངས་པ་མངོན་གྱུར་ཙམ་སྤངས་པའི་མངོན་པའི་ང་རྒྱལ་ཅན་གྱི་དགྲ་བཅོམ་དུ་འདོད་པ་དེའི་སེམས་ནི་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་ལ་དམིགས་པ་བདེན་ཞེན་དང་བཅས་པ་རྣམས་ཀྱི་ངང་ལ་གནས་པ་དེས་ནི་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་པའང་དཀའ་བར་གནས་ཏེ་ཐོབ་རྒྱུ་མེད་དོ།།ཉན་ཐོས་ཀྱིས།བདེན་བཞིའི་སྐད་ཅིག་བཅུ་དྲུག་མཐོང་བས་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་པར་མི་དཀའ་ཏེ་ཉོན་མོངས་པ་སྤངས་པས་གྲོལ་བ་དང་ཐར་པར་འགྱུར་རོ་ཞེ་ན།དབུ་མས།བདེན་པ་མཐོང་བས་ཉོན་མོངས་པ་རྣམས་སྤངས་པས་གྲོལ་བ་ཡིན་ན།གྲོལ་བ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་ལས་ཐར་བ་དེར་འགྱུར་དགོས་པ་ཡིན་པ་ལ་གྲོལ་བ་དང་མཉམ་དུ་སྡུག་བསྔལ་ཐམས་ཅད་ལས་ཐར་པར་མི་འགྱུར་རོ།།མི་ཐར་པའི་རྒྱུ་མཚན་ནི།དགྲ་བཅོམ་པ་འཕགས་པ་མོ་གལ་གྱི་བུ་ཆེན་པོ་དགྲ་བཅོམ་པ་སྒུར་ཆུང་ལ་སོགས་པ་དེ་དག་རྣམས་ལ་ཉོན་མོངས་པ་མེད་ཀྱང་།དགྲ་བཅོམ་པ་དེ་དག་རྣམས་ལ་སྔོན་གྱི་ལས་ངན་གྱི་ནུས་པ་རྣམ་པར་སྨིན་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ནི་མངོན་སུམ་དུ་མཐོང་བ་ཡིན་ནོ།།ཉན་ཐོས་ཀྱིས་བཤད་པར་བྱ་བ་རེ་ཞིག་གི་ཚེ་ན་ཡང་སྲིད་ཀྱི་སྐྱེ་བ་ཉེ་བར་ལེན་པའི་སྲིད་པ་དེ་ནི་མེད་ཅེས་ངེས་པ་ཉིད་དུ་ཡིན་ནོ་ཞེ་ན།དབུ་མས།སྲིད་པ་འདི་ཡང་ཉོན་མོངས་་པ་ཅན་གྱི་སྲེད་པ་ཕལ་པ་ལ་ཡོད་པའི་ཡང་སྲིད་ཉེ་བར་ལེན་བྱེད་དེ་ནི་དགྲ་བཅོམ་པ་རྣམས་ལ་ཡོད་པ་མིན་ན་ཡང་།ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྒྲིབ་བྱེད་ཤེས་སྒྲིབ་ཡོད་དེ།བླང་དོར་གྱི་གནས་ལ་ཀུན་ནས་རྨོངས་པའི་མ་རིག་པ་འདི་ལ་གཉིས་ཡོད་དེ།ཉོན་མོངས་པ་ཅན་གྱི་མ་རིག་པ་འཁོར་བའི་རྩ་བ་དེ་ནི་མེད་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་མི་ཤེས་པའི་རྒྱུ་བཞི་ནི།དུས་ཀྱིས་བསྐལ་པས་མི་ཤེས་པ་འཕགས་པ་ཤ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ཀྱི་ཐར་བའི་ས་བོན་མ་ཤེས་པ་དང་།གནས་ཀྱིས་བསྐལ་པས་མི་ཤེས་པ་འཕགས་པ་མོ་འགལ་གྱི་བུས་རང་གི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེ་བ་མ་ཤེས་པ་ལྟ་བུ་དང་།རྒྱུ་ཐུག་མེད་ཀྱིས་འབྲས་བུ་ཐུག་མེད་དུ་ཡོད་པར་མི་ཤེས་པ་ནི།ཇི་སྐད་དུ།རྨ་བྱའི་མདོངས་བཀྲ་གཅིག་པ་ལ་ཡང་།།རྒྱུ་མི་དབྱེ་བ་ཐ་དད་པ།།དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ།།ཀུན་མཁྱེན་ཡེ་ཤེས་མིན་པས་མིན།།ཞེས་གསུངས་པ་ལྟར་དུ་རྨ་བྱའི་མདོངས་བཀྲ་བའི་རྒྱུ་འབྲས་ཀྱི་རྣམ་དབྱེ་ཐ་དད་པ་མི་ཤེས་པ་དང་།སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་པ་སྟེ།སངས་རྒྱས་དང་ཉན་ཐོས་ཀྱི་ཁྱད་པར་ཕྱེ་བའི་མི་ཤེས་པའི་རྒྱུ་བཞིས་ཀུན་ནས་རྨོངས་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་པ་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ཡང་ཅི་སྟེ་ཞེས་ཅིིའི་དོན་དུ་མེད་དེ་ཡོད་དོ།།རྒྱུ་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་དེ་རྐྱེན་གྱིས་ནི་འབྲས་བུ་སྲེད་པ་འབྱུང་བ་ཡིན་ལ།བདེ་སྡུག་གི་ཚོར་པ་ནི་དགྲ་བཅོམ་པ་དེ་དག་རྣམས་ལ་ཡང་ཡོད་པ་ཡིན་ནོ།།རྡུལ་ཕྲན་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་ཀྱི་དམིགས་པ་བདེན་ཞེན་དང་ནི་བཅས་པའི་སེམས་འགའ་ཞིག་ནི་འདི་ཕྲ་བའི་སེམས་རྒྱུན་མི་འཆད་པར་གནས་པར་འགྱུར་བ་ཡིན་ནོ།།རྣམ་རྟོག་རགས་པ་འགགས་པ་མཐའ་མི་ཐུབ་པའི་སྟོང་པ་ཉིད་དང་ནི་བྲལ་བའི་སེམས་རགས་པ་མངོན་གྱུར་དུ་ཡོད་པ་སྒོམ་སྟོབས་ཀྱིས་འགགས་པ་སླར་ཡང་སྐྱེ་བར་འགྱུར་བ་ཡིན་ཏེ།དཔེར་ན་སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་སྟེ་བསྒོམ་པས་སེམས་དང་སེམས་བྱུང་གི་རྒྱུ་བ་རགས་པ་འགགས་ཏེ་བྱུང་ཚོར་གྱི་འདུ་ཤེས་མེད་པའི་སྙོམས་འཇུག་གི་ངང་དུ་བསྐལ་ཆེན་བརྒྱད་ཁྲི་རེའི་བར་དུ་གནས་ཏེ་སླར་འཁྲུལ་འོང་བ་བཞིན་དུ་ཡིན་པའི་རྒྱུ་མཚན་དེས་ན་སྟོང་པ་ཉིད་ཀྱི་དོན་བསྒོམ་པར་བྱའོ།།ཉན་ཐོས་ཀྱིས་མིང་ཚིག་ཡི་གེས་བསྡུས་པའི་བཀའི་ངག་གང་ཞིག་འདུལ་བ་ལ་སྣང་བ་དང་།མདོ་སྡེ་ལ་འཇུག་པ་དང་།མངོན་པའི་ཆོས་ཉིད་དང་མི་འགལ་བ་དེ་རྣམས་ནི་གལ་ཏེ་ཡོད་ན་སངས་རྒྱས་ཀྱི་གསུངས་པ་ཡིན་པར་འདོད་དེ་ཞེ་ན།དབུ་མས།འོ་ན་ཆོས་ལ་བརྟགས་པའི་མཐའ་གསུམ་དང་ལྡན་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་དང་དཀོན་བརྩེགས་དང་ཕུང་པོ་ལྔའི་རབ་ཏུ་ཕྱེད་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་ཕལ་ཆེར་ནི་ཐེག་དམན་ཁྱེད་ཅག་གི་མདོ་རྣམས་དང་མཚུངས་པར་འདོད་པ་མིན་ནམ་ཅི་སྟེ་ཡིན་ནོ།།ཉན་ཐོས་ཀྱིས།མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་རྒྱལ་བའི་བཀའ་ཡིན་ཀྱང་ཤེས་ཕྱིན་སོགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ་ཞེས་པ་ལ་སོགས་པའི་ཕྱིན་ཅི་ལོག་ཡོད་པས་བཀའ་མ་ཡིན་ནོ་ཞེ་ན།དབུ་མས།གལ་ཏེ་ཁྱེད་ཐེག་དམན་གྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་དང་དཀོན་བརྩེགས་ལ་སོགས་པ་ལ་གཏོགས་པ་ཤེས་ཕྱིན་ལྟ་བུ་གཅིག་གིས་ནི་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་སྐྱོན་དང་བཅས་ཏེ་བཀའ་མིན་པར་འགྱུར་དགོས་པ་ཡིན་ན།ངེད་ཐེག་ཆེན་གྱིས་ཀྱང་དཀོན་བརྩེགས་ལ་སོགས་པ་ཡང་ཐེག་དམན་ཁྱེད་ཅག་གི་རྒྱལ་བས་གསུངས་པའི་མདོ་སྡེ་དང་མཚུངས་པར་འདོད་པ་གཅིག་གིས་ནི་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་ནི་རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ་ཡིན་པར་ངེས་སོ།།ཉན་ཐོས་ཀྱིས།དེ་ལྟར་མིན་ཀྱང་ཤེར་ཕྱིན་སོགས་བཀའ་ཡིན་མིན་བདག་གིས་མི་ཤེས་སོ་ཞེ་ན།དབུ་མས།ཐེག་པ་ཆེན་པོའི་བཀའི་ངག་གང་ཞིག་ནི་ཉན་ཐོས་འོད་སྲུང་ཆེན་པོ་ལ་སོགས་པས་ཀྱང་གཏིང་དཔོག་པར་མ་ནུས་ཏེ་ཤེས་པར་མ་གྱུར་བ་གང་ཡིན་པ་དེ་ནི།ཁྱོད་ཙམ་གྱིས་མ་ཤེས་ཤིང་མ་རྟོགས་པས་ནི་ཐེག་ཆེན་གྱི་མདོ་སྡེ་རིན་པོ་ཆེ་ཐམས་ཅད་བཀའ་མ་ཡིན་ནོ་ཞེས་བཟུང་བར་བྱ་བ་མིན་པར་གཞན་སུ་ཞིག་གིས་བྱེད་དེ།ཐེག་ཆེན་གྱི་མདོ་ཐམས་ཅད་ནི་གཟུང་བྱ་ཁོ་ན་ཡིན་ནོ།།གཉིས་པ་ལམ་སྟོང་ཉིད་ཀྱི་གཉེན་པོ་སྒོམ་ཚུལ་ནི།རྨོངས་པས་སྡུག་བསྔལ་ཅན་དོན་དུ།།སོགས་ནས།སུ་ཞིག་ཡིན།།ཅེས་པའི་བར་གྱིས་བསྟན།ཉན་ཐོས་ཀྱིས།ཁྱོད་དབུ་མས་ཤེས་རབ་ཀྱིས་མ་རིག་པ་རྒྱུན་གཅོད་མ་ནུས་བཞིན་དུ་འཁོར་བར་གནས་པ་ལ་ཐ་མལ་པ་དང་ཁྱད་ཅི་ཡོད་ཅེ་ན།དབུ་མས།དེ་ལྟར་གོང་དུ་བཤད་པའི་རྗོད་བྱེད་ལུང་གི་ཆོས་རྣམས་བཀའ་ཡིན་པར་འགྲུབ་ན།དེའི་ནང་དུ་གསུངས་པའི་བརྗོད་བྱ་ལམ་སྟོང་ཉིད་ཀྱི་དོན་རྟོགས་ན་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པས།བྱང་སེམས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པའི་སྟོང་པ་ཉིད་ཤེས་པས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་འཁོར་བ་དང་ངན་སོང་གི་གནས་ཐམས་ཅད་དུ་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོ་སྐྱེས་ཕལ་པ་ལྟར་དུ་ཕུང་པོ་ལྔ་ལ་ཆགས་པའི་མཐའ་ལས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་གྲོལ་བ་དང་།ཉན་རང་ལྟ་བུ་ཕུང་པོ་ལྔ་པོ་གཤེད་མ་རལ་གྲི་ཐོགས་པ་མཐོང་བ་བཞིན་དུ་འཇིགས་པའི་མཐའ་ལས་སྙིང་རྗེས་གྲོལ་བ་ཡིན་ཚུལ་ཤེས་ནས་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གི་ལམ་ཉམས་སུ་བླངས་པས་སྐྱེ་བ་ལེན་པ་འཁོར་ལོས་སྒྱུར་རྒྱལ་སྐྱེད་མོའི་ཚལ་ནས་སྐྱེད་མོའི་ཚལ་དུ་འགྲོ་བ་ཇི་བཞིན་ཕུང་པོ་ལྔའི་འཁོར་བར་བསྐལ་པ་གྲངས་མེད་མང་པོར་གནས་ཏེ།མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་འགྲུབ་པར་འགྱུར་བ་འདི་ནི་ལམ་དུས་སུ་སྟོང་པ་ཉིད་ཀྱི་དོན་བསྒོམ་པའི་འབྲས་བུ་ཡིན་ནོ།།གོང་དུ་བཤད་པ་དེ་ལྟར་དུ་བདེན་བཞི་སྐད་ཅིག་བཅུ་དྲུག་ཙམ་ཞིག་ཤེས་བས་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ལ་སྨད་པས་སུན་འབྱིན་པ་ནི་འཐད་པ་མ་ཡིན་པའི་རྒྱུ་མཚན་དེས་ན།ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ལ་བདེན་ནམ་མི་བདེན་སྙམ་པས་ཐེ་ཚོམ་མ་ཟ་བར་སྟོང་པ་ཉིད་ཀྱི་དོན་ནི་བསྒོམ་པར་བྱ་བ་ཁོ་ནའོ།།ཉན་ཐོས་ཀྱིས།ལམ་སྟོང་པ་ཉིད་བསྒོམ་པ་ལ་དོན་ཅི་ཞིག་ཡོད་ཅེ་ན།དབུ་མས།མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པའི་ཉོན་མོངས་པ་ཅན་གྱི་སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང་།སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བར་དུ་གཅོད་པའི་ཉོན་མོངས་པ་ཅན་མ་ཡིན་པའི་འཁོར་གསུམ་བདེན་ཞེན་ནི་ཤེས་བྱའི་སྒྲིབ་པ་དེ་ཡི་མུན་པའི་གཉེན་པོ་སྟོང་པ་ཉིད་ཡིན་པས་ན།མྱུར་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་ནི་སྟོང་པ་ཉིད་ཀྱི་དོན་དེ་ནི་ཇི་ལྟར་ན་སྒོམ་པར་མི་བྱེད་དེ་བྱེད་དགོས་སོ།།ཉན་ཐོས་ཀྱིས།སྟོང་པ་ཉིད་ལ་ཡིད་མི་ཆེས་པས་སྐྲག་གོ་ཞེ་ན།དབུ་མས།མེ་ཆུ་ལ་སོགས་པའི་དངོས་པོ་གཞན་གང་གིས་ནི་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་རྒྱུད་ལ་མྱུར་དུ་སྐྱེད་པར་བྱེད་པ་མེ་ཆུ་ལྟ་བུའི་གང་ཡིན་པའི་དངོས་པོ་དེ་དང་དེ་དག་ལ་སྐྲག་པ་སྐྱེ་བར་འགྱུར་བ་འོས་ཤིང་རིགས་པ་ཡིན་ནའང་།སྟོང་པ་ཉིད་ཀྱི་དོན་བསྒོམ་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ཡིན་པའི་ཕྱིར་ན་སྟོང་པ་ཉིད་ཀྱི་དོན་དེ་ལ་འཇིགས་ཤིང་སྐྲག་པ་ཇི་ལྟར་དུ་སྐྱེ་ཏེ་སྐྱེ་བར་མི་རིགས་སོ།།གལ་ཏེ་སྐྲག་མཁན་གང་ཟག་གི་བདག་འགའ་ཞིག་རང་བཞིན་གྱིས་གྲུབ་པ་ཡོད་པར་གྱུར་ན་ནི།མེ་ཆུ་མཚོན་ཆ་སྟོང་ཉིད་དོན་ལ་སོགས་པ་དངོས་པོ་དང་དངོས་མེད་གང་ཅི་ཡང་རུང་བ་ལ་འཇིགས་ཤིང་སྐྲག་པ་སྐྱེ་བར་འགྱུར་བ་ཡིན་པར་རིགས་ཤིང་འོས་པ་ཡིན་ནའང་།ཐེག་དམན་ཉན་རང་ལའང་སྐྲག་མཁན་གང་ཟག་གི་བདག་ཉིད་ནི་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པར་འདོད་པ་མིན་པས་ན།སྟོང་ཉིད་ཀྱི་དོན་ལ་འཇིགས་ཤིང་སྐྲག་པར་འགྱུར་པ་པོ་སུ་ཞིག་ཡིན་ཏེ།དོན་ལ་རང་བཞིན་གྱིས་གྲུབ་པའི་གང་ཟག་གི་བདག་གཅིག་མེད་པར་ངེས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་ལྟ་བ་གཏན་ལ་ཕབ་པ་སོང་ནས།གཉིས་པ་བསྒོམ་པས་ཉམས་སུ་ལེན་ཚུལ་ལའང་།གང་ཟག་གི་བདག་མེད་བསྒོམ་ཚུལ་དང་།ཆོས་ཀྱི་བདག་མེད་བསྒོམ་ཚུལ་གཉིས་ལས།དང་པོ་གང་ཟག་གི་བདག་མེད་བསྒོམ་ཚུལ་ལའང་།ལྷག་སྐྱེས་ཀྱི་བདག་སྟོང་པ་བསྒོམ་ཚུལ་དང་།ཀུན་བརྟག་གི་བདག་སྟོང་པ་བསྒོམ་ཚུལ་དང་གཉིས་ལས།དང་པོ་ནི།སོ་དང་སྐྲ་སེན་བདག་མ་ཡིན།།སོགས་ནས།བདག་ལ་ཡིན།།ཅེས་པའི་བར་གྱིས་བསྟན།ཕྱི་རོལ་པས།གང་ཟག་ངར་འཛིན་ལྷན་སྐྱེས་ཀྱི་བདག་རང་བཞིན་གྱིས་གྲུབ་པོ་ཞེ་ན།དབུ་མས།དེ་ལྟར་གོང་དུ་བཤད་པའི་གང་ཟག་གི་བདག་ཅེས་པ་དེ་ཡང་དང་པོར་རང་རྒྱུད་ལ་ཡེ་ནས་བདེ་གཤེགས་སྙིང་པོ་ལྷན་སྐྱེས་སུ་ཡོད་པའི་བདག་གློ་བུར་དུ་འབྲལ་རུང་ཅན་གྱི་བདག་ཉིད་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་དུ་གནས་ཏེ།བསྒོམ་ལ་སོགས་པ་ཡོད་པའི་ཚེ་ན་འུར་སྒྲ་ལ་སོགས་པའི་རྐྱེན་ཅི་བྱུང་ན་ཡང་དེ་མ་ཐག་ཏུ་སྙིང་འཐོར་འགྲོ་བ་ལྟ་བུའི་སྐྲག་སེམས་སྐད་ཅིག་མ་ཞིག་སྐྱེ་འོང་བ་དེ་ལ་ངར་འཛིན་ལྷན་སྐྱེས་ཀྱི་བདག་ཟེར་བ་དེ་ཉིད་པ་དང་།ཆུ་དང་མེ་དང་རླུང་དང་ནམ་མཁའི་དང་རྣམ་པར་ཤེས་པའི་ཁམས་དང་དྲུག་གི་སྟེང་དུ་བཙལ་ན་ལྷན་སྐྱེས་ཀྱི་བདག་རང་བཞིན་གྱིས་གྲུབ་པ་ཞིག་མི་རྙེད་པའི་ཚུལ་ནི།ལུས་འདིའི་སྲ་བའི་ཆ་སའི་ཁམས་ཀྱི་ཐོག་ལ་ལྷན་སྐྱེས་ཀྱི་བདག་རང་བཞིན་གྱིས་མ་གྲུབ་སྟེ།འདི་ལྟར་སོ་རྣམས་ནི་ལྷན་སྐྱེས་ཀྱི་བདག་ལ་མ་ཡིན་པ་དང་།དེ་བཞིན་དུ་སྐྲ་དང་རྐང་ལག་གི་སེན་མོ་བདག་མ་ཡིན་པ་དང་།ལྷན་སྐྱེས་ཀྱི་བདག་དེ་ནི་སྲ་བ་རུས་པ་རྣམས་ཀྱང་མ་ཡིན་པ་དང་།དེ་བཞིན་དུ་ལུས་འདིའི་གཤེར་བའི་ཆ་ཆུའི་ཁམས་ཀྱི་ཐོག་ན་ཡང་བདག་རང་བཞིན་གྲུབ་པ་མིན་པའི་ཚུལ་ནི།ཁྲག་རྣམས་ལྷན་སྐྱེས་ཀྱི་བདག་མ་ཡིན་པ་དང་།སྣབས་བདག་མིན་པ་དང་།མཆིལ་མ་ལ་སོགས་པའི་བད་ཀན་ཡང་བདག་མ་ཡིན་ཏེ།ཆུ་སེར་དང་ནི་རྣག་ཀྱང་བདག་མིན་པ་དང་།ལྷན་སྐྱེས་ཀྱི་བདག་ནི་རུས་པའི་གསང་པའི་སྣུམ་གྱི་ཞག་ཀྱང་མིན་པ་དང་།དྲོད་ཀྱི་རྐྱེན་གྱིས་ལུས་ལ་དངུལ་ཆུ་འབྱུང་བ་རྣམས་ཀྱང་བདག་མིན་ཏེ།གློ་བ་དང་མཆིན་པ་དེ་དག་ཀྱང་ནི་བདག་མ་ཡིན་པ་དང་།ནང་ཁྲོལ་གཞན་སྙིང་དང་རྒྱུ་མ་དང་མཁལ་མ་ལ་སོགས་པ་ཡང་བདག་མིན་ཏེ།དེ་བཞིན་དུ་བདག་ནི་ལུས་ལས་བྱུང་བའི་ཕྱི་ས་དང་གཅིན་ཡང་བདག་མ་ཡིན་པ་དང་།ལུས་ཀྱི་ནང་གི་ཤ་དང་ཕྱི་རུ་པགས་པ་ཡང་བདག་མིན་ཏེ་ཆུའི་ཁམས་ལ་བཙལ་ན་བདག་མི་རྙེད་དོ།།མེའི་ཁམས་ནི་ལུས་ཀྱི་དྲོད་རྣམས་བདག་མ་ཡིན་པ་དང་།ཁ་སྣའི་རླུང་ལ་སོགས་པ་ཡང་བདག་མ་ཡིན་པ་དང་།ལུས་ཀྱི་ནང་དང་རྩའི་སྦུབ་སྟོང་རྣ་བ་དང་སྣའི་བུ་ག་ལ་སོགས་པའི་ནང་གི་ནམ་མཁའི་ཁམས་ཀྱང་བདག་མིན་པ་དང་།གཟུགས་མཛེས་སམ་མི་མཛེས་པ་ལ་བལྟ་བའི་མིག་གི་རྣམ་པར་ཤེས་པ་དང་།དེ་བཞིན་སྒྲ་སྙན་མི་སྙན་འཛིན་པའི་རྣ་ཤེས་དང་།དྲི་ཞིམ་མི་ཞིམ་ལ་སོགས་པའི་དཔྱོད་པའི་སྣ་ཤེས་དང་།རེ་བཅུད་དམ་མི་བཅུད་ལ་དཔྱོད་པའི་ལྕེ་ཤེས་དང་།རེག་བྱ་འཇམ་མི་འཇམ་པ་ལ་དཔྱོད་པའི་ལུས་ཤེས་དང་།ཆོས་ཀུན་བཟང་ངམ་ངན་པ་ལ་དཔྱོད་པའི་ཡིད་ཤེས་ཏེ།དེ་ལྟར་དུས་དང་རྣམ་པ་ཀུན་ཏུ་རྣམ་པར་ཤེས་པ་དྲུག་པོ་དག་ཀྱང་ལྷན་སྐྱེས་ཀྱི་བདག་མ་ཡིན་ཏེ།སྔ་འགྱུར་རྙིང་མ་བ་ལྟར་ན་བདག་དང་པོ་བྱུང་ས་དང་བར་དུ་གནས་ས་དང་ཐ་མ་འགྲོ་ས་གསུམ་ལ་བརྟག་ནའང་བྱུང་གནས་འགྲོ་བ་གསུམ་དང་བྲལ་བས་རང་བཞིན་མ་གྲུབ་པ་དང་།ཕྱི་འགྱུར་གསར་མ་བ་ལྟར་ནའང་བདག་དང་ཕུང་པོ་ལྔ་གཅིག་པ་ཡིན་ན་ལུས་སོགས་ལ་བལྟ་རེག་ལ་སོགས་པ་ནུས་པ་བཞིན་དུ་བདག་དེའང་བལྟ་རེག་མཐོང་ཐོས་ལ་སོགས་སུ་འགྱུར་བའི་སྐྱོན་དང་།ཡང་ན་བདག་ལ་ལྟ་རེག་མཐོང་ཐོས་སུ་མི་ནུས་པ་ལྟར་ལུས་སོགས་ལའང་བལྟ་རེག་ལ་སོགས་པ་མི་ནུས་པས་གཅིག་དང་ཡང་བྲལ་ལ།བདག་དུ་མ་ཡིན་ན་ཕུང་པོ་ལྔ་ལུས་ལ་སོགས་ན་བདག་ཅེས་པ་འདིའོ་ཞེས་སྟོན་རྒྱུ་ཞིག་ཡོད་དགོས་ཀྱང་མེད་པས་ན།གཅིག་དང་དུ་བྲལ་གྱི་རིགས་པས་བརྟགས་ནས་ལྷན་སྐྱེས་ཀྱི་བདག་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་གཏན་ལ་ཕབ་པའོ།།གཉིས་པ་གྲུབ་མཐའ་ངན་པའམ་བློས་བཏགས་པའི་ཀུན་བརྟག་གི་བདག་སྟོང་པར་བསྒོམ་ཚུལ་ལའང་།བདག་ཤེས་པར་འདོད་པ་དགག་པ་དང་།བདག་བེམས་པོར་འདོད་པ་དགག་པ་དང་།བདག་མེད་པའི་དོན་ལ་རྩོད་པ་སྤང་བ་དང་གསུམ་ལས།དང་པོ་ནི།གལ་ཏེ་སྒྲ་ཡི་ཤེས་རྟག་ན།།སོགས་ནས།རྟེན་གང་ཡིན།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།ལྷན་སྐྱེས་ངར་འཛིན་གྱི་བདག་རང་བཞིན་གྱིས་ཡོད་དེ།ཀུན་བརྟགས་ཀྱི་བདག་སྒྲ་འཛིན་ཤེས་པ་ལ་སོགས་པ་རྟག་པ་ཡིན་ནོ་ཞེ་ན།དབུ་མས།ཡུལ་འགགས་རུང་གལ་ཏེ་སྒྲ་འཛིན་པ་དེ་ཡི་ཤེས་པ་ལ་སོགས་པ་ཡུལ་ལྔའི་ཤེས་པ་རྟག་པ་ཡིན་ན།དུས་དང་རྣམ་པ་ཐམས་ཅད་ཀྱི་ཚེ་ན་རྔ་སྒྲ་ལ་སོགས་པའི་ཡུལ་གྱི་སྒྲ་གཅིག་ཁོ་ན་འཛིན་པར་འགྱུར་དགོས་ཏེ།ཤེས་པ་རྟག་པ་གཅིག་ཡིན་ན་ཡུལ་གཅིག་ཁོ་ན་འཛིན་པ་ལས་ཡུལ་གཞན་འཛིན་ན་མི་རིགས་སོ།།ཕྱི་རོལ་གྲངས་ཅན་པས།ཡུལ་རྔ་སྒྲ་ལ་སོགས་པ་འགགས་པས་མེད་པ་ཡིན་ཀྱང་།རྔ་སྒྲ་ལྟ་བུ་འཛིན་པའི་ཤེས་པ་ཤུལ་དུ་ལྷག་ཡོད་དོ་ཞེ་ན།དབུ་མས།ཡུལ་ཤེས་བྱ་རྔ་སྒྲ་ལ་སོགས་པ་མེད་ན་ཡུལ་ཅན་གྱི་ཤེས་པ་རྟག་པ་ཤུལ་དུ་ལྷག་ཡོད་པ་དེས་ཡུལ་ལྔ་མ་ཡིན་པའི་གཞན་ཅི་ཞིག་རིག་ནས་རྒྱུ་མཚན་གང་གིས་ཡུལ་འཛིན་གྱི་ཤེས་པ་ཞེས་རྗོད་པར་བྱེད་དེ་ཤེས་པ་ཞེས་རྗོད་པར་མི་རིགས་སོ།།གྲངས་ཅན་པས།ཡུལ་ཅན་གྱི་ཤེས་པ་ཤུལ་དུ་ལྷག་ཡོད་པ་དེས་ཡུལ་ཅི་ཡང་མ་ཤེས་ནའང་ཤེས་པ་རྟག་པ་ཡིན་ནོ་ཞེ་ན།དབུ་མས།གལ་དེ་ཡུལ་ཤེས་བྱ་རྔ་སྒྲ་ལ་སོགས་པ་འགག་དེ་མེད་པར་གྱུར་ཚེ།ཡུལ་ཅན་གྱི་ཤེས་པ་རྟག་པ་ཡོད་པ་ཡིན་ན་ཤིང་ལ་སོགས་པའི་ཡུལ་ཀུན་ཡང་སེམས་ཅན་ཡིན་པར་ཐལ་བར་གྱུར་བ་ཡིན་པ་རྒྱུ་མཚན་དེས་ན།ཡུལ་ཤེས་བྱ་རྔ་སྒྲ་ལ་སོགས་ལ་ཉེ་བར་གནས་པ་མེད་པར་གྱུར་ཚེ།ཡུལ་ཅན་གྱི་ཤེས་པ་དེ་མ་ཐག་ཏུ་འགགས་ཏེ་མེད་ཅེས་ངེས་པ་ཉིད་ཡིན་ནོ་ཞེས་པ་འདི་ནི་ནང་པ་སངས་རྒྱས་ཀྱི་ཆོས་སྐད་ཐུན་མོང་མ་ཡིན་པ་འདི་ཤེས་དགོས་གལ་ཆེ་སྟེ་ཡུལ་མེད་ཚེ་ཡུལ་ཅན་གྱི་ཤེས་པ་འགགས་ངེས་པ་ཡིན་ནོ་གསུངས་སོ།།གྲངས་ཅན་པས།ཡུལ་སྒྲ་འགགས་ཏེ་མེད་རུང་སྔར་སྒྲ་འཛིན་གྱི་ཤེས་པ་རྟག་པ་དེ་ཉིད་ཀྱིས་ནི་ད་ལྟ་ཡུལ་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་ནོ་ཞེ་ན།དབུ་མས།འོ་ན་གཟུགས་འཛིན་པ་དེའི་ཚེ་ན་སྔར་གྱི་ཡུལ་རྔ་སྒྲ་ཐོས་པ་ལ་སོགས་པའང་ཅི་སྟེ་ཞེས་ཅིའི་དོན་དུ་མིན་ཏེ་སྒྲ་ཡང་ཐོས་དགོས་པ་ཡིན་ནོ།།གྲངས་ཅན་པས།ཡུལ་རྔ་སྒྲ་ལ་སོགས་པ་མི་ཐོས་པ་ནི་གལ་ཏེ་ཡུལ་སྒྲ་ལ་སོགས་པ་འགགས་ནས།ཡུལ་གྱི་རྔ་སྒྲ་འགགས་པ་དང་ཡུལ་ཅན་གྱི་ཤེས་པ་ཡང་དེ་དང་ཐག་རིང་སྟེ་ཡུལ་དང་ཡུལ་ཅན་མི་ཉེ་བའི་ཕྱིར་རོ་ཞེ་ན།དབུ་མས།རྔ་སྒྲ་ལ་སོགས་པའི་ཡུལ་མེད་པའི་རྒྱུ་མཚན་དེས་ན་ཡུལ་དེ་ཡི་འཛིན་བྱེད་ཀྱི་ཡུལ་ཅན་གྱི་ཤེས་པ་དེའང་མེད་ངེས་པ་ཅན་ཡིན་ཏེ།མར་ཁུ་ཟད་པ་དང་མཉམ་དུ་མར་མེའང་འཆི་བ་བཞིན་དུ་རྟེན་ཡུལ་འགགས་པའི་ཚེ་ན་བརྟེན་པ་རྣམ་ཤེས་མི་འགགས་པའི་ཐབས་མེད་དོ།།དེ་ལྟར་ན་སྔར་སྒྲ་འཛིན་པའི་ཤེས་པའི་རང་བཞིན་ཅན་གང་ཡིན་པ་དེ་ཉིད་ད་ལྟ་གཟུགས་འཛིན་པའི་ཤེས་པ་ཡིན་པར་ཇི་ལྟར་དུ་འགྱུར་ཏེ།འགལ་བ་ཡིན་པས་མི་རིགས་ཏེ།དཔེར་ན་ལོང་བས་གཟུགས་མི་མཐོང་ཡང་སྒྲ་ཐོས་པ་དང་།འོན་པས་སྒྲ་མི་ཐོས་ཀྱང་གཟུགས་མཐོང་བ་མངོན་སུམ་ཡིན་ཕྱིར་ཤེས་པ་མི་རྟག་པ་ཡིན་ནོ།།གྲངས་ཅན་པས།ཤེས་པ་རྟག་པ་གཅིག་གིས་དང་པོ་སྒྲ་འཛིན་པ་དེས་ཕྱིས་གཟུགས་འཛིན་པ་དཔེར་ན་མི་གཅིག་ལའང་རང་གི་ཕ་ལ་ལྟོས་ནས་བུ་དང་།བུ་ལ་ལྟོས་ན་ཕར་འཛིན་པ་བཞིན་དུ་ཤེས་པ་རྟག་པ་གཅིག་གིས་སྒྲ་དང་གཟུགས་གཉིས་ཀ་འཛིན་པར་ནུས་སོ་ཞེ་ན།དབུ་མས།འདི་ལྟར་མི་གཅིག་ལ་ནི་བུ་བསྐྱེད་པ་པོ་ཙམ་ལ་ལྟོས་ནས་ཕ་ལ་འཇོག་པ་དང་།ཕ་ལ་ལྟོས་ནས་བུ་ཉིད་དུ་ལྟོས་ས་དང་ལྟོས་འཇོག་གིས་བཞག་ཏེ་མིང་དུ་བརྟགས་པ་ཡིན་པ་ཙམ་ཞིག་མ་གཏོགས་པར་དོན་ལ་ཡང་དག་པར་ན་མི་གཅིག་པོ་དེ་ཕ་དང་བུ་གཉིས་ཀ་ཉིད་དུ་མིན་ཏེ།འདི་ལྟར་དུ་སྙིང་སྟོབས་ཞེས་བྱ་བ་སྡུག་བསྔལ་དང་།རྡུལ་ཞེས་བྱ་བ་བདེ་བ་དེ་དང་ནི་མུན་པ་ཞེས་བྱ་བ་བཏང་སྙོམས་ཏེ་བདེ་སྡུག་བཏང་སྙོམས་གསུམ་མམ།མི་དེའི་ལུས་ངག་ཡིད་གསུམ་ནི་བུ་ཡང་མིན་ལ་ཕ་ཡང་མིན་པ་རྒྱུ་མཚན་དེའི་ཕྱིར་ན་གཟུགས་འཛིན་གྱི་ཤེས་པ་དེ་ནི་སྒྲ་འཛིན་པ་དང་ལྡན་པའི་ཤེས་པའི་རང་བཞིན་ཉིད་དུ་ནི་མཐོང་བ་མ་ཡིན་ཏེ།དེ་ལྟར་ཡིན་པའི་རྟགས་ཅི་ཡོད་དེ་རྟགས་མེད་དོ།།གྲངས་ཅན་པས།རྟགས་ཡོད་དེ་དཔེར་ན་མི་གཅིག་གིས་སྔ་གྲོ་ཞི་བའི་འབགས་དང་།ཕྱི་དྲོ་ཁྲོ་བོའི་འབགས་ལྟ་བུ་ཞིག་གྱོན་ནས་གར་སྣ་ཚོགས་ཀྱི་ཚུལ་འཆམས་ཀྱང་།ནང་མི་ཉིད་གཅིག་ཡིན་པ་བཞིན་དུ་ནང་གི་ཤེས་པ་གཅིག་ཡིན་ཀྱང་ཕྱི་རོལ་དུ་ཚུལ་གཞན་དང་གཞན་མི་འདྲ་བའི་ཚུལ་གྱིས་ཡུལ་སྒྲ་དང་གཟུགས་ལ་སོགས་པ་སོ་སོར་གཟུང་ཡང་།དོན་སྔར་གྱི་ནང་གི་ཤེས་པ་དེ་ཉིད་གཟིགས་སུ་མཐོང་བ་ཡིན་ནོ་ཞེ་ན།དབུ་མས།ཕྱི་རོལ་ཏུ་དཔེ་གར་མཁན་ལྟ་བུར་ལུས་ངག་གི་རྣམ་འགྱུར་གྱི་ཚུལ་གཞན་དང་གཞན་མི་འདྲ་བའི་ཚུལ་གྱིས་དོན་སྔར་གྱི་ནང་གི་ཤེས་པ་རྟག་པ་དེ་ཉིད་ཁོ་ན་མཐོང་ན་ནི་འོ་ན་ཤེས་པ་དེ་ཉིད་རྟག་པ་མིན་ཏེ།ཚུལ་གཞན་དང་གཞན་གྱིས་མི་རྟག་པར་འགྱུར་བ་ཡིན་ནོ།།གྲངས་ཅན་པས།ཤེས་པ་རང་བཞིན་རྟག་ལ་ཚུལ་གཞན་གྱི་རྣམ་འགྱུར་མི་རྟག་ཀྱང་།སྔར་གྱི་ཤེས་པ་དེ་ཉིད་གཅིག་ཏུ་རྟག་གོ་ཞེ་ན།དབུ་མས།གལ་ཏེ་ཤེས་པ་ཚུལ་གཞན་རྣམ་འགྱུར་མི་མི་རྟག་ཀྱང་སྔར་གྱི་ཤེས་པ་དེའི་རང་བཞིན་ནམ་དེ་ཉིད་གཅིག་པུ་རྟག་པ་ཡིན་ན།དེ་ལྟ་བུའི་གཅིག་ཉིད་དེ་ནི་སྔོན་ཆད་མེད་པའི་གཅིག་པ་ཞིག་ཡིན་ཏེ།རྟག་པ་དང་མི་རྟག་པ་གཉིས་གཅིག་ཡིན་ཚེ་དཀར་ནག་དང་ཚ་གྲང་།ལོག་ལྟ་དང་དད་པ།སྐྱོན་དང་ཡོན་ཏན་ཐམས་ཅད་གཅིག་ཡིན་པར་འགྱུར་རོ།།གྲངས་ཅན་པས།ཤེས་པ་ངོ་བོ་རྟག་ཀྱང་ཚུལ་གཞན་བདེན་པ་མ་ཡིན་པའི་གནས་སྐབས་མི་རྟག་གོ་ཞེ་ན།དབུ་མས།གལ་ཏེ་ཤེས་པ་ངོ་བོ་རྟག་ཀྱང་ཚུལ་གཞན་བདེན་པ་མིན་པའི་གནས་སྐབས་མི་རྟག་པ་དེ་ལྟ་བུའི་ཤེས་པ་ཞིག་ཡོད་ན།ཡུལ་གཅིག་དང་མ་འདྲེས་པའི་ཤེས་པ་དེ་ཡི་རང་གི་རང་བཞིན་གཅེར་བུ་དེ་ནི་སྨྲོས་ཏེ་ཤོད་ཅིག་གསུངས་པ་ལ།གྲངས་ཅན་པས།དེ་ལྟ་བུའི་རང་བཞིན་ནི་ཤེས་པ་ཙམ་ཉིད་དུ་ཡིན་ཅེ་ན།དབུ་མས།དེ་ལྟ་བུ་ཐམས་ཅད་ཤེས་པ་ཡོད་པ་ཙམ་ཉིད་ཀྱི་རང་བཞིན་ཡིན་ན་ནི་རང་དང་གཞན་ལ་སོགས་པའི་སྐྱེས་སོ་ཅོག་ཐམས་ཅད་ཀུན་གཅིག་ཏུ་ཡིན་པར་ཐལ་བར་འགྱུར་ཏེ།དེ་ལྟར་ན་སེམས་པ་མི་ལ་སོགས་པ་དང་སེམས་མེད་བེམ་པོ་རྡོ་ཤིང་ལ་སོགས་པ་དེ་དག་ཐམས་ཅད་ཀུན་ཀྱང་གཅིག་པར་འགྱུར་ཏེ།དེ་ལྟར་ཡིན་བྱེད་རྒྱུ་མཚན་གང་གི་ཕྱིར་དུ་ཡིན་སྙམ་ན།རང་གཞན་དང་སྣོད་ཀྱི་འཇིག་རྟེན་རྣམས་ནི་ཡོད་པ་ཉིད་དུ་མཚུངས་པ་ཡིན་ནོ་ཞེས་བདག་ཤེས་པ་རྟག་པར་འདོད་པ་རང་བཞིན་མ་གྲུབ་པར་གཏན་ལ་ཕབ་པའོ།།གྲངས་ཅན་པས།སྤྱིའི་ཤེས་པ་ཀུན་ལ་ཁྱབ་པས་བདེན་ཀྱང་།བྱེ་བྲག་གི་ཤེས་པ་སྒྲ་འཛིན་གྱི་ཤེས་པ་དང་གཟུགས་འཛིན་གྱི་ཤེས་པ་ལ་སོགས་པ་ཐམས་ཅད་མི་བདེན་ཕྱིན་ཅི་ལོག་ཡིན་ནོ།།དབུ་མས།སྤྱིའི་ཤེས་པ་བདེན་པ་ཡིན་པ་གང་གི་ཚེ་ན།བྱེ་བྲག་གི་ཤེས་པ་ཕྱིན་ཅི་ལོག་ཐམས་ཅད་མི་རྟག་པ་ཡིན་པ་དེའི་ཚེ་ན།ཤེས་པ་བདེན་པ་དང་མི་བདེན་པ་དེ་འདྲ་བའི་རྟེན་གང་ཞིག་ཡིན་ཏེ།རྟེན་མེད་པར་ངེས་པས་སེམས་སྐད་ཅིག་གི་ཕྲེང་བ་ཡིན་ཚེ་རྣམ་ཤེས་དྲུག་པོ་བདག་མིན་པར་ཤེས་དགོས་གལ་ཆེ་གསུངས་སོ།།གཉིས་པ་བེམ་པོར་འདོད་པ་དགག་པ་ནི།སེམས་མེད་པ་ཡང་བདག་མིན་ཏེ།།སོགས་ནས།བྱས་པར་འགྱུར།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་རིག་པ་ཅན་གྱིས།བདག་ཤེས་པ་རྟག་པ་མིན་ཀྱང་།ཤེས་པ་ཡང་མ་ཡིན།གཟུགས་ཅན་ཡང་མ་ཡིན་པའི་བདག་བེམ་པོ་རྟག་པ་ཞིག་ཡོད་དོ་ཞེ་ན།དབུ་མས།གཟུགས་ཅན་ཡང་མ་ཡིན།སེམས་ཤེས་པ་མེད་པ་དེ་ལྟ་བུའི་བདག་བེམ་པོ་རྟག་པར་འདོད་པ་དེ་ཡང་ལས་འབྲས་ཀྱི་བདག་མིན་ཏེ།རྒྱུ་མཚན་ཅིའི་ཕྱིར་ན།སེམས་མེད་པ་ཉིད་ཀྱི་ཕྱིར་དུ་དཔེ་བུམ་པ་དང་ཀ་བ་ལ་སོགས་པ་བཞིན་ནོ།།རིག་པ་ཅན་གྱིས།འོན་ཏེ་ཡུལ་ལ་ལོངས་སྤྱོད་བྱེད་ཀྱི་རྐྱེན་སེམས་པ་དང་ལྡན་པའི་ཕྱིར་དུ་ཡུལ་ཤེས་སོ་ཞེས་ན།དབུ་མས།འོ་ན་མི་ཤེས་པའི་མཚན་ཉིད་དེ་ནི་འཇིག་པར་ཐལ་ལོ།།རིག་པ་ཅན་གྱིས།དཔེ་དོན་ཇི་ཞིག་ནས་བཤད་ཀྱང་སྟེ་ངེད་ཕྱི་རོལ་རིག་པ་ཅན་གྱི་བདག་བེམ་པོ་དེ་ཉིད་ཀྱི་གནས་སྐབས་རྐྱེན་སེམས་པ་སོགས་དང་འཕྲད་ཚེ་མི་རྟག་ཀྱང་བདག་རྟག་པ་རང་གི་ངོ་བོ་དེ་ལ་ནི་རྐྱེན་ཅི་ཞིག་གིས་ཀྱང་འགྱུར་བ་མེད་དོ་ཞེ་ན།དབུ་མས།འོ་ན་རྐྱེན་སེམས་པ་མི་རྟག་པས་བདག་བེམ་པོ་རྟག་པ་དེ་ལ་བྱ་བ་ཅི་ཞིག་བྱས་ཏེ།བྱ་བ་ཅི་ཡང་མ་བྱས་པ་དེ་ལྟར་ན་བདག་ལ་ཤེས་པ་མེད་ཚེ་ཡུལ་ལ་ལོངས་སྤྱོད་པའི་བྱ་བ་ཐམས་ཅད་དང་བྲལ་བ་ཡིན་པས་རྒྱུ་འབྲས་ཀྱི་རྟེན་དུ་མི་རུང་བ་དཔེར་ན་ནམ་མཁའ་སྟོང་པ་འདི་ཉིད་བདག་ཏུ་བྱས་པར་འགྱུར་བ་དང་མཚུངས་སོ།།གསུམ་པ་བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་ལའང་།བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤང་།བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤང་།བཏགས་པའི་བདག་མི་འགོག་པར་བསྟན་པ་དང་གསུམ་ལས།དང་པོ་ནི།གལ་ཏེ་བདག་ཉིད་ཡོད་མིན་ན།།སོགས་ནས།ཡང་དག་མིན།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།བདག་རྟག་པ་ཞིག་ཡོད་ན་ཚེ་སྔ་ཕྱིའི་རྒྱུ་ལས་བསགས་པ་དང་འབྲས་བུ་མྱོང་བ་གཉིས་ཀྱི་འབྲེལ་བ་རིགས་པ་ཡིན་མ་གཏོགས་ཁྱེད་དབུ་མས་གལ་ཏེ་གང་ཟག་གི་བདག་རྟག་པ་ནི་ཡོད་པ་མིན་ན་ངེད་ཀྱི་ཕྱི་རོལ་བ་དང་ཁྱེད་ནང་པ་གཉིས་ལའང་བདག་བསྒྲུབ་པའི་དོན་རྩ་རྒྱུ་ལས་བསགས་པ་དང་འབྲས་བུ་སྡུག་བསྔལ་མྱོང་བ་པོ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་རིགས་ཤིང་འཐད་པ་མིན་ཏེ།ད་ལྟ་མིའི་ཕུང་པོ་ལྔས་ནི་སྲོག་གཅོད་པ་སོགས་པའི་རྒྱུ་མི་དགེ་བའི་ལས་བྱས་ནས་དེ་ནས་ཕུང་པོ་ལྔ་ནི་འགག་སྟེ་ཞིག་པར་གྱུར་པས་ན།ཕྱིན་ཆད་དམྱལ་བ་ལ་སོགས་པའི་གནས་སུ་སྡུག་བསྔལ་མྱོང་བའི་འབྲས་བུ་དེ་ནི་གང་ཟག་སུ་ཡི་ལས་སུ་འགྱུར་དགོས་པ་ཡིན་ཞེ་ན།དབུ་མས།ལས་རྒྱུ་འབྲས་ལ་སྦྲེལ་ཐག་གི་བདག་རྟག་པ་ཅི་ཡང་མི་དགོས་ཏེ།བྱེད་མཁན་གྱི་གང་ཟག་དེས་བྱ་བ་ཡུལ་ལུག་ལ་སོགས་པ་བསད་པ་དང་།འབྲས་བུ་དམྱལ་བའི་སྡུག་བསྔལ་མྱོང་བ་ལྟ་བུ་གཉིས་ནི་གཞི་ཐ་དད་པ་མིའི་འགྲོ་བ་དང་དམྱལ་བའི་འགྲོ་བ་གཉིས་ཡིན་པ་དང་།ལས་རྒྱུ་འབྲས་དེར་ཁྱེད་ཕྱི་རོལ་པས་འདོད་པའི་བདག་རྟག་པ་དེས་ཀྱང་བྱ་བ་བྱེད་པ་མེད་པ་བུ་ཆུང་ལྐུགས་པ་ལྟ་བུ་དང་།ངེད་དབུ་མས་བདག་མེད་པ་དེས་ཀྱང་བུ་གཏན་ནས་མེད་པ་ལྟར་རྒྱུ་འབྲས་ལ་བྱ་བ་བྱེད་པ་མེད་པར་ཡང་ནི་ཡུ་བུ་ཕྱི་ནང་གཉིས་ཀ་ལ་གྲུབ་པ་ཡིན་པས་ན།འདོད་པ་གཅིག་དུས་སུ་ད་ལམ་འདིར་བདག་ཡོད་མེད་ཀྱི་དོན་ལ་བརྩད་པ་དོན་མེད་པ་མ་ཡིན་ནམ་སྟེ་ཡིན་ནོ།།རྒྱུ་དང་ལྡན་པ་སྲོག་གཅོད་པ་ལ་སོགས་པ་དང་།འབྲས་བུ་དང་བཅས་པ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཞེས་བྱ་བ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཚེ་འདིའི་ལུས་ལ་དུས་གཅིག་ཏུ་རྒྱུ་འབྲས་མཉམ་དུ་མྱོང་བར་མཐོང་བ་འདི་ནི་འཇིག་རྟེན་ན་སུ་ལའང་སྲིད་པ་མ་ཡིན་ནོ།།ཕྱི་རོལ་པས།ཁྱེད་ནང་པ་སངས་རྒྱས་པའི་ལུགས་ལ།ལུང་ལས།གང་ལས་བྱེད་པ་པོ་ལ་འབྲས་བུ་སྨིན་གྱི་རྣམ་པར་སྨིན་པ་ལ་སོགས་པ་གཞན་ལ་མི་སྨིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན།དབུ་མས།རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་ཆུ་བོའི་རྒྱུན་ལྟར་དུ་རྒྱུན་མི་ཆད་པའི་ཕུང་པོ་རྒྱུད་གཅིག་ལ་ནི་བརྟེན་ནས་དེའི་དུས་སུ་སྔ་མའི་ཕུང་པོ་ལྔ་ལ་རྒྱུ་ལས་བྱེད་པ་པོ་དང་།ཕྱི་མའི་ཕུང་པོ་ལྔ་ནས་བདེ་སྡུག་གི་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཞེས་བྱ་བར་བསྟན་པ་ཡིན་ནོ།།ཕྱི་རོལ་པས།འོ་ན་སེམས་ཀྱི་རྒྱུན་དེ་ཉིད་བདག་ཡིན་ནོ་ཞེ་ན།དབུ་མས།འདས་པའི་སེམས་ནི་ཞིག་པ་དངོས་མེད་ཡིན་པས་རང་བཞིན་མེད་པ་དང་།མ་འོངས་པ་ཡི་སེམས་ནི་མ་སྐྱེས་པ་དངོས་མེད་ཡིན་པས་དེ་ལྟར་འདས་པ་དང་མ་འོངས་པའི་སེམས་གཉིས་ནི་བདག་མིན་ཏེ།སེམས་དེ་གཉིས་ནི་མེད་པའི་ཕྱིར་རོ།།ཕྱི་རོལ་པས།འོན་ཏེ་ད་ལྟ་སྐྱེས་ལ་མ་འགག་པའི་སེམས་དེ་ནི་བདག་ཡིན་ནོ་ཞེ་ན།དབུ་མས།ད་ལྟའི་སེམས་སྐད་ཅིག་མ་དེ་ཡང་དེ་མ་ཐག་ཏུ་ཞིག་པར་འགྱུར་བའི་དུས་ན་ཡང་བདག་རང་བཞིན་གྱིས་གྲུབ་པ་མེད་དོ།དོན་དམ་པའི་ངོས་ན་བདག་མེད་པ་དང་བདག་བཏགས་པ་པ་ཡོད་པ་གཉིས་འགལ་མེད་དུ་ཤེས་དགོས་གསུངས་སོ།།དེ་ལྟར་དུས་གསུམ་གྱིས་བརྟགས་ན་མི་རྙེད་པ་དཔེར་ན་ཆུ་ཤིང་གི་སྡོང་པོ་དེ་དག་ལ་ཆ་ཤས་ཀྱི་དུམ་བུར་ཕྱེ་ན་སྙིང་པོ་འགའ་ཡང་མེད་པ་དཔེ་དེ་བཞིན་དུ་ཤེས་རབ་ཁྱད་པར་ཅན་གྱིས་ལེགས་པར་རྣམ་པར་དཔྱད་པ་དེ་ཡིས་བཙལ་ན་བདག་ཀྱང་ཡང་དག་པ་ཉིད་དུ་དོན་དམ་པའི་ངོས་ན་རང་བཞིན་གྱིས་ཡོད་པ་མིན་ནོ།གཉིས་པ་བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤང་ནི།གལ་ཏེ་སེམས་ཅན་ཡོད་ཡིན་ན།།སོགས་ནས།ཡིན་པའོ།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས་གལ་ཏེ་ཁྱེད་ནང་པ་སངས་རྒྱས་དབུ་མ་པས།བདག་རང་བཞིན་གྱིས་གྲུབ་པ་གཏན་ནས་མེད་ཚེ་སེམས་ཅན་ཐམས་ཅད་ཡོད་པ་མིན་ན་གང་ཟག་སུ་ཞིག་ལ་སྙིང་རྗེ་བྱ་སྟེ།དཔེར་ན་རི་བོང་གི་རྭ་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཟེར་བ་དང་འདྲའོ་ཞེ་ན།དབུ་མས།རང་བཞིན་ངོ་བོ་ཉིད་ཀྱིས་གྲུབ་པའི་སེམས་ཅན་ལ་སྙིང་རྗེ་སྒོམ་པར་བྱའོ་ཟེར་བ་མིན་ཏེ།མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་དོན་དུ་ཁས་བླངས་པའི་སེམས་ཅན་མ་རིག་རྨོངས་པས་སེམས་ཅན་མེད་པ་ལ་ཡོད་པར་བརྟགས་པ་གང་ཡིན་པ་དོན་དམ་ངོས་ན་རྫས་ཡོད་ཀྱི་སེམས་ཅན་མེད་རུང་།ཐ་སྙད་ཀུན་རྫོབ་ཙམ་དུ་བཏགས་ཡོད་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ་པར་བྱའོ་ཟེར་བ་ཡིན་མ་གཏོགས།དེ་ལས་གཞན་དུ་ཕྱི་རོལ་པ་ཁྱོད་ཀྱིས་རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་སུ་ཞིག་ཡིན་ཏེ་འཇིག་རྟེན་ན་མི་སྲིད་དོ།།གསུམ་པ་བཏགས་པའི་བདག་མི་འགོག་པར་བསྟན་པ་ནི།སེམས་ཅན་མེད་འབྲས་སུ་ཡི་ཡིན། །སོགས་ན།ཡིན་ནོ།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།བདག་རང་བཞིན་གྱིས་གྲུབ་པ་མེད་ཚེ།སེམས་ཅན་རང་བཞིན་གྱིས་མེད་པ་ཡིན་ན་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཉིད་གཞན་སུ་ཡིས་འཐོབ་དགོས་པ་ཡིན་ཞེ་ན།དབུ་མས།དོན་དམ་པའི་ངོས་ན་འཐོབ་བྱ་ཐོབ་བྱེད་རང་བཞིན་གྱིས་གྲུབ་པ་མེད་པས་བདེན་ཏེ་ཞེས་འདོད་ལན་བཏབ་སྟེ།འོན་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་མ་རིག་འཁྲུལ་སྣང་གིས་རྨོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཀུན་རྟོག་གི་བློས་བཏགས་ཡོད་ཀྱི་བདག་དེ་ལ་བརྟེན་ཏེ་གཞན་དོན་དུ་ཚོགས་གཉིས་བསགས་པ་ལས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་ཡིན་ནོ།།ཕྱི་རོལ་པས།རྨོངས་པས་བཏགས་པའི་བདག་དེ་ཉིད་ཐ་སྙད་ཙམ་དུ་འདོད་པས་ཅི་ཞིག་བྱ་སྙམ་ན།དབུ་མས།ལས་ཀྱིས་བསྐྱེད་པའི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བའི་དོན་དུ།མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་པའི་ཕྱིར་དུ།ཐ་སྙད་ཀུན་རྫོབ་ཙམ་དུ་རྨོངས་པ་སེམས་ཅན་རྣམས་ཀྱིས་བཏགས་ཡོད་ཀྱི་བདག་དེ་ཉིད་བཟློག་པར་མི་བྱའོ།།ཕྱི་རོལ་པས།འོ་ན་ངེད་ཀྱི་ལུགས་ལ་རྒྱུ་འབྲས་ཀྱི་རྟེན་གཞིར་བདག་ཡོད་ངེས་པ་རྟག་གཅིག་རང་དབང་ཅན་གྱི་རྫས་ཡོད་ཀྱི་བདག་དེ་ཉིད་འདོད་ན་དགའོ་ཞེ་ན།དབུ་མས།ཁམས་གསུམ་འཁོར་བའི་སྡུག་བསྔལ་རྣམས་ཀྱི་རྒྱུ་ཡི་རྩ་བ་ངའོ་སྙམ་པའི་ང་རྒྱལ་དེ་ནི་རྟག་གཅིག་རང་དབང་ཅན་གྱི་རྫས་ཡོད་ཀྱི་བདག་ཏུ་འཛིན་པ་དེ་ཉིད་ཀྱིས་རབ་ཏུ་རྨོངས་པའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་འཕེལ་བར་འགྱུར་བས་ན་རྫས་ཡོད་ཀྱི་བདག་དེ་ནི་འདོད་པར་མི་བྱའོ།།ཕྱི་རོལ་པས།ངེད་ཀྱི་རྫས་ཡོད་ཀྱི་བདག་རྟག་པར་འདོད་པ་དེ་ལས་ཀྱང་ནི་ཁྱེད་དབུ་མས་སེམས་ཅན་ཐམས་ཅད་བདག་ཏུ་བཟུང་བའི་བཏགས་ཡོད་ཀྱི་བདག་དེ་ནི་བཟློག་ཏུ་མེད་པ་ཡིན་ཅེ་ན།དབུ་མས།ཁྱེད་ཕྱི་རོལ་པས་རྫས་ཡོད་ཀྱི་བདག་དེ་ནི་དངོས་པོའི་གནས་ལུགས་དང་མི་མཐུན་ཞིང་།ངེད་དབུ་མས་མིང་ཙམ་དུ་བཏགས་ཡོད་ཀྱི་བདག་དེ་ཉིད་ནི་དངོས་པོའི་གནས་ལུགས་དང་མཐུན་པས་ན།དོན་ལ་བདག་མེད་པའི་གནས་ལུགས་བསྒོམ་པ་ནི་སྒོམ་བྱ་ཐམས་ཅད་ཀྱི་མཆོག་ཡིན་ནོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་གང་ཟག་གི་བདག་མེད་པ་སྒོམ་ཚུལ་སོང་ནས།གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལའང་།ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་དང་།ཚོར་བ་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་དང་།སེམས་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་དང་།ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་དང་བཞི་ལས།དང་པོ་ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་ལའང་།ལུས་སྤྱིར་བརྟག་པ་དང་།ཡན་ལག་བྱེ་བྲག་ཏུ་བརྟག་པ་དང་།དེས་ན་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན་པ་དང་གསུམ་ལས།དང་པོ་ལུས་སྤྱིར་བརྟགས་པ་ནི།ལུས་ནི་རྐང་པ་བྱིན་པ་མིན། །སོགས་ནས།དེ་ལུས་སྣང་།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།དེ་ལྟར་གང་ཟག་གི་བདག་མེད་ཀྱང་ལུས་རང་བཞིན་གྱིས་གྲུབ་པ་ཡོད་དེ་ཞེ་ན།དབུ་མས།ལུས་ལ་ལུས་ཀྱི་རྗེས་སུ་བལྟ་ཞིང་ལུས་དྲན་པ་ཉེ་བར་བཞག་སྟེ་ཚོགས་པའི་ལུས་ལ་ཉེ་བར་བརྟགས་པའི་ཚེ་ན་ནི།རྐང་པ་གཡས་གཡོན་གྱི་བོལ་གཉིས་ནི་ལུས་མིན་ཞིང་།བྱིན་པ་ཞེས་ཉྭ་ཡུ་གཡས་གཡོན་གཉིས་ནི་ལུས་མིན་པ་དང་།བརླ་གཡས་གཡོན་དག་ཀྱང་ལུས་མིན་པ་དང་།དེ་བཞིན་དུ་སྐེད་པ་ལུས་མ་ཡིན་ཞིང་།ལྟོ་བ་དང་རྒྱབ་ཀྱང་ལུས་མིན་ཏེ་བྲང་ལུས་མིན་པ་དང་།དཔུང་པ་གཡས་གཡོན་གཉིས་ཀའང་ལུས་མ་ཡིན་ཞིང་།རྩིབ་ལོགས་དག་དང་ལག་པ་གཉིས་ཀའང་ལུས་མིན་ཏེ་མཆིན་ཁུང་གཉིས་དང་ཕྲག་པ་གཡས་གཡོན་གཉིས་ཀའང་ལུས་མ་ཡིན་ནོ།།རྒྱུ་མ་དང་གློ་མཆིན་ལ་སོགས་པའི་ནང་ཁྲོལ་རྣམས་ཀྱང་ལུས་དེ་མིན་ལ།མགོ་བོ་དང་མགྲིན་པའང་ལུས་ཞེས་བྱ་བ་མིན་ན།ཚོགས་པ་འདི་ཐམས་ཅད་ལ་གཞན་ལ་ལྟོས་མ་དགོས་པའི་ལུས་རང་བཞིན་གྱིས་གྲུབ་པ་ནི་གང་ཞིག་ཡིན་ཏེ།ལུས་རང་བཞིན་གྱིས་གྲུབ་པ་ནི་མེད་དོ།།ཕྱི་རོལ་པས།ལུས་ཡོད་དེ་གལ་ཏེ་ལུས་འདི་དག་གི་སྤྱི་ཁྱབ་ཀྱི་ཆ་ཤས་ཐམས་ཅད་ལ་རང་རང་གི་ཕྱོགས་རེ་རེ་ཡིས་ནི་མགོའི་ཆ་མགོ་བོ་ན་གནས་པ་ལ་སོགས་པ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེ་ན།དབུ་མས།ལུས་དེ་ནི་མགོ་བོ་མགོའི་ཆ་ལ་གནས་ཡོད་པ་ལ་སོགས་པ་ལུས་སོ་སོའི་ཆ་ཤས་ཀྱི་དུམ་བུ་རྣམས་ནི་མགོ་བོ་ལ་སོགས་རང་རང་སོ་སོའི་ཆ་ཤས་རྣམས་ལ་གནས་པར་འགྱུར་བ་ཡིན་མོད།དེ་རང་ཉིད་ནི་གང་ལ་གནས་ཏེ་བསྟན་དུ་མེད་པའི་ཕྱིར་རོ།།ཕྱི་རོལ་པས།ལུས་ཐམས་ཅད་བདག་གི་ལུས་ཡིན་ནོ་ཟེར་ན།དབུ་མས།གལ་ཏེ་ལུས་རང་ཉིད་ཀྱི་ཚོགས་པ་ཀུན་གྱི་ལུས་ཚང་མ་འདིའི་ལག་པ་ལ་སོགས་པ་རྣམས་ཀྱི་སྟེང་ལ་ལུས་རེ་རེར་གནས་ཡོད་ན་ནི།ལག་པ་དང་རྐང་པ་ལ་སོགས་པ་དེ་དག་ཇི་སྙིད་ཡོད་པ་གྲངས་དེ་སྙེད་ཙམ་གྱི་ནི་ལུས་སུ་ཡོད་པར་འགྱུར་དགོས་སོ།།ཕྱི་ལྤགས་པའི་ཐོག་ནས་ལུས་མེད་པ་དང་ནང་གི་ནང་ཁྲོལ་རྣམས་ཀྱི་སྟེང་ན་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་ཡིན་ན།རྒྱུ་མཚན་ཇི་ལྟར་ན་ལག་པ་དང་རྐང་པ་ལ་སོགས་པའི་ཐོག་ལ་ལུས་རིལ་པོ་རེ་རེ་ཡོད་དེ་མེད་པར་ངེས་པ་ཡིན་ནོ།ལག་པ་ལ་སོགས་པ་རྣམས་ལས་གཞན་པ་ལ་སོགས་པའི་ཐོག་ན་ལུས་མེད་པ་ཡིན་ན།ལུས་དེ་ནི་ཇི་ལྟར་ན་ཡོད་པ་ཡིན་ཏེ་ཡོད་པ་མ་ཡིན་པས།ལུས་ཀྱི་འཛིན་ཞེན་ལྡོག་དགོས་སོ།།རྒྱུ་མཚན་དེས་ན་དོན་དམ་པར་ལུས་རང་བཞིན་གྱིས་གྲུབ་པ་མེད་ནའང་ཐ་སྙད་ཀུན་རྫོབ་ཏུ་བཏགས་ཡོད་ཀྱི་ལུས་ཕྱི་རུ་ལག་པ་ལ་སོགས་པའི་ཚོགས་པ་ལ།ནང་རྨོངས་པ་མ་རིག་པའི་རྐྱེན་དེ་ཡིས་ནི་ལུས་ཀྱི་བློར་འཛིན་པར་འགྱུར་བ་ནི་བདེན་གཉིས་འགལ་མེད་ཡིན་ཏེ།དཔེར་ན་ས་རྡོ་ལ་སོགས་པས་མིའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ནི་དཔེ་དང་དཔེ་ཅན་མཚུངས་ཆོས་སུ་ལ་ཁའི་ཐོ་ཡོར་གྱི་ལུས་དེ་ལ་ནི་མི་ཡིན་པའི་བློ་སྐྱེ་བ་བཞིན་དུ་ཡིན་ལ།དུས་ཇི་སྲིད་དུ་ས་རྡོ་ལ་སོགས་པའི་རྒྱུ་རྐྱེན་ཚོགས་པ་ཡོད་པ་དེ་སྲིད་དུ་ཕྱི་ལ་ཁའི་ཐོ་ཡོར་གྱི་ལུས་དེ་ནི་སྐྱེས་བུ་མི་ལྟར་དུ་སྣང་པ་དཔེ་དེ་བཞིན་དུ།དུས་ཇི་སྲིད་དུ་ལག་པ་ལ་སོགས་པ་རྣམས་ལ་ཤ་ཁྲག་རུས་པའི་རྐྱེན་ཚོགས་པ་དེ་ཐམས་ཅད་ཡོད་པ་དེ་སྲིད་དུ་ནི་རྒྱུ་རྐྱེན་གྱི་ཚོགས་པ་འདུས་པ་དེར་ཆོས་ཐམས་ཅད་མིང་གིས་བཏགས་པ་ཙམ་ཡིན་པས་ལུས་བཏགས་པ་ཙམ་དུ་སྣང་བ་ཡིན་ནོ།གཉིས་པ་ཡན་ལག་བྱེ་བྲག་ཏུ་བརྟག་པ་ནི།དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར།།སོགས་ནས།རྡུལ་ཡང་མེད།།ཅེས་པའི་བར་གྱིས་བསྟན།ཕྱིར་རོལ་པས།ལུས་སྤྱིར་བདེན་པར་གྲུབ་པ་མེད་ཀྱང་བྱེ་བྲག་ཏུ་ལག་པ་ལ་སོགས་སོ་སོའི་ཆ་ཤས་ཀྱི་ཆ་ནས་བདེན་པར་གྲུབ་ཡོད་དོ་ཞེ་ན།དབུ་མས།ལུས་སྤྱིར་རང་བཞིན་གྱིས་བདེན་པར་གྲུབ་པ་མེད་པ་གོང་དུ་བཤད་པ་དེ་བཞིན་དུ།བྱེ་བྲག་ཏུ་སོར་མོ་ལྔའི་ཚོགས་ཡིན་པའི་ཕྱིར་ན་ལག་པ་ཞེས་བྱ་བ་དེའང་གང་ཞིག་ཡིན་པར་འགྱུར་ཏེ།ནང་མ་རིག་པའི་རྐྱེན་དང་ཕྱི་ཐོ་ཡོར་ལྟ་བུའི་ཚོགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པའི་ཡན་ལག་ནི་མེད་པའི་ཕྱིར་རོ།།སོར་མོ་ཐམས་ཅད་དེ་ཡང་ཚིགས་ཀྱི་ཆ་གསུམ་རེའི་ཚོགས་པ་ཡིན་པའི་ཕྱིར་དང་།སོར་མོའི་ཚིགས་རྣམས་ཀྱང་ཁྲག་རུས་པ་རང་རང་གི་ཆ་ཤས་ཀྱིས་ཕྱེ་བས་སོར་མོ་དང་ཚིགས་རྣམས་ཀྱང་མེད་ལ།ཆ་ཤས་ཀུན་ཏུ་ཡང་རྡུལ་ཕྲན་དུ་ཕྱེ་བས་རང་བཞིན་མེད་པ་ཡིན་ཏེ།རྡུལ་ཕྲན་གྱི་ཆ་དེ་རྣམས་ལའང་ཕྱོགས་བཞི་དང་སྟེང་འོག་དྲུག་གི་ཆའི་ཕྱེ་བ་བྱས་པ་ཡིས་ནི་རྡུལ་ཕྲན་ཆ་བཅས་སུ་མ་གྲུབ་ལ།རྡུལ་ཕྲན་ཆ་མེད་དུ་བབ་པ་ན་རྡུལ་ཕྲན་གཅིག་ལའང་ཕྱོགས་ཀྱི་དབྱེ་བ་བྱས་ནའང་ཡོད་མེད་གཉིས་ཀའི་ཆ་ཤས་དང་བྲལ་བའི་ཕྱིར་ན།རྡུལ་ཕྲན་གཅིག་མ་འཐད་ན་དུ་མ་མི་འཐད་དོ།དཔེར་ན་འདམ་བུའི་རྩྭ་ཉག་མ་གཅིག་ཁོང་སྟོང་ཡིན་པར་ཤེས་ཚེ་འདམ་བུ་ཐམས་ཅད་ཁོང་སྟོང་དུ་ཤེས་པ་ལྟར་དུ་རྡུལ་ཕྲན་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ཚེ།དཔེ་ནམ་མཁའ་སྟོང་པ་བཞིན་དུ་ལུས་དང་ཡན་ལག་རྣམས་རང་བཞིན་གྱིས་མ་གྲུབ་པ་དེས་ན་རྡུལ་ཕྲན་ཆ་མེད་ཀྱི་ཆ་ཙམ་ཡང་རང་བཞིན་གྱིས་གྲུབ་པ་མེད་པ་ནི་དོན་དམ་པའི་བདེན་པ་དང་།བློས་ཕར་བཏགས་པ་ཙམ་གྱི་ལུས་ནི་ཀུན་རྫོབ་བདེན་པ་དང་གཉིས་ཀ་འགལ་མེད་དུ་གཏན་ལ་ཕབ་པའོ།།གསུམ་པ་དེས་ནང་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན་པ་ནི།དེ་ལྟ་རྨི་ལམ་ལྟ་བུ་ཡི།།སོགས་ནས།བུད་མེད་གང་།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་ཐ་སྙད་ཀུན་རྫོབ་ཏུ་དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུ་ཡི་ནི་གཟུགས་ཀྱི་རྣམ་པ་ལ་དཔྱད་ཚེ།མེད་བཞིན་དུ་སྣང་བའི་གཟུགས་དེ་ལ་དཔྱོད་བྱེད་ཀྱི་ཤེས་རབ་དང་ལྡན་པ་སུ་ཞིག་ཆགས་ཏེ་ཆགས་པར་མི་རིགས་ལ།དོན་དམ་པའི་ངོས་ནས་གཟུགས་ལ་གྲུབ་པ་རྡུལ་ཙམ་མེད་དེ།ལུས་རང་བཞིན་གྱིས་གྲུབ་པ་མེད་པ་གང་གི་ཚེ་ན།གོང་དུ་བཤད་པ་དེ་ལྟར་དུ་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་དེ་ཡི་ཚེ་ན།སྐྱེས་པ་ཞེས་བྱ་བ་གང་ཡིན་ཏེ་མེད་ལ།བུད་མེད་ཅེས་བྱ་བ་གང་ཞིག་ཡིན་ཏེ་རང་བཞིན་མེད་པ་དེ་ལྟ་བུ་ཡིན་པར་གཏན་ལ་ཕབ་ནས།བྱང་ཆུབ་སེམས་དཔའ་མཉམ་གཞག་ཏུ་ལུས་སྟོང་ཉིད་སྤྲོས་བྲལ་གྱི་ཚུལ་དུ་བསྒོམ་པ་དང་།རྗེས་ཐོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟ་བུར་བསྒོམ་པ་ཡིན་པར་གསུངས་སོ།།གཉིས་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་བསྒོམ་ཚུལ་ལའང་།ཚོར་བའི་ངོ་བོ་ལ་བརྟག་པ་དང་།ཚོར་བའི་རྒྱུ་ལ་བརྟག་པ་དང་།ཚོར་བའི་འབྲས་བུ་ལ་བརྟག་པ་དང་།ཚོར་བ་པོ་ལ་བརྟག་པ་དང་བཞི་ལས།དང་པོ་ཚོར་བའི་ངོ་བོ་ལ་བརྟག་པ་ནི།སྡུག་བསྔལ་དེ་ཉིད་དུ་ཡོད་ན།།སོགས་ནས།པ་ཡི་ཟས།།ཞེས་པའི་བར་གྱིས་བསྟན།ཚོར་བའི་མཚན་ཉིད་ནི་ཉམས་སུ་མྱོང་བ་ཅན་ནོ།།ཇི་ལྟར་ཉམས་སུ་མྱོང་ན།དཔེར་ན།རྟ་བོར་སོང་ངོ་ཞེས་ཟེར་ན་སེམས་ལ་སྡུག་བསྔལ་མི་བཟད་པ་བྱུང་བ་དེ་ནི་ཚོར་བ་སྡུག་བསྔལ་བ་དང་།རྟ་བོར་བ་རྙེད་དོ་ཞེས་ཐོས་པ་ན་སེམས་དགའ་ཡ་ལེ་འགྲོ་བ་དེ་ལ་ནི་ཚོར་བ་བདེ་བ་དང་།ཡང་གཞན་གྱིས་རྟ་སོགས་མ་མཐོང་ཚེ་སེམས་བདེ་བ་ཡང་མ་ཡིན།སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་ཚོར་བ་བར་མའམ་བཏང་སྙོམས་ཟེར་བ་ཡིན་ནོ།།ཕྱི་རོལ་གྲངས་ཅན་པས།ནང་སེམས་ཐོག་ན་ཚོར་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་ཡོད་དོ་ཞེ་ན།དབུ་མས།རྟ་བོར་བ་ལ་སོགས་པའི་ཚོར་བ་སྡུག་བསྔལ་བ་དེ་ནི་ནང་རང་སེམས་ཀྱི་ཐོག་ཏུ་དེ་ཁོ་ན་ཉིད་དུ་དོན་དམ་དུ་གྲུབ་པ་ཡོད་པ་ཡིན་ན་ནི།ཅི་སྟེ་ཞེས་ཅིའི་དོན་དུ་རྟ་རྙེད་པའི་ཚེ་ན་སེམས་རབ་ཏུ་དགའ་བར་འོངས་པ་དེ་ལ་མི་གནོད་དེ་གནོད་འོང་བ་དཔེར་ན་རྟ་བོར་བ་ལྟ་བུའི་སྡུག་བསྔལ་སེམས་ཐོག་ཏུ་བདེན་གྲུབ་ཡོད་ཚེ་སྡུག་བསྔལ་ཁོ་ན་སྐྱེ་པ་ལས་བདེ་བ་སྐྱེ་བར་མི་རིགས་པ།བདེ་བ་སྐྱེས་ཚེ་ཚོར་བ་སྡུག་བསྔལ་གོང་དུ་སོང་བ་ལ་བརྟགས་ཚེ་ཅི་ཡང་མེད་པ་ནི་ནང་སེམས་ཐོག་ཏུ་སྡུག་བསྔལ་བདེན་གྲུབ་མེད་པའི་རྟགས་ཡིན་ནོ།།གྲངས་ཅན་པས།ཕྱིའི་ཡུལ་ཟས་གོས་ལ་སོགས་པའི་ཐོག་ཏུ་བདེ་བ་བདེན་པར་གྲུབ་ཡོད་དོ་ཞེ་ན།དབུ་མས།ཕྱིའི་ཡུལ་ཟས་གོས་ལ་སོགས་ཐོག་ཏུ་བདེ་བ་བདེན་པར་གྲུབ་ཡོད་ན།དཔེར་ན་བུ་ཤི་བའི་མ་མྱ་ངན་དང་སྡུག་བསྔལ་གྱིས་སེམས་རབ་ཏུ་གདུང་པ་ལ་སོགས་པ་ལ།བུ་དེ་ཉིད་ཀྱིས་ཟས་བའི་ཟས་ཞིམ་པོ་དང་གོས་དྲོན་པོ་ལ་སོགས་པ་གྱོན་པ་དེ་ཉིད་མས་མཐོང་ཚེ་ཟོས་པ་དང་གྱོན་པས་ཅི་སྟེ་ཞེས་ཅིའི་དོན་དུ་བུ་ཤི་བའི་མ་དེ་ཉིད་དགའ་བར་མི་བྱེད་དེ་བྱེད་དགོས་རྒྱུ་ཡིན་པ་ལ།དགའ་བ་མི་བསྐྱེད་པར་མ་ཟད་སྡུག་བསྔལ་ཇེ་ཆེར་འགྲོ་བ་ནི་ཕྱི་ཡུལ་ཐོག་ཏུ་བདེ་བ་བདེན་གྲུབ་མེད་པའི་རྟགས་ཡིན་ནོ།།ཕྱི་རོལ་པས།སྔོན་རྟ་བོར་བའི་སྡུག་བསྔལ་དེ་ཉིད་ནང་སེམས་ཐོག་ཏུ་བདེན་གྲུབ་ཡོད་ཀྱང་།དཔེར་ན་ཉི་མས་སྐར་མ་ཟིལ་གྱིས་མནན་པ་ལྟར་དུ་རྟ་རྙེད་པའི་ཚོར་བ་བདེ་བ་སྟོབས་དང་ལྡན་པས་སྔོན་རྟ་བོར་བའི་ཚོར་བ་སྡུག་བསྔལ་ཟིལ་གྱིས་མནན་པའི་ཕྱིར་ན།གལ་ཏེ་རྟ་བོར་བའི་ཚོར་བ་སྡུག་བསྔལ་ལྟ་བུ་དེ་ཉིད་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེ་ན།དབུ་མས།རྟ་བོར་བ་ལྟ་བུའི་ཚོར་བ་སྡུག་བསྔལ་བ་གང་ཞིག་བདེ་བས་ཟིལ་གྱི་མནན་ནས་སྡུག་བསྔལ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱིས་བདག་ཉིད་ཅན་དུ་མིན་ན།རྟ་བོར་བའི་སྡུག་བསྔལ་དེ་ནི་ཚོར་བ་ཇི་ལྟར་དུ་ཡིན་ཏེ།ཉམས་སུ་མི་མྱོང་དུས་ཚོར་བ་མིན་པའི་རྟགས་ཡིན་ནོ།།ཕྱི་རོལ་པས་ཡང་ན།རྟ་བོར་བ་ལྟ་བུའི་ཚོར་བ་སྡུག་བསྔལ་གྱི་རགས་པ་རྣམས་རྟ་རྙེད་པ་ལྟ་བུའི་ཚོར་བ་བདེ་བས་བསལ་ཏེ།ད་དུང་རྟ་བོར་བ་ལྟ་བུའི་སྡུག་བསྔལ་ཕྲ་མོ་ཉིད་ཀྱི་ཚུལ་དུ་རྟ་རྙེད་པའི་དགའ་བ་རགས་པ་མང་པོ་དང་འདྲེས་ཏེ་ཡོད་པ།དཔེར་ན་ཆུ་ཟངས་གང་གི་ནང་དུ་འོ་མ་ཐིག་པ་གཅིག་བླུགས་པའམ་ཚྭ་འབྲུ་གཅིག་འཕངས་ཚེ་ཆུ་མང་པོ་དང་འདྲེས་ནས་མི་མངོན་པ་ལྟ་བུ་ཡིན་ནོ་ཞེ་ན།དབུ་མས།རྟ་བོར་བ་ལྟ་བུའི་ཚོར་བ་སྡུལ་བསྔལ་འདི་ཡི་རགས་པ་ཐམས་ཅད་བསལ་ཏེ་ཅི་རེད་མེད་པར་སོང་བ་ལྟ་བུ་མིན་ནམ་སྟེ་ཡིན་ན།ཚོར་བ་སྡུག་བསྔལ་ཕྲ་མོ་བདེན་གྲུབ་ཏུ་མེད་ངེས་པ་ཅན་ཡིན་ནོ།།ཕྱིི་རོལ་པས།སྔར་གྱི་རྟ་བོར་བ་ལྟ་བུའི་ཕྲ་མོ་དེ་ནི་གཏན་ནས་མེད་སོང་བ་མིན་ཀྱང་ཚོར་བ་སྡུག་བསྔལ་ཕྲ་མོ་དེ་ལས་གཞན་དུ་དགའ་བ་ཕྲ་མོ་ཙམ་དུ་འགྱུར་རོ་ཞེ་ན།དབུ་མས།འོ་ན་སྔོན་རྟ་བོར་བ་ལྟ་བུའི་ཚོར་བ་སྡུག་བསྔལ་ཕྲ་མོ་དེ་ཡང་ད་ལྟ་དགའ་བ་ཕྲ་མོ་དེ་ཉིད་དུ་གྱུར་སོང་ན།དགའ་བ་ཕྲ་མོ་དེ་ཡང་སྡུག་བསྔལ་ཕྲ་མོ་དེའི་གལ་ཏེ་འགལ་རྐྱེན་དུ་དགའ་བ་སྐྱེས་པ་ཡིན་པས་ན་ཚོར་བ་སྡུག་བསྔལ་བ་རང་ཉིད་ནི་སྐྱེས་པ་མིན་ན་ནི་ཚོར་བ་སྡུག་བསྔལ་སེམས་ཐོག་ཏུ་བདེན་པར་གྲུབ་པ་མེད་དེ།གོང་དུ་རིགས་པའི་སྒོ་གསུམ་གྱི་བརྟགས་ན།ཚོར་བ་ལ་རང་བཞིན་མེད་པ་ཡིན་ཏེ།ཉི་མས་སྐར་མ་ཟིལ་གྱི་མནན་པ་ལྟར་ཚོར་བ་བདེ་བས་སྡུག་བསྔལ་ཟིལ་གྱིས་གནོན་མི་ནུས་པ་དང་།ཚོར་བ་སྡུག་བསྔལ་གྱི་རགས་པ་བསལ་ནས་སྡུག་བསྔལ་ཕྲ་མོ་ཉིད་དུ་མེད་པ་དང་།ཚོར་བ་སྡུག་བསྔལ་ཕྲ་མོ་དེ་ཡང་དགའ་བ་ཕྲ་མོ་ཉིད་དུ་འགྱུར་མི་རུང་བ་དང་གསུམ་གྱིས་བརྟགས་ན།ཚོར་བ་བདེ་སྡུག་བར་མ་འདི་ནི་རང་བཞིན་གྱིས་གྲུབ་པ་མེད་པ་ལ།ཚོར་བ་བདེན་གྲུབ་ཏུ་ཡོད་པར་བློ་གཉིས་སྣང་གི་རྣམ་པར་རྟོག་པ་མངོན་པར་ཞེན་པ་ཉིད་ཙམ་དུ་ཡིན་པ་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་ཡིན་ནོ།།ཚོར་བ་སེམས་ལ་ཤར་འོང་དུས་ད་ལྟ་ཉིད་ནས་རང་བཞིན་མེད་པ།དཔེར་ན་མེ་ལོང་ནང་དུ་གཟུགས་བརྙན་སྣ་ཚོགས་པ་ཤར་བ་ལ་བློའི་རྟོག་པས་མི་ལ་སོགས་པ་དངོས་ཡིན་སྙམ་པའི་མངོན་པར་མི་ཞེན་པ་བཞིན་དུ་བདེ་སྡུག་ལ་རྟོག་པ་མངོན་ཞེན་མེད་ཐབས་སུ་བརྩོན་པ་དང་།མེ་ལོང་ལས་གཟུགས་བརྙན་ཡལ་བ་ལྟར་བདེ་སྡུག་གི་གཉིས་སྣང་གཉིས་མེད་ཀྱི་ཀློང་དུ་ཡལ་བའི་ངང་དུ་འཇོག་པ་ནི་གནས་ལུགས་ཀྱི་ངོ་བོ་ཡིན་པར་གསུངས་སོ།།དེ་ལྟར་ལ་ཚོར་བ་ལ་རྟོག་པ་མངོན་ཞེན་ཙམ་མ་གཏོགས་དོན་ལ་ཚོར་བ་རང་བཞིན་གྱིས་གྲུབ་པ་མིན་པ་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེ་སྡུག་གི་གཉིས་སྣང་གཉིས་མེད་ཀྱི་ཀློང་དུ་ཡལ་བའི་ངང་དུ་འཇོག་པ་ནི་གནས་ལུགས་ཀྱི་ངོ་བོ་ཡིན་པར་གསུངས་སོ།།དེ་ལྟར་ཚོར་བ་ལ་རྟོག་པ་མངོན་ཞེན་ཙམ་མ་གཏོགས་དོན་ལ་ཚོར་བ་རང་བཞིན་གྱིས་གྲུབ་པ་མིན་པ་རྒྱུ་མཚན་དེ་ཉེད་ཀྱི་ཕྱིར་ན་ཚོར་བ་བདེ་སྡུག་འདི་ཡི་ནི་གཉེན་པོ་དཔྱད་བསྒོམ་བྱས་ཏེ་དཔྱད་པས་གནས་པ་འདྲེན་ཐབས་དཔྱད་མཐའ་གཉིས་སྣང་ཡལ་བའི་ངང་དུ་འཇོག་པའི་འཇོག་བསྒོམ་དུ་འགྲོ་བའི་ཚོར་བ་རང་བཞིན་མེད་པར་རྣམ་པར་དཔྱད་པའི་རྣམ་དཔྱོད་ཤེས་རབ་ཀྱི་རིགས་པ་འདི་ཉིད་ཡུན་རིང་དུ་བསྒོམ་ཏེ།ཡུལ་དང་ཡུལ་ཅན་ལ་ཤེས་རབ་ཀྱི་བློ་ཡིས་རྣམ་པར་བརྟགས་པའི་སེམས་ལ་ངེས་ཤེས་སྐྱེས་པའི་ཞིང་ས་ལས་འབྱུང་བ་དེ་ཡི་དཔྱད་མཐའ་འཇོག་བསྒོམ་དུ་སོང་བའི་བསམ་གཏན་དེ་ནི་རྣལ་འབྱོར་པ་གནས་ལུགས་བསྒོམ་པ་པོ་ཡི་ཡོན་ཏན་གྱི་ལུས་བསྐྱེད་པའི་ཟས་ཡིན་པས་བསྒོམ་དགོས་སོ།།གཉིས་པ་ཚོར་བའི་རྒྱུ་ལ་བརྟག་པ་ནི།གལ་ཏེ་དབང་དོན་སར་བཅས་ན།།སོགས་ནས།གནོད་པར་འགྱུར།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།དེ་ལྟར་ཚོར་བ་བདེ་སྡུག་རང་བཞིན་གྱིས་བདེན་པར་གྲུབ་པ་ཡོད་དེ།ཚོར་བའི་རྒྱུ་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པའི་རེག་པ་ཡོད་དོ་ཞེ་ན།དབུ་མས།གལ་ཏེ་ཡུལ་ཅན་དབང་པོ་དང་དོན་ཞེས་པ་ནི་གཟུགས་ལ་སོགས་པའི་ཡུལ་གཉིས་ཀའི་བར་དུ་ནམ་མཁའ་དང་བཅས་པ་ཡིན་ན་ནི་ཡུལ་དང་ཡུལ་ཅན་དེ་དག་གཉིས་ཀ་གང་དུ་ཕྲད་པར་འགྱུར་ཏེ་ནམ་མཁས་བར་དུ་ཆོད་པའི་ཕྱིར་རོ།ཡུལ་དང་ཡུལ་ཅན་གཉིས་ཀའི་བར་ན་ནམ་མཁའ་མེད་པར་གྱུར་ན་ནི་དེ་གཉིས་ཀ་ཡང་གཅིག་ཉིད་དུ་གྱུར་པས་ན།ནང་རང་གི་དབང་པོ་དེ་དག་གང་ཞིག་ཕྱིའི་ཡུལ་གང་དང་འཕྲད་པར་གྱུར་སྟེ།ཡུལ་དང་ཡུལ་ཅན་གཉིས་གཅིག་ཏུ་སོང་བས་འཕྲད་བྱ་འཕྲད་བྱེད་མེད་པའི་ཕྱིར་རོ།ནང་དབང་པོའི་རྡུལ་ཕྲན་རེ་རེ་ནི་ཕྱི་ཡུལ་གྱི་རྡུལ་ཕྲན་རེ་རེ་ལ་འཇུག་ཐབས་མེད་དེ།རྡུལ་ཕྲན་དེ་གཉིས་ནི་བར་སྟོང་པའི་གོ་སྐབས་མེད་ཅིང་རྡུལ་ཕྲན་ཆེ་ཆུང་མཉམ་པ་ཡིན་ཏེ།དེ་ལ་དང་པོ་རྡུལ་ཕྲན་ཆ་མེད་ཀྱི་གོ་བ་ཤེས་པར་བྱས་ནས།ཆ་མེད་ཀྱི་རྡུལ་ཕྲན་གཉིས་འཕྲད་པ་ལ།ཡང་ན་རྡུལ་ཕྲན་གཅིག་ལ་གཅིག་ཞུགས་པའི་སྒོ་ནས་འཕྲད་དགོས་ན་དེའི་ཞུགས་ཚུལ་མི་འཐད་ཅིང་།ཡང་ན་ཕྱོགས་གཅིག་གི་སྒོ་ནས་འཕྲད་དགོས་ན་དེ་མི་འཐད་དེ་ཆ་བཅས་སུ་འགྱུར་ཏེ།དེས་ན་འཕྲད་པ་མི་འཐད་དོ།ཞེས་གསུངས་སོ།ཡུལ་དང་ཡུལ་ཅན་གྱི་རྡུལ་ཕྲན་ཕན་ཚུན་རང་རང་གི་གོ་ས་མནན་ཏེ་གཅིག་ལ་གཅིག་མ་ཞུགས་པ་ལ་ནི་འདྲེས་པ་མེད་ཅིང་།ཕན་ཚུན་མ་འདྲེས་པ་ལ་ནི་ཕྲད་པ་མེད་ཅེས་པ་འདི་ཕྲད་པ་འགོགས་པའི་རྩ་བ་དངོས་ཡིན་པར་གསུངས་སོ།རྡུལ་ཕྲན་ཆ་མེད་པ་ལ་ནི་ནམ་གྱི་དུས་ནའང་ཕྲད་པ་ཞེས་བྱ་བ་ཇི་ལྟར་དུ་འཐད་པར་འགྱུར་ཏེ།ཆ་མེད་དང་ཕྲད་པ་གཉིས་སུ་འགྱུར་བ་ཡིན་ནོ།།ཡུལ་དང་ཡུལ་ཅན་ཕྲད་པ་དང་ནི་རྡུལ་ཕྲན་ཆ་མེད་པ་ཡིན་པ་གཉིས་ནི་གལ་ཏེ་མཐོང་བར་འགྱུར་ན་བསྟན་པར་གྱིས་ཤིག་ཅེས་སྟོན་རྒྱུ་མེད་པའི་ཚད་དུ་གསུངས་པའི་ཕྱིར་རོ།གྲངས་ཅན་པས།དབང་པོ་དང་ཡུལ་གཉིས་མ་ཕྲད་ཀྱང་རྣམ་པར་ཤེས་པ་དང་ཕྲད་དོ་ཞེ་ན།དབུ་མས།རྣམ་ཤེས་ལ་རྡུལ་ཕྲན་ཚོགས་པའི་བེམས་པོའི་ལུས་མེད་པ་ལ་ནི་ཡུལ་དང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་གྱི་ཕྱིར་རོ།།གྲངས་ཅན་པས།འོ་ན་དབང་ཡུལ་ཤེས་པ་ཐམས་ཅད་ཚོགས་དང་ཕྲད་དམ་སྙམ་ན།དབུ་མས།དབང་ཡུལ་ཤེས་གསུམ་གྱི་ཚོགས་པ་ལའང་བློས་ཕར་བཏགས་པ་ཙམ་ལས་དངོས་པོ་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་ཏེ།སྔར་བདག་གཞན་མཉམ་པའི་དུས་སུ་ནི་རྒྱུད་དང་ཚོགས་ཅེས་བྱ་བ་ལ་སོགས་པས་ཇི་ལྟར་རྣམ་པར་དཔྱད་པ་བྱས་ཟིན་པ་བཞིན་ནོ།གོང་དུ་བཤད་པ་དེ་ལྟར་དུ་དབང་ཡུལ་ཤེས་གསུམ་ཕྲད་པའི་རེག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པ་དེ་ལྟར་ན་ནི་འབྲས་བུ་ཚོར་བ་རྒྱུ་གང་ལས་འབྱུང་བར་འགྱུར་ཏེ།རྒྱུ་རེག་པ་མེད་པའི་ཚེ་ན་ཚོར་བ་བདེ་བ་དོན་དུ་གཉེར་ནས་ངལ་བ་བྱེད་པ་དང་།ཚོར་བ་སྡུག་བསྔལ་བ་སྤོང་བར་འདོད་པའི་དཀའ་ཚེགས་ཀྱི་ངལ་དུབ་འདི་རྣམས་ཅི་ཡི་དོན་དུ་བྱེད་པ་ཡིན་ཏེ།དོན་དམ་པའི་ངོས་ན་ནི་ཚོར་བ་གང་གིས་སེམས་གང་ལ་གནོད་པར་འགྱུར་ཏེ།གནོད་བྱ་གནོད་བྱེད་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་རོ།གསུམ་པ་ཚོར་བའི་འབྲས་བུ་ལ་བརྟག་པ་ནི།གང་ཚེ་ཚོར་པོ་འགའ་མེད་ཅིང་།།སོགས་ནས།ལྡོག་མི་འགྱུར།།ཞེས་པའི་བར་གྱིས་བསྟན།གྲངས་ཅན་པས།ཚོར་བའི་འབྲས་བུ་སྲེད་པ་ཡོད་པའི་ཕྱིར་ཚོར་བ་རང་བཞིན་གྱིས་གྲུབ་ཡོད་དོ་ཞེ་ན།དབུ་མས།ཚོར་བའི་རྒྱུ་རེག་པ་མེད་པ་གང་གི་ཚེ་ན།ཚོར་བ་པོ་གང་ཟག་གི་བདག་འགའ་ཡང་མེད་ཅིང་།ཚོར་བ་རང་གི་ངོ་བོའང་ཡོད་པ་མ་ཡིན་པ་དེའི་ཚེ་ན།དེ་གཉིས་ཀའི་གནས་སྐབས་འདིའི་རང་བཞིན་མཐོང་ནས་རྒྱུ་ཚོར་བ་རང་བཞིན་གྱིས་གྲུབ་པ་མེད་དུས་སུ།འབྲས་བུའི་སྲེད་པ་རྒྱུ་མཚན་ཅིའི་ཕྱིར་ན་ལྡོག་པར་མི་འགྱུར་ཏེ་ཡང་སྲིད་ཀྱི་སྐྱེ་བ་ལེན་བྱེད་སྲེད་པ་ལྡོག་པར་འགྱུར་རོ།།བཞི་པ་ཚོར་བ་པོ་ལ་བརྟག་པ་ནི།མཐོང་བའམ་ནི་རེག་པ་ཡང།།སོགས་ནས།གནོད་པར་བྱ།།ཞེས་པའི་བར་གྱིས་བསྟན།གྲངས་ཅན་པས།ཚོར་བ་པོ་སྒོ་ལྔའི་རྣམ་ཤེས་ཡོད་པའི་ཕྱིར་ཚོར་བ་བདེན་པར་གྲུབ་པ་ཡོད་དོ་ཞེ་ན།དབུ་མས།ཚོར་བ་འདི་ལ་གཙོ་ཕལ་གཉིས་ཡོད་པ་ལས་ད་ལམ་འདིར་ཚོར་བ་བདེ་སྡུག་གི་རང་གི་ངོ་བོ་ནི་བྱ་བའི་ལས་ཕལ་པ་དང་།ཚོར་བ་པོ་སྒོ་ལྔའི་རྣམ་ཤེས་ནི་བྱེད་པའི་ལས་གཙོ་བོ་ཡིན་ཏེ།མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་དང་།འམ་གྱི་སྒྲ་ནི་ཐ་ཐོག་བསྡུ་བ་ཡིན་པས་ཐོག་མར་གཟུགས་མཐོང་བ་ནས་རྣ་བས་སྒྲ་ཐོས་པ་དང་།སྣས་དྲི་སྣོམས་པ་དང་།ལྕེས་རོ་མྱོང་བ་དང་།ཐ་མ་ལུས་ཤེས་ཀྱིས་རེག་བྱ་ལ་སོགས་པ་མྱོང་བའི་བར་དུ་ཡང་དཔེ་རྨི་ལམ་འདྲ་བའི་བདག་ཉིད།སྒྱུ་མ་དང་འདྲ་བའི་བདག་ཉིད་ཅན་གྱིས་བཏགས་ན་ད་ལྟའི་སེམས་དེ་ལྷན་གཅིག་ཏུ་སྐྱེས་པའི་ཕྱིར་ན་ཚོར་བ་པོ་སྒོ་ལྔའི་རྣམ་ཤེས་དེ་ཡིས་མཐོང་བ་ཡང་ཡིན་ནོ།།ཚོར་བ་པོ་སྒོ་ལྔའི་རྣམ་ཤེས་སྔར་སྐྱེས་ཏེ་ཡུལ་ཕྱི་མར་སྐྱེས་ནའང་དྲན་པར་འགྱུར་བ་ཙམ་མ་གཏོགས་འདས་པའི་ཤེས་པས་ད་ལྟའི་ཡུལ་ཉམས་སུ་མྱོང་བ་མ་ཡིན་པ་དང།ཡང་དེ་བཞིན་དུ་ཡུལ་སྔར་སྐྱེས་པ་ལ་སེམས་ཚོར་བ་པོ་སྒོ་ལྔའི་རྣམ་ཤེས་ཕྱི་མ་སྐྱེས་པས་ཀྱང་ད་ལྟའི་སེམས་དེས་འདས་པའི་ཡུལ་དེ་རྣམས་སྐད་ཅིག་གིས་དྲན་པར་འགྱུར་བ་ཡིན་གྱི་ཉམས་སུ་མྱོང་བ་མིན་ལ།ཕྲད་པ་འགོག་པའི་རིག་པས་བརྟགས་ཚེ་ཐ་དད་པའི་ཡིད་གཞན་དག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་པ་དེའི་ཕྱིར་ན།ཚོར་བ་པོ་བྱེད་པའི་ལས་གཙོ་བོ་སྒོ་ལྔའི་རྣམ་ཤེས་ལ་བརྟགས་ན་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ཏེ།རྒྱུ་མཚན་དེས་ན་བྱ་བའི་ལས་ཕལ་པ་ཚོར་བ་བདེ་སྡུག་རང་གི་ངོ་བོ་དང་།སྒོ་ལྔའི་ཤེས་པ་དང་བཅས་པ་གང་ལ་བརྟགས་ནའང་དོན་དམ་པ་དེ་ཁོ་ན་ཉིད་དུ་ནི་བདེན་པར་གྲུབ་པ་གང་ཡང་ཡོད་པ་མིན་པས་ན།གོང་དུ་བཤད་པ་དེ་ལྟར་དུ་ཚོར་བའི་རྒྱུ་རེག་པ།འབྲས་བུ་སྲེད་པ།ཚོར་བ་སྒོ་ལྔའི་ཤེས་པ་བདག་གཉིས་ལ་སོགས་པའི་བདག་མེད་པའི་ཚོགས་པ་འདི་རྣམས་ལ་ཚོར་བ་འདི་ཡིས་དོན་དམ་པའི་ངོས་ན་ཅི་སྟེ་ཞེས་ཅིའི་དོན་དུ་གནོད་པར་བྱ་སྟེ།གནོད་བྱ་མེད་ཀྱང་ཐ་སྙད་ཀུན་རྫོབ་ཏུ་ཚོར་བ་བདེན་ཞེན་ཡོད་པའི་རྐྱེན་གྱིས་འབྲས་བུ་སྲེད་པ་སྐྱེས་པའི་དབང་གིས་ཚོར་བ་སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་།ཚོར་བ་བདེ་བས་བརྒྱུད་ནས་གནོད་པས་རབ་ཡིན་ན་ཚོར་བ་བདེ་སྡུག་སྙོམས་དགོས་གསུངས་སོ།།གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ལའང་།སེམས་རང་བཞིན་མེད་པར་བསྟན་པ་དང་།སེམས་སྐྱེ་བ་མེད་པར་བསྟན་པ་དང་གཉིས་ལས།དང་པོ་ནི།ཡིད་ནི་དབང་རྣམས་ལ་མི་གནས།།སོགས་ནས།མྱ་ངན་འདས།།ཞེས་པའི་བར་གྱིས་བསྟན།གྲངས་ཅན་པས།ཚོར་བ་ལ་རང་བཞིན་མེད་ཀྱང་གཙོ་སེམས་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཞེ་ན།དབུ་མས།གཟུགས་ལ་སོགས་པའི་ཡུལ་ཤེས་པས་འཛིན་ཚེ་དེ་ལས་དང་པོ་གཟུགས་འཛིན་པ་ནི་གཉིས་ཏེ་མིག་དང་ཡིད་དོ་ཞེས་གསུངས་པ་ལྟར་དུ་སྐད་ཅིག་དང་པོར་མིག་ཤེས་ཀྱིས་གཟུགས་བཟུང་སྟེ་འགགས་པའི་དེ་མ་ཐག་ཏུ་སྐད་ཅིག་གཉིས་པ་ལ་གཟུགས་ཡིད་དུ་འོང་མི་འོང་སོགས་ལ་དཔྱོད་པ་པོའི་ཡིད་ཤེས་དེ་ནི་དབང་པོ་རྣམས་ཀྱི་ཐོག་ལ་མི་གནས་ཏེ།ཤི་བ་དང་ལོང་བའི་མིག་བཞིན་ནོ།།ཡིད་ཤེས་ནི་ཕྱིའི་ཡུལ་གཟུགས་དང་སྒྲ་ལ་སོགས་པ་རྣམས་ཀྱི་ཐོག་ལ་གནས་པ་མིན་ཞིང་།ཡུལ་དང་ཡུལ་ཅན་གཉིས་ཀྱི་བར་དེ་ནའང་ཡིད་ཤེས་གནས་པ་མིན་ནོ།།ནང་གི་དབང་པོ་རང་ཉིད་ཀུན་ཡང་སེམས་མིན་ཏེ།ཕྱི་གཟུགས་སྒྲ་ལ་སོགས་པ་འདི་ཉིད་ཀྱང་སེམས་མིན་ཞིང་།ཡུལ་དང་ཡུལ་ཅན་དེ་ལས་གཞན་དུ་ཡང་ནི་སེམས་རྙེད་པ་མ་ཡིན་ནོ།སེམས་གང་ཞིག་ལུས་རང་ཉིད་ཀྱང་མིན་ཏེ།ལུས་ལས་གཞན་དུ་ཡང་སེམས་རྙེད་པ་མིན་ཏེ།ལུས་སེམས་གཉིས་ཆུ་དང་འོ་མ་བཞིན་དུ་འདྲེས་པ་མིན་ཞིང་།དེ་ལས་ལོགས་སུ་བསྲུང་འཁོར་བཏགས་པ་ལྟ་བུའང་འགར་མེད་པ་ཡིན་པས་ཡིད་དེ་ནི་གནས་པ་རང་བཞིན་གྱིས་མེད་པའི་མཚན་ཉིད་ཅན་ཡིན་ཕྱིར་སེམས་ཡོད་མེད་གཉིས་ཀ་ཅུང་ཟད་ཀྱང་ཡོད་པ་མིན་པ་རྒྱུ་མཚན་དེའི་ཕྱིར་དུ་ཡིད་ཀྱི་བདེན་ཞེན་བཤིག་སྟེ།ཡིད་མེད་ན་རྟོག་བཅས་ཀྱི་འཁྲུལ་པ་རྣམ་རྟོག་མེད་པའི་ཚེ་ན་སེམས་ཅན་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པ་ཡིན་ནོ།།གཉིས་པ་སེམས་སྐྱེ་བ་མེད་པར་བསྟན་པ་ནི།ཤེས་བྱ་ལས་སྔར་ཤེས་ཡོད་ན།།སོགས་ནས།གང་ལས་སྐྱེ།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་པས།ཚོགས་དྲུག་གི་ཤེས་པ་ཡུལ་ལ་བསྟེན་ནས་སྐྱེ་བའི་ཕྱིར་རང་བཞིན་ཡོད་དོ་ཞེ་ན།དབུ་མས།ཡུལ་ཤེས་བྱ་དེ་ལས་སྔར་ཚོགས་དྲུག་གི་ཤེས་པ་སྐྱེས་ཡོད་པ་ཡིན་ན་ནི་ཚོགས་དྲུག་གི་ཤེས་པ་ཡུལ་གྱི་རྣམ་པ་ཅན་དེ་ནི་ཅི་ལ་དམིགས་ནས་སྐྱེ་བ་ཡིན་ཏེ་ཡུལ་མེད་པའི་ཕྱིར་རོ།ཚོགས་དྲུག་གི་ཤེས་པ་དང་ཡུལ་ཤེས་བྱ་གཉིས་ཀ་ལྷན་ཅིག་ཏུ་སྐྱེ་བ་ཡིན་ན་ཤེས་པ་དེ་རྣམས་ནི་ཅི་ཞིག་ལ་དམིགས་ནས་སྐྱེ་སྟེ་བསྐྱེད་བྱ་སྐྱེ་བྱེད་མི་འཐད་པ་ཕ་བུ་གཉིས་ཀ་ལོ་མཉམ་ཡིན་པ་བཞིན་ནོ།།འོན་ཏེ་ཤེས་བྱའི་ཡུལ་སྔོན་དུ་སྐྱེ་པའི་ཕྱིས་སུ་ཤེས་པ་བློའི་རྣམ་པ་ཡོད་ན་ནི་འཕྲད་པ་འགོགས་པའི་རིགས་པས་བརྟགས་པ་དེའི་ཚེ་ན་ཡུལ་ཅན་ཚོགས་དྲུག་གི་ཤེས་པ་གང་ལས་སྐྱེ་སྟེ་སྐྱེ་བར་མི་རིགས་པ་ནི་མི་ཤི་ཟིན་པ་ལ་བང་ཆེན་གྱིས་མི་སླེབས་པ་བཞིན་ནོ།དེ་ལ་མངོན་སུམ་འགྲོས་གསུམ་པ་ནི།མིག་སོགས་ཀྱིས་གཟུགས་མཐོང་ཚེ་ཕྱིའི་གཟུགས་དེ་ཉིད་མིག་ཤེས་དང་ཡིད་ཤེས་གཉིས་ཀྱིས་མཐོང་བ་ལ།ནང་ཀུན་གཞི་ལ་དམིགས་ཏེ་རང་རིག་དང་གསུམ་རྒྱུན་གྱི་མཐར་སྐྱེ་བ་དང་།སྤེལ་མར་སྐྱེ་ཟེར་བ་གཉིས་ཏེ་གང་རུང་གིས་སྐྱེ་བར་གསུངས་སོ།བཞི་པ་ཆོས་དྲན་པ་ཉེ་བར་བཞག་པ་ལའང།དངོས་དང།དེ་ལ་རྩོད་པ་སྤོང་བ་གཉིས་ལས།དང་པོ་ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་དངོས་ནི།དེ་ལྟར་ཆོས་ཉམས་ཐམས་ཅད་ཀྱི།།སོགས་ནས།མ་ཡིན།།ཞེས་པའི་བར་གྱིས་བསྟན།དེ་ཡང་གོང་དུ་བཤད་པ་དེ་ལྟར་དུ་འདུ་ཤེས་དང་འདུ་བྱེད་གཉིས་ཀྱིས་བསྡུས་པའིི་ཆོས་རྣམས་དེ་དག་ཐམས་ཅད་ཀྱི་སྐྱེ་བ་ལ་བརྟག་དཔྱད་ན་གནས་ལུགས་ལ་ཡོད་མེད་གཉིས་ཀའི་ཆ་ནས་ཤེས་པར་མི་ནུས་པའི་ཕྱིར་ན་རྟོགས་པར་འགྱུར་བ་མ་ཡིན་པས་ན།ཡུལ་དང་ཡུལ་ཅན་ཐམས་ཅད་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་དགོས་གསུངས་སོ།གཉིས་པ་དེ་ལ་རྩོད་པ་སྤང་བ་ལའང་།བདེན་གཉིས་མི་འཐད་པའི་རྩོད་སྤང་དང་།གཏན་ཚིགས་མེད་པའི་རྩོད་སྤང་།རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤང་དང་གསུམ་ལས།དང་པོ་ནི།གལ་ཏེ་དེ་ལྟར་ཀུན་རྫོབ་མེད།།སོགས་ནས།མེད་པ་ཉིད།།ཅེས་པའི་བར་གྱིས་བསྟན།དངོས་པོར་སྨྲ་བས།གལ་ཏེ་གོང་དུ་བཤད་པ་དེ་ལྟར་དུ་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟར་ཡིན་ན་ཁྱོད་དབུ་མ་བ་ལ་ཆོས་ཉིད་དོན་དམ་ཁོ་ན་མ་གཏོགས་ཀུན་རྫོབ་བདེན་པ་མེད་པར་འགྱུར་ལ།ཀུན་རྫོབ་བདེན་པ་མེད་པ་དེ་ལ་བདེན་པ་གཉིས་ནི་ག་ལ་ཡོད་དེ་མེད་དོ།།དེ་ལྟར་ཡིན་ན་ཀླུ་སྒྲུབ་ཀྱིས།།སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ།།བདེན་པ་གཉིས་ལ་ཡང་དག་འདུ།།འཇིག་རྟེན་ཀུན་རྫོབ་བདེན་པ་དང་།།དམ་པའི་དོན་གྱི་བདེན་པའོ།།ཞེས་གསུངས་པ་དང་ཡང་ནང་འགལ་བར་འགྱུར་ཞིང་།ད་དུང་དེར་མ་ཟད་བརྒལ་བ་ཡང་ལན་དང་བཅས་པའི་སྒོ་ནས།དང་པོ་ནས་ཡང་དབུ་མ་ལ་ཁྱེད་དབུ་མ་དེ་ལ་ཡང་འདི་ལྟར་དུ་ཀུན་རྫོབ་ཅེས་བྱ་བ་ནི་གཞན་གྱི་འཁྲུལ་པའི་རྣམ་རྟོག་གི་བློ་ཡིས་རློམ་པ་ཙམ་གྱི་བཏགས་པ་འདི་ཐམས་ཅད་ཡིན་ནོ་ཞེས་ཟེར་ན་ནི།ཐ་མལ་པའི་རྗེས་སུ་འབྲང་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་ག་ལ་འདའ་སྟེ་མི་འདའ་འོ་ཞེ་ན།དབུ་མས།ཐ་མལ་གྱི་སྣང་བ་འདི་ནི་གཞན་ཉན་རང་དང་སེམས་ཙམ་སོགས་པའི་སེམས་རྣམ་པར་རྟོག་པས་བཏགས་པ་སྟེ།རྣམ་རྟོག་གིས་ཕར་བཏགས་པ་དེ་ཐམས་ཅད་ནི་དབུ་མ་བ་རང་གི་ཀུན་རྫོབ་ཏུ་འདོད་པ་མིན་ནོ།།འོ་ན་ཇི་ལྟར་ཡིན་སྙམ་ན།ངེད་དབུ་མའི་ལུགས་ལ་དཔྱོད་བྱེད་ཡང་དག་པའི་ཤེས་རབ་ཀྱིས་མཉམ་བཞག་གི་གནས་སྐབས་སུ་ཆོས་ཐམས་ཀྱི་རང་བཞིན་བདེན་པར་མ་གྲུབ་པ་གནས་ལུགས་དོན་དམ་པའི་རང་བཞིན་ཇི་ལྟ་བ་བཞིན་དུ་སྤྲོས་བྲལ་ནམ་མཁའ་ལྟ་བུར་གཏན་ལ་ཕབ་པ་ན།ཕྱིས་སུ་བཏགས་པ་དོན་མ་རྙེད་པའི་སྟོང་ཉིད་དོན་དམ་པའི་གནས་ལུགས་གྱི་རང་བཞིན་དེ་ནི་ཡང་དག་པར་བློ་ལ་ངེས་པའི་ཚེ་ན།དེའི་སྣང་ཆ་ཆོས་ཅན་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་བསླུ་མེད་དེ་ནི་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་ཡོད་པར་རུང་བ་ཡིན་ཏེ།ཀླུ་སྒྲུབ་ཀྱིས།གང་ལ་སྟོང་པ་ཉིད་རུང་བ།།དེ་ལ་ཐམས་ཅད་རུང་བ་ཡིན།།ཞེས་གསུངས་པ་ལྟར་རོ།།བདེན་གཉིས་འགལ་མེད་ཀྱི་ལྟ་བ་དེ་ལྟར་དུ་འདོད་པ་མིན་ན།སེམས་བདེན་གྲུབ་ལ་ཞེན་པའི་དབང་གིས་ཁྱོད་དངོས་པོར་སྨྲ་བའི་གྲུབ་མཐའ་དེ་ལ་བདེན་བཞིན་དུ་ཀུན་རྫོབ་མེད་པ་ཉིད་དུ་ཡིན་པས་དེ་བས་ཀུན་རྫོབ་ཡོད་དགོས་སོ།།གཉིས་པ་གཏན་ཚིག་མེད་པའི་རྩོད་སྤང་ནི།རྟོག་དང་བརྟག་པར་བྱ་བ་དག།།སོགས་ནས།ཐམས་ཅད་བརྗོད།།ཅེས་པའི་བར་གྱིས་བསྟན།དངོས་པོར་སྨྲ་བས།ཁྱེད་དབུ་མའི་རྟོག་བྱེད་གྱི་བློ་བདེན་མེད་དེས་བརྟག་བྱའི་ཡུལ་བདེན་མེད་དེ་ཉིད་གཏན་ལ་འབེབས་མི་ནུས་ཏེ།གཉིས་ཀ་བརྫུན་ཡིན་པས་གཏན་ཚིགས་ཀྱི་ཚད་མ་མི་བསླུ་བ་ཞིག་མེད་པས་རྣམ་དཔྱོད་ཀྱི་རིག་པ་མི་མཐད་དོ་ཞེ་ན།དབུ་མས།ཡུལ་ཅན་རྟོག་བྱེད་ཀྱི་བློ་དང་བརྟག་པར་བྱ་བ་ཡུལ་དེ་དག་གཉིས་པོ་གཅིག་ལ་གཅིག་ཕན་ཚུན་བརྟེན་ནས་ལྟོས་པ་དང་།རྟེན་འབྲེལ་ཀྱི་ཚུལ་དུ་ཡོད་པ་ཡིན་པས།ཇི་ལྟར་ན་འཇིག་རྟེན་ཐ་སྙད་དུ་གྲགས་པ་ཙམ་ལ་བརྟེན་ནས་དཔྱོད་བྱེད་ཀྱི་ཤེས་རབ་ཁྱད་པར་ཅན་གྱིས་ཡུལ་དང་ཡུལ་ཅན་གྱི་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པས་ལོག་རྟོག་འཁོར་བའི་གཉིས་འཛིན་གྱི་ཞེན་པ་ཐམས་ཅད་བདེན་མེད་ཀུན་རྫོབ་རྫུན་ཏུ་གཏན་ལ་ཕབ་པ་ཡིན་ཏེ།ཡུལ་ཅན་གྱི་བློ་བདེན་གྲུབ་མི་བསླུ་བ་ཞིག་མི་དགོས་སོ།གསུམ་པ་རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤང་ནི།གང་ཚེ་རྣམ་པར་དཔྱད་པ་ཡི།།སོགས་ནས།འདས་པར་བརྗོད།།ཞེས་པའི་བར་གྱིས་བསྟན།དངོས་སྨྲས།ཁྱེད་དབུ་མས་གཏན་ཚིགས་ཀྱི་བློ་རྣམ་དཔྱོད་ཀྱི་རིགས་པའང་བརྫུན་ཡིན་ན་ཡུལ་བདེན་མེད་དུ་གཏན་ལ་དབབ་པ་གང་གི་ཚེ་ན།རྣམ་པར་དཔྱད་པ་བློ་ཡིས་ཡུལ་ལ་རྣམ་དཔྱོད་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་དཔྱོད་པར་བྱེད་དགོས་པ་ཡིན་ན།ཡུལ་ལ་རྣམ་པར་དཔྱད་པ་དེའི་ཚེ་ན།རྣམ་པར་དཔྱོད་བྱེད་ཀྱི་བློ་ལ་ཡང་རྣམ་དཔྱོད་ཀྱིས་རིམ་པ་བཞིན་དུ་དཔྱད་དེ་དཔྱོད་བྱེད་ཀྱི་བློ་ནི་རེ་རེ་བཞིན་དུ་དགོས་པ་དེ་ལྟར་ན་ཡུལ་ཅན་རྣམ་དཔྱོད་ཀྱི་བློ་མང་པོ་དགོས་པའི་ཕྱིར་ན།རྣམ་དཔྱོད་ལ་མཐའ་ཐུག་པ་མེད་པར་འགྱུར་རོ་ཞེ་ན།དབུ་མས།དཔྱད་བྱ་ཤེས་བྱའི་ཡུལ་དེ་ཉིད་ཡུལ་ཅན་གྱི་བློ་ཤེས་རབ་ཀྱིས་རྣམ་པར་དཔྱད་པར་བྱས་པའི་ཚེ་ན།གོང་ལྟར་དུ་དངོས་ཡོད་དངོས་མེད་ཀྱིས་བཤིགས་པ་ཡིན་ཅིང་།ཡུལ་ཅན་རྣམ་དཔྱོད་ཀྱི་བློ་དེ་ལ་ནི་ཡུལ་དང་བྲལ་ཏེ་དངོས་མེད་དུ་གྱུར་པར་དངོས་མེད་རྟེན་དང་བྲལ་ནས་རྟེན་ཡོད་པ་མིན་ཏེ།ཡུལ་གྱི་རྟེན་མེད་པའི་ཕྱིར་ན་ཡུལ་ཅན་རྣམ་དཔྱོད་ཀྱི་བློ་མི་སྐྱེ་སྟེ།དེ་ལྟར་རྣམ་པར་མི་རྟོག་པ་མངོན་དུ་བྱས་པའི་ཚེ་ན་ཡང་མྱ་ངན་ལས་འདས་པ་ཡིན་པར་བརྗོད་དེ།ལམ་གྱི་མཐུས་ཉོན་མོངས་སྤངས་པ་ལ་མཐར་ཐུག་གི་མྱང་འདས་དང་བློ་ཡང་དག་པས་ཡུལ་དང་ཡུལ་ཅན་བདེན་མེད་རང་བཞིན་མ་གྲུབ་པར་གཏན་ལ་ཕབ་ནས་དམིགས་མེད་དུ་ངེས་པ་རྙེད་པ་ལ་རང་བཞིན་གྱིས་མྱ་ངན་འདས་སུ་བརྗོད་པར་བྱའོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་བསྒོམ་པས་ཉམས་སུ་བླང་བ་སོང་ནས།གསུམ་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ་ལའང་།དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ་དང།སྟོང་པར་སྨྲ་བའི་སྒྲུབ་བྱེད་དགོད་པ་གཉིས་ལས།དང་པོ་ནི།གང་གི་ལྟར་ན་འདི་གཉིས་བདེན།།སོགས་ནས།གང་ལས་རྟོགས།།ཞེས་པའི་བར་གྱིས་བསྟན།དངོས་པོར་སྨྲ་བས།གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་དོན་དམ་པ་ན་བདེན་པར་གྲུབ་ཡོད་དོ་ཞེ་ན།དབུ་མས།ཁྱེད་དངོས་པོར་སྨྲ་བ་གང་གི་གྲུབ་མཐའ་ལྟར་ན་གཟུང་བ་རྡུལ་ཕྲན་ཆ་མེད་དང་།ཤེས་པ་སྐད་ཅིག་ཆ་མེད་འདི་གཉིས་བདེན་པར་གྲུབ་པར་འདོད་པ་དེ་ཉིད་ནི་ཤིན་ཏུ་དཀའ་བར་གནས་ཏེ་གཏན་ཚིག་ཅི་ཡང་མེད་དོ།།དངོས་སྨྲས།མིག་ཤེས་ཆོས་ཅན།གཟུགས་མཐོང་བར་ཐལ།མངོན་གསུམ་ཡིན་པའི་ཕྱིར་ན་གལ་ཏེ་མིག་ཤེས་སོགས་དང་དབང་པོ་བདེན་པར་གྲུབ་པ་ཡོད་པའི་རྟགས་ལས་ཡུལ་དོན་ལྔ་པོ་བདེན་པར་གྲུབ་ཡོད་དོ་ཞེ་ན།དབུ་མས།འོ་ན་ཤེས་པ་བདེན་པར་གྲུབ་པ་ཡོད་པ་ཉིད་ལ་རྟེན་ཅི་ཞིག་ཡོད་དེ་རྟེན་མེད་དོ།།དངོས་སྨྲས།འོན་ཏེ་ཡུལ་ཤེས་བྱ་བདེན་གྲུབ་ཏུ་ཡོད་པ་ལས་ཡུལ་ཅན་གྱི་ཤེས་པ་བདེན་གྲུབ་ཏུ་ཡོད་དོ་ཞེ་ན།དབུ་མས།འོ་ན་ཡུལ་ཤེས་བྱ་བདེན་གྲུབ་ཏུ་ཡོད་པ་ཉིད་ལ་རྟེན་ཅི་ཞིག་ཡོད་དེ་རྟེན་མེད་དོ།།དངོས་སྨྲས།གོང་དུ་བཤད་པ་དེ་ལྟར་དུ་ཡིན་པས་ན།དེ་སྟེ་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་གྲུབ་ཀྱི་དབང་གིས་བདེན་པར་གྲུབ་པ་ཡོད་དོ་ཞེ།དབུ་མས།འོ་ན་ཡུལ་དང་ཡུལ་ཅན་གཉིས་ཀ་ཡང་ནི་ཕན་ཚན་ལྟོས་གྲུབ་ཀྱི་དབང་གིས་ཡིན་ན་བདེན་གྲུབ་ཏུ་མེད་པར་འགྱུར་ཏེ།དཔེར་ན་གལ་ཏེ་འཇིག་རྟེན་ན་བུ་མེད་ན་སྐྱེད་པ་པོ་ཕ་ཡོད་དགོས་པ་མིན་ན་སྟེ།ཕ་ཡིན་པས་བུ་བསྐྱེད་པ་ཡིན་ནམ་ཕ་མེད་པས་བུ་བསྐྱེད་པ་ཡིན།གལ་ཏེ་ཕ་ཡིན་པས་བུ་བསྐྱེད་ན་ནི་འཇིག་རྟེན་ན་བུ་མེད་ཚེ་ཕ་ཡོད་པ་མིན་ནོ།ཡང་ཕ་མེད་ནའང་བུ་བསྐྱེད་པར་འགྱུར་བ་ན་ནི་བུ་ཉིད་གང་ལས་བྱུང་བ་ཡིན་ཏེ།སྐྱེད་པ་པོ་མེད་དེ།ལྟོས་ས་དང་ལྟོས་འཇོག་གིས་བཞག་སྟེ།བུ་མེད་པར་གྱུར་ན་ནི་རྗེས་སུ་ཕ་མེད་པ་ཡིན་པ་དཔེ་དེ་བཞིན་དུ་ཡུལ་བཟུང་བ་རྡུལ་ཕྲན་ཆ་མེད་དང་ཡུལ་ཅན་གྱི་ཤེས་པ་སྐད་ཅིག་ཆ་མེད་དེ་གཉིས་ཀའང་ལྟོས་ས་དང་ལྟོས་འཇོག་གིས་བཞག་པ་ཙམ་ཡིན་པས་བདེན་གྲུབ་ཏུ་མེད་པ་ཉིད་ཡིན་ནོ།དངོས་པོར་སྨྲ་བས་ཆ་མེད་གཉིས་བདེན་གྲུབ་ཏུ་ཡོད་དེ།དཔེར་ན་ས་སྟེང་ན་ཡོད་པའི་མྱུ་གུ་ནི་ས་ཞབས་སུ་ས་བོན་ཡོད་པ་ལས་སྐྱེ་བ་ཡིན་ཞིང་།ས་ཞབས་ཀྱི་ས་བོན་ཡོད་པ་དེ་ནི་ས་སྟེང་གི་མྱུ་གུ་དེ་ཉིད་ཀྱིས་ཤེས་ཤིང་རྟོགས་པ།དཔེ་དེ་བཞིན་དུ་ཡུལ་ཤེས་བྱ་བདེན་གྲུབ་ཀྱི་རྟེན་ལ་བརྟེན་པ་ལས་སྐྱེས་པའི་ཡུལ་ཅན་གྱི་ཤེས་པ་བདེན་གྲུབ་ཏུ་ཡོད་པ་དེ་ཡིས་ཡུལ་ཤེས་བྱ་དེ་ཉིད་བདེན་གྲུབ་ཏུ་ཡོད་པ་ན་ཅིས་མི་རྟོགས་ཏེ་རྟོགས་པ་ཡིན་ནོ་ཞེ་ན།དབུ་མས།ཁྱོད་དངོས་པོར་སྨྲ་བའི་དཔེའམ་རྟགས་མ་གྲུབ་སྟེ།ས་འོག་གི་ས་བོན་ཉིད་ས་སྟེང་གི་མྱུ་གུས་རྟོགས་པ་མིན་ཏེ།མྱུ་གུ་ལས་གཞན་དུ་ཡུལ་ཅན་གྱི་ཤེས་པ་དེ་ཡིས་མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ས་བོན་ཡོད་ཅེས་རྟོགས་པར་འགྱུར་བ་ཡིན་ན།རྒྱུ་མཚན་གང་གི་ཕྱིར་དུ་ཡུལ་ཤེས་བྱ་བདེན་གྲུབ་ཏུ་ཡོད་པ་ནི་ཡུལ་ཅན་གྱི་ཤེས་པ་བདེན་གྲུབ་ཏུ་ཡོད་པ་དེ་ཉིད་ཀྱིས་རྟོགས་པར་འགྱུར་རོ་ཟེར་ནའང་།ཡུལ་ཅན་གྱི་ཤེས་པ་བདེན་གྲུབ་ཏུ་ཡོད་པ་ཉིད་ནི་གང་ལས་རྟོགས་ཏེ།རྟགས་དང་གཏན་ཚིག་ཅི་ཡང་མེད་པས་བདེན་པར་མ་གྲུབ་པ་ཡིན་ནོ།།གཉིས་པ་སྟོང་པར་སྨྲ་བའི་སྒྲུབ་བྱེད་དགོད་པ་ལའང།རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེག་མ་དང།ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་དང་།འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས།དང་པོ་རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེག་མ་ལའང་།རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་དང་།གཞན་ལས་སྐྱེ་བར་འདོད་པ་དགག་པ་དང་།བདག་ལས་སྐྱེ་བར་འདོད་པ་དགག་པ་དང་།དེ་དག་གི་དོན་བསྡུ་བ་དང་བཞི་ལས།འདིའི་སྐབས་སུ།དབུ་མ་རྩ་བ་ཤེས་རབ་ལས།བདག་ལས་མ་ཡིན་གཞན་ལས་མིན།།གཉིས་ལས་མ་ཡིན་རྒྱུ་མེད་མིན།།དངོས་པོ་གང་དང་གང་ན་ཡང་།།སྐྱེ་བ་ནམ་ཡང་ཡོད་མ་ཡིན།།ཞེས་གསུངས་པ་ལྟར།བདག་ལས་བདག་སྐྱེ་བར་འགྱུར་ན་འཇིག་རྟེན་ན་ཕ་མི་དགོས་པ་དང།ཡུངས་ཞུ་མི་དགོས་པར་ཡུངས་ལས་ཡུངས་སྐྱེ་བར་འགྱུར་བའི་སྐྱོན་དང་།གཞན་ལས་གཞན་སྐྱེ་བར་འགྱུར་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་སྐྱེ་བར་འགྱུར་བ་དང་།རྒྱུ་མེད་ལས་སྐྱེ་ན་ནམ་མཁའ་ལས་ཀྱང་མེ་ཏོག་སྐྱེ་དགོས་པར་འགྱུར་བའི་སྐྱོན་འཇུག་པས་ན།སྐྱེ་བ་བདེན་གྲུབ་ནི་མི་སྲིད་དོ།ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོ་གསུམ་ལ་འདུས་པས།རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེག་མས་ད་ལྟའི་ས་བོན་འདི་མ་འོངས་པའི་སྟོན་ཐོག་གི་རྒྱུ་ཡིན་སྙམ་པའི་སྐྱེ་བ་བདེན་གྲུབ་ཏུ་ཞེན་པ་བཀག་ནས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པར་གཏན་ལ་དབབ་པ་དང་།ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོས་ད་ལྟ་སྣང་ཡུལ་དང་སྣང་བ་ལ་ཞེན་པ་བདེན་གྲུབ་བཀག་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གཏན་ལ་དབབ་པ་དང་།འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གིས་ད་ལྟའི་འབྲས་བུ་འདི་མ་འདས་པའི་རྒྱུ་ལས་བྱུང་བ་ཡིན་སྙམ་པའི་སྔར་མེད་གསར་དུ་ཡོད་པར་འདོད་པའི་ཞེན་པ་བཀག་ནས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གཏན་ལ་དབབ་པ་ཡིན་ནོ།དཔེར་ན་ནས་འབྲུ་གཅིག་ལའང་རྒྱུ་འབྲས་ངོ་བོ་གསུམ་ཚང་ཡོད་དེ།ལོ་སྔོན་མའི་འབྲས་བུ་དང་ལོ་རྗེས་མའི་རྒྱུ་དང་།ལྟོ་ལྡིར་མཆུ་ཕྲ་ལྟ་བུ་ནི་ངོ་བོ་ཡིན་ནོ།དེ་ལྟར་གཏན་ལ་དབབ་ཚུལ་ལ།དང་པོ་རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ་ནི།རེ་ཞིག་འཇིག་རྟེན་མངོན་གསུམ་གྱིས།།སོགས་ནས།མཐུ་ཉིད་ལས།།ཞེས་པའི་བར་གྱི་བསྟན།དེ་ཡང་ཕྱི་རོལ་ཕུར་བུ་བས།ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་བཀྲ་ལྟ་ན་སྡུག་པ་རྣམས།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཞེས་པ་ལྟར་ཆོས་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བ་ཡིན་ནོ་ཞེ་ན།དབུ་མས།དུས་རེ་ཞིག་ན་འཇིག་རྟེན་འདི་ན་ཀུན་གྱིས་ནས་ཀྱི་རྒྱུ་ལ་ནས་ལ་སོགས་པ་ཡིན་པ་མངོན་སུམ་གྱིས་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་ནོ།།ཕུར་བུ་བས།ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན་ན་པདྨའི་ས་བོན་ཕྲ་བ་ཆུང་ངུ་དེ་ལ་སྡོང་བུ་དང་ཡལ་ག་འདབ་མ་ལོ་མ་གེ་སར་ལ་སོགས་པ་འབྱུང་བ་དེ་སྙེད་ཀྱི་རྒྱུ་མཐོང་བ་མེད་དོ་ཞེ་ན།དབུ་མས།པདྨའི་སྡོང་བུ་དང་ཡལ་ག་ལ་སོགས་པའི་དབྱེ་བ་ནི་རྒྱུ་ཡི་དབྱེ་བས་བསྐྱེད་པ་ཡིན་ནོ།ཕུར་བུ་བས།རྒྱུ་ཡི་དབྱེ་བ་གང་གི་བྱས་པ་ཡིན་ནམ་ཞེ་ན།དབུ་མས།སྔར་གྱི་རྒྱུའི་དབྱེ་བ་ཉིད་ལས་བྱུང་སྟེ།ད་ལྟ་བའི་གྲོ་ནས་ལ་སོགས་པ་སྔོན་མའི་རྒྱུ་ལས་བྱུང་ལྟ་བུ་ཡིན་པས་སོ།ཕུར་བུ་བས།རྒྱུ་མཚན་ཅིའི་ཕྱིར་ན་རྒྱུ་དེ་ཡིས་འབྲས་བུ་རྣམས་སྐྱེད་པར་བྱེད་པ་ནུས་སམ་ཞེ་ན།དབུ་མས།སྔར་གྱི་རྒྱུ་དེ་ཡི་ནུས་མཐུ་ཉིད་ལས་བྱུང་སྟེ་སྐྱེད་པ་ཡིན་ནོ།གཉིས་པ་གཞན་ལ་སྐྱེ་བར་འདོད་པ་དགག་པ་ལའང་།གཞན་མི་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་དང་།གཞན་རྟག་པ་ལས་སྐྱེ་བར་འདོད་པ་གཉིས་ལས།སྔ་མ་སེམས་དྲན་པ་ཉེར་བཞག་དང་ཆོས་དྲན་པ་ཉེར་བཞག་གི་སྐབས་སུ་བཤད་ཟིན་ནས།གཉིས་པ་གཞན་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་ནི།དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན།།སོགས་ནས།སྔར་བཟློག་ཟིན།།ཅེས་པའི་བར་གྱིས་བསྟན།ཕྱི་རོལ་རིག་པ་ཅན་ལ་སོགས་པས།སྣོད་བཅུད་ཀྱི་འཇིག་རྟེན་འདི་ཐམས་ཅད་ནི་དབང་ཕྱུག་གིས་བྱས་པ་ཡིན་པས་འགྲོ་བའི་རྒྱུ་ཡིན་ནོ་ཞེ་ན།དབུ་མས།དུས་རེ་ཞིག་ན་དང་པོ་དབང་ཕྱུག་ཅེས་བྱ་བ་དེ་ནི་གང་ཞིག་ཡིན་པར་སྨྲོས་ཏེ་ཤོད་ཅིག་ཅེས་པའམ།ཕྱི་རོལ་རིག་པ་ཅན་གྱིས།ས་ཆུ་མེ་རླུང་ནམ་མཁའི་འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཞེ་ན།དབུ་མས།འོ་ན་དེ་ལྟ་བུ་དག་ཡིན་མོད་དེ་མིང་མི་འདྲ་བ་ཙམ་ལ་ཡང་ཅི་ཞིག་གི་ངལ་དུབ་དགོས་ཏེ།ངེད་དབུ་མས་འབྱུང་བ་རྣམས་དང་ཁྱེད་ཕྱི་པས་དབང་ཕྱུག་ཅེས་བརྗོད་ལུགས་མི་འདྲ་བ་ཙམ་མ་གཏོགས་དོན་གཅིག་ཡིན་ནོ།ཕྱི་རོལ་རིག་པ་ཅན་སོགས་ཀྱིས།བྱེད་པོ་དབང་ཕྱུག་གསེར་མདོག་དེ།།གང་གིས་ཤེས་ན་གྲོལ་བར་འགྱུར།།ཞེས་བཤད་པས་འཇིག་རྟེན་གྱི་བྱེད་པོ་དབང་ཕྱུག་དེ་ནི་གཅིག་པུ་དང་།རྟག་པ་དང་།འཇིག་རྟེན་འདི་བྱེད་དགོས་སྙམ་པའི་བློའི་གཡོ་བ་སྔོན་དུ་འགྲོ་དགོས་པ་དང་།ལྷའི་འགྲོ་བས་བསྡུས་པ་དང་།མཆོད་འོས་དང་།གཙང་བ་ལ་སོགས་པ་ཡིན་ནོ།དབུ་མས།འོན་ཀྱང་དབང་ཕྱུག་ནི་གཅིག་པུ་ཡིན་ན་ས་ལ་སོགས་པ་ནི་དུ་མ་མང་པོ་ཡིན་པས་དབང་ཕྱུག་མིན་པ་དང་།དབང་ཕྱུག་རྟག་པ་ཡིན་ཟེར་ཀྱང་ས་ལ་སོགས་པ་ནི་མི་རྟག་པ་ཡིན་པ་དང་།དབང་ཕྱུག་གིས་འཇིག་རྟེན་བྱེད་དགོས་སྙམ་པ་བློའི་གཡོ་བ་སྔོན་དུ་འགྲོ་དགོས་ནའང་ས་ལ་སོགས་པ་ལ་བློའི་གཡོ་བ་མེད་པ་དང་།དབང་ཕྱུག་ནི་ལྷའི་འགྲོ་བས་བསྡུས་པ་ཡིན་ནའང་ས་ལ་སོགས་པ་ནི་དམྱལ་བ་ན་ལྕགས་སྲེགས་ཀྱི་ས་གཞི་དང་ཁྲོ་ཆུ་དང་།ཡི་དྭགས་ན་རྣག་ཁྲག་གི་ཀླུང་ལ་སོགས་པའི་རིགས་དྲུག་གི་གནས་སུ་འབྱུང་བ་བཞིས་ཁྱབ་ཡོད་པས་ལྷ་མིན་ཞིང་།དབང་ཕྱུག་མཆོད་འོས་ཡིན་ནའང་ས་ལ་སོགས་པའི་འབྱུང་བ་རྣམས་ནི་ལམ་དང་ཟམ་པ་ལ་སོགས་པ་བྱས་པས་ཀུན་གྱིས་འགོམ་བྱ་ཉིད་དུ་ཡིན་པས་དབང་ཕྱུག་མིན་པ་དང་།དབང་ཕྱུག་ནི་ཤིན་ཏུ་གཙང་མ་ཡིན་ནའང་ས་ལ་སོགས་པའི་འབྱུང་བ་རྣམས་ནི་མི་གཙང་བ་ཡིན་པས་ན་དེ་རྣམས་ཐམས་ཅད་ན་དབང་ཕྱུག་ཉིད་དུ་མ་ཡིན་ནོ།།དབང་ཕྱུག་ནམ་མཁའ་ནི་མིན་ཏེ།ནམ་མཁའ་ལ་འཇིག་རྟེན་བྱེད་དགོས་སྙམ་པའི་བློའི་གཡོ་བ་མེད་པའི་ཕྱིར་རོ།།དབང་ཕྱུག་བདག་ནི་མིན་ཏེ་སྔར་བདག་བེམ་པོ་དང་ཤེས་པ་རྟག་པར་འདོད་པའི་སྐབས་ནས་བཀག་ཟིན་པའི་ཕྱིར་རོ།།རིག་པ་ཅན་གྱིས།དབང་ཕྱུག་ནི་ཕྱོགས་རེ་ནས་གཞལ་བྱ་མིན་ཏེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེ་ན།དབུ་མས།དེ་ལྟ་བུའི་དབང་ཕྱུག་ནི་བློའི་བསམ་པའི་ཡུལ་མིན་པའི་བསམ་གྱིས་མི་ཁྱབ་པ་ཡི་འཇིག་རྟེན་ཀྱི་བྱེད་པོ་ཡིན་པར་བརྗོད་ན་ཡང་།འདིར་རྒྱུ་འབྲས་ཀྱི་རྟེན་གཞི་བསམ་པའི་ཡུལ་མིན་པའི་བསམ་གྱིས་མི་ཁྱབ་པ་ཞིག་བརྗོད་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ།།རྒྱུ་མཚན་དེ་བས་ན།དབང་ཕྱུག་དེས་བསྐྱེད་དོ་ཟེར་བའི་འདོད་པ་མང་པོ་དེའང་གང་ཞིག་ཡིན་ཏེ་མེད་པའི་ཕྱིར་རོ།ཕྱི་རོལ་རིག་པ་ཅན་ལ་སོགས་པས།དབང་ཕྱུག་གིས་བདག་དང་འབྱུང་བ་བཞི་དང་དབང་ཕྱུག་རང་གི་ངོ་བོ་རྣམས་བསྐྱེད་དོ་ཞེ་ན།དབུ་མས།བདག་ནི་དབང་ཕྱུག་དེ་ཉིད་ཀྱིས་བསྐྱེད་པ་མིན་ཏེ་མི་རྟག་པ་ཡིན་པ་དང་།ས་ལ་སོགས་པའི་འབྱུང་བ་རྣམས་དང་དབང་ཕྱུག་རང་གི་ངོ་བོ་དང་བཅས་པའང་རྟག་པ་མིན་ནམ་སྟེ་ཡིན་ན་རྟག་པ་ནི་དབང་ཕྱུག་གིས་ཇི་ལྟར་བསྐྱེད་དེ་བསྐྱེད་པར་མི་རིགས་སོ།བདག་དང་ས་ལ་སོགས་པའི་འབྱུང་བ་དང་དབང་ཕྱུག་རྣམས་ནི་རགས་པ་འགྱུར་བའི་མི་རྟག་པ་དང་ཕྲ་བ་རྡུལ་ཕྲན་དང་བཅས་པ་སྐད་ཅིག་གིས་མི་རྟག་པ་ཡིན་ནོ།།ཡུལ་ཅན་གྱི་ཤེས་པ་ཐམས་ཅད་ནི་ཡུལ་ཤེས་བྱ་ལ་བརྟེན་པ་ལས་སྐྱེ་བ་མ་གཏོགས་དབང་ཕྱུག་གིས་བསྐྱེད་པ་མིན་པ་དང།ཐོག་མ་མེད་པ་ནས་བསགས་པའི་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་ཐམས་ཅད་ནི་སྔོན་གྱི་ལས་བཟང་ངན་ལས་བྱུང་བ་ཡིན་ཏེ།དབང་ཕྱུག་གིས་བསྐྱེད་པ་མིན་ན།རྒྱུ་མཚན་དེ་བས་ན་དབང་ཕྱུག་གིས་ཡུལ་དང་ཡུལ་ཅན་གང་ཞིག་བསྐྱེད་པ་སྨྲོས་ཏེ་ཤོད་དང་བཤད་རྒྱུ་མེད་པའི་ཕྱིར་རོ།དབང་ཕྱུག་རྟག་པ་ཡིན་ན་རྒྱུ་ལ་ཐོག་མ་ཡོད་པ་འཐད་ཀྱང་།དབང་ཕྱུག་མི་རྟག་པ་ཡིན་ན་མེ་ཏོག་ལ་སོགས་པའི་རྒྱུ་ལ་ཐོག་མ་གང་ཡང་ཡོད་པ་མིན་ན།འབྲས་བུའི་ཐོག་མ་ཡང་ག་ལ་ཡོད་དེ་མེད་དོ།།ཕྱི་རོལ་པས།དབང་ཕྱུག་ནི་ཅི་ནས་ཀྱང་རྟག་པ་ཡིན་ནོ་ཞེ་ན།དབུ་མས།འོ་ན་དབང་ཕྱུག་རྟག་པ་ཡིན་ན་དུས་རྟག་ཏུ་དབྱར་དགུན་ཀུན་ཏུ་རྒྱུ་མཚན་ཅིའི་ཕྱིར་དུ་མེ་ཏོག་ལ་སོགས་པ་སྐྱེད་པར་བྱེད་པ་མིན་ཏེ་དགུན་དུས་སུ་ཡང་མེ་ཏོག་ལ་སོགས་པ་བྱེད་དགོས་ཏེ།དབང་ཕྱུག་དེ་ཡིས་ནི་བྱ་བ་ཐམས་ཅད་གཅིག་ཆར་བྱེད་དགོས་ཏེ།རྒྱུ་རྐྱེན་རྟེན་འབྲེལ་གཞན་ལ་ལྟོས་དགོས་པ་མིན་པ་ཅི་ཞིག་གིས་ཡིན་སྙམ་ན།འཇིག་རྟེན་འདི་ན་དབང་ཕྱུག་དེས་བྱས་པ་མིན་པ་གཞན་ཤེས་བྱའི་དངོས་པོ་ཅི་ཡང་ཡོད་པ་མིན་ན།དབང་ཕྱུག་དེས་བྱས་པའི་དངོས་པོ་གང་ཞིག་ལ་ལྟོས་པར་འགྱུར་ཏེ།གཞན་གང་ལའང་ལྟོས་པར་མི་རིགས་སོ།།ཕྱི་རོལ་རིག་པ་ཅན་གྱིས།དབང་ཕྱུག་རྟག་པ་ཡིན་ཀྱང་མེ་ཏོག་ལ་སོགས་པ་དབང་ཕྱུག་གིས་བྱེད་པའི་ཚེ་ན་བྱེད་གྲོགས་དབྱར་དུས་སུ་ཆར་ཆུ་ཙམ་གྱིས་ཚོགས་པ་ལ་ལྟོས་དགོས་སོ་ཞེ་ན།དབུ་མས།གལ་ཏེ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་སོགས་དགོས་ན་རྒྱུ་རྐྱེན་གྱི་ཚོགས་པ་ཉིད་དངོས་པོ་ཀུན་གྱི་རྒྱུ་ཡིན་པར་འགྱུར་གྱི།དབང་ཕྱུག་ནི་རྒྱུ་མིན་པར་འགྱུར་རོ།།མདོར་ན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ན་ནི་སྟོན་ཐོག་དང་མེ་ཏོག་ལ་སོགས་པ་ལ་མི་སྐྱེ་བའི་དབང་མེད་པ་ཡིན་ཅིང་།རྒྱུ་རྐྱེན་དེ་དག་མེད་པར་ནི་སྟོན་ཐོག་དང་མེ་ཏོག་ལ་སོགས་པའི་འབྲས་བུ་རྣམས་ལ་སྐྱེ་བའི་དབང་མེད་དོ།།ཕྱི་རོལ་པས།གལ་ཏེ་དངོས་པོ་འདི་རྣམས་ཐམས་ཅད་དབང་ཕྱུག་གིས་འདོད་བཞིན་དུ་བྱས་པ་ཡིན་ནོ་ཞེ་ན།དབུ་མས།འོ་ན་རང་དབང་མེད་པའི་བཙོན་པ་ལྟ་བུར་གཞན་གྱི་དབང་དུ་ཐལ་ཏེ།དབང་ཕྱུག་ལ་རང་དབང་མེད་པས་མིང་དོན་མི་མཚུངས་སོ།།ཕྱི་རོལ་པས།དབང་ཕྱུག་གིས་འདོད་ན་མེ་ཏོག་ལ་སོགས་པ་བྱེད་ལ།མི་འདོད་ན་མི་བྱེད་ཞེ་ན།དབུ་མས།དབང་ཕྱུག་གིས་འདོད་བཞིན་དུ་མེ་ཏོག་ལ་སོགས་པ་བྱེད་ནའང་དབང་ཕྱུག་གི་རྒྱུད་ཀྱི་འདོད་པ་ལ་རག་ལས་པར་འགྱུར་བ་ཡིན་གྱི་དབང་ཕྱུག་གིས་བྱས་པ་ནི་གང་ཡང་མེད་དོ།།སྤྱིར་དངོས་པོ་འདི་དག་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་ཡིན་ནོ་ཞེས་བརྗོད་ནའང་།རྒྱུ་རྟག་པ་ལས་འབྲས་བུ་གཅིག་ཆར་དུ་འབྱུང་བ་མི་སྲིད་པས་དབང་ཕྱུག་ག་ལ་ཡིན་ཏེ།བྱེད་པ་པོ་ནི་དབང་ཕྱུག་མ་ཡིན་ནོ།།མུ་སྟེགས་བྱེ་བྲག་པ་གང་དག་རྡུལ་ཕྲན་རྟག་པར་སྨྲ་བ་དེ་དག་ཐམས་ཅད་ཀྱང་ནི་སྔར་དྲན་པ་ཉེར་བཞག་གི་སྐབས་སུ་ཕྱིར་བཟློག་ཟིན་པ་ཡིན་ནོ།།གསུམ་པ་བདག་ལས་སྐྱེ་བར་འདོད་པ་དགག་པ་ལ་གཙོ་བོ་དགག་པ་དང་།བདག་སྐྱེ་དངོས་དགག་པ་གཉིས་ལས།དང་པོ་ནི།གཙོ་བོ་རྟག་པ་འགྲོ་བ་ཡི།།སོགས་ནི།མི་རྟག་ཉིད།།ཅེས་པའི་བར་གྱིས་བསྟན།གཙོ་བོ་ཞེས་བྱ་རྟག་པ་སྣོད་དང་བཅུད་ཀྱི་འགྲོ་བ་ཡི་རྒྱུ་ཡིན་པར་ནི་མུ་སྟེགས་གྲངས་ཅན་པས་འདོད་དེ།ཕྱི་རོལ་གྲངས་ཅན་པས།དེ་ཙམ་ཉེར་ལྔ་ནི་གཙོ་བོ་དང་།ཆེན་པོ་དང་།ང་རྒྱལ་དང་།དབང་པོ་བཅུ་གཅིག་དང་།ཡུལ་དེ་ཙམ་ལྔ་དང་།འབྱུང་རྩ་ལྔ་དང་།སྐྱེས་བུའོ།དབང་པོ་བཅུ་གཅིག་ནི།རྣ་མིག་སྣ་ལྕེ་ལུས་ཏེ་བློའི་དབང་པོ་ལྔ་དང་།མགོ་ལག་རྐང་པ་གཤང་ལམ་ཆུ་སོ་སྟེ་ལས་ཀྱི་དབང་པོ་ལྔ་དང་།དེ་ཐམས་ཅད་ཐུན་མོང་བ་ཡིན་ནོ་ཞེས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས་གསུངས་པ་དང་།གཙོ་བོ་མཚན་ཉིད་ལྔ་ལྡན་དང་།བདག་ཆོས་ལྔ་ལྡན་ནི་བཟོད་པའི་ལེའུའི་གཙོ་བོའི་སྐབས་སུ་བྲིས་ཡོད་པ་ལྟར་རོ།།དེ་ཡང་སྙིང་སྟོབས་ཞེས་བྱ་བའི་ཡོན་ཏན་དང་།རྡུལ་ཞེས་བྱ་བའི་ཡོན་ཏན་དང་།མུན་པ་ཞེས་བྱ་བའི་ཡོན་ཏན་དང་གསུམ་པོ་ཆ་ཆེ་ཆུང་དང་མང་ཉུང་མེད་པར་མཉམ་པོར་གནས་པའི་ཚེ་ན་ནི་བརྟན་གཡོ་ཀུན་ལ་ཁྱབ་པའི་གཙོ་བོ་ཞེས་བྱ་བར་རབ་ཏུ་བརྗོད་དེ།བདེ་སྡུག་བཏང་སྙོམས་གསུམ་པོ་ལ་མང་ཉུང་དུ་འགྱུར་ཏེ་བདེ་བ་མང་བས་ལྷ་མི་དང་།སྡུག་བསྔལ་མང་བས་ངན་སོང་དང་།བཏང་སྙོམས་མང་བས་དུད་འགྲོར་འགྱུར་བ་ལྟ་བུ་དེ་གསུམ་མི་མཉམ་པའི་ཚེ་ན་འགྲོ་བ་ཡིན་པར་བརྗོད་དོ་ཞེ་ན།དབུ་མས།ཁྱེད་གྲངས་ཅན་པས་གཙོ་བོ་རྟག་པ་གཅིག་པུ་ཞིག་ཡིན་ཟེར་བ་ལ་ཡང་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་གསུམ་ཉིད་དུ་ཡོད་ཅེས་ཟེར་བ་འདི་ནི་ཚིག་སྔ་ཕྱི་འགལ་བ་ཡིན་ཏེ།གཅིག་དང་གསུམ་ནི་འགལ་བ་ཡིན་པའི་ཕྱིར་ན་རིགས་ཤིང་འཐད་པ་མིན་ཏེ།རྒྱུ་མཚན་དེས་ན་གཙོ་བོ་ཡོད་པ་མིན་ནོ།།དེ་བཞིན་དུ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཡོན་ཏན་ཡང་ཡོད་པ་མིན་ཏེ།རྡུལ་མུན་སྙིང་སྟོབས་གསུམ་པོ་དེ་རེ་རེ་ལ་ཡང་རྡུལ་གྱི་རྡུལ།རྡུལ་གྱི་མུན་པ།རྡུལ་གྱི་སྙིང་སྟོབས་ལ་སོགས་ལ་སོ་སོར་རྣམ་པ་གསུམ་པོ་རེ་རེ་ལ་ཡང་མཐའ་ཐུག་མེད་དུ་འགྱུར་བའི་ཕྱི་ན་མི་འཐད་དོ།།དེ་ལྟར་རྡུལ་མུན་གྱི་སྙིང་སྟོབས་སམ་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་རྣམས་མེད་ན།དེ་གསུམ་གྱིས་བསྒྲུབས་པའི་སྒྲ་དང་དྲི་ལ་སོགས་པ་རྣམས་ཀྱང་ཡོད་དོ་ཟེར་བ་ཉིད་ཀྱང་ཤིན་ཏུ་རྒྱང་རིང་པོར་འགྱུར་ཏེ་མེད་པར་ངེས་སོ།།སེམས་མེད་པའི་རང་བཞིན་རེག་བྱའི་གོས་དང་སྒྲ་ལ་སོགས་པ་རྣམས་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཡོད་པ་སྲིད་པའང་མིན་ཏེ།ཡུལ་ཐོག་ཏུ་བདེ་སྡུག་གང་ཡང་གྲུབ་པ་མེད་དོ།།གོས་ལ་སོགས་པའི་དངོས་པོ་རྣམས་ནི་བདེ་སྡུག་བཏང་སྙོམ་གསུམ་པོ་དེ་དག་གི་རྒྱུའི་རང་བཞིན་ཡིན་སྙམ་ན།དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དཔྱད་པ་ནི་དྲན་པ་ཉེར་བར་བཞག་པ་བཞིའི་སྐབས་སུ་གཏན་ལ་ཕབ་ཟིན་པ་མིན་ནམ་སྟེ།རང་བཞིན་མ་གྲུབ་པར་གཏན་ལ་ཕབ་ཟིན་པ་ཡིན་ན།གྲངས་ཅན་ཁྱོད་ཀྱི་བདེ་སོགས་ཡོད་ཟེར་བ་ཅི་ཞིག་ཡིན་ཏེ་རང་བཞིན་མེད་དོ།།གྲངས་ཅན་ཁྱོད་ཀྱི་སྣམ་བུ་ལ་སོགས་པའི་རྒྱུ་ཡང་བདེ་བ་ལ་སོགས་པ་ཉིད་ཡིན་ན།བདེ་སོགས་དེ་ལས་ནི་སྣམ་བུ་དང་སྒྲ་ལ་སོགས་པ་འབྱུང་བ་གང་ནའང་མེད་ལ།རྒྱུ་སྣམ་བུ་གྱོན་པ་སོགས་ལས་ནི་འབྲས་བུ་བདེ་བ་འབྱུང་བ་དང་།མ་གྱོན་ན་སྡུག་བསྔལ་འབྱུང་བ་ལ་སོགས་པ་ཡིན་ནོ།།སྣམ་བུ་ལ་སོགས་པ་དེ་རྣམས་མེད་པའི་ཕྱིར་ན་བདེ་བ་ལ་སོགས་པ་གང་ཡང་འབྱུང་བ་མེད་དེ།རང་བཞིན་མ་གྲུབ་པ་གཏན་ལ་ཕབ་པ་ཡིན་ནོ།།ཞེས་དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་སྙམ་པའི་བདེ་སོགས་བཀག་པ་ཡིན་ནོ།།བདེ་སྡུག་ལ་སོགས་འགྱུར་བ་མེད་པར་རྟག་པ་ཉིད་དུ་ཡང་ནི་ནམ་ཡང་དམིགས་པ་ཡོད་པ་མ་ཡིན་ཏེ།བདེ་སྡུག་རེས་མོས་སུ་ཡིན་པའི་ཕྱིར་རོ།།དབུ་མས།བདེ་བ་ལ་སོགས་པ་རྟག་པར་གསལ་བ་ཞེས་ངེས་པར་ཡོད་པ་ཉིད་དུ་ཡིན་ན།ཉམས་སུ་མྱོང་བ་ཅི་ཕྱིར་དུས་རྟག་ཏུ་འཛིན་བྱ་མ་ཡིན་ཏེ་འཛིན་དགོས་སོ།།ཕྱི་རོལ་པས།བདེ་སྡུག་རེས་མོས་སུ་གྱུར་པས།བདེ་བ་དེ་ཉིད་རགས་པ་བསལ་ནས་བདེ་བ་ཕྲ་མོར་གྱུར་ཏོ་ཞེ་ན།དབུ་མས།འོ་ན་བདེ་བ་དེ་ལ་རགས་པ་དང་ཕྲ་བ་གཉིས་ཀྱི་རང་བཞིན་དུ་རྟག་པའང་ཇི་ལྟར་དུ་ཡོད་པ་ཡིན་ཏེ་ཕྲ་རགས་མི་འཐད་དོ།ཕྱི་རོལ་པས།དེ་འཐད་དེ་བདེ་བ་རགས་པ་སྔར་ཡོད་དོར་ནས་བདེ་བ་ཕྲ་བ་རྗེས་སུ་གསར་དུ་སྐྱེ་བར་འགྱུར་བས་སོ་ཞེ་ན།དབུ་མས།འོ་ན་ཕྲ་བ་གསར་སྐྱེ་དེ་དང་རགས་པ་སྔར་ཡོད་དོར་དགོས་པ་དེ་དག་གཉིས་ཀ་མི་རྟག་པ་ཉིད་དུ་ཡིན་པ་དེ་བཞིན་དུ་འདུས་བྱས་ཀྱི་དངོས་པོ་འདི་རྣམས་ཐམས་ཅད་ནི་ངེད་ནང་པ་སངས་རྒྱས་པ་བཞིན་ཏུ་མི་རྟག་པ་ཉིད་དུ་རྒྱུ་མཚན་ཅིས་མི་འདོད་དེ།འདོད་དགོས་སོ།།ཕྱི་རོལ་པས།རགས་པ་དོར་བ་བདེ་བའི་མཚན་ཉིད་ལས་གཞན་དུ་མིན་ནོ་ཞེ་ན།དབུ་མས།བདེ་བ་ཕྲ་རགས་སུ་འགྱུར་བ་དེ་ནི་གསལ་བ་ཞེས་ངེས་པ་ཅན་དུ་མི་རྟག་པ་ཉིད་ཡིན་ནོ།།གཉིས་པ་བདག་བསྐྱེད་དངོས་གག་པ་ནི།གལ་ཏེ་མེད་པ་འགའ་ཡང་ནི།།སོགས་ནས།བསྟས་པ་ཡིན།།ཞེས་པའི་བར་གྱིས་བསྟན།ཕྱི་རོལ་གྲངས་ཅན་པས།བདེ་སྡུག་བཏང་སྙོམས་འདྲེས་ཤིང་ཆ་མཉམ་པའི་གཙོ་བོའི་རྒྱུའི་ཀློང་ན།འབྲས་བུ་སྣོད་བཅུད་ཐམས་ཅད་ཡེ་ནས་གནས་ཡོད་པ་དཔེར་ན་ལྷ་ཁང་ན་ལྷ་མང་པོ་དང་པོ་ཉིད་ནས་བྲིས་ཡོད་པ་ལ།རྗེས་སུ་མི་ཞིག་དེར་སླེབས་ཚེ་མཚན་མོར་དོང་བས་ལྷ་རྣམས་མ་མཐོང་བ་ལ་མར་མེ་སྦར་བའི་རྐྱེན་གྱིས་ལྷ་རྣམས་མི་གསལ་བ་གསལ་བར་མཐོང་བ་དཔེ་དེ་བཞིན་དུ་རྒྱུ་གཙོ་བོའི་འཇིམ་པའི་ཀློང་ན་འབྲས་བུ་རྫ་མ་ཐམས་ཅད་དང་པོ་ནས་གནས་ཡོད་ཀྱང་།རྫ་མཁན་གྱིས་རྫ་མ་མི་གསལ་བ་ཡང་གསལ་བར་བྱས་པ་ཙམ་ཡིན་མ་གཏོགས།གལ་ཏེ་གཙོ་བོའི་ཀློང་ན་འབྲས་བུ་སྣོད་བཅུད་ཐམས་ཅད་མེད་པ་འགའ་དང་འགའ་ཡང་ནི་སྔར་མེད་པ་གསར་དུ་སྐྱེ་བ་མིན་ཏེ་མེད་པའི་ཕྱིར་ཞེས་འདོད་དོ་ཞེ་ན།དབུ་མས།གྱང་ལྷ་དང་རྫ་མ་ལ་སོགས་པའི་དངོས་པོ་རྣམས་ཀྱི་སྟེང་ན་དང་པོ་ནས་འབྲས་བུ་རྫ་མ་སོགས་ངེས་པར་མེད་པར་གྱུར་པ་ཡིན་ཀྱང་།རྗེས་སུ་གསལ་བ་སྐྱེ་བར་འགྱུར་བ་ནི་གྲངས་ཅན་པ་ཁྱོད་ཀྱིས་མི་འདོད་པ་ཡིན་ཀྱང་དེ་ལྟར་གནས་པ་ཉིད་དུ་ཡིན་ནོ།།གལ་ཏེ་རྒྱུ་ཡི་སྟེང་ལ་འབྲས་བུ་གནས་པར་འགྱུར་དགོས་ན་ནི།ཟན་ཟ་བའི་ཚེ་ནའང་མི་གཙང་བ་གཤང་གཅི་ཟ་བར་འགྱུར་དགོས་སོ།།དེར་མ་ཟད་རས་ཉོ་སྤྱད་རྣམས་ཀྱི་རིན་ཀྱིས་ནི་རས་བལ་གྱི་ས་བོན་ཉོས་ལ་གྲངས་ཅན་པ་ཁྱོད་ཀྱིས་བགོ་བར་གྱིས་དང་འཐད་དམ་མི་འཐད་མཐོང་བར་འགྱུར་རོ།།གྲངས་ཅན་པས།རྒྱུ་འཇིམ་པ་ལ་སོགས་པའི་ཀློང་ན་འབྲས་བུ་རྫ་མ་ལ་སོགས་པ་གནས་པ་ཡིན་ཏེ།འཇིག་རྟེན་གྱི་སེམས་ཅན་རྨོངས་པས་མ་མཐོང་བ་ཡིན་ན་ཡང་།ངེད་རང་རྣམས་ཀྱི་སྟོན་པ་སེར་སྐྱ་ལ་སོགས་པས་ཆོས་ཀྱི་དེ་ཁོ་ན་ཉིད་མཐོང་པ་རྣམས་ཀྱིས་རྒྱུའི་ཀློང་ན་འབྲས་བུ་ཡོད་པ་ཤེས་ནས་བཞག་པ་ཡིན་ནོ་ཞེ་ན།དབུ་མས།སྟོན་པ་སེར་སྐྱ་ལ་སོགས་པ་རྣམས་ཀྱིས་ནི་རྒྱུ་ཐོག་ན་འབྲས་བུ་གནས་པ་མཐོང་ན་ནི།ཟན་གྱི་ཐོག་ན་མི་གཙང་བ་གནས་པ་དེ་ཉིད་ཙམ་ཞིག་ཞེས་པ་ཡིན་ཀྱང་།གལ་སྲིད་རྒྱུའི་ཀློང་ན་འབྲས་བུ་དེ་རྣམས་གནས་ཡོད་ན་འཇིག་རྟེན་པ་རྣམས་ལ་ཡང་མཐོང་བྱེད་ཀྱི་ནུས་པ་ཡོད་པ་ཡིན་པས་སྟོང་ཉིད་ཟབ་མོའི་དོན་མ་གཏོགས།ཅི་སྟེ་ཞེས་ཅིའི་དོན་དུ་མཐོང་བ་མ་ཡིན་ཏེ།རྒྱུའི་ཀློང་ན་འབྲས་བུ་དེ་རྣམས་གནས་ཡོད་ན་མཐོང་དགོས་སོ།ཕྱི་རོལ་པས།འཇིག་རྟེན་པས་མ་མཐོང་བ་ལ་བལྟ་རྒྱུ་མེད་དེ།འཇིག་རྟེན་པ་ཚད་མ་མི་བསླུ་བ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་མཐོང་བ་མིན་ནོ་ཞེ་ན།དབུ་མས།འདོན་འཇིག་རྟེན་པས་རས་བལ་གྱི་ས་བོན་མི་གྱོན་པར་རས་གྱོན་པ་ལ་སོགས་པའི་གསལ་བ་མཐོང་བ་མ་ལུས་པའང་བདེན་པ་མ་ཡིན་པར་བརྫུན་པ་ཁོ་ན་མཐོང་བར་འདོད་ན་ནི་ངེད་རང་དབུ་མ་བ་ལྟར་ད་ཆོས་ཐམས་ཅད་བདེན་མིན་སྒྱུ་མ་ལྟར་དུ་ཁས་ལོངས་ཤིག།།ཕྱི་རོལ་གྲངས་ཅན་པས།གལ་ཏེ་སྟོན་པ་སེར་སྐྱ་ལ་སོགས་པ་རྣམས་ཀྱིས་རྒྱུའི་ཀློང་ན་འབྲས་བུ་ཡོད་པར་མངོན་སུམ་དུ་མཐོང་བའི་ཚད་མ་ཡང་དག་པ་ཉིད་མིན་ཏེ།བརྫུན་ཡིན་དགོས་ན།འུ་ཅག་ཕྱི་ནང་གཉིས་ཀས་མངོན་སུམ་དང་རྗེས་དཔགས་ཀྱི་ཚད་མ་དེས་གཞལ་བ་ཐམས་ཅད་བརྫུན་པར་མི་འགྱུར་རམ་སྟེ།བརྫུན་དེ་ཉིད་དུ་ཡིན་ན་ནི་ཁྱོད་རང་ནང་པ་སངས་རྒྱས་པས་སྟོང་པ་ཉིད་ཀྱི་དོན་སྒོམ་པ་ཡང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་མི་འཐད་པར་འགྱུར་ཏེ།བརྫུན་ཁོ་ན་ཞིག་སྒོམ་པར་ཅི་བྱ་ཞེ་ན།དབུ་མས།དོན་དམ་པའི་ངོས་ན་སྤང་གཉེན་ཐམས་ཅད་བརྫུན་དུ་ཡིན་པ་བདེན་ཞེས་འདོད་ལན་བཏབ་སྟེ།ཐ་སྙད་དུ་ཀུན་རྫོབ་ཏུ་བརྟགས་པའི་ཡུལ་གཏན་ལ་དབབ་བྱའི་ཡུལ་བུམ་པ་ལ་སོགས་པའི་དངོས་པོ་རྣམས་བློ་ལ་ཤར་ངེས་སུ་བྱ་དགོས་པ་མ་གཏོགས།ཡུལ་གྱི་རྣམ་པ་བློའི་ངོ་ལ་མ་རེག་ཅེས་ཤར་ཏེ་མ་ཤེས་བར་དུ་བུམ་པ་ལ་སོགས་པ་དེ་ཡི་དངོས་པོ་མེད་པ་སྟོང་པ་ཉིད་དུ་གཏན་ལ་དབབ་སྟེ་འཛིན་པར་ནུས་པ་མ་ཡིན་ནོ།རྒྱུ་མཚན་དེའི་ཕྱིར་ན་བུམ་པ་ལ་སོགས་པའི་འདུས་བྱས་བརྫུན་པའི་དངོས་པོ་གང་ཡིན་པ་ལ་དངོས་ཞེན་བཀག་པ་དེ་ཡི་སྟོང་ཉིད་དངོས་མེད་ནི་གསལ་བར་ཞེས་ངེས་པར་བརྫུན་པ་ཉིད་ཡིན་ནོ།རྒྱུ་མཚན་དེས་ན་དཔེར་ན་བུ་མོ་གཞོན་ནུ་མ་ཞིག་གི་རྨི་ལམ་དུ་བུ་བྱུང་བ་ལ་དགའ་བས་ཞེན་པའི་ཚེ་ན་ཡང་།བུ་དེ་ཉིད་ཤི་བ་ལ་མི་དགའ་བར་ད་ནི་བུ་དེ་མེད་དོ་སྙམ་པའི་རྣམ་པར་རྟོག་པ་དེ་ནི་བུ་དེ་ཉིད་དང་པོ་ཡོད་སྙམ་པའི་རྣམ་པ་རྟོག་པ་དེ་ཡི་གེགས་ཡིན་ཏེ།དོན་དམ་པ་ན་བུ་ཡོད་མེད་དེ་གཉིས་ཀ་ཡང་བརྫུན་པ་ཡིན་ཏེ།མདོ་ཏིང་འཛིན་རྒྱལ་པོ་ལས།ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན།།བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས།།ཡོད་ན་དགའ་ཞིང་མེད་ན་མི་དགའ་བ།།ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས།།ཞེས་གསུངས་པ་ལྟར་རོ།བཞི་པ་རྡོ་རྗེའི་གཟེག་མའི་དོན་བསྡུ་བ་ནི།དེ་བས་དེ་ལྟར་རྣམ་དཔྱད་པས།།སོགས་ནས།འགྲོ་མ་ཡིན།།ཞེས་པའི་བར་གྱིས་བསྟན།རྒྱུ་མཚན་དེ་བས་ན་གོང་དུ་བཤད་པའི་དེ་ལྟར་དུ་རྣམ་དཔྱོད་ཤེས་རབ་ཀྱི་རིག་པས་རྣམ་པར་དཔྱད་པ་བྱས་པས་ཆོས་རྣམས་ཐམས་ཅད་འགའ་ལ་ཡང་རྒྱུ་མེད་ལས་བྱུང་བ་ནམ་ཡང་ཡོད་པ་མ་ཡིན་ཏེ།དཔེར་ན།མེ་ལ་སོགས་པ་ལྟ་བུ་ལས་མཚོན་ན་མེ་ཆ་དང་མེ་རྡོ་དང་སྤྲ་བ་དང་ལག་པ་ལ་སོགས་པའི་རྐྱེན་སོ་སོ་བའི་སྟེང་དུ་གནས་པ་མིན་པའམ།དེ་ཐམས་ཅད་འདུས་པ་ཡིས་མེ་བསྐྱེད་ཀྱང་།སྐྱེད་བྱེད་ཀྱི་རྐྱེན་འདུས་པ་རྣམས་ལ་ཡང་མེ་གནས་པ་མ་ཡིན་ཞིང་རྒྱུ་རྐྱེན་ལས་གཞན་ནས་ཀྱང་མེ་འོངས་པའང་མ་ཡིན་ཏེ།དང་པོ་བྱུང་ས་མེད་ལ།ད་ལྟ་མེ་སྣང་བའི་དུས་ནའང་དབྱིབས་དང་ཁ་དོག་དང་རེག་བྱ་གསུམ་གྱིས་བརྟགས་ན་གང་དུ་འང་གནས་པ་མ་ཡིན་ལ།མཐར་མེ་མེད་པར་གྱུར་པའི་ཚེ་ན་ཡང་གང་ལ་འགྲོ་བ་མི་ཡིན་ནོ།།གཉིས་པ་ངོ་བོ་ལ་དཔྱོད་པ་རིགས་པ་ཐམས་ཅད་ཀྱི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་རིགས་པ་ནི།རྨོངས་པས་བདེན་པར་གང་བྱས་འདི།།སོགས་ནས།ཇི་ལྟར་ཡོད།།ཅེས་པའི་བར་གྱིས་བསྟན།དེ་ཡང་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ་མ་རིག་ལོག་རྟོག་གཉིས་སྣང་གིས་རྨོངས་པས་གཟུགས་སོགས་བདེན་པར་གྲུབ་པ་ཨ་འཐུས་སུ་གང་བྱས་པ་འདི་རྣམས་ནི་དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལ་སོགས་པའི་སྒྱུ་མ་རྣམས་ལས་ནི་ཁྱད་པར་ཅི་ཞིག་ཡོད་དོ་ཞེས་ཁྱད་པར་མེད་པར་དམ་བཅས་ཏེ།སྒྱུ་མ་མཁན་གྱིས་ཤིང་བུ་རྡེའུ་དང་རིགས་སྔགས་ལ་སོགས་པའི་སྒྱུ་མས་སྤྲུལ་པའི་རྟ་གླང་ལ་སོགས་པ་གང་ཡིན་པ་རྣམས་དང་།ཕ་མའི་ཁུ་ཁྲག་གི་རྒྱུ་རྐྱེན་ལ་སོགས་པ་རྣམས་ཀྱིས་ནི་རྟ་གླང་ལ་སོགས་པ་གང་དང་གང་སྤྲུལ་བ་དེ་གཉིས་ཀ་ནི་དང་པོ་གང་ནས་འོངས་པར་གྱུར་ཏེ།འདས་པ་བྱུང་ས་མེད་པ་ཡིན་ཞིང་།མཐར་སྒྱུ་མ་མཁན་གྱིས་སྤྲུལ་པ་བསྡུས་པ་དང་དངོས་པོར་བདེན་ཞེན་གྱི་རྟ་གླང་ལ་སོགས་པ་ཤི་སྟེ་གང་དུ་འགྲོ་བ་དེའི་ཡུལ་ལའང་བརྟགས་པར་གྱིས་ཤིག་དང་མཐར་མ་འོངས་པ་ན་འགྲོ་ཡུལ་མི་རྙེད་པ་དང་།ད་ལྟ་སྒྱུ་མས་སྤྲུལ་པའི་རྟ་གླང་དང་དངོས་སུ་སྣང་བའི་རྟ་གླང་ལ་སོགས་པ་གནས་བཞིན་པའི་འབྲས་བུའི་སྣང་བ་འདི་རྣམས་གང་ཞིག་རིག་སྔགས་དང་རྡེའུ་དང་ཤིང་བུ་ཁུ་ཁྲག་ལ་སོགས་པའི་རྒྱུ་གང་དང་ནི་ཉེ་བ་ཡིས་ནི་རྟ་གླང་ལ་སོགས་པའི་དངོས་པོ་འདི་རྣམས་མཐོང་བར་འགྱུར་ལ།རྒྱུ་དེ་རྣམས་མེད་ན་ནི་འབྲས་བུ་ཀུན་འབྱུང་བར་ནུས་པ་མིན་པ་ཡིན་ཏེ།སྣང་ཙམ་གྱི་ཆོས་འདི་རྣམས་ཐམས་ཅད་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བཅོས་བུ་ཡིན་ཏེ།དཔེར་ན་མེ་ལོང་གི་ནང་དུ་གཟུགས་བསྙན་ཤར་བ་དང་མཚུངས་པ་དེ་ལ་བདེན་པར་གྲུབ་པ་ཉིད་ནི་ཇི་ལྟར་དུ་ཡོད་དེ་བདེན་པར་གྲུབ་པ་མེད་དོ།།དེ་ལྟར་ཀུན་རྫོབ་ཙམ་དུ་ཟན་གྱིས་སེང་གེ་དང་གླང་ཆེན་ལ་སོགས་པ་ཇི་འདྲ་བ་བྱས་ཀྱང་།དོན་མེད་དུ་ཟན་དེ་ལ་སེང་གེ་དང་གླེང་ཆེན་ལ་སོགས་པ་གང་ཡང་མ་གྲུབ་པ་ལྟར་དུ།འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་མི་འདྲ་བ་ཅི་ཤར་ན་ཡང་དོན་ལ་བྱུང་གནས་འགྲོ་གསུམ་བྲལ་ཏེ་བདེན་གྲུབ་མེད་པ་གཉིས་འགལ་མེད་དུ་གཏན་ལ་ཕབ་པ་ཡིན་ཏེ།དབུ་མའི་རིགས་པ་འདི་རྣམས་ནི་སྣང་བའི་ཆོས་ཐམས་ཅད་དོན་ལ་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་ཤེས་པ་དང་།ཀུན་རྫོབ་ཏུ་འཁྲུལ་པའི་སྣང་བ་འདི་ཐམས་ཅད་ལ་བཅོས་བསྒྱུར་སྤུ་རྩེ་ཙམ་ཡང་བྱས་པ་མེད་པར་ཤེས་པ་དང་།དེ་གཉིས་འགལ་མེད་དུ་ཤེས་པ་དང་གསུམ་པོ་འདི་ཅི་ནས་ཀྱང་གལ་ཆེའོ།།དེའི་རྒྱུན་དྲན་ཤེས་བག་ཡོད་ཀྱིས་སྐྱོང་དགོས་ཏེ།ཉམས་ལེན་གྱི་རིགས་པ་ཁོ་ན་ཡིན་པ་ཤེས་དགོས་སོ།།དེ་ཐམས་ཅད་ཀྱི་གནད་འགགས་ཚུར་བསྡུས་ན།སྣང་ཙམ་ཆོས་ཅན།རང་བཞིན་མེད་པར་ཐལ།རྟེན་འབྲེལ་ཡིན་པའི་ཕྱིར།དཔེར་ན་གཟུགས་བརྙན་ཡིན་ནོ་ཞེས།དང་པོ་རྩོད་གཞི།གསུམ་པ་རྟགས།གཉིས་པ་གསལ་བ།རྟེན་འབྲེལ་ཡིན་ན་རང་བཞིན་མེད་པའི་སྟོང་ཉིད་ཡིན་པས་ཁྱབ་པ་དང་།བཞི་པ་དེ་རྣམས་དཔེས་བསྒྲུབ་པ་ཡིན་གསུངས་པ་ནི་ཞལ་རྒྱུན་ལགས།གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པ་ནི།དངོས་པོ་ཡོད་པར་འགྱུར་པ་ལ།།སོགས་ནས།ཁྱད་པར་མེད།།ཅེས་པའི་བར་གྱིས་བསྟན།དེ་ཡང་འབྲས་བུའི་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་པར་འགྱུར་པ་ལ་ནི་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ།འབྲས་བུའི་དངོས་པོ་སྔར་ནས་གྲུབ་ཟིན་པའི་ཕྱིར་རོ།།འོན་ཏེ་འབྲས་བུའི་དངོས་པོ་དེ་ནི་རང་བཞིན་གྱིས་གྲུབ་པ་མེད་ན་ཡང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ།རྒྱུ་ཡིས་བྱ་བ་བྱེད་པའི་ཡུལ་མེད་པའི་ཕྱིར་རོ།།དངོས་སྨྲས།དང་པོ་དངོས་པོ་མེད་ཀྱང་རྗེས་སུ་དངོས་པོ་ཡོད་པར་བསྒྱུར་རོ་ཞེ་ན།དབུ་མས།བྱེ་བ་བརྒྱ་ཕྲག་གི་རྒྱུ་ཆ་རྣམས་ཚོགས་པ་ཡིས་ཀྱང་སྔར་འབྲས་བུའི་དངོས་པོ་མེད་པ་ཞིག་ཕྱིས་སུ་འབྲས་བུའི་དངོས་པོ་ཡོད་པ་ཞིག་ལ་གསར་དུ་བསྒྱུར་དུ་མེད་པར་དམ་བཅས་པ་ལ།དངོས་སྨྲས།འབྲས་བུའི་དེ་ཉིད་དངོས་པོ་སྔར་ཡོད་ཀྱིས་གཞན་དུ་བསྒྱུར་དུ་མེད་ཀྱང་།སྔར་མེད་པའི་རྒྱུ་རྐྱེན་གྱིས་འབྲས་བུའི་དངོས་པོའི་ངོ་བོ་ཐོབ་པར་བྱེད་པས་བཟོ་བསྒྱུར་ཡོད་ཅེ་ན།དབུ་མས།འོ་ན་རྒྱུ་ས་བོན་གྱི་གནས་སྐབས་དེ་མ་བཏང་བར་འབྲས་བུ་སྟོན་ཐོག་གི་དངོས་པོར་འགྱུར་རམ་ཡང་ན་ས་བོན་གྱི་གནས་སྐབས་དེ་ཉིད་བཏང་ནས་འབྲས་བུ་སྟོན་ཐོག་གི་དངོས་པོར་འགྱུར་བ་ཡིན་ནམ་ཞེས་དྲིས་པ་ལ་དངོས་སྨྲས།ས་བོན་གྱི་གནས་སྐབས་དེ་མ་ཐག་བཏང་བར་འབྲ་བུ་སྟོན་ཐོག་གི་དངོས་པོར་འགྱུར་རོ་ཞེ་ན།དབུ་མས།རྒྱུ་ས་བོན་གྱི་གནས་སྐབས་དེ་ཉིད་མ་བཏང་བཞིན་དུ་འབྲས་བུ་སྟོན་ཐོག་གི་དངོས་པོར་ཇི་ལྟར་དུ་འགྱུར་བ་ཡིན་ཏེ།རྒྱུ་འབྲས་གཉིས་དུས་སྐད་ཅིག་གཅིག་གི་སྟེང་དུ་ཡོད་མི་སྲིད་པའི་ཕྱིར་རོ།།དངོས་སྨྲས།འོ་ན་རྒྱུ་ས་བོན་གྱི་གནས་སྐབས་དེ་ཉིད་སྐད་ཅིག་ལ་སྔ་མའི་དུས་སུ་བཏང་ནས་སྐད་ཅིག་གཉིས་པའི་དུས་སུ་འབྲས་བུ་སྟོན་ཐོག་ལ་སོགས་པའི་དངོས་པོར་འགྱུར་རོ་ཞེ་ན།དབུ་མས།རྒྱུ་ས་བོན་གྱི་གནས་སྐབས་བཏང་ནས་འབྲས་བུ་སྟོན་ཐོག་གི་དངོས་པོ་ལ་སོགས་པར་འགྱུར་རོ་ཞེས་གཞན་འབྲས་བུའི་རྒྱུ་ཡང་གང་ཞིག་ཡིན་ཏེ།ས་བོན་དེ་ཉིད་འབྲས་བུ་དེ་ཉིད་ཀྱི་རྒྱུ་མཚན་མ་ཡིན་པའི་ཕྱིར་ཏེ།རྒྱུ་ས་བོན་གྱི་དངོས་པོ་མེད་པའི་ཚེ་ན་འབྲས་བུའི་དངོས་པོ་ཡོད་པ་སྲིད་པ་མིན་ན།འབྲས་བུའི་དངོས་པོ་ཡོད་པར་དུས་ནམ་ཞིག་ན་འགྱུར་ཏེ།རྒྱུ་འབྲས་ཕན་ཚུན་ལྟོས་བཞག་གིས་འཇོག་དགོས་པའི་ཕྱིར་རོ་ཞེས་ཚིག་རྐང་འོག་མའི་དོན་བཤད་པ་དང་།ཚིག་རྐང་སྔ་མ་རྒྱུ་ས་བོན་གྱི་གནས་སྐབས་མ་བཏང་ན་ནི་འབྲས་བུའི་དངོས་པོ་སྐྱེས་པར་མ་གྱུར་གྱི་བར་དུ་རྒྱུ་ས་བོན་གྱི་དངོས་པོ་མེད་པ་དང་ནི་འབྲལ་བར་མི་འགྱུར་ཏེ།ས་བོན་མ་འགགས་བར་དུ་འབྲས་བུ་མི་སྐྱེའོ།།རྒྱུ་ས་བོན་གྱི་དངོས་པོ་མེད་པ་དང་ནི་མ་བྲལ་བའི་ཚེ་ན་འབྲས་བུའི་དངོས་པོ་ཡོད་པའི་སྐབས་མི་སྲིད་དེ།ཕན་ཚུན་གཅིག་ལ་གཅིག་བརྟེན་མདུང་ཁྱིམ་ལྟ་བུ་ཡིན་ནོ།།དེ་ཡང་ཞོ་ལྟ་བུ་ལ་མཚོན་ན་འོ་མ་ལ་ཞོའི་རུ་རྩི་བཏབ་ཚེ་འོ་མའི་མངར་བ་རིམ་བཞིན་འགགས་པ་དང་མཉམ་དུ་ཞོའི་སྐྱུར་བ་རིམ་བཞིན་སྐྱེས་ནས་མཐའི་སྐད་ཅིག་མ་གཅིག་གི་ཐོག་ཏུ་འོ་མའི་གནས་སྐབས་མ་བཏང་ན་ནི་མངར་སྐྱུར་གཉིས་དུས་གཅིག་ཏུ་འཛོམས་མི་སྲིད་པ་དང་།འོ་མའི་གནས་སྐབས་སྐད་ཅིག་དང་པོའི་སྟེང་དུ་བཏང་ན་ནི་སྐད་གཅིག་གཉིས་པ་ལ་ཞོའི་རྒྱུ་ནི་འོ་མ་དེ་ཉིད་མིན་པར་གཞན་ཞིག་ཡིན་པར་འགྱུར་བའི་རིགས་པས་གནོད་དེ།དོན་ལ་སྐྱེ་བ་བདེན་གྲུབ་ནི་གཏན་ནས་མེད་ཀྱང་གནས་སྐབས་སུ་ཀུན་རྫོབ་ཙམ་དུ་སྐྱེ་བ་བཏགས་པ་ཞིག་གཉིས་འགལ་མེད་དོ།།དེ་ཡང།ཡོད་པ་ཡོད་ཕྱིར་སྐྱེ་བ་མིན།།མེད་པ་མེད་ཕྱིར་སྐྱེ་མི་འགྱུར།།ཞེས་གསུངས་སོ།ཡང་སྐྱེ་བ་བདེན་གྲུབ་བཀག་པ་དེ་བཞིན་དུ་འགགས་པ་བདེན་གྲུབ་ཀྱང་མེད་དེ།དང་པོ་དངོས་པོ་ཡོད་པའང་ཕྱིས་སུ་དངོས་པོ་མེད་དེ་འགག་པར་འགྱུར་བ་ནི་མིན་ཏེ།དངོས་པོའི་རང་བཞིན་གཅིག་ལ་སྐྱེ་འགག་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ།།དཔེར་ན།སེམས་ཅན་ཤི་བ་ལྟ་བུ་ལ་མཚོན་ན་གོང་ལྟར་དུ་གསོན་པོའི་གནས་སྐབས་དེ་ཉིད་མ་བཏང་ན་ནི་ཤི་སྟེ་འགག་པའི་དངོས་པོ་ཇི་ལྟར་ཡིན་ཏེ་སྐད་ཅིག་གཅིག་ལ་གསོན་གཤིན་གཉིས་མི་སྲིད་པ་དང་།གསོན་པོའི་གནས་སྐབས་དེ་ཉིད་སྐད་ཅིག་སྔ་མ་ལ་བཏང་ན་ཤི་བའི་དངོས་པོ་མེད་པར་ནམ་ཞིག་འགྱུར་ཏེ་འགག་པར་འགྱུར་རོ།།འགག་པའི་དངོས་པོ་མེད་པར་མ་གྱུར་བར་དུ་གསོན་པོའི་དངོས་པོ་ཡོད་པ་དང་ནི་འབྲལ་བར་མི་འགྱུར་ལ།གསོན་པོའི་དངོས་པོ་ཡོད་པ་དང་ནི་མ་བྲལ་བའི་ཚེ་ན།ཤི་སྟེ་འགག་པའི་དངོས་པོ་མེད་པའི་སྐབས་མི་སྲིད་དོ་ཞེས་འགག་པ་བདེན་གྲུབ་བཀག་ནས་གོང་དུ་བཤད་པ་དེ་ལྟར་གྲུབ་པའི་དོན་ནི་འགག་པ་བདེན་གྲུབ་ཉིད་དུ་ཡོད་པ་མིན་ཞིང་།འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལའང་དང་པོ་སྐྱེ་བ་དང་མཐར་འགག་པ་བདེན་པར་གྲུབ་པ་གང་ཡང་ཡོད་པ་མིན་པ་རྒྱུ་མཚན་དེ་ཡི་ཕྱིར་ན་འགྲོ་བ་སེམས་ཅན་འདི་དག་ཐམས་ཅད་ནི་དུས་རྟག་ཏུ་དང་པོ་མ་སྐྱེས་ཏེ་སྐྱེ་བ་བདེན་གྲུབ་མེད་པ་དང་།མཐར་མ་འགགས་པ་ཉིད་ཡིན་ཏེ་འགགས་པ་བདེན་གྲུབ་མེད་པའི་ཕྱིར་དོན་དམ་པ་ན་སྐྱེ་འགགས་རང་བཞིན་གྱིས་མེད་པ་དང་།ཀུན་རྫོབ་ཐ་སྙད་ཙམ་དུ་མེད་བཞིན་དུ་སྣང་བའི་འགྲོ་བ་འདི་རྣམས་ནི་དཔེར་ན་རྨི་ལམ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ་གཏད་མེད་ཡུལ་ལ་འཛིན་མེད་སྣང་བ་ཤར།།ཞེས་གསུངས་པ་ལྟར་དུ་རྣམ་དཔྱོད་ཤེས་རབ་ཀྱི་རིག་པས་སེམས་ཅན་ལ་རྣམ་པར་དཔྱད་པའི་ཚེ་ན་སྙིང་པོ་མེད་པ་དཔེར་ན་སྨྱུག་མ་དང་ཤོ་ཕུད་ལ་སོགས་པའི་ཆུ་ཤིང་དང་འདྲ་བ་དེ་ལྟར་ཤེས་ན་ཞི་བ་མྱ་ངན་ལས་འདས་པ་དང་མྱ་ངན་ལས་མ་འདས་པ་འཁོར་བ་ན་གནས་པའི་ཚེ་གཉིས་ཀ་ནའང་ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་ཀྱི་ཆ་ནས་ཁྱད་པར་ཡོད་པ་ཡིན་ཀྱང་དེ་ཁོ་ན་ཉིད་དམ་པའི་དོན་དུ་ནི་ཁྱད་པར་མེད་དོ།།མངོན་རྟོགས་རྒྱན་ལས།འདི་ལ་བསལ་བྱ་ཅི་ཡང་མེད།།བཞག་པར་བྱ་བའང་ཅུང་ཟད་མེད།།ཡང་དག་ཉིད་ལ་ཡང་དག་བལྟ།།ཡང་དག་མཐོང་ན་རྣམ་པར་གྲོལ།།ཞེས་གསུངས་པ་ལྟར་རོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ་སོང་ནས་བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལའང་།རང་དོན་དུ་ཆོས་བརྒྱད་འགོ་སྙོམས་པ་དང་།གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་སྐྱེ་བ་བསྟན་པ་གཉིས་ལས།དང་པོ་ནི།དེ་ལྟར་སྟོང་པའི་དངོས་རྣམས་ལ།།སོགས་ནས།གཟུང་བར་གྱིས།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་མེད་བཞིན་དུ་སྣང་བ་སྒྱུ་མ་རྨི་ལམ་ལ་ལྟ་བུ་དང་།སྣང་བཞིན་དུ་སྟོང་པའི་དངོས་པོ་འདི་རྣམས་ལ་བློས་བཏགས་པ་ཙམ་ལས།དང་པོ་ཚུར་ཐོབ་པ་ཡང་ནམ་ཞིག་ཡོད་དེ།མཐར་ཕར་ལ་ཤོར་བའང་ཅི་ཞིག་ཡོད་དེ།གོང་ལྟར་ཐོབ་མ་ཐོབ་དང་ཤོར་མ་ཤོར་བའི་མཚམས་ལ་བརྟགས་ན་མཚམས་མི་ཟིན་པའི་ཕྱིར་རོ།།གཞན་དགྲ་གཉེན་གང་ཞིག་གིས་ཞྭ་ལེན་གདན་བཏིང་།ཆུ་ལེན་མེ་འབུད་ལ་སོགས་པས་རིམ་གྲོ་བྱས་པ་ལ་སེམས་དགའ་བས་ཞེན་པར་འགྱུར་པའམ།བརྙས་བཅོས་ཁྱད་གསོད་ཚིག་རྩུབ་ལ་སོགས་པས་བདག་ལ་ཡོངས་སུ་བརྙས་པ་བྱས་པས་མི་དགའ་བ་འང་ཅི་ཞིག་ཡོད།རྒྱ་ལ་ཞྭ་གྱོན་དགོས་པ་དང་བོད་ལ་ཞྭ་ཕུད་དགོས་པ་ལྟར་རང་རང་གི་ཡུལ་ལུགས་ཀྱི་མིང་བཏགས་པ་ཙམ་ཡིན་པ་དང་།དང་པོ་བཀྲེས་པས་ཟས་ཟོས་པས་བདེ་བ་དང་།གྲང་བས་མེ་འདེ་བས་བདེ་བ་བྱུང་བའམ།མཐར་མེས་བསྲེག་ཆེས་པས་སྡུག་བསྔལ་དང་།ཟས་ཀྱིས་འགྲང་ཆེས་ཏེ་ན་བའི་སྡུག་བསྔལ་ལ་སོགས་པའང་གང་ལས་བྱུང་བ་ཡིན་ཏེ།རྒྱུ་མཚན་ཅི་ཡང་མེད་པ་དོན་ལ་བཟང་ངན་བདེན་གྲུབ་མེད་པའི་རྟགས་དང་།ལྟོག་པ་ལ་སོགས་པའི་སྡུག་བསྔལ་ལ་སེམས་མ་དགའ་བ་ཅི་ཞིག་ཡོད་དེ།ཡང་ཟོས་ཆོག་པ་དང་འགྲང་པའི་བདེ་བ་ལ་སེམས་དགའ་བར་འགྱུར་བའང་ཅི་ཞིག་ཡོད་དེ།སྐད་ཅིག་ཅུང་ཟད་ཀྱི་ནང་ལྟོགས་པར་འགྱུར་བ་ལ་སོགས་པ་ཡིན་པས།དོན་དམ་པ་དེ་ཁོ་ན་ཉིད་དུ་ནི་རྣམ་དཔྱོད་ཤེས་རབ་ཀྱི་རིག་པས་རབ་ཏུ་བཙལ་བར་བྱས་ན་སྲེད་པ་པོ་གང་ཟག་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད་དེ།སྲེད་བྱ་སྲེད་བྱེད་རང་བཞིན་གྱིས་མ་གྲུབ་པ་དང་།ཤེས་རབ་ཀྱིས་ལེགས་པར་དཔྱད་ན་གསོན་པའི་འཇིག་རྟེན་འདི་རྣམས་ནི་འཆི་བ་པོ་གང་ཟག་གང་ཞིག་འཆི་སྟེ།གསོན་གཤིན་གྱི་མཚམས་ལ་བརྟགས་ན་མི་དམིགས་པ་དང་།གནས་འདི་ནས་འཆི་བར་འགྱུར་བ་མི་རྙེད་དེ།གནས་ཀྱང་ཕྱོགས་གང་ནས་བརྟགས་ཏེ་དཔྱད་ནའང་རང་བཞིན་གྱིས་མ་གྲུབ་པ་དང་།ཕྱི་མའི་སྐྱེ་བ་འབྱུང་བར་འགྱུར་བ་མ་འོངས་པའང་གང་ཞིག་ཡིན་ཏེ།ད་ལྟ་ལ་ལྟོས་ནས་མ་འོངས་པ་དང་དེའི་ཕྱི་མ་ལ་ལྟོས་ན་འདས་པ་སྟེ།དེ་རིང་གི་ཉིན་གང་འདི་ཉིད་ཁར་སང་ལ་ལྟོས་ནས་ད་ལྟ་བ་དང་།སང་ཉིན་ལ་ལྟོས་ངན་འདས་པ་ལྟ་བུ་ཡིན་ཏེ།དེ་བཞིན་དུ་སྔོན་ཆད་བྱུང་བར་གྱུར་པ་འདས་པའི་དུས་ཀྱང་གང་ཞིག་ཡིན་ཏེ།མིང་གིས་བཏགས་པ་ཙམ་མ་གཏོགས་དོན་ལ་རང་བཞིན་མེད་པ་དང་།དེ་ལྟར་ཚེ་རབས་ཀྱི་དུས་ལས་སྔ་ཕྱི་མེད་པ་བཞིན་དུ་དེ་ལ་ལྟོས་ནས་སྔ་མའི་དགྲ་ཡང་ད་ལྟ་གཉེན་དུ་གྱུར་པ་དང་།ད་ལྟའི་གཉེན་ཕ་མ་ལ་སོགས་པ་རྣམས་དང་བརྩེ་བའི་མཛའ་བཤེས་རྣམས་ཀྱང་ཚེ་ཕྱི་མའམ་ལོ་དང་ཟླ་བ་ཕྱི་མའམ་དེ་རིང་ཙམ་ལའང་རྒྱུ་རྫས་ལ་སོགས་པའི་ཆེད་དུ་འཁོན་ཏེ་དགྲར་འགྱུར་བ་དང་།དགྲ་ལའང་ཐབས་ཀྱིས་བསྟུན་ན་གཉེན་དུ་འགྱུར་བ་ལ་ཚེགས་མེད་པ་ལ་སོགས་པ་བསམ་ན།དགྲ་གཉེན་གྱི་སྣང་བ་སྐད་ཅིག་མ་འདི་ཡང་གང་ཞིག་ཡིན་ཏེ།འཕགས་པ་ཀ་ཏྱ་ནས།ཕ་ཤ་ཟ་ཞིང་མ་ལ་འཚོགས།།ལས་ངན་དགྲ་བོ་པང་ན་བཟུང་།།ཆུང་མས་ཁྱོ་ཡི་རུས་པ་འཆའ།།འཁོར་བའི་ཆོས་ལ་གད་མོ་བྲོ།།ཞེས་གསུངས་པ་ལྟར་དུ་སེམས་ངན་གྱི་ཁྱི་རྐུན་འདི་ཆོས་བརྒྱད་ཀྱི་གཞོང་སྟོང་གི་སྟེང་དང་རྩོད་པའི་འཆིང་ཞེན་གྱིས་བཅིངས་ཏེ་ངན་སོང་གི་གནས་སུ་འགྲོ་བ་ལས་ནི།ཆོས་བརྒྱད་ཀྱི་ཞེན་པ་འདི་ཐམས་ཅད་ནི།རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ཙམ་ལས་དོན་ལ་རང་བཞིན་མེད་པ་དཔེ་ནམ་མཁའ་དང་འདྲ་བར་ནི།སྔོན་དུས་སུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་བདག་ཉིད་དང་།རྗེས་འཇུག་གི་གང་ཟག་ཞི་བ་ལྷ་བདག་དང་འདྲ་བས་དེ་ལྟར་དུ་ཡོངས་སུ་བཟུང་བར་གྱིས་ཤིག་ཅེས་སྟོང་ཉིད་རྟོགས་པའི་རྟགས་ལ་ཆོས་བརྒྱད་ཀྱི་འཆིང་ཞེན་མེད་དགོས་པ་འདི་གདམས་ངག་ཡིན་གསུངས་སོ།།གཉིས་པ་གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་འབྱུང་བ་ནི།བདག་ཉིད་བདེ་བར་འདོད་རྣམས་ནི།།སོགས་ནས།སྟོན་པར་འགྱུར།།ཞེས་པའི་བར་གྱིས་བསྟན།གོང་དུ་བཤད་པ་དེ་ལྟར་དུ་རང་དོན་དུ་སྟོང་ཉིད་རྟོགས་ནས་གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་སྐྱེ་ཚུལ།འཇིག་རྟེན་ཆོས་བརྒྱད་ལ་ཞེན་པའི་དབང་གིས་སེམས་ཅན་འདི་རྣམས་བདག་ཉིད་ཁོ་ན་བདེ་བར་འདོད་པ་རྣམས་ཀྱིས་བདེ་བྱེད་ཀྱི་རྒྱུ་དགེ་བཅུ་ནི་སྒྲུབ་མི་ཤིས་ཤིང་།མི་དགེ་བ་སྒྲུབ་དུས་ནི་འོད་དུ་ཞུ་ལ་ཁད་དུ་གྱུར་ཏེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་རྒྱབ་འགལ་གྱི་ཁོང་ཁྲོས་ཀུན་ནས་བསླངས་ཏེ་འཐབ་རྩོད་གྱི་ནི་ཕྱི་དགྲ་དང་ནང་འཁྲུག་གི་རྒྱུ་དེ་དག་གིས་ནི་ཕན་ཚུན་གྱི་རྒྱུད་ཀུན་རབ་ཏུ་འཁྲུག་པར་བྱེད་པ་དང་།གོས་རྒྱན་དང་ཤ་ཟ་ཆང་འཐུང་གི་སྟོན་མོ་ལ་སོགས་པ་སྤྲོ་བའི་རྒྱུ་དེ་དག་གིས་ནི་ཕན་ཚུན་གྱི་རྒྱུད་ཀུན་རབ་ཏུ་དགའ་བར་བྱེད་དེ།ཉིན་རེ་སྡུག་བསྔལ་བས་དུས་འདའ་བ་ཡིན་ནོ།དེ་བཞིན་དུ་མི་ཤི་བ་དང་ནོར་བརླག་པ་ལ་སོགས་པའི་མྱ་ངན་བྱེད་དགོས་པ་དང་།རྒྱུ་ཟས་ལྟ་བུ་རྙེད་དམ་སྙམ་པས་རྨོ་རྨོས་ཞོ་བཞོ་ཚོང་ལ་སོགས་པ་ཁབ་རྩེ་དང་གྲི་རྩེའི་དཔེ་བཞིན་གྱིས་འབད་རྩོལ་བྱེད་པ་དང་།རེས་འགའ་ནི་ཐ་ན་ས་ཆུ་ཡན་ཆད་ཀྱི་དོན་དུ་རྩོད་པ་དང་།དེ་ལྟ་བུའི་རྐྱེན་གྱིས་ཕན་ཚུལ་མཚོན་ཆ་སྣ་ཚོགས་པས་མགོ་དང་ཡན་ལག་དུམ་བུར་གཅོད་པ་དང་།ཐལ་མར་དུ་མདའ་མདུང་གིས་འབིགས་པར་བྱེད་པ་དང་།རྫུན་དང་འདོད་ལོག་གཡོ་སྒྱུ་རྐུན་ཇག་ལ་སོགས་པ་མདོར་ན་ཟས་གོས་གཉིས་ཀྱི་ཆེད་དུ་དམིགས་ནས་སྡིག་པ་བྱས་པ་ཁོ་ན་དེ་དག་གིས་ནི་སྡུག་བསྔལ་ཞིང་།སེ་གོལ་གཏོགས་ཙམ་དུའང་མི་ཁོམས་པར་དཀའ་ཚེགས་ཆེན་པོས་འཚོ་བར་བྱེད་དགོས་སོ།།དཀོན་མཆོག་གི་ཐུགས་རྗེ་དང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བསྟེན་ནས་དགེ་བ་ཕྲན་བུ་རེ་ཙམ་བསྒྲུབ་ནའང་དམ་པ་གསུམ་གྱིས་མ་ཟིན་པའི་རང་འདོད་ཀྱིས་དགེ་བྱས་པའི་འབྲས་བུས་ལྷ་མིའི་གོ་འཕང་གི་བདེ་འགྲོར་ཡང་དང་ཡང་དུ་འོང་ན་ཡང་།སྙོམས་ལས་ཀྱི་ངང་དུ་དུས་འདས་ཏེ་སྔོན་བསགས་དགེ་འབྲས་ཀྱི་བདེ་བ་མང་པོ་ལ་ནི་རང་གིས་ལོངས་སྤྱད་སྤྱད་དེ་ཟད་པར་གྱུར་ནས།ཚེ་འདིར་གནས་ཚེ་རང་ལས་མཐོ་བ་ལ་ཕྲག་དོག།།མཉམ་པ་ལ་འགྲན་སེམས།དམའ་བ་ལ་ང་རྒྱལ།ཡིད་འོང་ལ་ཆགས་སེམས།ཡིད་མི་འོང་པ་ལ་སྡང་སེམས།བར་མ་ལ་གཏི་མུག་ལ་སོགས་པས་སྡིག་པ་བྱས་པས་ཤི་ནས་ངན་སོང་གི་གནས་སུ་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་ཀྱི་སྡུག་བསྔལ་རྣམ་པ་མང་པོ་ནི་དུས་ཡུན་རིང་པོར་མི་བཟད་པ་མྱོང་བའི་གནས་རྣམས་སུ་ལྟུང་བར་འགྱུར་རོ།།སྲིད་པ་འཁོར་བའི་གནས་འདི་ན་ནི་དམྱལ་བ་ངན་སོང་གི་གཡང་ས་མང་པོའི་གནས་དེར་ནི་ཤེར་ཕྱིན་གྱི་གཞུང་བཟང་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་ཟབ་མོའི་རྟོགས་པ་ཡོད་པ་མིན་པ་འདི་འདྲ་བའི་དོན་གྱིས་ན།སྲིད་དེར་ཡང་ངག་གིས་མི་གཙང་བ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་བརྗོད་ན་ཡང་།དོན་ལ་གཙང་བདེ་བདག་རྟག་གི་རྣམ་པ་ལ་སོགས་པར་སེམས་ལ་བཟུང་ནས་ཁ་དགེ་ལག་སྡིག་ཏུ་གྱུར་ཏེ་ཕན་ཚུན་ཁ་ཞེ་མི་མཚུངས་པར་འགལ་བར་འགྱུར་བས་ན།སྲིད་པ་འཁོར་བའི་གནས་ན་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པའི་ཤེས་ཕྱིན་གྱི་གཞུང་བཟང་འདི་འདྲ་བ་དང་ཕྱིན་ཆད་འཕྲད་རྒྱུ་མེད་པའི་དབང་གིས།སྲིད་པ་དེར་ཡང་དུག་ཅན་གྱི་རྒྱ་མཚོ་དང་བསྐལ་བའི་མེ་ལ་སོགས་པས་ཀྱང་དཔེ་མེད་ཅིང་།ཐོས་ནའང་སྙིང་གས་པ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་འོང་བས་ན།མི་བཟད་པའི་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ནི་རྒྱ་ཆེ་བ་གཏིང་ཟབ་པ་མཐའ་མི་མངོན་པས་མཐའ་ལས་འདས་པ་དེར་ནི་ལྷུང་ནས་གོང་དུ་བཤད་པ་དེ་ལྟར་དུ་དགེ་སྡིག་ལ་བླང་དོར་མི་ཤེས་པས་རྨོངས་ཏེ།བདེན་ཞེན་གྱི་འཆིང་བ་དམ་པོས་བཅིངས་ཏེ།ཐར་བའི་ལམ་དུ་འཕང་མ་ནུས་པར་དགེ་བ་སྒྲུབ་པ་ལ་སྟོབས་ཆུང་བར་འགྱུར་ཞིང་།ཆོས་སང་བྱ་གནང་བྱའི་ངང་དུ་ལུས་ནས་སྲིད་པ་དེར་ནི་འཚོ་བའི་རྒྱུ་ཟས་ལ་སོགས་པས་ཀྱང་འཆི་རྐྱེན་བྱས་ཏེ་འགལ་རྐྱེན་ཤིན་ཏུ་མང་བས།གླང་མ་གྲིས་གཉག་ཚེ་གཉག་ལོང་མེད་པ་ལྟར་དུ་ཚེ་ཡང་ཐུང་བ་ཉིད་དུ་འགྱུར་ཏོ།།ད་དུང་སྲིད་པའི་གནས་དེར་ཡང་ཟས་གོས་ལ་སོགས་པས་གསོན་པར་བྱེད་པའི་ཐབས་དང་།ནད་མེད་པའི་ཐབས་ཀྱི་སྨན་ལ་སོགས་པས་བདེ་ཐབས་སུ་བྱེད་པ་དང་།ཟས་མེད་པས་བཀྲེས་པ་དང་།དཀའ་ཚེགས་སྣ་ཚོགས་ཀྱིས་ངལ་བ་དང་།ཚེ་ཕྱེད་གཉིད་དུ་སོང་བ་དང་།སེམས་མེད་འབྱུང་བཞི་དང་།སེམས་ཡོད་དགྲ་ཇག་ཆོམ་རྐུན་དང་།ཐ་ན་ཚེར་མ་དང་ཟག་ཐིགས་དང་ཤིག་དང་ལྗི་བ་ལ་སོགས་པས་འཚེ་བར་བྱེད་པ་དང་།དེ་བཞིན་དུ་སོ་སོའི་སྐྱེ་བོ་བྱིས་པ་རྣམས་དང་འགྲོགས་པ་ན།ཟས་དང་གཏམ་སྣ་ཚོགས་ཀྱིས་དུས་འདས་ཏེ།འདི་རྣམས་ཐམས་ཅད་ཀྱིས་དམ་པའི་ཆོས་སྒྲུབ་པའི་བར་ཆད་ཁོ་ན་བྱས་ཏེ།དོན་མེད་པའི་སྐྱིད་འདོད་ཀྱི་ལས་ངན་སྣ་ཚོགས་ཀྱིས་མི་ཚེ་ཐུང་ངུ་ནི།ཁོམས་མི་ཁོམས་དང་ཡར་མར་ཕན་ཚུན་ལ་དོན་མེད་དུ་འགྲོ་བ་ཁོ་ནས་ཚེ་མྱུར་དུ་འདའ་ཞིང་ཟད་དེ།གཞུང་བཟང་འདི་ལྟ་བུ་ཡི་ཡང་དག་པའི་དོན་ལ་རྣམ་པར་དཔྱོད་པ་ནི་ད་རེས་ཙམ་ཞིག་མ་གཏོགས་ཤིན་ཏུ་རྙེད་པར་དཀའ་འོ།།བློ་ངན་གོམས་གྱི་བག་ཆགས་ཤོག་དྲིལ་འདྲ།།གསུངས་པ་ལྟར་དུ་སྲིད་པ་དེར་ཡང་ཕྱི་ཚོགས་དྲུག་གི་ཡུལ་རྐྱེན་དང་།ནང་དུ་ལས་དང་ཉོན་མོངས་པ་སོགས་ལ་སེམས་རྣམ་པར་གཡེང་བ་གོམས་ཤུགས་ཆེ་བ་ལ་ཞེན་པ་ནི་རང་མི་གཡེང་བསམ་ན་ཡང་གཡེང་འགྲོ་བ་དེ་ལ་ཕྱིར་བཟློག་པའི་ཐབས་ནི་ག་ལ་ཡོད་དེ་མེད་དོ།།དགེ་བ་ཕྲན་པུ་རེ་སྒྲུབ་པ་ལ་བར་དུ་གཅོད་པའི་རྐྱེན་ལ་སྲིད་པ་དེར་ཡང་ངན་སོང་དང་།ཁྱད་པར་དམྱལ་བ་ཆེན་པོར་ནི་ལྟུང་བའི་ཕྱིར་དུ་བདུད་ཀྱི་འདོད་པའི་མདའ་ལྔས་ནི་བཟང་བཟང་དུ་བརྫུས་ནས་བསླུ་བར་བྱེད་པའི་ཐབས་སུ་བརྩོན་པར་བྱེད་པ་དང་།ནང་རྐྱེན་ནི་འཇིག་རྟེན་སྲིད་པ་དེར་ནི་ལས་རྒྱུ་འབྲས་དང་དམ་པའི་མཛད་སྤྱོད་སོགས་ལའང་ལོག་པར་རྟོག་པའི་ལམ་མང་བ་ཡིན་ཞིང་།ཆོས་ཉིད་ཀྱི་དོན་མ་མཐོང་བའི་སྐྱོན་གྱིས་རང་གིས་དཀོན་མཆོག་གསུམ་དང་རྒྱུ་འབྲས་སོགས་ལ་བདེན་ནམ་མི་བདེན་སྙམ་པའི་ཐེ་ཚོམ་གྱི་གནས་ལས་ཀྱང་བརྒལ་བར་དཀའ་སྟེ།ཐེ་ཚོམ་ཁོ་ནའི་དབང་དུ་གྱུར་པ་དང་།ནང་རྐྱེན་ནི་ད་རེས་ཀྱི་མི་ཚེ་ཟད་ནས་ཤི་ན་སླར་ཡང་དལ་བ་བརྒྱད་དང་འབྱོར་པ་བཅུ་དང་ལྡན་པའི་ལུས་འདི་ལྟ་བུ་ནི་རྙེད་པར་དཀའ་ཞིང་།ཕྱི་རྐྱེན་ལ་ནི་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་འཕྲད་པ་རྙེད་པ་ནི་ཤིན་ཏུ་དཀའ་སྟེ།སངས་རྒྱས་བྱོན་པ་ལས་ཀྱང་རང་རྒྱུད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆུ་བོ་ཆེན་པོ་རྣམས་ནི་ཤིན་ཏུ་སྤང་བར་དཀའ་སྟེ།སྡུག་བསྔལ་བརྒྱུད་མར་དུ་འཁྱམས་པའི་སེམས་ཅན་རྣམས་ནི་ཨེ་མ་ཞེས་བླང་དོར་ཅི་ཡང་མི་ཤེས་པས་མཚར་རེ་ཆེ་ན།ལག་ནས་ལག་ཏུ་བརྒྱུད་པ་དང་བཙོན་པས་རྒྱ་སྒོ་འགྲིམས་ནས་སོང་པ་ལྟར་དུ་སྐྱེ་རྒ་ན་འཆི་ལ་སོགས་པའི་འཁོར་བའི་ངན་སོང་གི་སྡུག་བསྔལ་མ་ལུས་པ་ལ་ཁ་བརྒྱུད་པར་གྱུར་ཏེ་མི་འགྲོ་བའི་དབང་ནི་སྤུ་རྩེ་ཙམ་ཡང་མེད་དོ།།གོང་དུ་བཤད་པ་དེ་ལྟར་དུ་བྱང་སེམས་རྣམས་ཀྱི་སྙིང་རྗེའི་དམིགས་ཡུལ།ཤིན་ཏུ་སྡུག་བསྔལ་བའི་སེམས་ཅན་རྣམས་མཐོང་བའི་ཚེ་ན་ཡང་ཕྱེ་ལེབ་མར་མེར་དགའ་བ་ལྟར།རང་གི་སྡུག་བསྔལ་རང་གིས་མི་མཐོང་བ་གང་ཡིན་པ།སྐྱབས་མེད་མགོན་མེད་ཀྱི་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་ཆུ་བོར་གནས་པ་འདི་དག་ཐམས་ཅད་ལ་ནི་ཀྱི་ཧུད་ཅེས་ངུ་འབོད་དང་མྱ་ངན་བྱ་བར་འོས་པའི་གནས་ཡིན་ནོ།།ལས་ངན་པའི་སེམས་ཅན་འདི་རྣམས་ལ་མྱ་ངན་བྱ་བའི་གནས་ཡིན་པ་ནི།འཇིག་རྟེན་ན་མི་སྲིད་པ་དཔེར་ན་མི་འགའ་ཞིག་གིས་བདག་ཉིད་བདེ་བར་འདོད་ནས།བདེ་བའི་ཐབས་སུ་དགུན་དུས་ལྟ་བུར་ཕྱོགས་གཅིག་ཏུ་ཆུའི་རྫིང་བུ་ཆེན་པོ་ཞིག་བཅས་པའི་ནང་དུ་ཡང་དང་ཡང་དུ་ཁྲུས་བྱས་ཏེ།གྲང་བའི་སྡུག་བསྔལ་མྱང་ན་མི་བཟོད་པའི་རྐྱེན་གྱིས།ཕྱོགས་གཅིག་ཏུ་མེ་ཕུང་ཤིན་ཏུ་ཆེ་བ་ཞིག་འབར་བའི་ནང་དུ་ཡང་ནས་ཡང་དུ་མེར་འཇུག་པར་བྱེད་པ་ལ་ཡང་ཚ་བའི་སྡུག་བསྔལ་མི་བཟོད་པའི་རྐྱེན་གྱིས་ཡང་ཆུ་དང་མེར་འཇུག་པས་ཚ་གྲང་གཉིས་ཀྱི་སྡུག་བསྔལ་མྱོང་རེས་ཀྱིས་ཤིན་ཏུ་སྡུག་བསྔལ་བ་ལ།ད་དུང་བདག་ཉིད་བདེ་བར་རློམ་པ་དེ་ལྟར་དུ་སེམས་ཅན་འདི་རྣམས་ནི་སྡུག་བསྔལ་གཉེན་པོར་ཡང་སྡུག་བསྔལ་མང་པོ་བསགས་སྲུང་སྤེལ་བས་ཤིན་ཏུ་སྡུག་བསྔལ་རྒྱ་ཆེ་བར་གནས་ཀྱང་།ད་དུང་སྡུག་བསྔལ་སྔ་མ་སྡུག་བསྔལ་ཕྱི་མ་ལ་ཁ་སྤར་བ་ཙམ་ལ་བདག་ཉིད་བདེ་བར་རློམ་ཏེ་གནས་པ་དེ་བཞིན་དུ་གོང་དུ་བཤད་པ་དེ་ལྟར་དུ་རྟག་འཛིན་གྱི་བསམ་པས་རྒ་བའི་སྡུག་བསྔལ་མི་འབྱུང་སྙམ་པར་རྟག་ཏུ་གཞོན་པའི་བློ་ཁོ་ན་སྐྱེ་བ་དང་།དུས་དང་རྣམ་པ་ཀུན་ཏུ་སྡོད་བློ་ཉག་གཅིག་མ་གཏོགས་འཆི་བ་གཏན་ནས་འོངས་རྒྱུ་མེད་པ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པས་གནས་པའི་སེམས་ཅན་འདི་རྣམས་ཀྱི་རྒྱུད་ལ་རྟག་འཛིན་གྱིས་སེམས་ཁོང་ལྷོད་ནས་བསྡད་རུང་།འཆི་བ་ཐོག་བབ་ཀྱིས་མྱུར་དུ་འོང་དུས་སུ་དང་པོ་ཉིད་དུ་རྟག་འཛིན་གྱི་བློ་སྣ་རིང་པོ་དེས་བསད་པར་བྱས་ནས་ལུས་སེམས་སོ་སོར་འབྲལ་ཏེ་དབང་མེད་དུ་བསད་པས་མི་ཆོག་པར་མཐར་ངན་སོང་གི་གནས་སུ་ལྟུང་སྟེ་སྡུག་བསྔལ་མྱོང་བ་མི་བཟད་པ་འོང་རྒྱུ་དང་འགྲུབ་རྒྱུ་དེ་ཁོ་ན་ཐོན་པ་ཡིན་ཏེ།མི་ལུས་ཐོབ་ནས་ཚེ་འདི་ལ་དགའ་ཞིང་ཞེན་ཚད་ཀྱི་འབྲས་བུ་དེ་ཡིན་ནོ།།ཇི་སྐད་དུ།དམ་ཆོས་ཐང་མ་བཞིན་ཏུ་བརྡལ་བ་ལ།།སྡིག་པ་བབ་ཅོལ་དུ་བྱེད་པ་ཤིན་ཏུ་འཁྲུལ།།ཞེས་གསུངས་པ་ལྟར་རོ།།གོང་དུ་བཤད་པ་དེ་ལྟར་དུ་འཕགས་བོད་གཉིས་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་འཇམ་པའི་དབྱངས་དངོས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཐའ་ཡས་པའི་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་གཡོས་ཏེ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་དབལ་ཚ་བའི་མེས་རབ་ཏུ་གདུང་ཤིང་མནར་བའི་སེམས་ཅན་ཐམས་ཅད་ལ།སྔོན་དུས་དང་ད་ལྟ་རང་ལ་ཡོད་རྒུའི་སྔོན་བསགས་ཀྱི་བསོད་ནམས་དགེ་བའི་དངོས་པོ་རྣམས་ནི།དཔེར་ན་སྤྲིན་ཆེན་པོ་ལྟ་བུ་ལས་ལེགས་པར་བྱུང་བའི་རང་གི་རྒྱུད་ལ་དགེ་སེམས་ཕྲ་མོ་ཞིག་སྐྱེས་པ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བསམ་སྦྱོར་ལ་མ་ཐུག་གི་བར་དུ་བདེ་བའི་དངོས་པོ་ཅི་ཡོད་ཀྱི་ཚོགས་བཅས་བདེ་ཐབས་ཀྱི་རྒྱུ་རུ་གྱུར་པ་ཆར་བ་ལྟ་བུ་རྣམས་ཀྱིས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ།གོང་དུ་བཤད་པའི་སྡུག་བསྔལ་བའི་མེ་མཐའ་དག་ཞི་བར་བྱེད་ནུས་པར་བདག་དུས་ནམ་ཞིག་ན་འགྱུར་སྙམ་དུ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དྲན་པར་བྱའོ།།རང་གི་སྟོང་ཉིད་ཤེས་པས་གཞན་ལ་སྙིང་རྗེ་སྐྱེ་བ་གཉིས་ཕན་ཚུན་རྒྱུ་འབྲས་སུ་ཤར་ནས།ཆོས་ཀུན་ལ་དམིགས་པ་བདེན་ཞེན་མེད་པའི་ཚུལ་དུ་ལྟ་བ་རྟོགས་ཀྱང་།སྤྱོད་པ་རྒྱུ་འབྲས་ཁྱད་དུ་མི་གསོད་པར་སྒོ་གསུམ་གུས་པ་དང་བཅས་པས་ཡན་ལག་བདུན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་བསགས་ཏེ།དམིགས་པ་བདེན་ཞེན་གྱི་འཆིང་བས་བཅིངས་པས་ཕུང་པར་གྱུར་པའི་སེམས་ཅན་རྣམས་ལ།བྱང་ཆུབ་ཀྱི་སེམས་ཀྱི་དོན་དང་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ནི་སྟོན་ནུས་པར་དུས་ནམ་ཞིག་ན་འགྱུར་སྙམ་དུ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་དྲན་པར་བྱའོ།།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།ཞེས་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་ཟིན་བྲིས་སོ།། བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བའི་ལེའུ་ལའང་།བསྔོ་བ་མདོར་བསྡུས་ཏེ་བསྟན་པ་དང་།དེ་རྒྱས་པར་བཤད་པ་གཉིས་ལས།དང་པོ་ནི།བདག་གིས་བྱང་ཆུབ་སྤྱོད་པ་ལ།།སོགས་ནས།འཇུག་པར་ཤོག།།ཅེས་པའི་བར་གྱིས་བསྟན།དེ་ལྟ་བུ་གང་ཟག་སུས་བསྔོ་ན།སྔོན་དུས་སུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་བདག་གིས་བསྟན་བཅོས་རིན་པོ་ཆེ་འདི་ཉིད་བརྩམས་པའི་དགེ་བ་བསྔོས་པར་མཛད་པ་དེ་བཞིན་དུ།ད་ལྟར་རང་གིས་བྱང་ཆུབ་སྤྱོད་པའི་གཞུང་བཟང་འདི་ཉིད་ལ་ཐོས་བསམ་བསྒོམ་གསུམ་བྱས་པ་ཉིད་བསྔོ་བ་ཡིན་ལ།གང་བསྔོ་རྒྱུའི་དགེ་རྩ་ངོས་བཟུང་བ་ནི།རང་གིས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྦྱོར་བ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་ཅིག་བསླབ་པར་བགྱིས་པ་ལེགས་པར་རྣམ་པར་བརྩམས་པར་བྱས་པ་དེ་ཡི་དགེ་བ་གང་དེས་བསྔོ་བའི་རྒྱུ་རྩ་ངོས་བཟུང་བྱས་ཏེ།གང་གི་དོན་དུ་བསྔོ་ན།ཕ་མའི་གཙོར་བྱས་པའི་སྐྱེ་ཤིའི་ཁ་བརྒྱུད་དེ་འཁོར་བ་ངན་སོང་ལ་འགྲོ་བ་ཀུན་གྱི་ཆེད་དུ་བསྔོ་ཞིང་།གང་ལ་ཅིའི་དོན་དུ་བསྔོ་ན།སེམས་ཅན་མ་ལུས་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞུང་བཟང་འདི་ལ་ཞེས་པ་ནི་བྱམས་པའི་དམིགས་པ་དང་།འཇུག་པར་ཤོག་ཅིག་ཅེས་པ་ནི་བྱམས་པའི་རྣམ་པའོ།ཚེ་འདིའི་བྱ་བཞག་སོགས་དང་རང་དོན་ཡིད་བྱེད་ནི་སྙིང་རྗེའི་དམིགས་པ།དེ་རྣམས་འབྲལ་འདོད་ནི་སྙིང་རྗེའི་རྣམ་པའོ།།བྱམས་པའི་དམིགས་པ་ནི་བདེ་བ།རྣམ་པ་ནི་ལྡན་འདོད།སྙིང་རྗེའི་དམིགས་པ་ནི་སྡུག་བསྔལ།རྣམ་པ་ནི་འབྲལ་འདོད།དམིགས་པ་ནི་ཡུལ་གྱི་སེམས་ཅན།རྣམ་པ་ནི་ཡུལ་ཅན་བྱང་སེམས་ཀྱི་བློའི་རྣམ་པ་ཡིན་ནོ།།དཔེར་ན་ཡུལ་ནད་པ་ལྟ་བུ་ནད་ལས་གྲོལ་འདོད་འདྲ་ཡང་ནད་ཀྱི་ཟུག་གཟེར་ལ་དམིགས་ནས་འབྲལ་འདོད་ཀྱི་བློ་ནི་སྙིང་རྗེའི་དམིགས་རྣམ།ནད་མེད་པའི་བདེ་བ་དང་ད་བཟོད་ལྡན་པར་འགྱུར་འདོད་ཀྱི་བློ་ནི་བྱམས་པའི་དམིགས་རྣམ་ཡིན་ནོ།།གཉིས་པ་དེ་རྒྱས་པར་བཤད་པ་ལའང་།གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་དང་།རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་དང་།གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས།དང་པོ་གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་ལའང་།དམན་པ་དང་བྲལ་བར་བསྔོ་བ་དང་།མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་གཉིས་ལས།དང་པོ་དམན་པ་དང་བྲལ་བར་བསྔོ་བ་ལའང་།ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་དང།ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་གཉིས་ལས།དང་པོ་ཁམས་གསུམ་སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ནི།ཕྱོགས་རྣམས་ཀུན་ན་ལུས་དང་སེམས།།སོགས་ནས།ཐོབ་པར་ཤོག།།ཅེས་པའི་བར་གྱིས་བསྟན།ཕྱོགས་བཅུའི་ནམ་མཁའ་སྟོང་པས་གང་དུ་ཁྱབ་པའི་ཞིང་རྣམས་ཀུན་ན།ལུས་ལ་འབྱུང་བཞིའི་འདུ་བ་འཁྲུག་པའི་ནད་དང་།སེམས་ལ་ཉོན་མོངས་པ་ལ་སོགས་པ་སྡུག་བསྔལ་སྔ་མ་མ་སང་གོང་དུ་སྡུག་བསྔལ་ཕྱི་མས་ནོན་པ།དཔེར་ན་མི་ཤི་བའི་སྟེང་དུ་ནོར་བརླག་པ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ་བའི་ནད་པ་ཇི་སྙེད་ཀྱིས་མནར་ཡོད་པ་རྣམས་ནི་སྙིང་རྗེའི་དམིགས་པ།དེ་རྣམས་དང་འབྲལ་འདོད་ཀྱི་བློ་ནི་སྙིང་རྗེའི་རྣམ་པའོ།།ཕྱོགས་བཅུའི་ཞིང་གི་སེམས་ཅན་དེ་དག་ཐམས་ཅད་ཀྱི་རྒྱུད་ལ་བདག་གི་བསམ་པ་ཐག་པས་དགེ་བ་བསགས་པའི་བསོད་ནམས་རྣམས་ཀྱིས་ལུས་ལ་བདེ་བ་རྒྱ་མཚོ་དང་སེམས་ལ་དགའ་བ་རྒྱ་མཚོ་ནི་བྱམས་པའི་དམིགས་པ་དང་།ཐོབ་པར་ཤོག་ཅིག་སྙམ་པ་ནི་བྱམས་པའི་རྣམ་པའོ།།ཕྱོགས་བཅུའི་ཞིང་གི་སེམས་ཅན་དེ་དག་ཐམས་ཅད་ཀྱི་རང་རང་གི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔའི་འཁོར་བ་རྒྱུན་མ་ཆད་ཀྱི་བར་གྱི་དུས་ཇི་སྲིད་དུ་ནམ་ཡང་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་ཞེས་བསམ་པ་ནི་དགའ་བ་དང་བྱམས་པའི་དམིགས་པ་དང་།ཉམས་པར་མ་གྱུར་ཅིག་ཅེས་པ་ནི་བྱམས་པ་དང་དགའ་བའི་རྣམ་པའོ།།འདུས་བྱས་ཡིན་ན་མི་རྟག་པ་དང་།མི་རྟག་པ་ཡིན་ན་སྡུག་བསྔལ་བ་དང་།སྡུག་བསྔལ་ཡིན་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔའི་རང་བཞིན་ཅན་ལ་བདེ་བ་ཕྲ་མོ་ཡོད་པ་དེ་ཉིད་འགྱུར་བའི་སྡུག་བསྔལ་ནི་སྙིང་རྗེའི་དམིགས་པ་དང་།ཐོབ་པར་ཤོག་སྙམ་པ་ནི་བྱམས་པའི་རྣམ་པའོ།།ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་སྙིང་རྗེའི་དམིགས་པ་དང་།དེ་དང་བྲལ་འདོད་ནི་སྙིང་རྗེའི་རྣམ་པའོ།གཉིས་པ་ངན་སོང་གསུམ་ལ་སོགས་པ་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་ནི།འཇིག་རྟེན་ཁམས་ན་དམྱལ་བ་དང་།།སོགས་ནས།དགའ་བར་ཤོག།།ཅེས་པའི་བར་གྱི་ཚིགས་སུ་བཅད་པ་བཞི་བཅུ་ཞེ་བཞིས་བསྟན་ཏོ།།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དམ་སྡོམ་ཉམས་པ་དང་མི་དགེ་བས་ཚ་བའི་དམྱལ་བ་དག་ནི་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང་བརྒྱད་པོ་ལ་སོགས་པའི་དམྱལ་བའི་གནས་གང་དག་ན་སྡུག་བསྔལ་བའི་སེམས་ཅན་ཇི་སྙེད་ཡོད་པ་རྣམས་ནི་སྙིང་རྗེའི་དམིགས་པ་དང་།སྡུག་བསྔལ་དེ་རྣམས་དང་བྲལ་འདོད་ཀྱི་བློ་ནི་སྙིང་རྗེའི་རྣམ་པའོ།དམྱལ་བའི་གནས་དེ་དང་དེ་དག་ཏུ་ནི་སྡུག་བསྔལ་མྱོང་རིག་གི་ལུས་ཅན་སྡུག་བསྔལ་བ་རྣམས་ནི།ཆོས་རྒྱལ་ནི་འོད་དཔག་མེད་དང་ལས་མཁན་སྤྱན་རས་གཟིགས་ལ་སོགས་པའི་ཉེ་སྲས་རྣམས་སུ་གྱུར་ཏེ།ནུབ་ཕྱོགས་བདེ་བ་ཅན་གྱི་བདེ་སྐྱིད་ཀྱི་བདེ་བས་ནི་བྱམས་པའི་དམིགས་པ་དང་།དགའ་བར་ཤོག་ཅེས་པ་ནི་བྱམས་པའི་རྣམ་པའོ།།གྲང་བས་ཉམ་ཐག་དྲོ་ཐོབ་ཤོག།།སོགས་ནས།བསིལ་བར་ཤོག།།ཅེས་པའི་བར་གྱིས་ཡི་གེ་དྲིལ་ཚེ་དཔེ་ལེབ་ཆོས་ཐག་གཞན་གྱི་གོས་འཕྲོག་པ་ལ་སོགས་པའི་རྣམ་སྨིན་གྱིས་གྲང་བའི་དམྱལ་བ་ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཨ་ཆུ་ཀྱི་ཧུད་སོ་འཐམས་ཨུཏྤལ་ལྟར་གས་པ་པདྨ་ལྟར་ཆེས་གས་པ་ལ་སོགས་པའི་གནས་བརྒྱད་ན་ཤིན་ཏུ་གྲང་བས་ལུས་སེམས་ཉམ་ཐག་པའི་སྡུག་བསྔལ་དང་།བྲལ་འདོད་ཀྱི་སྙིང་རྗེའི་དམིགས་རྣམ།ཉི་མ་ལྟ་བུ་ལ་སོགས་པས་དྲོ་པའི་བདེ་བ་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ་གྱི་ཏིང་ངེ་འཛིན་གྱི་སྤྲིན་ཆེན་པོ་ལས་བྱུང་བའི་སྤོས་ཆུའི་ཆུ་བོ་མཐའ་ཡས་པ་རྣམས་ཀྱིས་མེ་ལྕེ་ལྷབ་ལྷབ་ཏུ་འབར་བས་བཞུས་པའི་ཁྲོ་ཆུ་ཁོལ་མ་ལ་སོགས་པའི་རབ་ཏུ་ཚ་བས་བསྲེགས་པས་ཉམ་ཐག་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བྱང་སེམས་རྣམས་ཀྱི་ཐུགས་བསྐྱེད་ཀྱི་ཆུ་བོ་རྣམས་ཀྱིས་ཚ་དམྱལ་ཐམས་ཅད་བསིལ་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ལས་ཀྱི་ལྷག་མ་མྱོང་བའི་གནས་ཉེ་འཁོར་རྣམས་ནི།རལ་གྲི་ལོ་མའི།སོགས་ནས།འཁྲུངས་པར་ཤོག།།ཅེས་བན་བཙུན་ཕོ་མོ་སྡོམ་པ་དང་དམ་ཚིག་ཉམས་པ་ཅན་རྣམས་སྐྱེ་བའི་གནས་རལ་གྲི་མང་པོའི་ལོ་མའི་ནགས་ཚལ་འཁྲིགས་པས་ལུས་ལ་བཅད་གཏུབ་ལ་སོགས་པའི་སྡུག་བསྔལ་རྣམས་དང་ཡང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།རལ་གྲིའི་ནགས་ཚལ་དེ་ལ་བདག་གིས་དགེ་བའི་སྟོབས་ཀྱིས་དག་པའི་ཞིང་དང་ལྷ་ཡུལ་གྱི་རིན་པོ་ཆེའི་དགའ་བའི་ནགས་ཚལ་ཡིད་དུ་འོང་བ་སྡུག་གུར་ཤོག་སྙམ་དུ་བསྒོམ་པ་བྱམས་པའི་དམིགས་རྣམ།འདོད་ཆགས་དང་ཞེ་སྡང་གིས་འདོད་ལོག་སྤྱད་པ་དང་སྲོག་བཅད་པ་ལ་སོགས་པའི་རྣམ་སྨིན་གྱིས་འདོད་ཆགས་ཚ་མྱོང་ཅན་གྱི་དམྱལ་བ་ལྕགས་སྲེགས་ཀྱི་ཤལ་མ་རི་ཡི་སྡོང་པོ་ལ་ཡང་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་སྐྱེས་པས་ལུས་ཟང་ཐལ་དུ་འབིགས་པ་དང་།ལྕགས་སྲེགས་ཀྱི་ཁྱི་སྲེ་བོས་ཟ་བ་དང་།ལྕགས་སྲེགས་ཀྱི་སྐྱེས་པ་དང་བུད་མེད་མེ་འབར་བས་འཁྱུད་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བདག་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལམ་བཟང་ལ་བསླབ་པའི་དགེ་བས་ད་ལྟ་ཉིད་དུ་ལྷ་དབང་གིས་ལོངས་སྤྱོད་པའི་བློས་ཇི་ལྟར་དཔག་ཅིང་བསམ་པ་བཞིན་ཏུ་འབྱུང་བའི་དཔག་བསམ་གྱི་ཤིང་དུ་འཁྲུངས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།མཐིང་རིལ་ངུར་པ་སོགས་ནས།དགའ་བར་ཤོག།།ཅེས་ཆུ་བྱ་མཐིང་རིལ་དང་ངུར་པ་དག་དང་།ངང་པ་ངང་སེར་དང་ངང་སྐྱ་དང་།ཆུ་བྱ་བཞད་དང་ཁྲུང་ཁྲུང་ལ་སོགས་པ་གཟུགས་ལེགས་པ་དང་བལྟ་ན་སྡུག་པ་དང་དབྱིབས་འཛེས་པ་དང་འགྲོས་ཡིད་དུ་འོང་བ་དང་སྐད་སྙན་པོ་འབྱིན་པས་དམྱལ་བའི་ས་ཕྱོགས་ཐམས་ཅད་འཛེས་པར་གྱུར་ཅིག་ཅེས་བྱམས་པའི་དམིགས་རྣམ།དམྱལ་བའི་ས་ཕྱོགས་ཐམས་ཅད་དྲི་མི་ཞིམ་པ་ཡ་ང་བ་མེ་མ་མུར་གྱི་འོབ་རོ་མྱག་གི་འདམ་ལ་སོགས་པའི་སྡུག་བསྔལ་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་ཆུ་བྱ་སྣ་ཚོགས་འཁོར་བའི་མེ་ཏོག་པདྨ་དཔག་ཚད་དང་རྒྱང་གྲགས་ཁྱབ་པའི་དྲི་བསུང་ཞིམ་པོ་རྒྱ་ཆེ་བ་དང་ལྡན་པའི་མཚོ་དེ་དག་གིས་དམྱལ་བའི་ས་ཕྱོགས་དེ་དག་ཐམས་ཅད་ནི་ཡིད་དུ་འོང་ཞིང་ཉམས་དགའ་བར་ཤོག་ཅེས་བྱམས་པའི་དམིགས་རྣམ།སོལ་ཕུང་དེ་ཡང་སོགས་ནས།གང་པར་ཤོག།།ཅེས་དགེ་འདུན་འདུ་བའི་སྒོ་ཕྲོགས་པ་དང་།མཚམས་མེད་ལྔ་བྱས་པ་དང་།ཆོས་ལུགས་ཀྱི་གྲུབ་མཐའ་ལ་ཆགས་སྡང་གིས་ཆོས་སྤོང་བྱས་པ་རྣམས་སྐྱེ་བའི་གནས་ནི་དམྱལ་བ་མནར་མེད་དུ་སྐྱེས་ནས་ལྕགས་སྲེགས་ཀྱི་དུམ་བུ་མང་པོའི་སོལ་བའི་ཕུང་པོ་རི་རབ་ཙམ་སྤུངས་པའི་ནང་དུ་ལུས་པོ་བསྲེགས།ནང་ཆ་ཚིག།།ཀླད་པ་ཁོལ་བ་དེ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་རྣམས་དང་ཡང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཤེལ་དངུལ་གསེར་པདྨ་རཱ་ག་ལ་སོགས་པའི་རིན་ཆེན་སྣ་ཚོགས་ཀྱི་ཕུང་པོར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།ཚ་དམྱལ་སྤྱི་མཐུན་ལ་ལྕགས་ཀྱི་ས་གཞི་དམྱལ་མེ་རབ་ཏུ་འབར་བས་བསྲེགས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།མནན་ན་ནེམ་པ་བཏེགས་ན་འཕར་བ་ཚོན་སྣ་བརྒྱ་རྩ་གཅིག་གིས་རྣམ་པར་བཀྲ་བའི་ཤེལ་གྱི་ས་གཞིར་དཀར་སེར་དམར་སྔོ་ལྗང་བའི་ཁ་དོག་གི་སྤེལ་མས་བསྒྲིགས་ལེགས་པས་བསྟར་བར་ཤོག་ཅེས་བྱམས་པའི་དམིགས་རྣམ།རི་དྭགས་གསོད་མིའི་རྔོན་པ་དང་།དམར་ཆོག་དེད་མིའི་བླ་མ་དང་།བན་བཙུན་མི་སྐྱ་ཕོ་མོ་འདོད་ལོག་སྤྱོད་མི་དང་།ཤིག་དང་ལྗི་བ་སེན་མོའི་བར་དུ་བཅར་བ་ལ་སོགས་པའི་རྣམ་སྨིན་གྱིས་ཕན་ཚུན་ལྕགས་ཀྱི་རི་བོ་མགོ་བརྙན་ཅན་རྭ་རྩེ་ལ་མེ་འབར་བའི་བར་དུ་བཅར་བས་ཁྲག་གི་ཆུ་རྒྱུན་འབྱུང་བ་ལ་སོགས་པའི་ལུས་བསྡུས་ཤིང་འཇོམས་པའི་རི་བོའི་བར་དུ་བཅར་བའི་སྡུག་བསྔལ་རྣམས་དང་།དམྱལ་གནས་སུ་སྐྱེ་བའི་རྒྱུ་དེ་རྣམས་བསགས་པ་ལ་དགའ་བའི་སེམས་ཅན་དང་བཅས་པ་ལ་སྙིང་རྗེ་བསྒོམ་དགོས་ཏེ།འཁོར་བའི་སེམས་ཅན་ལ་སུན་རྒྱུ་ནི་མེད།།དམྱལ་བའི་ལས་ངན་ལ་ཟད་རྒྱུ་ནི་མེད།།ཅེས་གསུངས་པའི་དེ་ལྟར་སྡུག་བསྔལ་རྒྱུ་འབྲས་ཀུན་ཀྱང་མ་ལུས་པ་དང་བྲལ་བར་ཤོག་ཅེས་སྙིག་རྗེའི་དམིགས་རྣམ།བདག་གི་དགེ་བའི་སྟོབས་ཀྱིས་མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་ལ་སོགས་པ་མཆོད་པ་འབུལ་བ་ཡི་ལྷ་མོ་རྣམས་ཀྱིས་ཐོགས་ཏེ།རིན་པོ་ཆེའི་གཞལ་མེད་ཀྱི་ཁང་པར་གྱུར་པའི་ནང་དུ་རིན་པོ་ཆེའི་པདྨ་སོགས་ཀྱིས་བརྒྱན་པའི་སྐུ་མཚན་དཔེ་གསུང་ཚངས་དབྱངས་སོགས་ཀྱིས་མཛེས་པའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུས་གང་བ་དང་།རྒྱལ་སྲས་བྱང་སེམས་ཀྱིས་གང་བར་ཤོག་ཅེས་བྱམས་པའི་དམིགས་རྣམ།མདག་མ་རྡོ་བསྲེགས༴སོགས་ནས།འཕེན་པར་ཤོག།།ཅེས་བྱ་ཁྱི་མི་ལ་སོགས་པ་རྡོ་དེད་བྱས་པའི་རྣམ་སྨིན་གྱིས་མདག་མ་ནི་མེ་མ་མུར་གྱི་ཆར་པ་དང་།ཡི་དྭགས་དང་ཀླུ་ལ་རྡོ་བསྲེགས་ཞེས་བྱེ་ཚན་གྱི་ཆར་པ་དང་།དམྱལ་གནས་རྣམས་སུ་མཚོན་ཆ་སྣ་ཚོགས་ཀྱི་ཆར་པ་བབ་པ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞུང་བཟང་འདི་ཉིད་ལ་བསླབ་པའི་དགེ་བ་དུས་དེང་ནས་བཟུང་སྟེ་མེ་ཏོག་གི་ཆར་པར་གྱུར་ཏེ་ཉིན་མཚན་དུས་དྲུག་ཏུ་འབབ་པར་ཤོག་ཅེས་བྱམས་པའི་དམིགས་རྣམ།ཚོགས་གྲལ་དུ་ཁ་རྒྱལ་དང་ལག་རྩོད་བྱེད་པ་དང་རྡེའུ་འཕེན་པ་དང་ཡོན་བདག་གི་ཟས་ཡོན་ཟོས་ཏེ་འདོན་པ་མི་བྱེད་པར་རྩེད་མོ་རྩེ་བའི་འབྲས་བུས་ཆོས་གོས་དང་ལྷུང་བཟེད་འབར་བའི་གཏམ་རྒྱུད་དང་།མགར་བ་དང་མཚོན་ཆ་ལ་དགའ་ཚད་དང་མཚོན་ཆའི་འཁྲུལ་འཁོར་འཕེན་ཐབས་སོགས་ལ་བསླབ་སྟེ་འཐབ་འཛིང་བྱེད་མི་ལ་སོགས་པ་སྐྱེ་བའི་གནས་དམྱལ་བ་ཡང་སོས་ལ་སོགས་པར་སྐྱེས་ཏེ་ཕན་ཚུན་དགྲ་མི་ཤ་བོ་མཐོང་བ་ལྟར་མཚོན་ཆ་སྣ་ཚོགས་ཀྱིས་འདེབས་རེས་བྱེད་པ་དེ་དག་རྣམས་ཀྱི་རྒྱུད་ལ་ཡང་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་ནི་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བདག་གི་དགེ་བའི་སྟོབས་ཀྱིས་དེང་གི་ཉི་མ་ནས་བཟུང་སྟེ་ཕན་ཚུན་རྩེད་མོ་རྩེ་བའི་ཕྱིར་དུ་ལྷ་ཡུལ་ལྟ་བུའི་མེ་ཏོག་འཕེན་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།།ཆུ་བོ་རབ་མེད་མེ་དང་འདྲ༴སོགས་ནས།འབབ་གནས་ཤོག།།ཅེས་ཐལ་ཚན་གྱི་ཆུ་བོ་རབ་མེད་པ་དཔེར་ན་མེའི་དོང་རྒྱ་ཆེ་གཏིང་ཟབ་པ་འདྲ་བའི་ནང་དུ་བྱིང་སྟེ་ནུབ་པ་དེ་དག་ཐམས་ཅད་ཀྱི་རྒྱུ་ནི་འདོད་ཡུལ་གྱི་སྐྱེས་པ་དང་བུད་མེད་ཉ་སྲམ་སོགས་གསོད་པ་དང་།ཁྱད་པར་དུ་དགེ་འདུན་འདུ་བའི་ཞལ་གྱི་སྒོ་ཕྲོགས་པའི་འབྲས་བུ་མནར་མེད་དུ་སྐྱེ་བའི་ལས་ཀྱི་ལྷག་མས་འདིར་སྐྱེས་ཏེ་ཆུ་རླབས་མཐོ་བས་སྲིད་རྩེ་ལ་འཕེན་སྙམ་དང་།ཆུ་གཏིང་དུ་ནུབ་ཚེ་རྡོ་སུམ་ཟུར་གྱིས་ལུས་གཏོར་ཏེ་ལུས་ཀྱི་ཤ་ཀུན་ཞིག་ནས་ཤ་རུས་སོ་སོར་ཕྱེས་པར་གྱུར་ཏེ་རུས་གོང་དཀར་པོ་མེ་ཏོག་ཀུན་དའི་མདོག་ལྟར་གྱུར་པ་ཆུ་ཁར་སླེབས་ཚེ་ཡང་ཤ་ལྤགས་གསར་པ་སྐྱེས་ནས་སྔར་ལྟར་སྡུག་བསྔལ་མྱོང་བ་མ་ལུས་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།བདག་གི་བསམ་པ་ཐག་པས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལམ་བཟང་ལ་བསླབ་པའི་དགེ་བའི་སྟོབས་ཀྱིས་ལྷ་མིའི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ནས།ནོར་བུའི་མགོ་རྒྱན་ཅན་གྱི་ལྷ་མོ་ཡིད་དུ་འོང་བ་རྣམས་དང་ལྷན་ཅིག་ཏུ་ལྷའི་ཆུ་བོ་དལ་གྱི་འབབ་པར་རྟག་ཏུ་གནས་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ་གཉིས་ཏེ།དེ་ཡན་ཆད་ཀྱིས་རང་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བའི་སྨོན་ལམ་མོ།།གཞན་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བའི་སྨོན་ལམ་ནི།ཅི་ཕྱིར་འདིར་ནི་གཤེན་རྗེའི་མི་དང་སོགས་ནས།འགྲོགས་པར་ཤོག།།ཅེས་དམྱལ་བའི་སེམས་ཅན་རྣམས་ཀྱི་ཡིད་ལ་དམྱལ་གནས་ཐམས་ཅད་འོད་སྔོན་པོས་ཁྱབ་པ་ལ་བསམ་སྟེ་རྒྱུ་མཚན་ཅིའི་ཕྱིར་དུ་དམྱལ་བའི་གནས་འདིར་ནི་གཤིན་རྗེའི་སྐྱེས་བུའི་མི་རྣམས་སྐྲག་པ་དང་།དེ་བཞིན་ཏུ་ཁྭ་ཏ་རྡོ་རྗེའི་མཆུ་ཅན་དང་།བྱ་རྒོད་འདབ་འཇིགས་དང་ཁྱི་སྲེ་བོ་ལ་སོགས་པའི་དམྱལ་སྲུང་མི་བཟད་པ་རྣམས་ཀྱང་སྐྲག་པར་བྱེད་ཅིང་།ལག་གི་མཚོན་ཆ་རྣམས་ཀྱང་ས་ལ་ལྷུང་སྟེ་འབྲོས་ཏེ་འགྲོ་བ་དང་།དམྱལ་བའི་ལྕགས་བསྲེགས་ཀྱི་ཁང་པ་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་ནས་བཞག་པ་ཕྱོགས་ཀུན་ནས་མུན་པ་འཐིབ་པ་རྣམས་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས་ཕྱག་རྡོར་མི་མཐོང་བའི་སྒྲིབ་པ་དང་མུན་པ་དང་སྡུག་བསྔལ་མ་ལུས་པ་བསལ་བར་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།ཕྱག་ན་རྡོ་རྗེའི་ཐུགས་རྗེས་དམྱལ་བའི་སེམས་ཅན་རྣམས་ཀྱི་ལུས་ལ་བདེ་བ་དང་།སེམས་ལ་དགའ་བ་བསམ་གྱིས་མི་ཁྱབ་པ་བསྐྱེད་པར་ནུས་པའི་མཐུ་བཟང་པོ་འདི་ཀོ་བྱང་ཆུབ་སེམས་དཔའ་སུ་ཡི་ཐུགས་རྗེ་དང་ནུས་མཐུ་ཡིན་པར་སྙམ་སྟེ་རང་རང་གི་མདུན་གྱི་མཁའ་ལ་གྱེན་དུ་བལྟས་པ་ན།ནམ་མཁའི་དཀྱིལ་ན་རྒྱལ་ཀུན་ཐུགས་ཀྱི་གསང་བ་ཟབ་མོའི་མཛོད་འཛིན་པ་པོ་ཡིན་པའི་བརྡ་རྟགས་ཕྱག་ན་རྡོ་རྗེ་བསྣམས་ཡོད་པའི་ཕྱིར་ན་ཕྱག་ན་རྡོ་རྗེ་བསྣམས་པ་འོད་དང་འོད་ཟེར་འབར་བ་བཞུགས་པ་དབང་ཐོབ་པ་དང་།སྐུ་བཞེངས་པ་དང་།ད་ལྟ་ཡི་དམ་དུ་བཟུང་བ་ལ་སོགས་པས་མཐོང་ནས་བུ་ཆུང་གིས་མ་མཐོང་བ་ལྟ་བུའི་རབ་ཏུ་དགའ་བའི་ཤུགས་ཀྱིས་ཞེ་སྡང་གི་སྡིག་པ་དང་བྲལ་ནས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་དང་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་ལྷན་ཅིག་ཏུ་འགྲོགས་ཏེ་དམྱལ་བའི་གནས་ཀུན་སྟོང་ནས་ལྕང་ལོ་ཅན་ཀྱི་གནས་མཆོག་གང་པར་ཤོག་བསམ་པ་ནི་བྱམས་པའི་དམིགས་རྣམ།མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབས་པ་ཡིས།།སོགས་ནས།མཐོང་བར་ཤོག།།ཅེས་དམྱལ་བཟང་ཁ་གས་ཏེ་མེ་ཏོག་ཤིང་རྟའི་འཁོར་ལོ་ཙམ་རེར་གྱུར་ཏེ་སྔོན་ཡི་དམ་དུ་བརྟེན་ཏེ་བདག་གིས་མ་ཎི་བཏོན་པ་ལ་སོགས་པའི་སྟོབས་ཀྱིས་དམྱལ་གནས་ལ་བསམ་པ་གཏད་དེ་སྙིང་རྗེ་སྒོམ་དུས་མིག་ནས་མཆི་མ་ཐོན་པ་དང་།བྱམས་པ་བསྒོམ་དུས་སུ་རང་གཅིག་པུ་ཁེར་དགོད་འཆོར་བ་ཙམ་རེ་དགོས་གསུངས་པས།སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འོད་དཀར་པོས་དམྱལ་བའི་གནས་རྣམས་ཁྱབ་སྟེ་མེ་ཏོག་གི་ཆར་པ་དང་།སྤོས་ཆུའི་ཆར་བ་དང་།གཉིས་ཀ་འདྲེས་ཏེ་འབབས་པར་གྱུར་དེ་ཡིས་དམྱལ་བའི་གནས་སུ་མེ་མ་མུར་གྱི་མེ་མདག་དང་མེ་ལྕེ་མ་རུང་བ་ཐམས་ཅད་ཆིལ་ཆིལ་གྱི་སྒྲ་དང་བཅས་ཏེ་དམྱལ་མེ་གསོད་པ་ཉིད་དུ་མཐོང་བར་གྱུར་ནས།སྤྱན་རས་གཟིགས་མི་མཐོང་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་བྲལ་འདོད་ཆོས་སྙིང་རྗེའི་དམིགས་རྣམ།ད་སྔོན་དམྱལ་གནས་སུ་ཆུ་མེད་པའི་དབང་གིས་ཆུ་ཐིགས་རེ་ཙམ་ལུས་ལ་ཕོག་པ་ཟག་མེད་བདེ་བར་སྐྱེས་པར་བསམ་སྟེ་གློ་བུར་ཉིད་དུ་ལུས་སེམས་གཉིས་རྒྱ་ཆེན་པོའི་བདེ་བས་ཚིམ་པར་གྱུར་པ་འདི་ཅི་ཡིན་བསམ་པ་དང་མཉམ་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བ་མ་ལུས་པ་རྣམས་ཀྱི་པདྨའི་གདན་ལ་བཞུགས་པ་པདྨའི་མདངས་དང་ལྡན་པ།དབུ་ལ་ཨ་མི་རྡེ་བ་བཞུགས་པ།ཕྱག་ན་པདྨ་དཀར་པོ་བསྣམས་པའི་རྗེ་མཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་གྱུར་ཏེ་ལྕགས་སྲེགས་ཀྱི་ས་གཞི་པདྨའི་རྫིང་བུ་དང་།ལས་མཁན་རྣམས་ཀྱི་རྒྱུད་ལ་སྙིང་རྗེ་སྐྱེས་ནས་བྱ་ཁྱུ་འུར་རྡོས་དཀྲོག་པ་ལྟར་དམྱལ་བའི་གནས་ཀུན་སྟོངས་ནས་འཕགས་པ་སྤྱན་རས་གཟིགས་དང་ལྷན་དུ་སོང་སྟེ་རི་བོ་ཏ་ལའི་ཞིང་ཀུན་གང་ནས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཤོག་སྙམ་པའི་བྱམས་པའི་དམིགས་རྣམ།གྲོགས་དག་འཇིགས་པ་བོར་ལ༴སོགས་ནས།ཅ་ཅོ་འདོན་པར་ཤོག།།ཅེས་འཕགས་པ་འཇམ་དཔལ་དབྱངས་དམྱལ་བའི་བའི་གནས་སུ་བྱོན་ཚེ་འོད་དམར་སེར་གྱིས་དམྱལ་གནས་ཡོངས་སུ་ཁྱབ་སྟེ་སྔོན་འཇམ་དབྱངས་ཡི་དམ་དུ་བརྟེན་པ་ལ་སོགས་པའི་ལས་བཟང་གཅིག་གིས་དང་པོ་འཇམ་དབྱངས་མཐོང་སྟེ།དེ་ནས་དམྱལ་བའི་སེམས་ཅན་གཞན་ལ་གྲོགས་དག་ཅེས་བོས་ཏེ་འཇིགས་ཤིང་སྐྲག་པ་ཐམས་ཅད་བོར་ལ་རིངས་པར་མྱུར་བ་ཉིད་དུ་ཚུར་ཤོག་འུ་བུའི་ཐད་དུ་མདུན་གྱི་ནམ་མཁའ་ལ་ནི་འདིར་བྱོན་པའི་བྱང་སེམས་གང་གིས་ཐུགས་རྗེ་ནུས་མཐུ་དེ་ཡིས་འཇམ་དབྱངས་མི་མཐོང་བའི་སྒྲིབ་པ་དང་།ཚ་གྲང་གི་སྡུག་བསྔལ་མཐའ་དག་ཀུན་དང་བྲལ་ཞིང་དམྱལ་བའི་གནས་སྟོང་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།ལུས་སེམས་རང་དབང་མེད་པར་དགའ་ཞིང་སྤྲོ་བའི་ཤུགས་ཀྱིས་འཇམ་དབྱངས་ཀྱི་དྲུང་དུ་ཕྱིན་པའི་དམྱལ་བའི་སེམས་ཅན་རྣམས་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་དམྱལ་བའི་འགྲོ་བ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཕྱོགས་ཀུན་ནས་སམ་དུས་དང་སྒོ་ཀུན་ནས་སྤྱིར་མཐའ་གཉིས་ལས་སྐྱོབས་པ་དང་།སྒོས་སུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་རྣམས་ལས་གཏན་དུ་ཡོངས་སུ་སྐྱོབ་པར་མཛད་པའི་བྱང་ཆུབ་སེམས་དཔའ་འཇམ་དབྱངས་ལ་སོགས་པ་རྣམས་ཀྱིས་ཐུགས་ལ་སྡུག་བསྔལ་ཀུན་དང་བྲལ་འདོད་ཀྱི་བརྩེ་བ་ཆེན་པོ་སྐྱེས་པར་གྱུར་པ།ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟ་བུ་ཡིན་པས་སྐུ་གཞོན་ནུ་དང་།ཚངས་སྤྱོད་ལ་ཞུགས་མ་ཐག་པ་ལྟ་བུ་ཡིན་པས་ན་ཐུགས་གཞོན་ནུ་ཅན་གྱི་བདག་ཉིད་ཀྱི་དབུ་སྐྲ་ཐོར་ཅོག་གི་རྩེ་མོ་འབུར་བ་ལྔའི་ཟུར་ཕུར་ཅན་ནམ་ཡང་ན་འཁོར་ལོས་བསྒྱུར་རྒྱལ་གྱི་སྲས་གཞོན་ནུས་རྒྱལ་ས་འཛིན་ཚེ་རིན་པོ་ཆེའི་ཕྲ་རྒྱན་ཅན་གྱིས་དབུ་བརྒྱན་པ་ལྟར་སངས་རྒྱས་ཀྱི་རྒྱལ་ཚབ་མཛད་ཕྱིར་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ་མཛེས་པར་བྱས་ཏེ།འཚམས་སྤྲིན་གསར་པའི་སྐུ་མདོག་དང་ལྡན་པ།འོད་དང་འོད་ཟེར་འབར་བའི་སྐུ་ཅན།ཞལ་མཇལ་ཚད་འཁོར་བའི་གནས་ངན་ལས་གྲོལ་བར་ནུས་པ།དམྱལ་བས་འཇིགས་ཤིང་སྐྲག་པ་མེད་པར་བྱེད་པ།བྱང་སེམས་སུ་ཞིག་གནས་འདིར་ཕྱིན་པ་ཡིན་སྙམ་པས་བལྟས་ཚེ་འཇམ་དབྱངས་ཁྱོད་ཀྱི་ཡོན་ཏན་ལ་དགའ་བའི་འགྲོ་བ་སྤྱི་དང་།ཁྱད་པར་དུ་ལྷ་ཁམས་འདུལ་བ་པོ་ཡིན་ཕྱིན་ཚངས་པ་དབང་ཕྱུག་བརྒྱ་བྱིན་ལ་སོགས་སྲིད་ན་ཆེ་རྒུའི་ལྷ་བརྒྱ་སྟོང་གྲངས་མེད་པའི་མགོའི་ཅོད་པན་དེ་དག་གིས་གདན་ཞབས་ཀྱི་པདྨོ་ལ་མཆོད་པར་བྱེད་ཅིང་།སེམས་ཅན་ཀུན་ལ་ཐུགས་རྗེའི་དབང་གིས་སྤྱན་ཆབ་ཕྱུང་བས་རབ་ཏུ་བརླན་པའི་སྤྱན་གྱིས་གཟིགས་ཤིང་།ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་བསྟོད་བཀུར་བསྔགས་པ་མཛད་ཚེ་འཇམ་དབྱངས་ཀྱི་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་ཆེན་པོ་འབབ་པ་དང་།འཁོར་རྣམས་ཀྱིས་ཕྱག་ཕུལ་ཏེ་མེ་ཏོག་མཆོད་པ་ལ་སོགས་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་གཅིག་གམ་གཉིས་སུ་བརྩེགས་པ་གསེར་གྱི་ཅོ་འབེབས་རྒྱན་ལྡན་དང་།ཡིད་དུ་འོང་བའི་ལྷ་མོ་བརྒྱ་སྟོང་ཕྲག་མང་པོས།གཞོན་ནུའི་ཆ་ལུས་འཆང་བ་པོ་ལ་སོགས་པའམ་གང་བློ་མ་སོགས་པས་བསྟོད་པའི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་དང་ལྡན་པའི་བསྟོད་པ་སྒྲོགས་པ་དང་ལྡན་པ་འདི་ལ་གྲོགས་པོ་དག་ལྟོས་ཞེས་བོས་ཏེ།ཡོན་ཏན་རྒྱ་མཚོའི་མངའ་བདག་རྗེ་བཙུན་འཇམ་དབྱངས་དེ་འདྲ་བ་མཐོང་ནས་དུས་ད་ནི་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་གསོལ་འདེབས་དང་སྐྱབས་སུ་འགྲོ་བའི་སྒྲ་ཅ་ཅོ་འུར་ཏིར་ཏིར་འདོན་བཞིན་ཏུ་འཕགས་པ་འཇམ་དབྱངས་དང་འགྲོགས་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ།དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས།།སོགས་ནས།དགའ་གྱུར་ཅིག།།ཅེས་གོང་དུ་བཤད་པ་དེ་ལྟར་དུ་བདག་གི་དགེ་བའི་རྩ་བའི་མཐུ་ལས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་།སྒྲིབ་པ་རྣམ་སེལ་དང་།བྱམས་པ་མགོན་པོ་དང་།ནམ་མཁའི་སྙིང་པོ་དང་།བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས།ཆོས་སྤང་བ་དང་རབ་ཏུ་བྱུང་ལ་བརྙས་བཅོས་བྱས་པ་སོགས་དགེ་བསྙེན་ཞི་བའི་གོ་ཆའམ་ལྕགས་ཀྱི་རྐང་པ་ཅན་གྱི་གཏམ་རྒྱུད་ལྟ་བུ་མི་མཐོང་བའི་སྒྲིབ་པ་མེད་པར་འདོད་པ་དང་།དམྱལ་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་སྙིང་རྗེའི་དམིགས་རྣམ།བྱང་སེམས་དེ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་ཏིང་ངེ་འཛིན་གྱི་སྤྲིན་ཆེན་པོའི་བདེ་བ་བླ་ན་མེད་པ་དང་།དེ་ལས་ཚ་གདུང་ལ་སོགས་པ་ལས་བསིལ་ཞིང་སྤོས་ཀྱི་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་མང་པོ་ཕྱོགས་ཀུན་ཁྱབ་པར་འབེབ་པ་མཐོང་ནས།སེམས་ཅན་དམྱལ་བ་ན་གནས་པ་དེ་དག་ཐམས་ཅད་མངོན་པར་དགའ་བར་གྱུར་ཅིག་ཅེས་བྱམས་པའི་དམིགས་རྣམ།ངན་སོང་གི་གནས་གཉིས་པ།དུད་འགྲོ་རྣམས་ནི་གཅིག་ལ་གཅིག།།སོགས་ནས།བྲལ་བར་ཤོག།།ཅེས་ཏིཏྱ་ཀ་ཀ་ནི་རྨོངས་པ་དང་མགོ་འཕྲེད་དུ་བསྟན་ཏེ་དུད་ཅིང་འགྲོ་བ་རྣམས་ནི།བྱིང་ན་གནས་པ་དང་ཁ་འཐོར་བ་ལ་སོགས་པ་རྣམས་ལ་སྐྱེ་བའི་རྒྱུ་ནི།དམ་པའི་ཆོས་འཆད་ཉན་ལ་མ་གུས་པ་དང་།ཆོས་ཞབས་སུ་གཉིད་པ་དང་།རབ་ཏུ་བྱུང་ནས་བསླབ་པ་ལ་མ་གུས་པ་ལ་སོགས་པས་དུད་འགྲོར་སྐྱེས་ཏེ་ཕན་ཚུན་གཅིག་ལ་གཅིག་གིས་ཟ་བའི་སྡུག་བསྔལ་གྱིས་འཇིགས་པ་དང་།བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་བྲལ་བར་ཤོག་སྙམ་པ་ནི་སྙིང་རྗེའི་དམིགས་རྣམ།བདག་གི་དགེ་བའི་སྟོབས་ཀྱིས་དུད་འགྲོ་དེ་རྣམས་མི་ལུས་ཐོབ་སྟེ་དམ་པའི་ཆོས་འཛིན་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།མདོ་དྲན་པ་ཉེར་བཞག་ལྟར་དུ་ངན་སོང་གི་གསུམ་པ་ཡི་དྭགས་ནི།སྒྲ་མི་སྙན་པའི་མི་བཞིན་ཏུ།།སོགས་ནས།བསིལ་བར་ཤོག།།ཅེས་བྱང་གི་སྒྲ་མི་སྙན་པ་རྣམས་ནི་མི་རེ་སྐྱེས་པ་དང་མཉམ་དུ་ཤིང་རེ་སྐྱེས་ནས་ཅི་འདོད་དཔག་བསམ་གྱི་ཤིང་ལས་འབྱུང་སྟེ།ཤིང་གིས་ཞག་བདུན་ན་ཁྱོད་རང་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེའོ་ཞེས་སྒྲ་སྒྲོགས་པའི་མི་རྣམས་བཞིན་དུ་ཡི་དྭགས་རྣམས་ནི་བདེ་བར་གྱུར་ཅིག་ཅེས་བྱམས་པའི་དམིགས་རྣམ།ཕྱིའི་སྒྲིབ་པ་ཅན་དང་ནང་གི་སྒྲིབ་པ་ཅན་དང་སྒོས་གྱི་སྒྲིབ་པ་ཅན་ཏེ།བྱིང་ན་གནས་པ་དང་ཁ་འཐོར་བ་མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ཀྱི་སྡུག་བསྔལ་སེར་སྣ་དང་བཅས་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དྭགས་ཀྱི་ཡུལ་དུ་བྱོན་ཚེ་མི་ཡུལ་ལྟར་ཡིད་དུ་འོང་བ་ཡི་དྭགས་ཀྱི་སྒོ་སྲུང་བྱིས་སྙིང་གླེ་བ་ཞེས་འཇིགས་སྐྲག་དངང་བས་འདར་འོང་བ་དེ་རྣམས་ཀྱང་རྒྱུད་ཞི་སྟེ་སྤྱན་རས་གཟིགས་དབང་གི་ཕྱག་ཞབས་བ་སྤུ་ཀུན་ནས་འབབ་པའི་འོ་མའི་ཆུ་བོའི་རྒྱུན་རྣམས་ཀྱིས་ཡི་དྭགས་མ་ལུས་པ་རྣམས་ནི་ཚིམ་པར་བྱས་ཤིང་།ལུས་ཁྲུས་བྱས་པས་ལུས་ཀྱི་སྐྱོན་རྣམས་སོར་ཆུད་དེ་ལུས་ཆེ་ཆུང་མཉམ་ཞིང་རན་པ་འཛམ་བུའི་གླིང་གི་མི་ལྟ་བུར་གྱུར་པ་ལ་དགའ་ཞིང་ཡི་རང་བས་ཚེ་འཕོས་ཏེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ཏེ་བྱང་ཆུབ་སེམས་དཔའི་ཁ་ནས་སྤོས་ཀྱི་དྲི་ཞིམ་ལྡང་བར་གྱུར་ནས་དུས་རྟག་ཏུ་བསིལ་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཡི་དྭགས་རྣམས་ལ་ཕྱིན་ཅི་ལོག་བཞིའི་སྣང་བ་དང་མི་སྡུག་པའི་མཚན་མ་བཅོ་བརྒྱད་དང་ཁྱད་པར་དུ་ཡི་དྭགས་འཇུར་གེགས་ཀྱི་ནི་མེ་དང་མི་དགོས་དང་མ་བྱིན་ན་མ་ཆེ་དང་ཅུང་ཆེས་ཀྱི་ཕྲི་ལ་བྱིན་ཅིག་ཅེས་སྒྲ་སྒྲོགས་ཤིང་།ཆུ་ཡང་སམྦྷ་ར་དང་ལོམ་ཛྭ་ལ་མི་ཏ་སརྦ་སྲེ་ཏེ་བྷེ་སྭ་ཧཱས་མ་བསྔོས་ན་མི་འཐོབ་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།སེམས་ཅན་མཐོ་རིས་ངན་སོང་འདྲེས་མ་བྱེ་བྲག་པ་རྣམས་ཀྱི་དོན་དུ་བསྔོ་བ་ནི།ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་།།སོགས་ནས།བཙའ་བར་ཤོག།།ཅེས་ཅི་ཡང་མི་མཐོང་བའི་མིག་ལོང་བའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་ལོང་བ་མ་ལུས་པ་རྣམས་ཀྱིས་ལྷའི་མིག་གིས་གཟུགས་མཐོང་ཞིང་བདེ་བར་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།སྨྲས་ཚད་ལོག་པར་གོ་བའི་འོན་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།སེམས་ཅན་རྣ་བ་འོན་པས་ལྷའི་རྣ་དབང་དང་ལྡན་པ་དུས་རྟག་ཏུ་དམ་པའི་ཆོས་སྒྲ་ཐོས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ལྷ་མོ་སྒྱུ་འཕྲུལ་མའི་ལྷུམ་དུ་གཞོན་ནུ་དོན་གྲུབ་ཞུགས་པ་ན་བསམ་གཏན་བཞིའི་བདེ་བ་དང་ལྡན་པ་ཇི་ལྟར་བ་བཞིན་དུ་འཇིག་རྟེན་ན་མོ་རིགས་སྦྲུམ་མ་རྣམས་ཀྱི་ལུས་ལ་བུ་དང་བུ་མོ་ཡོད་པའང་མ་བུ་གཉིས་ལ་སྡུག་བསྔལ་གྱི་གནོད་པ་མེད་པར་བཙའ་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཕྱིན་ཆད་འདོད་པ་མི་བསྐྱེད་པའི་དམ་བཅའ་དགོས་པ་བྱུང་བ་དང་།བུ་མཚན་མ་ནས་བྱུང་དུས་སུ་མའི་ཁོག་པའི་ནང་གྲིས་གཏུབ་པ་ལྟ་བུའི་སྐྱེ་བའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།གཅེར་བུ་རྣམས་ཀྱིས་གོས་དག་དང༌། །སོགས་ནས།ཐོབ་པར་ཤོག།།ཅེས་སྤྲང་པོ་ལ་སོགས་པ་གོས་མེད་པའི་ལུས་གཅེར་བུར་གྱུར་པས་ངོ་ཚ་ཞིང་ཚ་གྲང་གི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་སེམས་ཅན་གཅེར་བུ་རྣམས་ཀྱིས་དྲོ་འཇམ་གྱི་གོས་དེ་དག་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ་དང་།སྤྲང་པོ་དང་གོ་བོ་བྱ་རོག་ཁྭ་ཏ་ཁྱི་ལ་སོགས་པའི་བཀྲེས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་སེམས་ཅན་བཀྲེས་ཤིང་ལྟོག་པ་རྣམས་ཀྱིས་འབད་རྩོལ་མེད་པར་ཁ་ཟས་སྣ་ཚོགས་དང་།སྨྱུང་གནས་བཅུད་ལེན་ལ་སོགས་པ་དཀའ་ཐུབ་ཀྱི་སྡོམ་པ་དང་ལྡན་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ།རི་སྐམ་དང་ཀླུང་སྐམ་ཆུ་མེད་པས་སྐོམ་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།སེམས་ཅན་སྐོམས་པ་རྣམས་ཀྱིས་ཆུ་དག་ཐོབ་པ་དང་ཇ་ཆང་འོ་མ་ལ་སོགས་པ་གང་ལ་གང་དགོས་པའི་བཏུང་བ་ཞིམ་པོ་སྣ་ཚོགས་པ་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག།།སོགས་ནས།ཚོགས་པར་ཤོག།།ཅེས་ཁྲལ་འུ་ལག་གིས་གདུང་ཏེ་རྒྱུ་ཟས་མེད་པའི་བཀྲེན་པ་ཞེས་དབུལ་ཕོངས་སྤྲང་པོའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བཀྲེན་པ་དབུལ་ཕོངས་རྣམས་ཀྱིས་རྒྱུ་ཟས་ལོངས་སྤྱོད་དར་རས་གོས་ཕྲུག་གསེར་དངུལ་ནོར་བུ་ལ་སོགས་པ་སྔོན་རྒྱལ་པོ་བསོད་ནམས་སྟོབས་ལྟར་ནོར་གྱི་བང་མཛོད་ཐོབ་པར་ཤོག་སྙམ་པའི་བྱམས་པའི་དམིགས་རྣམ།ཕ་མ་ཉེ་འབྲེལ་རང་གཞན་ཀུན་ལ་སྐྱེ་རྒ་ན་འཆི་ཚོང་ཉེས་རྒྱུ་མེད་པ་ལ་སོགས་པའི་མྱ་ངན་གྱིས་ཉམ་ཐག་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཤི་བ་སོས་པ་དང་རྒས་པ་དར་བ་དང་སྟོར་བརླག་རྙེད་པ་ལ་སོགས་པའི་སེམས་ལ་དགའ་བ་རྒྱ་ཆེན་པོ་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།འཇིག་རྟེན་མི་ཆོས་ཕྱོགས་ནས་རྒྱལ་བློན་གྱིས་ཆོས་བཞིན་ཏུ་སྡེ་ཆུས་བྱས་ཀྱང་མངའ་འབངས་ཀྱི་ཁོངས་ལོག་དང་།ཕྱུག་པོའི་ལོངས་སྤྱོད་སྟོར་བརླག།།ཚོང་པས་ཚོང་ཉེས་ལ་སོགས་པ་དང་།དམ་པའི་ཆོས་ཕྱོགས་ནས་ཀྱང་ཐོས་བསམ་དང་སློབ་གཉེར།མཚམས་དང་བསྙེན་སྒྲུབ་ལ་སོགས་པ་མ་ནུས་པ་དང་མི་ཤེས་པས་ཡི་ཆད་པ་རྣམས་ཀྱི་སྡུག་བསྔལ་དང་བཅས་པ་རྣམས་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།རྒྱལ་བློན་གྱི་ཆོས་ཁྲིམས་རྣམ་པར་དག་པས་འབངས་རྣམས་བསྐྱངས་ཏེ་འབངས་རྣམས་ཀྱིས་རྒྱལ་བློན་ལྷ་བཞིན་དུ་ཁུར་བ་ལ་སོགས་པ་དང་།ཆོས་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པས་ལུགས་གཉིས་ཀྱིས་ཡི་ཆད་པ་རྣམས་ཀྱང་བསམ་རྒུ་ཡིད་བཞིན་དུ་འགྲུབ་པས་ཡིད་སོས་ཤིང་བདེ་སྐྱིད་དང་ལྡན་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།བསམ་དྲན་མང་བས་བློ་རྩེ་གཉིས་སུ་གྱུར་ཏེ་མི་བརྟན་འགྱུར་ལྡོག་གི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།རི་རབ་ལྟ་བུའི་རྒྱུ་བརྟན་པ་ཕུན་སུམ་ཚོགས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།སེམས་ཅན་ནད་པ་ཇི་སྙེད་པ།།སོགས་ནས།མེད་པར་ཤོག།།ཅེས་དེ་རིང་མི་ཡིན་ནའང་སང་ཉིན་རོ་ལ་མི་འགྲོའི་ངེས་པ་མེད་པས་རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་རྣམ་པ་སྣ་ཚོགས་ཀྱིས་གཟིར་ཏེ་སྡུག་བསྔལ་བའི་སེམས་ཅན་ནད་པ་དམྱལ་བ་ན་དུས་ལན་རེར་ནད་སྣ་གཉིས་བརྒྱ་དང་ཡི་དྭགས་སོགས་འཇིག་རྟེན་འདི་ན་ཇི་སྙེད་ཡོད་པ་ཐམས་ཅད་དུ་མྱུར་བ་ཉིད་དུ་ནད་རྣམས་ལས་ཐར་བར་གྱུར་ཅིག་ཅེས་སྙིང་རྗེའི་དམིགས་རྣམ།འགྲོ་བའི་རྒྱུད་ལ་ནད་རྣམས་ནི་གཅིག་ཀྱང་མ་ལུས་པ་དེང་ནས་བཟུང་སྟེ་མ་འོངས་པ་ན་དུས་རྟག་ཏུ་འབྱུང་བ་མེད་པར་ཤོག་སྙམ་པས་སྙིང་རྗེའི་དམིགས་རྣམ།སེམས་ཅན་ཐམས་ཅད་ནད་པའི་བདེ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།སྐྲག་པ་རྣམས་ནི་འཇིགས་མེད་ཤོག།།སོགས་ནས།གྱུར་ཅིག།།ཅེས་ཆེ་སྟེ་དམྱལ་བ་དང་ངན་སོང་།རྒྱལ་པོའི་ཆད་པ་ལ་སོགས་པ་ནས་ཆུང་སྟེ་ཤིག་དང་ཚེར་མ་ལ་སོགས་པས་འཇིགས་ཤིང་སྐྲག་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།འཇིགས་ཤིང་སྐྲག་པ་མེད་པའི་བདེ་བ་དང་ལྡན་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ།རི་དྭགས་དང་བཙོན་པ།དུད་འགྲོ་ལ་སོགས་པའི་སེམས་ཅན་ལྕགས་སྒྲོག་གིས་བཅིངས་ཡོད་པ་རྣམས་ཀྱི་སྡུག་བསྔལ་དང་བྲལ་འདོད་ན་སྙིང་རྗེའི་དམིགས་རྣམ།སེམས་ཅན་དེ་ཐམས་ཅད་བཅིངས་པ་ལས་གྲོལ་ཏེ་སྣང་བ་ཡང་ཆལ་ལེ་གར་འགྲོའི་རང་དབང་ཐོབ་སྟེ་གྲོལ་བའི་བདེ་བ་དང་ལྡན་པར་འགྱུར་པར་ཤོག་སྙམ་པའི་བྱམས་པའི་དམིགས་རྣམ།སེམས་ཅན་ཁས་དམན་ཉམ་ཆུང་སྨད་ཅིང་བརྙས་བཅོས་ཁྱད་གསོད་ཤེད་ཤུགས་མཐུ་དཔུང་མེད་པ་རྣམས་ཀྱི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།གཉེན་གྲོགས་ལོངས་སྤྱོད་ཟས་གོས་ལ་སོགས་པའི་མཐུ་དང་ལྡན་ཞིང་བདེ་སྐྱིད་དང་ལྡན་འདོད་ནི་བྱམས་པའི་དམིགས་རྣམ།སེམས་ཅན་སེམས་མི་མཐུན་པ་གཅིག་གིས་གཅིག་ལ་སྟོབས་འབྱོར་ལོངས་སྤྱོད་ལ་སོགས་པའི་ཆེད་དུ་བྱ་འུག་དང་ལྷ་མིན་ལྟར་དུ་སེམས་ནང་མི་མཉེན་པར་གྱུར་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།སེམས་ཅན་ཐམས་ཅད་ཀྱི་སེམས་ནི་ཕན་ཚུན་ཕ་མ་དང་ཕུ་ནུ་ལྟ་བུའི་སེམས་དང་།དག་པའི་ཞིང་གི་བྱང་སེམས་རྣམས་དང་སེམས་ཅན་བཞིན་དུ་མཉེན་ཅིང་མཐུན་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།འགྲོན་པོ་དག་ནི་ཐམས་ཅད་ལ།།སོགས་ནས།གྱུར་ཅིག།།ཅེས་ཕྱོགས་དང་ཕྱོགས་སུ་ཚོང་རྐུན་ཇག་སོགས་ལ་འགྲོ་བའི་མགྲོན་པོ་དེ་དག་ནི་ཐམས་ཅད་ཀུན་ལ་མུ་གེེ་དམག་འཁྲུག་ནད་ཡམས་ནོར་ནད་རྩྭ་ཆུ་དཀོན་པ་ཚོང་མེད་པ་ལ་སོགས་པ་རྣམས་དང་།ཇག་རྐུན་རྔོན་པ་རྣམས་ཀྱང་མགོ་ཐོན་ཏེ་གྲོ་ཁ་མ་ཆད་པར་ཟ་རློམ་ལ་སོགས་པའི་བསམ་ངན་མ་རུངས་པའི་རྒྱུན་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ཕྱོགས་རྣམས་ཐམས་ཅད་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་དུ་བདེ་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཚོང་བྱེད་པ་དང་གནས་བསྐོར་བ་ལ་སོགས་པ་བྱ་བ་གང་དང་གང་གི་དོན་དུ་འགྲོ་བར་བྱེད་པ་དེ་དང་དེ་ཐམས་ཅད་ལ་འབད་མི་དགོས་པར་གེགས་མེད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག་སྙམ་པ་བྱམས་དམིགས་རྣམ།དོན་མ་གྲུབ་པ་ཐམས་ཅད་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།གྲུ་དང་གྲུ་ཆེན་ཞུགས་པ་རྣམས།།སོགས་ནས།དགའ་བར་ཤོག།།ཅེས་ཆུ་བོ་རྣམས་ལ་འགྲོ་བའི་གྲུ་ཆུང་ངུ་དང་རྒྱ་མཚོ་ལ་འགྲོ་བའི་གྲུ་ཆེན་པོ་ལ་ཞུགས་པ་རྣམས་ལ་གྲུ་བུག་རྡོལ་དང་ཞིག་རལ།ཆུ་སྲིན་ཉ་བོ་ཆེ་དང་རྒྱ་མཚོའི་རྦ་རླབས་སེང་གེ་མཆོང་བ་ལྟ་བུ་ལ་སོགས་པའི་འཇིགས་སྐྲག་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཆུ་དང་རྒྱ་མཚོའི་ཕར་ཁར་སླེབས་ཏེ་ནོར་བུ་ལོན་པ་ལ་སོགས་པའི་སེམས་ཅན་དེ་རྣམས་ཀྱི་ཡིད་ལ་བསམ་པ་འགྲུབ་པར་གྱུར་ཏེ་ཆུ་ཡི་ངོགས་སུ་ཞེས་ཚུ་རོལ་རང་ཡུལ་ཕྱོགས་ཀྱི་འགྲམ་དུ་མགོ་ཐོན་བདེ་བར་ཕྱིན་ནས་གཉེན་ཉེ་གཞི་རྩ་ལག་ཐམས་ཅད་དང་ལྷན་ཅིག་ཏུ་དགའ་ཞིང་རྩེ་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།མྱ་ངན་ལམ་གོལ་འཁྱམས་པ་རྣམས།།སོགས་ནས།འདོང་བར་ཤོག།།ཅེས་པ་མྱ་ངན་གྱི་ཐང་དུ་རྩ་ཆུ་བུད་ཤིང་སོགས་མེད་ཅིང་།ས་སྟོང་ཡུལ་སྟོང་ལམ་གོལ་བ་ཞེས་ལམ་ནོར་ཏེ་དོན་མེད་དུ་འཁྱམས་པ་སྡུག་བསྔལ་བ་རྣམས་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཚོང་པ་གཞན་ལམ་མ་ནོར་བའི་འགྲོན་པོ་ལམ་ངོ་ཤེས་པ་དེ་དག་རྣམས་དང་ཕྲད་པར་གྱུར་ནས།བདེ་སྐྱིད་དང་ལྡན་འདོད་བྱམས་པའི་དམིགས་རྣམ།ཚོང་བ་རྣམས་དཀའ་ཚོགས་ངལ་དུབ་དང་དགྲ་ཇག་ཆོམ་རྐུན་སྟག་གཟིགས་ལ་སོགས་པའི་འཇིགས་པ་ཐམས་ཅད་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་འཇིགས་པ་ཐམས་ཅད་མེད་པར་དཀའ་ཚེགས་ཀྱིས་མི་ངལ་བར་བདེ་བླག་ཅེས་མྱུར་དུ་རང་ཁྱིམ་ལ་འདོང་བར་ཞེས་འགྲོ་ཞིང་འོང་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།སྨོན་ལམ་ཆུང་ངུ་ནས་འདེབས་པ་འདི་རྩ་བ་མི་ཆུང་བ་མདོ་སྡེ་ཟ་མ་ཏོག་ལ་སོགས་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས་ཡོད་པས་རྩ་ཆེན་དགོས་གསུངས་སོ།།དགོན་སོགས་ལམ་མེད་ཉམ་ང་བར། །སོགས་ནས།བྱེད་པར་ཤོག།།ཅེས་དགོན་པ་ཞེས་པ་ལུང་སྟོང་གི་ཡུལ་གནས་ལ་སོགས་པ་རྣམས་སུ་ལམ་མེད་པར་འཇིགས་ཤིང་སྐྲག་པ་ཉམ་ང་བར་གྱུར་བའི་ལོ་ཉུང་ངུའི་བྱིས་པ་དང་།ལོ་ལོན་གྱི་རྒན་པོ་དང་།མགོན་མེད་པ་སྤྲང་པོ་རྣམས་ནི་ཅི་ཡང་མི་གོ་བར་གཉིད་ལོག་གིས་མྱོས་ཤིང་རབ་ཏུ་མྱོས་པ་རྣམས་ལ་ལྷ་འདྲེ་ཐམས་ཅད་ཀྱིས་ཚེ་རྐུ་ཞིང་མདངས་འཕྲོག་པ་ལ་སོགས་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།འགྲོ་བའི་ལྷ་དང་གནས་གཙང་གི་ལྷ་དེ་དག་རྣམས་ཀྱིས་བསྲུང་བ་བྱེད་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།མི་དལ་ཀུན་ལས་ཐར་བ་དང༌། །སོགས་ནས།དྲན་གྱུར་ཅིག།།ཅེས་མི་དལ་ཞེས་མི་ཁོམས་པ་བརྒྱད་པོ་ཀུན་ལས་ཐར་བར་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ་གཉིས་དང་།དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་ཐོབ་ནས་ཆོས་དར་བར་སྐྱེས་ཏེ་ཉམས་སུ་ལེན་འདོད་ནི་བྱམས་པའི་དམིགས་རྣམ།དད་པ་མེད་པར་སྨན་པ་རྒྱུན་ཤེས་ཀྱི་བུ་ལྟ་བུ་ལ་སོགས་པ་ལོག་ལྟ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།དགེ་སྡིག་ལ་བླང་དོར་མི་ཤེས་པས་རྨོངས་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།མཁས་པ་འཇམ་དབྱངས་ལྟ་བུའི་ཤེས་རབ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།ལུག་དང་རི་དྭགས་གསོད་པ་ལ་སོགས་པ་རྒྱུ་སྡིག་པ་ལ་སྤྱོད་མི་རྣམས་ལ་ཞེ་སྡང་བ་ལས་ངན་སྲིན་པོ་དང་འདྲ་བ་སྙིང་རྗེ་མེད་པས་ཤི་མ་ཐག་དམྱལ་བར་འགྲོ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།རྗེ་བཙུན་སྤྱན་རས་གཟིགས་ལྟ་བུའི་ཐུགས་བརྩེ་བར་ལྡན་འདོད་པ་ནི་བྱམས་པའི་དམིགས་རྣམ་གཉིས་ཡིན་ཞིང་།རང་ལ་མི་དབང་བཞིན་དུ་དགེ་འདུན་གྱི་དཀོར་རྫས་དང་གཤིན་དཀོར་དང་དད་ཟས་ལོག་འཚོ་སྡིག་པ་ཅན་གྱི་ཟས་ལ་སོགས་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།འདོད་པ་བསོད་ནམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་སངས་རྒྱས་ཀྱིས་གནང་བའི་བསོད་སྙོམས་ཀྱི་ཟས་ཕན་སུམ་ཚོགས་པ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།བྱི་རྐུ་བརྡམ་གསུམ་དང་དམ་སྡོམ་ཉམས་ཤིང་གཟན་ཤམ་ལ་མི་དགའ་ཞིང་སྐྱེ་བོའི་ཆས་ལ་དགའ་བ་སྟེ།ཇི་སྐད་དུ།ཆོས་གོས་དང་གཟན་ཤམས་བོར་ནས།།སྐྱ་ཆས་དང་སལ་སིལ་འདོགས་པའི།།བན་སྨྱོན་ནི་འདི་ཚོ་རྣམས་ལ།།ཨོ་རྒྱན་གྱི་ཐུགས་རྗེས་གཟིགས་ཤིག།།ཅེས་གསུངས་པ་ལྟར་དུ་ཕ་མ་རྒན་རབས་སོགས་ལ་མི་གུས་པའི་སྤྱོད་ལོག་ངན་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།གྲྭ་ས་རྣམས་ལམ་བསླབ་པ་གསུམ་དང་ལྡན་ཞིང་།སྐྱེ་བོ་རྣམས་མི་ཆོས་གཙང་མ་བཅུ་དྲུག་ལ་སོགས་པའི་སྤྱོད་པ་བཟང་པོ་ཕུན་སུམ་ཚོགས་ནས་འཇིག་རྟེན་ན་བཀུར་བའི་འོས་སུ་གྱུར་པའི་བདེ་བ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།སྔོན་གྱི་ཚེ་རབས་མི་དྲན་པའི་དབང་གིས་སྡིག་པ་སྣ་ཚོགས་བྱེད་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བདག་ཅག་གི་སྟོན་པའི་སྐྱེས་རབས་ཀྱི་རྒྱལ་བུ་ལྐུགས་འཕྱེ་བཞིན་དུ་རང་གཞན་ཐམས་ཅད་ཀྱིས་དུས་རྟག་ཏུ་ཚེ་རབས་དྲན་ཏེ་སྡིག་ལ་འཛེམ་ཞིང་དགེ་ལ་སྤྲོ་བར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།ཐམས་ཅད་ནམ་མཁའི་མཛོད་དུ།།སོགས་ནས།སྤྱོད་པར་ཤོག།།ཅེས་ལོངས་སྤྱོད་མེད་དེ་དབུལ་ཕོངས་བཀྲེན་སྐོམ་ལ་སོགས་པས་མནར་བའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།སེམས་ཅན་ཐམས་ཅད་དཔེར་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་ཀྱིས་ལོངས་སྤྱོད་ཅི་དགོས་ནམ་མཁའི་མཛོད་ནས་ལེན་ཆོག་པ་དེ་བཞིན་དུ་འགྲོ་བ་ཀུན་ལ་ལོངས་སྤྱོད་ཆད་པ་མེད་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ།ཡང་དེ་ལྟར་ལོངས་སྤྱོད་མོད་ཀྱང་།ཀླུ་སྒྲུབ་ཀྱིས།ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ།།དེ་ལས་བྱུང་བའི་སྡུག་བསྔལ་དེ་རྙེད་དོ།།ཞེས་གསུངས་པ་ལྟར་དུ་ལོངས་སྤྱོད་ཀྱི་དོན་དུ་རྩོད་པ་ཡང་ཇག་རྐུན་འཕར་སྤྱང་ལ་སོགས་པས་གནོད་ཅིང་འཚེ་བའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཕན་ཚུན་རྩོད་པ་མེད་ཅིང་མི་དང་མི་མིན་གྱི་འཚེ་བ་མེད་པའི་བདེ་བ་དང་ལྡན་པར་འདོད་པ་བྱམས་པའི་དམིགས་རྣམ།ཇག་རྐུན་བཙན་པོ་སེར་སྣ་ལ་སོགས་པའི་ལོངས་སྤྱོད་གཞན་དབང་དུ་གྱུར་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ལོངས་སྤྱོད་ལ་བེད་ཆོད་དེ་གཞན་ལ་མཆོད་སྦྱིན་དང་རང་གི་ཟས་གོས་ལ་སོགས་པར་རང་དབང་དུ་ནི་སྤྱོད་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།སེམས་ཅན་གཟི་བརྗིད་ཆུང་ངུ་གང།།སོགས་ནས།ཚོགས་གྱུར་ཅིག།།ཅེས་སེམས་ཅན་ལུས་ལ་གཟི་བརྗིད་མེད་པས་ཉམ་ཆུང་བ།བསོད་ནམས་དང་བཀྲག་མདངས་མེད་པས་ཁས་དམན་པ་ཆེ་བ་ལྷ་མི་ནས་ཆུང་བ་འབུ་སྲིན་ཡན་ཆད་ཀྱི་གཟི་བརྗིད་ཆུང་ངུའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་སེམས་ཅན་གཟི་བརྗིད་ཆུང་བ་གང་དང་གང་ཡིན་པ་དེ་དག་ཐམས་ཅད་སངས་རྒྱས་བྱང་སེམས་ལྷ་དང་ཉི་ཟླ་ལྟ་བུའི་གཟི་བརྗིད་ཆེན་པོར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཕྱི་རོལ་པའི་དྲང་སྲོང་དང་བྲམ་ཟེ་དང་ནང་པའི་ལུགས་ལའང་སྔོན་དུས་སུ་རྗེ་བཙུན་བཞད་པ་རྡོ་རྗེ་ལྟར།ལུས་ཕྱི་ནང་ཟྭ་ཡི་རང་བཞིན་ལ།།མདོག་སྔོན་པོ་གཅིག་ལས་འགྱུར་བ་མེད།།ཅེས་གསུངས་པ་ལྟར་དུ་དཀའ་ཐུབ་ཅན་དང་བཅུད་ལེན་མཛད་པས་སྐུ་མདོག་སྔོན་པོ་ལུས་སྟོབས་ཆུང་བ།མིག་ཁྲོན་པའི་སྐར་མ་ལྟར་གཏིང་དུ་ལྷུང་བ་དང་།ཕྱག་པདྨའི་སྐུད་པ་ལྟར་ཕྲ་ལ་ཉག་པ་ལ་སོགས་པ་གང་ཡིན་སྐུ་གཟུགས་ངན་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།དེ་ལྟ་བུའི་དཀའ་ཐུབ་ཅན་རྣམས་ཀྱི་སྐུ་ལུས་རྣམས་ཀྱང་མཚན་དཔེས་བརྒྱན་པའི་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་སྙམ་པ་བྱམས་འི་དམིགས་རྣམ།འཇིག་རྟེན་བུད་མེད་ཇི་སྙེད་པ།།སོགས་ནས།བཅོམ་པར་ཤོག།།ཅེས་འཇིག་རྟེན་ན་ཁས་དམན་ཞིང་ཉམ་ཆུང་བ།གཡོག་བཞིན་དལ་ཁོམས་མེད་པ།སྐྱེ་བ་དམན་པ་བུད་མེད་ཀྱི་ལུས་སོགས་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།བུད་མེད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སངས་རྒྱས་དང་འཁོར་ལོས་སྒྱུར་བ་ལྟ་བུ་ལ་སོགས་པ་སྐྱེས་པ་ཕོའི་ལུས་ཐོབ་སྟེ་སྟོབས་དང་མངའ་ཐང་སྙིང་སྟོབས་དང་ཕོ་ཚོད་ཀྱིས་དམ་པའི་ཆོས་སྒྲུབ་ནུས་པ་ཉིད་དུ་གྱུར་ཅིག་སྙམ་ནི་བྱམས་པའི་དམིགས་རྣམ།ཁ་བསྲུང་ངོ་བསྲུང་ཀུན་གྱི་སྨྱུག་བྲོ་ལྟར།།ཞེས་གསུངས་པ་ལྟར་དུ་མ་རབས་རྣམས་ནི་ཀུན་གྱིས་བརྙས་བཅོས་བྱེད་གནས།སྒོ་རྒྱབ་དང་སྐས་ཞབས་སོགས་སུ་འདུག་དགོས་པའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།དེ་རྣམས་མཐོ་བའི་གོ་ས་ཐོབ་ཅིང་བདེ་སྐྱིད་དང་ལྡན་འདོད་བྱམས་པའི་དམིགས་རྣམ།མ་རབས་མཐོ་སར་སླེབས་ཚེ་ཀུན་ལ་ཁེངས་སེམས་ཕྲག་དོག་དང་ང་རྒྱལ་བྱེད་པ་དེ་དག་ནི་སྔོན་ལྤགས་པ་སྔོན་པོའི་ཝ་རི་དྭགས་ཀྱི་རྒྱལ་པོར་གྱུར་ཏེ་མཐར་ང་རྒྱལ་གྱིས་ཀུན་ལ་བརྙས་ཏེ་རང་སྐད་ཅིག་ལ་ཐུར་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་དེ་རྣམས་ཀྱང་བཅོམ་སྟེ་མེད་པར་ཤོག་སྙམ་པའི་སྙིང་རྗེའི་དམིགས་རྣམ།སྔར་བས་ཀྱང་དམན་སེམས་དང་ལྡན་འདོད་བྱམས་པའི་དམིགས་རྣམ།ཤོ་ལོ་ཀ་འདི་སྨོན་ལམ་ཀུན་གྱི་སྡོམ་ཡིན་ཏེ།འདིའི་ནང་དུ་ཐམས་ཅད་འདུས་པར་བསྟན་པ་ནི།བདག་གི་བསོད་ནམས་འདི་ཡིས་ནི། །སོགས་ནས།བྱེད་པར་ཤོག།།ཅེས་བདག་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞུང་བཟང་འདི་ཉིད་ལ་ཉན་འཆད་བསྒོམ་སྒྲུབ་ཀྱིས་ཉམས་སུ་བླངས་ཏེ་ཆོས་བཞིན་སྤྱོད་པའིས་མཐུ་ལས་བྱུང་བ་དག་གི་བསོད་ནམས་རྒྱ་ཆེན་པོ་འདི་ཡིས་ནི།མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་རྣམས་ཀྱི་སྡིག་པ་མི་དགེ་ལ་བཅུ་ལ་སོགས་པ་བཅས་དང་རང་བཞིན་གྱི་ཉེས་པ་རྒྱུ་དང་བཅས་པ་ཐམས་ཅད་སྤངས་ནས།རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་དང་བྲལ་བར་ཤོག་སྙམ་པ་ནི་སྙིང་རྗེའི་དམིགས་རྣམ་གཉིས།སེམས་ཅན་རྣམས་ཀྱིས་དུས་རྟག་ཏུ་སྦྱིན་གཏོང་སྡོམ་སྲུང་ལ་སོགས་པའི་དགེ་བ་མ་ལུས་པ་བྱེད་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །སོགས་ནས།སྤོང་པར་ཤོག།།ཅེས་བྱང་སེམས་གསར་བུ་བ་སོ་སྐྱེས་རྣམས་ཉན་རང་གི་ལམ་དུ་གོལ་ཏེ་རང་དོན་ཡིད་བྱེད་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།དུས་དང་རྣམ་པ་ཀུན་ཏུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་ཞིང་རྟག་ཏུ་ལྡན་པར་ཤོག་སྙམ་པ་ནི་བྱམས་པའི་དམིགས་རྣམ།རང་གཞན་གྱི་རྒྱུད་ལ་འཁོར་འདས་གཉིས་ཀ་དབུ་གཡོགས་པའི་རྩ་བ་ལེ་ལོ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།བྱང་ཆུབ་ཀྱི་སྤྱོད་པའི་ལམ་བཟང་ཕྱིན་དྲུག་ལ་བརྩོན་འགྲུས་དྲག་པོས་གཞོལ་པ་ལ་བསླབ་པར་འདོད་པ་ནི་བྱམས་པའི་དམིགས་རྣམ་དང་།སངས་རྒྱས་འབྱུང་བ་ལ་མི་མཉེས་པའི་སྡོམ་པ་ཉམས་པ་དང་སངས་རྒྱས་དང་མི་འཕྲད་པའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།མཚན་དཔེ་ལྡན་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་ཞིང་དུས་ཀུན་སངས་རྒྱས་དང་མི་འབྲལ་བར་འདོད་པ་ནི་བྱམས་པའི་དམིགས་རྣམ།བྱང་ཆུབ་སྤྱོད་པའི་མི་མཐུན་ཕྱོགས་ཀྱི་ཆོས་ལ་མི་དགའ་བས་ཕྱིན་དྲུག་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་ནག་པོ་རྣམས་ཀྱང་སྤོང་པར་ཤོག་ཅེས་འབྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ཕར་ཕྱིན་དྲུག་གི་ལམ་ཉམས་སུ་བླངས་ཏེ་མཐར་ཕྱིན་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།སེམས་ཅན་དེ་དག་ཐམས་ཅད་ནི།།སོགས་ནས།གྲགས་མ་གྱུར།།ཞེས་ཁམས་གསུམ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་རྣམས་ནི་རྒྱུ་སྲོག་བཅད་པ་དང་འབྲས་བུ་ཚེ་ཐུང་སྟེ།མངལ་ན་གནས་པ་དང་སྐྱེས་མ་ཐག་ཏུ་འཆི་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ནུབ་ཕྱོགས་བདེ་ལྡན་གྱི་ཞིང་ཁམས་སུ་མགོན་པོ་ཚེ་དཔག་མེད་པ་གཙོ་འཁོར་ལྟ་བུའི་སེམས་ཅན་ཐམས་ཅད་འཚོ་བའི་ཚེ་ཡང་ལོ་དཔག་ཏུ་མེད་པར་རིང་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།དམྱལ་བ་ལ་སོགས་པའི་ངན་སོང་གི་གནས་སུ་སྡུག་བསྔལ་གྱི་ཚེ་རིང་བ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ལྷ་ཁམས་ལྟར་དུ་དུས་རྟག་ཏུ་བདེ་སྐྱིད་ཀྱིས་ཡུན་རིང་པོར་བདེ་བར་འཚོ་བར་འགྱུར་བའི་བདེ་བ་དང་ལྡན་ཞིང་ཕུན་སུམ་ཚོགས་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།འཆི་བའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཕྱོགས་བཅུའི་ཁམས་གང་དང་གང་དུ་འཆི་བའི་སྡུག་བསྔལ་གྱི་སྒྲ་ཙམ་ཡང་གྲགས་པར་ལ་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སོགས་ནས།གང་བར་ཤོག།།ཅེས་སངས་རྒྱས་མེད་པའི་མུན་བསྐལ་དང་ཚེ་དང་བསོད་ནམས་དང་ཉོན་མོངས་པ་དང་ལྟ་ངན་དང་དུས་ཀྱི་སྙིགས་པ་ལྔ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཕྱོགས་བཅུའི་ཞིང་ན་ཤིང་ཡོད་དོ་ཅོག་ནི་ལྷ་ཡུལ་གྱི་དཔག་བསམ་ཤིང་གི་སྐྱེད་མོས་ཚལ་ལྟ་བུར་གྱུར་པའི་དྲུང་ན་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ནི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པ་དང་།བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སངས་རྒྱས་རྣམས་ཀྱི་སྲས་སུ་གྱུར་ནས་ཕྱོགས་ཀུན་ཏུ་དམ་པའི་ཆོས་སྙན་པོ་སྒྲགས་པས་གང་བ་དེ་ཡིས་ཕྱོགས་བཅུའི་ཞིང་ཁམས་རྣམས་ཐམས་ཅད་གང་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཐམས་ཅད་དུ་ཡང་ས་གཞི་དག།།སོགས་ནས།གནས་གྱུར་ཅིག།།ཕྱོགས་རྣམས་ཐམས་ཅད་དུ་ཡང་ས་གཞི་དེ་དག་ཀུན་ཏུ་གསེག་མ་སྟེ་རྡོ་ཞིབ་དང་ཚེར་མ་དང་གྱོ་མོ་ཆག་པ་ལ་སོགས་པའི་ས་གཞིའི་སྐྱོན་ཐམས་ཅད་མེད་པར་འདོད་པ་སྙིང་རྗེའི་དམིགས་རྣམ་དང་།ས་གཞི་རྣམས་གཞོན་ནུ་མའི་ལག་མཐིལ་ལྟར་དུ་མཉམ་སྟེ་རི་དང་ལ་ལུང་འབར་འབུར་གྱི་རྣམ་པ་མེད་པ།དཔེར་ན་རིན་པོ་ཆེ་བཻཌཱུརྱའི་རང་བཞིན་ཅན་མནན་ན་ནེན་པ་དང་བཏེགས་ན་འཕར་བ།ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་ལྷའི་གོས་ལྟར་ས་གཞི་རེག་བྱ་འཇམ་པོར་གནས་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང༌། །སོགས་ནས།གྱུར་ཅིག།།ཅེས་བླ་མ་དང་རྒྱལ་བློན་ཁྱིམ་བདག་དང་ཕ་མ་ལ་སོགས་པ་འདས་ཏེ་མི་བཞུགས་པའི་མྱ་ངན་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།འཇིག་རྟེན་གྱི་ཞིང་ཀུན་ན་བྱང་སེམས་མང་པོ་ཐུགས་བསྐྱེད་སྨོན་ལམ་ཏིང་ངེ་འཛིན་སྙིང་རྗེ་བྱང་སེམས་དང་ལྡན་པའི་རྒྱལ་པོ་དང་བློན་པོ་དང་ཁྱིམ་བདག་དང་ཕ་མ་ལ་སོགས་པའི་ཚུལ་དུ་བཞུགས་པ།ཆོས་གྲྭ་ཆེན་པོའི་དགོན་སྡེ་ན་བླ་མ་ལ་གྲྭ་ཚང་གི་འཁོར་གྱིས་བསྐོར་བ་དང་།རྒྱལ་ཁབ་ཆེན་པོའི་གྲོང་ན་ཆོས་རྒྱལ་དང་བློན་པོ་དང་མངའ་འབངས་ཀྱི་འཁོར་གྱིས་བསྐོར་ཏེ་བཞུགས་པ་ལྟ་བུ་འཁོར་གྱི་དཀྱིལ་འཁོར་ན་གཙོ་བོའི་བསོད་ནམས་མངའ་ཐང་ལོངས་སྤྱོད་ཡོད་དོ་ཅོག་དགུ་ཐམས་ཅད་ཀྱིས་མཛེས་པ་ལ་ཡང་ཀུན་གྱིས་བཏུད་དེ་བྱང་ཆུབ་སེམས་དཔའ་མང་པོ་རབ་བྱུང་དང་ཁྱིམ་པའི་ཚུལ་བཟུང་བ་དེ་དག་ཐམས་ཅད།དཔེར་ན་མཐུན་པ་སྤུན་བཞི་དང་མི་དབང་ང་ལས་ནུ་དང་བྱམས་པའི་སྟོབས་དང་མེས་དབོན་རྣམ་གསུམ་ལ་སོགས་པས་ཡུལ་ཁམས་བདེ་བ་ལ་བཀོད་པ་ལྟར་དུ་རང་རང་གི་བསོད་ནམས་དང་བདེ་འབྱོར་གྱི་ལེགས་ཚོགས་མཐའ་ཡས་པས་འཇིག་རྟེན་ཁམས་གྱི་རྒྱན་དང་ས་བཅུད་ཡུལ་བཅུད་དུ་གྱུར་པའི་སྟོབས་ཀྱིས་ས་སྟེང་དེ་དག་ཐམས་ཅད་བརྒྱན་པར་མཛད་པས་རྟག་ཏུ་བཞུགས་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།ལུས་ཅན་ཀུན་གྱིས་བྱ་དང་ནི། །སོགས་ནས།ཐོས་པར་ཤོག།།ཅེས་ཕྱོགས་ཀུན་ན་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ལུས་ཅན་ཀུན་གྱིས་ཆོས་ཐོས་པར་འདོད་པ་དང་མཉམ་དུ་དཀའ་ཚེགས་མི་དགོས་པར་བྱ་ཐམས་ཅད་ཀྱིས་ཆོས་སྒྲ་སྒྲོགས་པ་དང་།དེ་བཞིན་དུ་ནི་ཤིང་ཐམས་ཅད་ལས་ཀྱང་ཆོས་སྒྲ་ཐོས་པ་དང་།སངས་རྒྱས་ཀྱི་སྐུའི་འོད་ཟེར་ཐམས་ཅད་ལས་ཀྱང་ཆོས་སྒྲ་ཐོས་པ་དང་།ནམ་མཁའ་བར་སྣང་སྟོང་པ་ལས་ཀྱང་འདུས་བྱས་མི་རྟག་པ་དང་།ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་།ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་།མྱ་ངན་ལས་འདས་པ་ཞི་བའོ་ཞེས་དང་།རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་།མཚན་མ་མེད་པ་དང་།སྨོན་པ་མེད་པ་ལ་སོགས་པའི་དམ་པའི་ཆོས་ཀྱི་སྒྲ་རྣམས་དུས་རྒྱུན་མི་འཆད་པར་ཐོས་པར་ཤོག་སྙམ་བྱམས་པའི་དམིགས་རྣམ།དེ་དག་རྟག་ཏུ་སངས་རྒྱས་དང༌། །སོགས་ནས།མཆོད་པར་ཤོག།།ཅེས་སངས་རྒྱས་མི་བཞུགས་པའི་མུན་པའི་བསྐལ་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།སེམས་ཅན་དེ་དག་ཐམས་ཅད་དུས་རྟག་ཏུ་རྫོགས་པའི་སངས་རྒྱས་དང་ཕྲད་པ་དང་།སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲས་དང་ཕྲད་པར་གྱུར་ཅིག་ཅེས་བྱམས་པའི་དམིགས་རྣམ།སངས་རྒྱས་སྲས་བཅས་དང་ཕྲད་རུང་སེར་སྣའི་དབང་གིས་མཆོད་སྦྱིན་མི་ནུས་པར་ལག་ནར་རེ་བསྐྱངས་ཚད་ཀྱི་དགེ་བ་ལ་མཎྜལ་གྱི་དགེ་བའི་ཕན་ཡོན་ལས་ཆེ་བ་མེད་དོ་ཞེས་བཀའ་གདམས་པ་རྣམས་ཀྱིས་གསུངས་ཀྱང་།ཆོས་ཞབས་གང་འགྲོ་ལ་མགོ་སྟོང་ལག་སྟོང་དུ་འགྲོ་བ་ལས་མཎྜལ་ཙམ་ཡང་མི་འབྱོར་པ་དང་།སྔར་སངས་རྒྱས་དངོས་སུ་བཞུགས་པ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་ལས་ད་ལྟར་མེ་ཏོག་རྡོག་གཅིག་ཕུལ་བ་བསོད་ནམས་ཆེ་བར་གསུངས་ཀྱང་།ཐ་ན་ཆུ་དང་མེ་ཏོག་ཙམ་ཡང་མི་འབྱོར་མི་ནུས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།མངོན་སུམ་དང་མིན་པར་མཆོད་པའི་སྤྲིན་རབ་འབྱམས་ནི་མཐའ་ཡས་དཔག་ཏུ་མེད་པས་བསོད་ནམས་ཀྱི་ཞིང་ལ་ཡོན་ཏན་གྱི་ས་བོན་བཏབ་ཏེ།ཕྱོགས་བཅུ་དུས་བཞིའི་འགྲོ་བའི་བླ་མ་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་དང་ཆོས་འཁོར་གསུམ་ལ་སོགས་པ་མཆོད་པས་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ལྷ་ཡང་དུས་སུ་ཆར་འབེབས་ཤིང༌། །སོགས་ནས།དར་བར་ཤོག།།ཅེས་འཛམ་གླིང་ལ་བསོད་ནམས་མེད་ཐོག་གནམ་བཅད་ལ་སྡེ་བརྒྱད་མ་རུངས་པས་སྡོང་གྲོགས་བྱས་ཏེ།དུས་སྙིགས་ཀྱི་སེམས་ཅན་ལ་ལོ་ཉེས་སད་སེར་བཙའ་ཐན་གྱིས་རྩམ་པ་མི་རྙེད་པའི་སྡུག་བསྔལ་དང་།རི་དྭགས་བསད་ནས་གཞི་བདག་རྣམས་ཀྱི་འཁོར་ན་གནས་པའི་མི་མ་ཡིན་གྱི་བསེ་རག་ཡུལ་དང་ཁྱིམ་ལ་འཁོར་ནས་རྒྱུན་དུ་སྡུག་བསྔལ་འབྱུང་བ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ལྷའི་བདེ་སྡུག་འཛམ་གླིང་གི་དགེ་སྡིག་ལ་རག་ལས་པ་ཡིན་པས་ན།རི་ལ་རི་རྒྱ།ཀླུང་ལ་ཉ་རྒྱ།ཡུལ་ལ་དགེ་བཅུའི་ཁྲིམས་དང་ལྡན་ན་ཆར་འབེབས་པ་ཡིན་ཏེ་འབད་རྩོལ་རི་བོ་ཙམ་བྱེད་པ་བས།།བསོད་ནམས་མེ་སྟག་ཙམ་བསགས་ན་དགའ།།གསུངས་པ་ལྟར་བསོད་ནམས་བསགས་ན་རྒྱལ་ཆེན་སྡེ་བཞིས་གྱོན་པ་ཆུར་བསྲུབས་ཏེ་ནམ་མཁར་སྤྲུག་ཚེ་ལྷའི་གོས་ལས་ཆར་འབེབས་པའམ་ཀླུ་རྣམས་ཀྱི་ལུས་ལས་ཆར་འབེབས་པས་ན་རྒྱལ་ཆེན་རིགས་བཞིའི་ལྷས་ཡང་དུས་དང་དུས་སུ་ཆར་པ་འབེབས་ཤིང་།དེའི་མཐུས་རྩི་བཅུད་ལོ་ཏོག་ཕུན་སུམ་ཚོགས་པར་འཛོམས་པས་འགྲོ་རྣམས་དགའ་བར་ཤོག་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།རྒྱལ་ཁམས་ལ་སྡུག་བསྔལ་བའི་སྔོན་དུས་སུ་སྒྲ་སྒྲོག་གི་ཡུལ་དུ་སྡིག་རྒྱལ་གཙུག་ཕུད་ཅན་དང་།ཕྱིས་སུ་རྒྱལ་པོ་གླང་དར་མ་ལྟ་བུ་ལ་སོགས་པའི་སྡིག་སྤྱོད་ཀྱི་རྒྱལ་པོ་རྣམས་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ཆོས་རྒྱལ་ང་ལས་ནུ་དང་ལྷ་ཆེན་པོ་ལྔ་བརྒྱ་དང་ཟླ་འོད་དང་དགེ་དབང་ཡབ་སྲས་དང་།མེས་དབོན་རྣམ་གསུམ་དང་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ལྟ་བུ་ལ་སོགས་པའི་འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱིས་དགེ་བཅུའི་ཁྲིམས་ཀྱི་མཛད་པ་ཐམས་ཅད་ཆོས་བཞིན་བྱེད་པ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པའི་དམིགས་རྣམ།ཕྱི་སྣོད་ཀྱི་འཇིག་རྟེན་རྒུད་པ་མེད་ཅིང་ནང་བཅུད་ཀྱི་སེམས་ཅན་བདེ་ཞིང་སྐྱིད་པ་དག་པའི་ཞིང་དང་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་དུ་སྣོད་བཅུད་དེ་དག་ཀུན་ཀྱང་དར་བར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།སྨན་རྣམས་མཐུ་དང་ལྡན་པ་དང་།།སོགས་ནས།ལྡན་གྱུར་ཅིག།།ཅེས་འཇིག་རྟེན་ན་རྩ་བ་དང་ལོ་མ་དང་མེ་ཏོག་ལ་སོགས་པའི་སྨན་རྣམས་དང་ཟས་རྣམས་ལ་རོ་བཅུད་ནུས་པ་མེད་པའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།སྨན་རྣམས་ཐམས་ཅད་རོ་ནུས་ཞུ་རྗེས་སོགས་དང་ཟས་རྣམས་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པའི་མཐུ་དང་ལྡན་པར་འདོད་པ་ནི་བྱམས་པའི་དམིགས་རྣམ་དང་།སྔགས་བཟླས་པ་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་བཟླས་ན་ཡང་ཡི་དམ་གྱི་ལྷ་ལ་སོགས་པ་མ་གྲུབ་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།གསང་སྔགས་ལ་སོགས་པའི་བཟླས་བརྗོད་བྱས་པ་གྲུབ་སྟེ་ཡི་དམ་ལྷའི་ཞལ་གཟིགས་དབང་བསྐུར་བ་ལ་སོགས་པ་མཛད་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཡི་དྭགས་འདྲེ་སྲིན་པོ་རྒྱལ་འགོང་ཐེའུ་རང་ལ་སོགས་པ་དང་པོ་ནི་རྐྱེན་གང་གིས་ཞག་བདུན་རེའི་མཚམས་སུ་ཡང་ཡང་དེ་ཉིད་ཀྱིས་འཆི་བའི་སྡུག་བསྔལ་དེ་རྣམས་གཞན་ལ་སྤོ་འདོད་ཀྱིས་རང་གཞན་གཉིས་ལ་གནོད་ཅིང་།ཤི་ལུགས་ངན་པ་དང་བསམ་ངན་སྦྱོར་རྩུབ་སོགས་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།མཁའ་ལ་རྒྱུ་ཞིང་འགྲོ་བའི་ཡི་དྭགས་དང་སྡེ་བརྒྱད་དང་སྲིན་པོ་ལ་སོགས་པའི་འདྲེ་མ་ལུས་པ་ཐམས་ཅད་ཀྱི་རྒྱུད་ལ་སྙིང་རྗེའི་སེམས་ཁྱད་པར་ཅན་སྐྱེེས་ཏེ་དགེ་བསྙེན་གྱི་སྡོམ་པ་དང་ལྡན་ནས་སྐྱོབ་བྱེད་ཀྱི་ལྷ་དང་མགོན་བྱེད་ཀྱི་སྲུང་མར་གྱུར་ཅིག་སྙམ་པ་ནི་བྱམས་པའི་དམིགས་རྣམ།སེམས་ཅན་འགའ་ཡང་སྡུག་མ་གྱུར།།སྡུག་མ་གྱུར།།སོགས་ནས།བདེ་མ་གྱུར།།ཚིགས་གཅིག་འདི་ཆད་མི་ཉན་གསུངས་སོ།།ཅེས་སེམས་ཅན་འགའ་ཞིག་གཅིག་ཀྱང་མ་ལུས་པ་ཡང་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།བདེ་བ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་སྡིག་པ་ལ་སྤྱོད་པར་མ་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།དགེ་བ་ལ་སྤྱོད་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།སེམས་ཅན་ཐམས་ཅད་སྡིག་པའི་འབྲས་བུའི་ནད་ཀྱིས་ན་བར་མ་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།ནད་མེད་པའི་བདེ་བ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།འཇིགས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙིང་རྗེའི་དམིགས་རྣམ།ཀུན་གྱིས་བསྟོད་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།སེམས་ཅན་དམན་པ་ཀུན་ལ་སྨད་པས་བརྙས་བཅོས་དང་ཁྱད་དུ་གསོད་པར་མི་འགྱུར་ཞིང་དམན་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཀུན་གྱིས་བསྟོད་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།སེམས་ཅན་འགའ་སུ་ལ་ཡང་ཡིད་ལ་སྡུག་བསྔལ་ཐམས་ཅད་ཀྱི་མི་བདེ་བ་དེ་ལྟ་བུར་མ་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།ཡིད་ལ་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག་སྙམ་པ་བྱམས་དམིགས་རྣམ།གཙུག་ལག་ཁང་རྣམས་ཀློག་པ་དང༌། །སོགས་ནས།འགྲུབ་པར་ཤོག།།ཅེས་དགོན་སྡེ་ཆེན་པོ་ན་བཞུགས་པའི་དགེ་འདུན་རྣམས་ཀྱང་སྔོན་དུས་ལྟར་དུ་ཆོས་ལ་ཐོས་བསམ་སྒོམ་གསུམ་མི་བྱེད་པར་ཤོ་དང་མིག་མང་ལ་སོགས་པའི་རྩེད་མོས་གཡེང་ཞིང་།ཁྱད་པར་དུ་དུས་འཁོར་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོའི་དབང་བསྐུར་ཐོབ་པ་རྣམས་ཀྱིས་བྱེད་མི་རུང་བ་དེ་ལྟ་བུས་འདའ་ཞིང་།ཡོང་དགོས་གྲྭ་པ་ཚོང་ལ་འགྲོ་བ་དང་ཉོ་ཚོང་ཁོ་ན་བྱེད་པས་ནི་ཆོས་ལ་བཤད་སྒྲུབ་མེད་པས།རྒྱལ་བསྟན་རིན་པོ་ཆེ་ཉམས་པའི་སྡུག་བསྔལ་ལ་སོགས་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།སྐུ་གསུང་ཐུགས་རྟེན་དང་དམ་པའི་ཆོས་ཀྱི་སྡེ་སྣོད་ཀྱི་གླེགས་བམ་བཞུགས་གནས་དང་།ལུང་སྡེ་སྣོད་གསུམ་འཛིན་པ་དང་།ལམ་བསླབ་པ་གསུམ་བསྲུང་བ་དང་ལྡན་པའི་དགེ་འདུན་ཐམས་ཅད་བཞུགས་པའི་གནས།ཀུན་གྱིས་གཙུག་ཏུ་ཁུར་ཞིང་ལག་གིས་ཐལ་མོ་སྦྱར་ཏེ་མཇལ་ཞིང་ཕྱག་དང་མཆོད་པའི་འོས་སུ་གྱུར་པའི་བཞུགས་ཁང་རྣམས་སུ་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་སློབ་གཉེར་བྱེད་པའི་ཀློག་པ་བ་དང་།ཁ་ཏོན་དུ་བྱེད་པ་རྣམས་ཀྱིས་མཚོ་ཆེན་པོ་པདྨས་བརྒྱན་པ་ལ་ངང་པ་དང་བུང་བ་འདུ་བ་ལྟར་དུ་རབ་ཏུ་རྒྱས་ཏེ་དུས་རྣམས་ཀུན་ཏུ་དགེ་བའི་ཆོས་ལེགས་པར་གནས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཀློག་སྤོང་གཉིས་ཅུང་ཟད་རེ་ཡོད་རུང་ཁྱིམ་པ་ལྟར་ཏུ་ཟས་ལོངས་སྤྱོད་ལ་སོགས་པའི་ཆེད་དུ་འཐབ་མོ་འཁོན་འཛིངས།དགེ་འདུན་སྡེ་འཁྲུག་བྱེད་པ་ལྟ་བུས་ཐུགས་མི་མཐུན་ཞིང་རྒྱལ་བསྟན་རིན་པོ་ཆེ་ཁ་དཔུང་པ་རྡོ་མཚོན་ཆས་འཛིན་པར་རློམ་པའི་བན་ཧོར་ཡི་གེ་ཙམ་ཡང་མི་ཤེས་པ་སོགས་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།དུས་རྟག་ཏུ་འཕགས་པའི་དགེ་འདུན་པ་རྣམས་ཐུགས་མཐུན་ཞིང་།ལྟ་བ་དང་ཚུལ་ཁྲིམས་མཐུན་པ་དང་།དགེ་འདུན་པ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་བསླབ་པ་ཕྲ་མོ་ཙམ་ལའང་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་བསྲུང་ནས་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕུན་སུམ་ཚོགས་པའི་དཔལ་ཡང་དག་པ་འགྲུབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།བསླབ་པ་འདོད་པའི་དགེ་སློང་དག།།སོགས་ནས།སྒོམ་གྱུར་ཅིག།།ཅེས་ཕྱི་ཉིན་མོ་མིའི་རྒྱུ་འགྲུལ་གྱིས་མི་དབེན་པ་དང་།ནང་རང་དོན་ཡིད་བྱེད་ཀྱིས་མི་དབེན་པ་བསླབ་པ་བསྲུང་མི་ནུས་པ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་བསྲུང་བར་འདོད་པའི་དགེ་ཚུལ་སློང་དེ་དག་ཐམས་ཅད་ཕྱི་དང་ནང་གི་དབེན་པ་དག་ཀྱང་ཐོབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ས་ཕུག་གི་འཕྱི་བ་དང་ལུང་སྟོང་གི་ཝ་ལྟར་ཡུལ་གྱིས་གཡེང་བ་དང་མཚན་མས་གཡེང་བ་དང་ཡིད་བྱེད་ཀྱིས་གཡེང་བ་དྲུག་ལ་སོགས་པ་ཐམས་ཅད་སྤངས་ནས་ཏེང་ངེ་འཛིན་གྱི་སྐྱོན་ཐམས་ཅད་དང་བྲལ་བར་འདོད་པ་ནི་སྙིང་རྗེའི་དམིགས་རྣམ།བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག།།བཞག་ན་གཡོ་མེད་རི་ཡི་རྒྱལ་པོ་བཞིན།།བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ།།ཞེས་འཇམ་དབྱངས་བླ་མ་ཙོང་ཁ་པས་གསུངས་པ་ལྟར་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཏིང་ངེ་འཛིན་བསྒོམ་པ་ཐམས་ཅད་ཀྱི་སེམས་ནི་བཏང་འགྲོ་བཞག་སྡོད་ཀྱི་དམིགས་པ་ལ་རང་དབང་ཐོབ་པས་ལས་སུ་རུང་བ་སྒོམ་ནུས་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།དགེ་སློང་མ་རྣམས་རྙེད་ལྡན་ཞིང༌། །སོགས་ནས།མེད་གྱུར་ཅིག།།ཅེས་ཕྱོགས་གཞན་ན་དགེ་སློང་མ་ཇི་སྙེད་ཡོད་པ་རྣམས་ནི་བསོད་སྙོམས་དང་ཆོས་གོས་ཀྱི་རྙེད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བསླབ་པ་ཡང་དག་པ་བསྲུང་ནུས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ཟས་གོས་སོགས་མི་རྙེད་པ་དང་བུད་མེད་ཉོན་མོངས་ཆེ་བས་འཐབ་འཛིངས་བྱེད་པ་དང་།ཆོམ་རྐུན་ལ་སོགས་པས་བགྲོད་སླ་བས་བསླབ་པ་ལ་གནོད་པ་བྱུང་སྟེ་དགེ་སློང་མ་སུན་བྱུང་བ་ཞེས་གཞན་གྱིས་སྡོམ་པ་འཕྲོག་པ་ལ་སོགས་པ་སྤང་བར་ཤོག་སྙམ་པ་སྙིང་རྗེའི་དམིགས་རྣམ།ཐུགས་དང་ལྟ་བ་ཚུལ་ཁྲིམས་མཐུན་ཞིང་ཚངས་སྤྱོད་ཡང་དག་པ་བསྲུང་ནུས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།དེ་བཞིན་ཏུ་ཕྱོགས་ཀུན་ན་སངས་རྒྱས་ཀྱི་རྗེས་འཇུག་ཡོད་དོ་ཅོག་གི་རབ་ཏུ་བྱུང་བ་ཐམས་ཅད་ཀུན་གྱི་ཐུགས་རྒྱུད་ན་བཞུགས་པའི་ཚུལ་ཁྲིམས་རིན་པོ་ཆེ་བསྲུང་བ་ཀུན་ནི་གསེར་བུམ་བདུད་རྩིས་གཏམས་ཡོད་པ་ལྟར་དུ་ཉམས་པ་མེད་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ།ཚུལ་ཁྲིམས་ཉམས་པའི་སྡུག་བསྔལ་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།ཚུལ་ཁྲིམས་འཆལ་པས་ཡིད་བྱུང་ནས། །སོགས་ནས།མི་ཉམས་ཤོག།།ཅེས་སྡིག་པ་མི་དགེ་བའི་ལས་ལ་ཞེན་ཅིང་གོམས་པའི་དབང་གིས་ཚུལ་ཁྲིམས་འཆལ་ཏེ་ཕམ་ལྷག་དང་རྩ་ལྟུང་བྱུང་བ་ལ་སོགས་པས་རང་བཞིན་གྱིས་ཡིད་སུན་བྱུང་ནས་མི་དགེ་བ་ངན་པའི་རྒྱུན་ལམ་ཆོད་དེ།རྟག་ཏུ་སྔར་བྱས་ཀྱི་སྡིག་པ་བྱས་པའི་ལས་རྣམས་འགྱོད་པས་བཤགས་ཏེ་ཟད་པ་དང་།ཕྱིན་ཆད་ཀྱི་སྡོམ་སེམས་བརྟན་པོས་བཤགས་པ་དང་ཕྱིར་བཅོས་སུ་འབད་པས་སྡིག་པ་ཐམས་ཅད་མི་བྱེད་པར་ཤོག་སྙམ་པའི་སྙིང་རྗེའི་དམིགས་རྣམ།ཚུལ་ཁྲིམས་འཆལ་པའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་དུ་འགྲོ་བ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཚུལ་ཁྲིམས་བསྲུང་པའི་འབྲས་བུ་མཐར་ཐུག་བྱང་ཆུབ་ཐོབ་ཅིང་།གནས་སྐབས་སུ་བདེ་འགྲོ་ལྷ་མིའི་གོ་འཕང་དག་ཀྱང་ཐོབ་པར་གྱུར་ནས་བདེ་སྐྱིད་དང་ལྡན་འདོད་བྱམས་པའི་དམིགས་རྣམ།སྔོན་ཆད་ཚུལ་ཁྲིམས་ཉམས་པའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུའི་དབང་གིས་ཚུལ་ཁྲིམས་འཆལ་བའི་ལས་ལ་དགའ་ཞིང་བརྟུལ་ཞུགས་ཉམས་པའི་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།བདེ་འགྲོའི་ལུས་རྟེན་དེར་སྐྱེས་པའི་ཚེ་ན་ཡང་བྱ་བ་སྔ་མ་མི་དགེ་བའི་ལས་ལམ་ཀུན་བརྟུལ་ཏེ་བྱ་བ་ཕྱི་མ་དགེ་བའི་ལས་ལམ་ལ་ཞུགས་ནས་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཀྱི་ཚུལ་དེ་རྣམས་རང་རྒྱུད་ལ་ཁྲིམས་སུ་ཁས་བླངས་ཏེ་བཅས་པ་ཐམས་ཅད་མི་ཉམས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།མཁས་པ་རྣམས་ནི་བཀུར་བ་དང༌། །སོགས་ནས།གྲགས་པར་ཤོག།།ཅེས་ཚིག་དོན་ལ་མཁས་ཀྱང་།ཕ་དམ་པས།ཐོས་པ་སུ་ཆེ་ང་རྒྱལ་ཆེ།།སྒོམ་པ་སུ་བཟང་ཟས་ནོར་གསོག།།རང་ཡུལ་གང་སྤངས་ངོ་ཚ་མེད།།ཅེས་གསུངས་པ་ལྟར་དུ་ཐོས་བསམ་གྱིས་ཉོན་མོངས་པའི་གཉེན་པོར་མི་སྒོམ་པར་ཉོན་མོངས་ང་རྒྱལ་དང་ཕྲག་དོག་དང་འགྲན་སེམས་ལ་སོགས་པའི་གྲོགས་སུ་ཤོར་ཏེ།ཁྱད་པར་དུ་རང་མི་དགའ་བའི་ཆོས་ལུགས་གྲུབ་མཐའ་སོགས་ལ་ལྷག་པར་སྡང་ཞིང་གཤེ་བས་ཆོས་སྤོང་གི་ལས་ངན་གསོག་པ་དང་།གཞན་ཡིད་དཀྲུག་པའི་རྩོད་པ་བྱེད་པ་དང་།ཀུན་གྱི་མིག་སྔར་མི་འགྲོ་བ་ཁོ་ན་བྱེད་པ་བརྒྱ་ཤེས་གཅིག་སྡུག་གི་ཤེས་འཆལ་སོགས་དང་བྲལ་འདོད་ནི་སྙིང་རྗེའི་དམིགས་རྣམ།སྤྱིར་ཐུན་མོང་རིག་པའི་གནས་རྣམས་དང་ཁྱད་པར་རྒྱལ་བའི་བཀའ་རིན་པོ་ཆེ་སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མ་རྨོངས་པར་བཤད་སྒྲུབ་གཉིས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་ལ་ཕན་པར་གྱུར་པའི་མཁས་དབང་དམ་པ་རྣམས་ནི་འཇིག་རྟེན་ཀུན་གྱི་ཉི་ཟླ་དང་ཐོད་བཞིན་དུ་བཀུར་བར་འགྱུར་བ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།སྔོན་གྱི་སྦྱིན་འབྲས་མེད་པ་སྔོན་རི་ཁྲོད་པ་ཞིག་གིས་དམ་ཅན་བསྒྲུབ་པས་ཀྱང་དངོས་གྲུབ་མ་ཐོབ་པ་ལྟར་ན་བཟའ་གསོལ་ཆས་མེད་པ་སོགས་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།འབད་རྩོལ་མི་དགོས་པར་བསོད་སྙོམས་ན་བཟའ་དེ་དག་ཀུན་ཀྱང་རྙེད་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།སྔོན་དུས་དགེ་སློང་ལེགས་སྐར་ལྟ་བུ་ཐོས་པས་རང་རྒྱུད་གྲོལ་བར་མ་ནུས་པས་ཀྱང་ཕྲག་དོག་ལ་སོགས་པ་བྱེད་པ་དང་བྲལ་འདོད་སྙིང་རྗེའི་དམིགས་རྣམ།ཐོས་རྟགས་ཞི་ཞིང་དུལ་ན་ཡིན།།བསྒོམས་རྟགས་ཉོན་མོངས་མེད་ན་ཡིན།།ཞེས་གསུངས་པ་ལྟར་དུ་ཐོས་པས་ཐུགས་རྒྱུད་རྣམས་ནི་ཡོངས་སུ་གྲོལ་ཏེ་རྣམ་པར་དག་པ་དང་ལྡན་འདོད་བྱམས་པའི་དམིགས་རྣམ།ཁྱད་པར་དུ་རང་མི་དགའ་བའི་ཡུལ་དུ་གྱུར་པ་གཞན་གྱི་མཁས་པ་ལ་སོགས་པ་དེ་ཐམས་ཅད་ཀྱི་མཁས་གྲུབ་ཀྱི་སྙན་པ་ཐམས་ཅན་ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་ཀུན་ཏུ་གྲགས་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ།ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །སོགས་ནས།འགྲུབ་ཤོག།།ཅེས་སེམས་ཅན་ཐམས་ཅད་ཀྱིས་རྒྱུ་སྡིག་སྤངས་དགེ་སྒྲུབ་བྱས་པས་འབྲས་བུ་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ཡས་པ་མི་མྱོང་ཞིང་།ངན་འགྲོའི་གནས་ལས་ཐར་བར་ཤོག་སྙམ་པ་སྙིང་རྗེའི་དམིགས་རྣམ་གཉིས་དང་།དགེ་བའི་ལས་ལ་སྔ་མའི་སྦྱང་འཕྲོ་ཡོད་པས་དུས་ཡུན་རིང་དུ་དཀའ་བ་སྤྱོད་པ་མེད་པ་ཉིད་དུ་ཡང་ཐོས་པ་ཙམ་གྱིས་ཚིག་ཤེས་ཤིང་དོན་རྟོགས་པར་ནུས་ཏེ་བདེ་སྐྱིད་ལོངས་སྤྱོད་ལྷ་ལས་ལྷག་པ་མེད་ཀྱང་སངས་རྒྱས་ཐམས་ཅད་མིའི་ལུས་རྟེན་གྱིས་སངས་རྒྱས་པ་ལྟར་དམ་པའི་ཆོས་སྒྲུབ་པ་ལ་ལྷ་བས་ལྷག་པར་གྱུར་པའི་དལ་འབྱོར་མིའི་ལུས་རྟེན་གྱིས་ནི་སེམས་ཅན་དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་འགྲུབ་པར་ཤོག་ཅིག་སྙམ་པ་ནི་བྱམས་པ་ཆེན་པོའི་དམིགས་པ་དང་རྣམ་པ་གཉིས་སོ།།དེ་ལྟར་ན་དེ་ཡན་ཆད་ཀྱིས་དམན་པ་བྲལ་བར་བསྔོ་བ་སོང་ནས།གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི།སེམས་ཅན་ཀུན་གྱིས་ལན་མང་དུ། །སོགས་ནས།བདེ་གྱུར་ཅིག།།ཅེས་མདོ་ཕལ་པོ་ཆེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ལ་བྱམས་པ་སྒོམ་རྒྱུ་གསུངས་ཡོད་པ་ལྟར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་རྣམས་འཇིག་རྟེན་ལ་བྱོན་པའི་དགོས་པ་ནི་སེམས་ཅན་གྱི་དོན་དུ་ཡིན་པས་ན།རྡུལ་གཅིག་གི་སྟེང་ན་རྡུལ་རྙེད་ཀྱི་སངས་རྒྱས་གྲངས་མེད་བཞུགས་པ་ལ་དམིགས་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀུན་གྱིས་ལན་གྲངས་མེད་པ་མང་པོ་ཉིད་དུ་མངོན་སུམ་དང་མངོན་སུམ་མིན་པར་ཅི་འབྱོར་གྱི་མཆོད་པ་རྣམས་ཀྱིས་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་མཆོད་པ་བྱེད་པ་ལ་དགའ་བས་དད་ཅིང་མཆོད་པ་ལ་བརྩོན་པར་ཤོག་སྙམ་བྱམས་པའི་དམིགས་རྣམ།རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཟག་པ་མེད་པའི་བདེ་བ་བསམ་ཡས་པ་རྣམས་ཀྱིས་དུས་རྟག་ཏུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་བ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།།རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྩེ་གཅིག་ཏུ་ནི་འགྲོ་བ་གཞན་དོན་ཁོ་ན་ཐུགས་རྗེ་ཡེ་ཤེས་ལ་དགོངས་བཞེད་ཡོད་པ་མ་ལུས་པ་ཐམས་ཅད་འགྲུབ་པར་ཤོག་སྙམ་པ་བྱམས་པའི་དམིགས་རྣམ་དང་།འགྲོ་བའི་མགོན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་ཀྱིས་གང་དང་གང་དགོངས་པ་ཇི་ལྟར་གཏད་པ་མ་ལུས་སེམས་ཅན་ཀྱི་རྒྱུད་ལའང་དེ་དང་དེ་ཐམས་ཅད་འབྱོར་ཏེ་བདེ་སྐྱིད་བླ་ན་མེད་པའི་དཔལ་ཕན་སུམ་ཚོགས་པ་ལ་སྤྱོད་པར་ཤོག་ཅིག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།།དེ་བཞིན་དུ་རང་གི་རྒྱལ་བ་རང་གིས་མཛད་པས་ན་རང་སངས་རྒྱས་རྣམས་དང་།ཆོས་ཉན་ཅིང་ཐོས་པ་གཞན་ལ་སྒྲོགས་པར་མཛད་པས་ན་ཉན་ཐོས་རྣམས་ཀྱང་སྐུ་ལུས་ལ་སྙུན་གཞི་དང་།བསོད་སྙོམས་ན་བཟའ་སོགས་མི་རྙེད་པ་དང་།ཟག་བཅས་སྡུག་བསྔལ་ཕྲན་ཚེགས་ཡོད་པ་རྣམས་དང་བྲལ་བར་གྱུར་ཅིག་སྙམ་པ་སྙིང་རྗེའི་དམིགས་རྣམ།ཟག་མེད་ཀྱི་བདེ་བས་ཉན་རང་རྣམས་གཉིས་རྟག་ཏུ་བདེ་བར་གྱུར་ཅིག་སྙམ་པ་བྱམས་པའི་དམིགས་རྣམ་གཉིས་སོ།།དེ་ལྟར་ན།དེ་ཡན་ཆད་ཀྱིས་གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་སོང་ནས།གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི།བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས།།སོགས་ནས།སྤྱོད་པར་ཤོག།།ཅེས་རང་གི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པའི་དོན་དུ་སྔོན་དུས་སུ་འཕགས་ཆེན་པོ་རྒྱལ་སྲས་ཞི་བ་ལྷ་དང་།དེ་ལ་བརྟེན་ནས་ད་ལྟ་རྗེས་འཇུག་བདག་ཅག་རྣམས་ཀྱང་འཕགས་པ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་གྱིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་བར་དུ་དུས་རྟག་ཏུ་སྟོན་པ་ལྐུགས་འཕྱེ་ལྟར་དུ་རྒྱུ་འབྲས་ཀྱི་གནད་ཤེས་པས་སྡིག་པ་མི་བྱེད་ཅིང་དགེ་བ་བྱེད་པའི་ཕྱིར་ན།སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་པ་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པས་དགེ་སྒྲུབ་སྡིག་སྤོང་ལ་དགའ་བ་དང་།བྱང་སེམས་ས་དང་པོ་མ་ཐོབ་ཀྱི་བར་དུ་ཁྱིམ་པའི་ཚུལ་བཟུང་བ་དཀའ་བས་ན་རབ་ཏུ་བྱུང་དགོས་ཏེ།བཟང་སྤྱོད་ལས།བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་།།འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར།།ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན།།རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག།།ཅེས་དང་།འདུལ་བ་ལས།ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི།།དབུལ་པོའི་ཁྱིམ་དུ་མི་སྐྱེ་ཞིང་།།བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང་།།རྟག་ཏུ་རབ་འབྱུང་འཐོབ་པར་ཤོག།།ཅེས་པ་ལ་སོགས་པ་མདོ་དང་བསྟན་བཅོས་མང་པོ་ནས་གསུངས་པ་ལྟར་ཏུ་བདག་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ་ཆོས་གོས་གསུམ་གྱིས་ལུས་བརྒྱན་པ་དང་།ལུང་སྟེ་སྣོད་གསུམ་གྱིས་ངག་བརྒྱན་ཅིང་།ལམ་བསླབ་པ་གསུམ་གྱིས་སེམས་བརྒྱན་ཏེ་ཡོན་ཏན་གྱི་རྟེན་ཁྱད་པར་ཅན་ཐོབ་པར་ཤོག་སྙམ་པ་དང་།བདག་ནི་དུས་དང་རྣམ་པ་ཀུན་ཏུ་ཞིམ་ཟས་དང་མངར་ཆུ་སོགས་མ་ཡིན་པར་ཁ་ཟས་གྱི་ན་ཞེས་ཕལ་པའམ་ངན་ངོན་ཉང་ཉུང་ཆུང་ངུ་ཙམ་རེ་ཟོས་ནས་ཀྱང་ལུས་ལ་དགེ་བའི་ཉམས་པ་དང་ལྡན་ཏེ་གཟུགས་བཟང་ཞིང་བདེ་བས་འཚོ་བར་ཤོག་ཅེས་སྨོན་པ་དང་།བདག་སྐྱེ་བ་དང་ཚེ་རབས་ཀུན་ཏུ་དབེན་པའི་རི་ཁྲོད་ལ་གནས་ཏེ་འདུག་ནུས་པར་གྱུར་པ་དང་།དམ་པའི་ཆོས་སྒྲུབས་པའི་ཡོན་ཏན་དང་མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་ཤོག་ཅེས་སྨོན་པ་དང་།དུས་གང་དང་གང་གི་ཚེ་ན་ཞི་གནས་ཀྱི་ཉམས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་དཔེའི་ཞལ་བཟང་ལ་བལྟ་བར་འདོད་པའི་དུས་ན་དེ་མ་ཐག་ཏུ་མཐོང་བར་གྱུར་པའམ་འཇམ་དབྱངས་དེ་ལ་ཆོས་ཀྱི་ཚིག་དོན་དང་།སྒོམ་ཉམས་ལེན་གྱི་ལྷག་མཐོང་གི་སྐབས་སུ་ཐེ་ཚོམ་སེལ་དགོས་གྱི་གནས་རྣམས་ཅུང་ཟད་དྲི་བར་འདོད་པ་ན་ཡང་།སྤྱིར་སྒྲིབ་གཉིས་བག་ཆགས་དང་།ཁྱད་པར་དུ་ལོངས་སྤྱོད་ཆེ་བ་དང་དཀོར་གྱི་རྙེད་པ་རྣམས་ཀྱིས་འཇམ་དབྱངས་མཐོང་བའི་གེགས་དང་བར་ཆད་མེད་པར་དུས་ནམ་ཡང་ཞི་ལྷག་ཟུང་འབྲེལ་གྱི་རྒྱལ་སྲས་འཇམ་དབྱངས་ཀྱི་ཞལ་བཟང་མཐོང་བར་ཤོག་ཅེས་སྨོན་པའོ།།སྔོན་དུས་སུ་འབྲས་སྤུངས་ཀྱི་བླ་མ་ཡོ་བྱད་ཅི་ཡང་མེད་པ་ཞིག་གིས་འཇམ་དབྱངས་རྒྱུན་ལྡན་དུ་མཇལ་ཆོག་པ་ལ།ཕྱིིས་སུ་དཀོར་གྱིས་ཡོ་བྱད་མང་པོ་རྙེད་པས་འཇམ་དབྱངས་ཞལ་མ་མཐོང་ཚེ།ཁོ་རང་གི་བླ་མ་ལ་ཞུས་ཚེ།འཇམ་དཔལ་ནཱ་ག་རཀྴའི་སྒོ་ནས་དཀོར་མི་འོངས་པའི་ཐབས་ཀྱི་མནན་པ་གྱིས་ཤིག་གསུངས་པ་ལྟར་དཀོར་ལ་མནན་པ་བྱས་ཚེ་ཡང་འཇམ་དབྱངས་མཇལ་ཆོག་པར་གསུངས་སོ།།འགྲོ་དོན་སྒྲུབ་ཕྱིར་ཕྱོགས་བཅུ་གང་ན་ཡང་བར་སྣང་སྟོང་པའི་ནམ་མཁས་ཁྱབ་ཚད་དུ་མཐའ་ཡས་པ་ཟད་པ་མེད་པས་གཏུགས་པའི་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་ཀུན་གྱི་དོན་མ་ལུས་པ་བསྒྲུབ་བྱའི་ཕྱིར་དུ།དཔེ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལོག་སྲེད་ཅན་དུ་གྱུར་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཞན་དོན་དུ་ཐུགས་བསྐྱེད་རྒྱ་ཆེན་པོའི་སྤྱོད་པ་མཛད་པ་ཇི་འདྲ་བ་དེ་བཞིན་དུ་བདག་གི་བྱང་ཆུབ་སེམས་དཔའི་བསམ་པ་དང་སྤྱོད་པ་མ་ལུས་པ་ཡོངས་སུ་རྫོགས་པའང་འཇམ་དབྱངས་དེ་འདྲ་བར་ཤོག་ཅིག་ཅེས་སྨོན་པ་དང་།དུས་ཇི་སྲིད་དུ་ནམ་མཁའ་སྟོང་པ་འདི་གནས་པར་གྱུར་པ་དང་།ནམ་མཁའི་ཁམས་དེར་གནས་པའི་འགྲོ་བ་སེམས་ཅན་རྣམས་དུས་ཇི་སྲིད་དུ་གནས་པར་གྱུར་ཏེ་ཟད་པ་མེད་པའི་མཐའ་དེ་སྲིད་དུ་བདག་ནི་མཐའ་གཉིས་ལ་མི་གནས་པའི་སྒོ་ནས་འཁོར་བའི་གནས་སུ་དུས་ཀུན་ཏུ་གནས་པར་གྱུར་ནས་མཐའ་ཡས་པའི་འགྲོ་བའི་རྒྱུད་གྱི་རིགས་དྲུག་གིས་སྡུག་བསྔལ་ཐམས་ཅད་མ་ལུས་པ་བདག་གཅིག་པུས་སེལ་བར་ཤོག་ཅེས་སྨོན་པ་དང་།བདག་གཞན་བརྗེ་བའི་གསུང་ཚིག་གི་རྩ་བ་བློ་སྦྱོང་དངོས་ནི།ཁམས་གསུམ་འགྲོ་བའི་རྒྱུད་ན་རིགས་དྲུག་གི་སྡུག་བསྔལ་བ་གང་ཅིའང་རུང་བ་ཡོད་པ་དེ་ཐམས་ཅད་ཀུན།བདག་ལ་གོས་ཕུད་ནས་གྱོན་པ་བཞིན་དུ་རང་གི་སྒོ་གསུམ་ལ་སྨིན་པར་གྱུར་ཅིག།།རྒྱལ་སྲས་བྱང་ཆུབ་སེམས་དཔའི་དགེ་འདུན་ཀུན་གྱིས་གཞན་དོན་དུ་སྨོན་ལམ་མཛད་ནས་ཐུགས་བསྐྱེད་དང་སྨོན་ལམ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མཛད་སྤྱོད་ཆོས་བཞིན་དུ་བསླབ་པའི་དགེ་བས།ཕ་མའི་གཙོར་བྱས་པའི་འགྲོ་བ་སེམས་ཅན་ཐམས་ཅད་འཇམ་དབྱངས་ལ་སོགས་པའི་ཉེ་སྲས་རྣམས་ཀྱི་མཛད་པ་བདེ་བ་རྒྱ་ཆེན་པོ་དེ་ལྟ་བུ་ལ་སྤྱོད་བར་ཤོག་ཅིག་ཅེས་རང་དོན་དུ་བྱང་ཆུབ་སྤྱོད་པའི་ལམ་ལ་སློབ་པའི་དོན་དུ་བསྔོས་པ་ཡིན་ནོ།།གསུམ་པ་གཉིས་དོན་དུ་བསྟན་པ་དར་རྒྱས་སུ་བསྔོ་བ་ནི།འགྲོ་བའི་སྡུག་བསྔལ་གང་ཅིའང་རུང༌། །སོགས་ནས།གནས་གྱུར་ཅིག།།ཅེས་ཁམས་གསུམ་གྱི་འགྲོ་བའི་ལས་ཉོན་གྱིས་བསྐྱེད་པའི་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་འཇོམས་ཏེ་སེལ་བར་བྱེད་པའི་སྨན་གཅིག་པུ་ཡང་སངས་རྒྱས་ཀྱི་བསྟན་པ་ཡིན་ལ།དེར་མ་ཟད་ཆུང་བ་ཚད་པས་གདུང་ཚེ་རླུང་སེར་བུ་ཞིག་ལུས་ལ་ཕོག་པ་ནས་བཟུང་སྟེ།ཆེ་བ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་གི་བར་གྱི་བདེ་བ་རྟེན་དང་བརྟེན་པ་མ་ལུས་པ་ཐམས་ཅད་རང་གཞན་གྱི་རྒྱུད་ལ་འབྱུང་བའི་གནས་སུ་གྱུར་པ་ཡང་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཡིན་པས་ན།བསྟན་པ་དང་དེར་འཛིན་གྱི་སྐྱེས་བུ་རྣམས་རྙེད་བཀུར་གྱི་དགོས་པ་མེད་ཀྱང་།བསྟན་པ་རྒྱུད་ན་མེད་པའི་སྦྱིན་བདག་ཕོ་མོ་རྣམས་ཀྱིས་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཞབས་ཏོག་བསྒྲུབས་ན་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་མི་འདོར་བར་སྐྱོང་བས་ན།བསྟན་པ་རིན་པོ་ཆེ་ལ་སྦྱིན་བདག་དང་ལྷ་རྣམས་ཀྱིས་རྒྱུ་ཟས་ལོངས་སྤྱོད་ཀྱི་རྙེད་པ་དང་བཅས་ཏེ་ཡུན་རིང་དུ་གནས་པ་དང་།ཕྱག་འཚལ་ཞེ་ས་གདན་སྟོབས་ལ་སོགས་པའི་བཀུར་སྟི་དང་བཅས་ཏེ་ལུང་རྟོགས་རྣམ་གཉིས་ལ་བཤད་སྒྲུབ་ཀྱིས་འཇིག་རྟེན་ན་སེམས་ཅན་གྱི་དོན་དུ་ཡུན་རིང་པོ་ཉིད་དུ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་ཡོངས་རྫོགས་དམ་པའི་ཆོས་འཛིན་པའི་ནང་དུ་འདུ་བ་ཡིན་ནོ།།དེ་ཡང་ཀུན་མཁྱེན་བླ་མས།ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག།།ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག།།ཅེས་སོགས་དང་།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས།འགྲོ་ལ་བདེ་སྐྱིད་འབྱུང་བའི་འབྱུང་བའི་སྒོ་གཅིག་པུ།།སོགས་ནས།ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ།།ཞེས་སོགས་གསུངས་པ་དང་།རྗེ་བླ་མས།དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།ཞེས་གསུངས་པ་ལ་སོགས་པའོ།དེ་ལྟར་ན་དེ་ཡན་ཆད་ཀྱིས་བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས་བཤད་པ་སོང་ནས།གསུམ་པ་འཇུག་ཡོངས་སུ་རྫོགས་པའི་བྱ་བ་མཐར་ཕྱིན་པ་ལའང་།བཀའ་དྲིན་དྲན་པས་ཕྱག་བྱ་བ་དང་།ལེའུའི་མཚན་དང་།གང་གིས་བརྩམས་པའི་མཛད་བྱང་དང་།མཇུག་ལོ་ཙཱ་བའི་འགྱུར་བྱང་དང་བཞི་ལས།དང་པོ་བཀའ་དྲིན་དྲན་པས་ཕྱག་འཚལ་བ་ནི།གང་གིས་དྲིན་གྱིས་བློ་འབྱུང་།།སོགས་ནས།བདག་ཕྱག་འཚལ།།ཞེས་རྗེ་བཙུན་འཇམ་པའི་དབྱངས་གང་གི་བཀའ་དྲིན་གྱིས་སྔོན་དུས་སུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཐུགས་རྒྱུད་ལ་བསོད་ནམས་དགེ་བའི་བློ་གྲོས་བསམ་པ་འབྱུང་བ་ལ་བརྟེན་ནས།བདག་ཅག་རྗེས་འཇུག་རྣམས་ཀྱི་རྒྱུད་ལའང་དགེ་སེམས་འབྱུང་བ་སྤྱིར་བླ་མ་རྒྱལ་བ་སྲས་བཅས་དང་སྒོས་སུ་འཇམ་དཔལ་དབྱངས་ཀྱིས་ཞི་བ་ལྷ་རྗེས་སུ་བཟུང་བའི་བཀའ་དྲིན་ཡིན་པས་ན།མགོན་པོ་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བཀའ་དྲིན་དྲན་པ་དང་།སྟོན་པ་སངས་རྒྱས་ནས་བརྒྱུད་པའི་བླ་མ་ཐམས་ཅད་དང་།ཁྱད་པར་དུ་གཞུང་འདིའི་བཀའ་དྲིན་གནང་བའི་དགེ་བའི་བཤེས་གང་གི་བཀའ་དྲིན་ལ་བརྟེན་ནས་དམ་པའི་ཆོས་གནང་བའི་བྱིན་རླབས་ཀྱིས་ཐོས་བསམ་སྒོམ་གསུམ་དང་།འཆད་རྩོད་རྩོམ་གསུམ་དང་མདོར་ན་སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱིས་བདག་གི་ཡོན་ཏན་གྱི་ལུས་དར་བར་འགྱུར་བ་ཉིད་དུ་མཛད་པའི་དངོས་དང་བརྒྱུད་པའི་དགེ་བའི་བཤེས་གཉེན་ཐམས་ཅད་ཀུན་ལའང་བདག་གིས་བཀའ་དྲིན་ཡང་ཡང་དྲན་ཏེ་གུས་པ་ཆེན་པོས་ཕྱག་འཚལ་བར་བྱའོ།།དེ་ལྟར་ཡང་།བྱས་པ་ཤེས་ཤིང་དྲིན་གཟོ་བའི།།མི་ལ་དཔལ་མགོན་ཉེ་བར་གནས།།ཞེས་གསུངས་སོ།གཉིས་པ་ལེའུའི་མཚན་ནི།བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལས།བསྔོ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།།ཅེས་བསྟན་བཅོས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་ལེའུ་བཅུ་ཡོད་པ་ལས།བཅུ་བ་བསྔོ་བའི་ཟིན་བྲིས་ཡོངས་སུ་རྫོགས་པའོ།།གསུམ་པ་གང་གིས་བརྩམས་པའི་མཛད་བྱང་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་འདི་ནི་རྒྱ་གར་གྱི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ཤཱན་ཏ་ཞེས་ཞི་བ་དང་།དེ་བ་ཞེས་ལྷ་སྟེ་ཞི་བ་ལྷས་མཛད་དེ་ནམ་མཁར་འཕུར་བའི་ཚེ་ན།དཔལ་ན་ལེནྟྲའི་པཎྜི་ཏ་རྣམས་ཀྱིས་ཐུགས་ལ་གཟུངས་དང་སྤོབས་པས་གཟུང་བར་མཛད་པ་རེ་ཞིག་རྫོགས་སོ།།བཞི་པ་མཇུག་ལོ་ཙཱ་བའི་འགྱུར་བྱང་ལ་གསུམ་སྟེ།སྔ་འགྱུར་ཆོས་རྒྱལ་ཆེན་པོ་ཁྲི་སྟོང་ལྡེའུ་བཙན་གྱི་སྐུ་དུས་སུ།རྒྱ་ཆོས་མ་ལུས་པ་བོད་སྐད་དུ་བསྒྱུར་སྐབས་སུ་སྤྱོད་འཇུག་འདི་ཉིད་ནི་རྒྱ་གར་གྱི་མཁན་པོ་སརྦ་ནི་ཐམས་ཅད།ཛྙཱ་མཁྱེན་པ།དེ་བ་ནི་ལྷ་སྟེ་ཐམས་ཅད་མཁྱེན་པ་ལྷ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་ཞེས་སྤྱན་པ་སྟེ་རྒྱ་བོད་ཀྱི་སྐད་དང་ཡི་གེ་ཀུན་བསླབ་སྟེ་བླང་དོར་གྱི་གནད་སྟོན་པའི་མིག་ལྟ་བུ་ཡིན་པས་ན་བན་དེ་སྐ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་བོད་སྐད་དུ་བསྒྱུར་ཞིང་ཞུས་དག་བགྱིས་ཏེ་པཎྜི་ཏས་གསུངས་ཤིང་ལོ་ཙཱ་བས་གསན་ཏེ་འཆད་ཉན་ཉམས་ལེན་གྱི་སྒོ་ནས་གཏན་ལ་ཕབ་ཡོད་པ་དེ་ལས་ཡང་སླད་ཀྱི་བར་འགྱུར་ནི་རྒྱ་གར་གྱི་མཁན་པོ་དྷརྨ་ནི་ཆོས།ཤྲི་ནི་དཔལ།བྷ་དྲ་ནི་བཟང་པོ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་རིན་ཆེན་བཟང་པོ་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་དང་པོ་དེ་དང་།འབྲི་ཟངས་ཁར་བ་ཤཱཀྱ་བློ་གྲོས་དང་བཅས་པ་རྣམས་ཀྱིས་རྒྱ་གར་ཡུལ་དབུས་ཀྱི་རྒྱ་དཔེ་དང་འགྲེལ་པ་རྣམས་བཅས་མཐུན་པར་བཅོས་ཏེ་རྒྱ་གར་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ་པར་མཛད་པའོ།།ཡང་དུས་ཕྱིས་སུ་འགྱུར་བ་པོ་ནི་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ནི་བློ་བཟང་དང་།ཀིཪྟི་ནི་གྲགས་པ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་རྔོགས་ཀྱི་གདུང་བརྒྱུད་དགེ་སློང་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་སྔ་འགྱུར་གྱི་དུས་སུ་ཅུང་ཟད་མ་དག་པ་རྣམས་དག་པར་བཅོས་ཤིང་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་ཉམས་ལེན་མཛད་པའི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའོ།།དེ་ལྟར་སྤྱོད་འཇུག་གི་ཚིག་དོན་ལྟ་བུ་ལ་སོགས་པ་སེམས་དྲུག་གི་སྒོ་ནས་ཉམས་སུ་ལེན་ཚུལ་ནི།རྩ་བའི་སེམས་དང་།རྗེས་སུ་དཔྱོད་པའི་སེམས་དང།རྣམ་པར་དཔྱོད་པའི་སེམས་དང་།ངེས་པར་འཛིན་པའི་སེམས་དང་།བསྡོམས་པའི་སེམས་དང་།སྨོན་པའི་སེམས་དང་དྲུག་ལས།དང་པོ་རྩ་བའི་སེམས་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའོ་སྙམ་པས་མིང་ཙམ་ལ་དམིགས་པ་དང་།གཉིས་པ་རྗེས་སུ་དཔྱོད་པའི་སེམས་ནི་ཚིག་གི་དབྱེ་བ་རེ་རེ་བཞིན་ལ་དམིགས་པ་དང་།གསུམ་པ་རྣམ་པར་དཔྱོད་པའི་སེམས་ལ་ནང་གསེས་ཀྱིས་དབྱེ་ན་བཞི་སྟེ།དོན་ཚན་གྱི་རྣམ་གྲངས་བགྲང་བའི་སེམས་དང་།ཚད་མ་མང་ཉུང་འཇལ་བའི་སེམས་དང་།ཡིན་མིན་གྱི་གནས་ལ་ལེགས་པར་རྟོགས་པའི་སེམས་དང་།ཕན་ཡོན་དང་ས་བཅད་ལ་སོགས་པ་ཙམ་ལ་སོ་སོར་རྟོགས་པའི་སེམས་དང་བཞིས་ལེགས་པར་སྒོམས་པ་དང་།བཞི་བ་ངེས་པར་འཛིན་པའི་སེམས་ནི་འདི་ཙམ་ཡིན་སྙམ་པས་མི་བརྗེད་པ་དང་།ལྔ་པ་བསྡོམས་པའི་སེམས་ནི་ཡོངས་རྫོགས་མིང་ཙམ་ལ་བསྡུས་ཏེ་དམིགས་པ་དང་།དྲུག་པ་སྨོན་པའི་སེམས་ནི་དེ་ལྟར་ཚིག་དོན་གྱི་ཆ་མ་ལུས་པ་གཞན་དོན་དུ་ཐོབ་པར་གྱུར་ན་ཅི་མ་རུང་སྙམ་ལྟ་བུའི་སྒོ་ནས་ཉམས་སུ་བླངས་ཏེ་བསྒོམ་པར་བྱ་དགོས་སོ།།དེ་ལྟར་ཚིག་དོན་ཐམས་ཅད་ཤེས་པས་མི་ཆོག་ཉམས་ལེན་དགོས་མཆོད་འབུལ་དང་སྡིག་པ་ལ་འགྱོད་སྡོམ་གལ་ཆེ་ཞེས་ཨ་བུ་མཆོག་སྤྲུལ་རིན་པོ་ཆེ་ནས་ངས་བཤད་པའི་དོན་ནི་ཉམས་ལེན་རེ་དགོས།ངས་ཀྱང་སེར་གཟུགས་མ་ཤོར་བའང་སྤྱོད་འཇུག་གི་སྐུ་དྲིན་དང་དགེ་བློ་འབྱོང་བའང་སྤྱོད་འཇུག་གི་བཀའ་དྲིན་ཡིན་ཏེ།ཨོ་རྒྱན་ཆེན་པོས།ཞིམ་པོ་མི་ལ་བྱིན་ན་སྐྱུག་རྒྱུ་འོངས།།གསུངས་པ་ལྟར་མ་སྐྱུག་པར་སྤྱོད་འཇུག་འདི་ཉིད་ཀྱིས་ཆོག་པར་གྱིས་དང་།སྤྱོད་པ་སྒོ་ཡངས།ཉམས་ལེན་གནད་ཟབ།མགོ་ཆོད་ཀ་ར་དང་།མཇུག་ཆོད་བུ་རམ་ཡིན།རིན་ཆེན་གསེར་གྱི་གླིང་དུ་སླེབས་པ་ལྟར་དུ་ཆེ་ཐོབ་ཆེས་འཚིངས།ཆུང་ཐོབ་ཆུང་འཚིངས་པ་ཡིན་ཕྱིར་འདི་ཁོ་ན་ལ་ཉམས་ལེན་དགོས།དེ་ལྟར་ཉམས་སུ་བླངས་པས་བསམ་པ་བྱང་ཆུབ་ཀྱི་སེམས་དང་།སྦྱོར་བ་ཕར་ཕྱིན་དྲུག་ལ་བསླབ་སྟེ་ས་ལམ་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་དུ་གོང་འཕེལ་དང་།རི་དབང་ལྷུན་པོ་བཞིན་དུ་བརྟན་པར་ཤོག།།ཅེས་ཡང་ཡང་གསུངས་པར་མཛད་དོ།།སླར་ཡང་སྨྲས་པ།རབ་འབྱམས་ཕྱོགས་བཅུའི་ཞིང་མང་མཐའ་ཡས་པའི།།བླ་མ་རྒྱལ་བ་སྲས་བཅས་དགོངས་སུ་གསོལ།།དུས་ཀུན་བྱང་ཆུབ་སེམས་སྤྱོད་རབ་སྦྱངས་ནས།།སྲིད་མཐའི་བར་དུ་ཕན་བདེའི་བྱེད་པོར་ཤོག།།ཅིས་ཀྱང་བྲིས་འདོད་མེད་པའི་བདག་ཡིད་ལྕགས།།གཞན་རྐྱེན་མགར་གྱི་ཐོ་བས་དབང་བསྒྱུར་ཕྱིར།།ལེགས་བཤད་རིན་ཆེན་རྒྱན་གྲལ་འགྲོ་མིན་ཡང་།།ཉེ་འཁོར་སྤུད་པའི་ཚུལ་དུ་བསྒྲིམས་ཏེ་བྲིས།།དཔལ་མགོན་བླ་མའི་བཀས་གནང་མེད་པ་དང་།།རྩ་བའི་གཞུང་དང་བླ་མའི་གསུང་རྒྱུན་ལ།།འགྲེལ་བཤད་མི་ཤེས་རྒྱུ་གསུམ་མེད་པས་ན།།ཉེས་ཚོགས་གང་མཆིས་དམ་པ་ཡོངས་ལ་བཤགས།།ཁྱད་པར་གཞུང་འདིའི་དྲིན་ཐོབ་མཆོག་སྤྲུལ་དང་།།ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས།།བཤད་བཀའ་གནང་ཕྱིར་ཆེ་རྒུ་འགའ་ཞིག་གིས།།གསུང་བསྐུལ་ནན་མ་ལྡོག་ཕྱིར་ཟིན་ཐོར་སྤེལ།།རྩ་བའི་རྒྱ་གཞུང་བསྡུས་དོན་གསུང་རྒྱུན་སོགས།།བརྗེད་ཕངས་བྲིས་དགེ་རྩ་རྩེའི་ཟིལ་པ་ཡང་།།བླ་མའི་ཐུགས་བསྐྱེད་ཆུ་ཀླུང་དང་འགྲོགས་ནས།།འགྲོ་ཀུན་རྣམ་མཁྱེན་རྒྱ་མཚོར་འཇུག་པར་སྨོན།།བདག་འཛིན་གྱིས་བཅད་ཡིད་ཅན་བུམ་མཁའ་རྣམས།།བདག་མེད་ཤེས་རབ་ཐོ་བས་ཡོངས་བཅོམ་སྟེ།།མཉམ་བརྗེའི་བྱང་སེམས་ཉི་ཟླ་ལ་བརྟེན་ནས།།རྒྱལ་ཀུན་ཆོས་དབྱིངས་མཁའ་དང་འདྲེས་གྱུར་ཅིག།།སྐུ་གསུམ་རྒྱལ་དང་དེ་སྲས་གསང་གསུམ་ཟབ་ཞི་སྤྲོས་བྲལ་དམིགས་མེད་ཀུན་གསལ་ཡངས་པ་ལ།།གཞན་ཕན་མཁྱེན་བརྩེ་བསིལ་དྲོད་བཅུད་ཀྱི་ཐིག་ལེ་ཟུང་གིས་འགྲོ་བའི་ཚ་གྲང་ཡོངས་བསལ་ཏེ།།བསྟན་འགྲོའི་ཕན་བདེ་ཕ་མཐའ་ཡས་པའི་སྐྱེད་ཚལ་ཀུན་རྒྱས་ལུང་རྟོགས་བསྟན་པ་རིན་པོ་ཆེ།།བཤད་དང་སྒྲུབ་པས་འཛིན་མཛད་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་སྲིད་མཐའི་བར་དུ་རྒྱས་པར་ཤོག།།ཅེས་སྤྱོད་འཇུག་རྩ་བ་དང་ས་བཅད་གཉིས་སྤེལ་མར་ཟིན་བྲིས་དཀྱུས་བཞིན་གཅིག་ཏུ་ཡོད་པ་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་འགྲོ་འདུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་གསན་བསམ་མཛད་ཚེ་ཉེར་མཁོའི་སྤྱན་འབེབས་གཟིགས་རྟེན་ཙམ་དུ་དགོས་ཚུལ་ཊཀྐིའི་གཙོ་མོ་རྒྱལ་ཡུམ་བདེ་ཆེན་ཆོས་སྒྲོན་ནས་བཀྲ་ཤིས་པའི་ལྷ་རེག་རབ་དཀར་དང་རིན་ཆེན་གཉིས་པ་སྲང་འཁོར་བཅས་བཀའ་སྩལ་གསེར་གྱི་ཕྲེང་བ་སྤྱི་བོར་བསྩལ་བ་ལ་བརྟེན་ནས་བྲིས་ཏེ།དགོངས་པ་ཞུ་སྙམ་ཡང་།མདོ་སྨད་སྐྱེ་རྒུའི་ཉི་མ་ཡངས་པའི་ས་ཆེན་ཆོས་བཞིན་སྐྱོང་མཛད་བ་དེ་མི་རྗེ་ས་ཡི་ཚངས་པ།སྡེ་དགེ་ཆོས་རྒྱལ་རིན་པོ་ཆེའི་མདུན་ན་འདོན་དམ་པ་དྲུང་དཔོན་གཉེར་ཚེ་རིང་དོན་འགྲུབ་མཆོག་ནས་བྲིས་གཞི་ཤོག་སྣག་དང་དྲུང་ཡིག་ཟས་གོས་སོགས་མཁོ་རྒུའི་ཡོ་བྱད་ཀྱིས་བསྟབ་སྟེ།བཀྲ་ཤིས་པའི་ལྷ་རྫས་རབ་དཀར་དང་རིན་ཆེན་དང་པོ་ཞོ་འཁོར་གསུམ་དང་བཅས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ལན་བརྒྱར་གནང་ཕེབས་ལྡོག་ཏུ་མ་བཟོད་པར་ཅུང་ཟད་བྲི་སྐབས་སུ།ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག་ངོར་ཨེ་ཝཾ་པ་ཆེན་པོའི་མཁན་ཆེན་གསེར་རིའི་ཕྲེང་བ་མཚར་དུ་དངར་བའི་ནང་ཚན།བསྟན་དང་འགྲོ་བའི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ཁང་སར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་བློ་གྲོས་མི་ཟད་པའི་སྒྲ་དབྱངས་རིན་པོ་ཆེ་གང་གི་ཞལ་སྔ་ནས་སྤྱོད་འཇུག་ལ་འགྲེལ་བཤད་མང་པོ་བཞུགས་ནའང་།དཔལ་སྤྲུལ་རིན་པོ་ཆེས་ཁྲིད་ཇི་ལྟར་འཆད་ཚུལ་གྱི་གསུང་རྒྱུན་ལྟར་དུ་བསམ་བཟང་གིས་བྲིས་པ་ལ་ཉེས་འགལ་མེད་པར་མ་ཟད།སྤྱོད་འཇུག་ལ་གསར་དུ་སློབ་པ་རྣམས་ལ།ཡུལ་གྱི་ཁ་སྐད་ལྟ་བུས་ཤེས་ཐབས་ཤིག་བྱུང་ན་ལེགས་ཞེས་བཀའ་སྩལ་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་པ་རྣམས་འདོར་ཏུ་མ་ནུས་པ་དང་།གཞན་ཡང་གཅོད་བླ་རིན་པོ་ཆེ་ཀུན་དགའ་རྒྱ་མཚོ་དང་འཚོ་བྱེད་དོན་ལྡན་ལ་སོགས་པ་མང་པོས་ཀྱང་གསུང་བསྐུལ་བྱུང་བཞིན་རྫི་བོས་ནོར་ལུག་བགྲང་བ་བཞིན་དུ་གང་ཤེས་ཟིན་བྲིས་ནག་འགྲོས་སུ་བྱས་པ་འདི་ཉིད་རྨོངས་རྟུལ་ཚྭ་ཉག་ཤེས་རབ་མཐར་ཕྱིན་བཟང་པོས་ཤིང་ཕག་ལོའི་བདག་ཅག་གི་སྟོན་པ་རིན་པོ་ཆེས་བྱིན་གྱིས་རླབས་པར་མཛད་པའི་ཆོ་འཕྲུལ་གྱི་ཟླ་བ་དང་པོའི་ཡར་ཚེས་བཅོ་ལྔ་པ།རྒྱལ་པོ་གཟུགས་ཅན་སྙིང་རྗེའི་སྦྱིན་བདག་ཞུས་ཏེ་སྟོན་པའི་འོད་ཟེར་ཀྱིས་ངན་སོང་གི་སེམས་ཅན་རྣམས་ལམ་གྱི་རྟེན་མཐོ་རིས་དང་།མཐོ་རིས་པ་རྣམས་ལམ་ལ་བཀོད་པ་དང་།ལམ་ལ་གནས་པ་རྣམས་འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་ལ་བཀོད་པའི་དུས་དགེ་བར།གཉེར་ཆེན་མཆོག་གི་གནས་ཁང་དུ་རྫོགས་པར་བྲིས་པ་དགེ་ལེགས་འཕེལ་ཞིང་།ཡི་གེ་པ་ནི་གཉེར་ཆེན་ལགས་ཀྱིི་ཞབས་ཕྱི་སྨྱུག་འཛིན་དབང་པོ་ལྷུན་བསམ་གྱིས་བགྱིས་པ་བཀྲ་ཤིས་པར་གྱུར་ཅིག།།དགེའོ།།