ཙ་ཏ་པ་

ཡོང་ཁུངས་Wikipedia

སློབ་དཔོན་ཙ་ཏ་པའི(ཆོས་སློང་མཁན)ལོ་རྒྱུས་ནི། ཡུལ་ས་དོ་ནཱ་ག་ར་པ་ཡིན། དེའང་ཆོས་སློང་བ་ཟེར་ཏེ། སྒྲའི་པོ་ཏི་གཅིག་རྒྱབ་ཏུ་ཁུར་ནས་དུས་རྟག་ཏུ་སློང་བ་གཅིག་ཡོད་པ་ལ་དུས་གཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་དང་འཕྲད་དེ། རྣལ་འབྱོར་པ་ན་རེ། ཁྱོད་ཅི་བྱེད་ཀྱིན་འདུག་ཟེར། བདག་འཚོ་བའི་ཆེད་དུ་སློང་གིན་གདའ་བྱས་པས། ཁྱོད་ཕྱི་མའི་ལམ་འདྲ་བ་མི་དགོས་སམ་གསུངས། དེས་ལམ་ཇི་ལྟར་ཡིད་ལ་བྱ་ཞུས་པས་རྣལ་འབྱོར་པས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གདམས་པ་ནི། སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས། །ཉིན་མཚན་རྟག་ཏུ་བདེ་བ་བསྒོམ། །སྔ་མ་ཅི་བྱས་ལུས་ལ་ལྟོས། །ཕྱི་མ་ཅི་འགྱུར་སེམས་ལ་རག །དེ་ལྟར་ཡུན་དུ་བསྒོམས་བྱས་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །ཅེས་གསུངས་པས། ཙ་ཏ་པས་དེའི་དོན་མ་གོ་ནས་བླ་མ་ལ་ཞུས་པས་སྡིག་པ་ནི་མ་རིག་པ་ཡིན་པས་དེ་ལས་འཁྲུལ་པ་སྣ་ཚོགས་འབྱུང་བ་ཡིན། སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པའི་ལྟ་བས་སྡིག་པ་འདག་པའི་རྒྱུ་ཡིན། ཉིན་མཚན་བདེ་བ་བསྒོམ་པ་ནི་སྙིང་རྗེ་རྒྱུན་དུ་བསྒོམས་ན་ཆོས་ཉིད་ཀྱི་བདེ་བ་རང་ལ་འཆར་བ་ཡིན། ཚེ་སྔ་ཕྱིའི་ལས་རྣམས་ལ་མངོན་ཞེན་དུ་མ་བཟུང་ན་ཤུགས་འབྱུང་གི་སྦྱོད་པ་མཐར་ཕྱིན་པ་ཡིན། དེ་ལྟར་རྒྱུན་དུ་བསྒོམས་ན་སེམས་ཉིད་ཀྱི་འཁྲུལ་པ་ལོག་ནས་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ཞེས་བླ་མས་གདམས་ངག་བྱིན་ཏེ། ཙ་ཏ་པས་ཡུལ་དེ་ཝཱི་ཀོ་ཊིར་དེ་ལྟར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་མཚན་ཡང་ཙ་ཏ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། འཁོར་ལྔ་བརྒྱ་དང་ལྷན་ཅིག་མཁའ་སྤྱོད་དུ་གཤེགས་སོ། །སློབ་དཔོན་ཙ་ཏ་པའི་རྟོགས་བརྗོད་ནི། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་སྟེ། །མཐོང་བས་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག །བྱིས་པ་གཉིས་མེད་རྟོགས་ཕྱིར་དེ་ཐབས་ཡིན། །དགེ་སྡིག་འབྲས་བུ་དེ་ལས་གཉིས་མེད་འབྱུང་། །ཞེས་གསུངས་སོ། །སློབ་དཔོན་ཙ་ཏ་པའི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ། །

"https://bo.wikipedia.org/w/index.php?title=ཙ་ཏ་པ་&oldid=134124"ལས་སླར་རྙེད་སོང།