མོན་ཕྲུག་གཞོན་ནུའི་སྙན་ཚོམས་ལ་ཕུལ་བའི་འཚམ་འཕྲིན།།

ཡོང་ཁུངས་Wikipedia

མོན་ཕྲུག་གཞོན་ནུའི་སྙན་ཚོམས་ལ་ཕུལ་བའི་འཚམ་འཕྲིན།།

                             བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

ཤེས་བྱའི་མཁའ་དབྱིངས་འོད་ཀྱི་དྲ་བས་ཁྱུད།། པ་སངས་མདངས་ལྡན་མཛེས་པའི་གུར་ཁྱིམ་ཅན།། གང་ཚེ་རིང་ནས་རྩོམ་འཆད་རྩོད་པ་ལ།། དབང་བསྒྱུར་ཤིས་པའི་གདེངས་ཀ་འབར་གྱུར་ཅིག།།

  “མོན་ཕྲུག་གཞོན་ནུའི་སྙན་ཚོམས་” རྩོམ་པ་པོ་མོན་གྱི་གཞོན་སྐྱེས་སྙན་ངག་པ་ཨཱ་ཙཱརྱ་པ་སངས་ཚེ་རིང་ལ་དགའ་བསུ་དང་འཚམས་འདྲི་ཞུ་བ་དང་སྦྲགས། ཞུ་འདོད་པ་འགའ་ཞིག་གོ་སྐབས་འདིའི་རྒྱུད་ནས་ཞུ་འདོད་བྱུང་། 

ལོ་བཅུ་མ་ཟིན་ཙམ་གྱིས་སྔོན་ནས་མོན་གྲྭ་སྙོམ་ཆུང་རྩོམ་ཆུང་འབྲི་མཁན་ཞིག་མིག་ལམ་དུ་འཆར་བ་ད་དུང་ཡང་དྲན་གསོས་ཀྱི་འདུག ངའི་འཛིན་གྲྭ་སློབ་མར་མ་གྱུར་པའི་སྔོན་ནས་རྩོམ་རིག་ཟབ་སྦྱོང་དང་སྒེར་འབྲེལ་གང་ས་ནས་རྩོམ་རིག་ལ་འཇུག་རྒྱུའི་འབོད་སྐུལ་ཐེངས་མང་ཞུ་མྱོང་སའི་གྲས་ཤིག་ཡིན་པར་དྲན། བསྟན་བཅོས་འཛིན་གྲྭ་གསུམ་པ་ནས་ངའི་སློབ་ཚན་དུ་སླེབས་ཅིང་། སྙན་ངག་ལེའུ་གསུམ་པ་དང་། སྨྲ་སྒོ་མཚོན་ཆ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོག་བརྗོད། གྲངས་ཀྱི་མངོན་བརྗོད་སོགས་བསླབ་པ་དྲན། དེ་དུས་ནས་རྩོམ་ཤོག་རྣམས་ལ་བལྟས་པའི་སྐབས། འབྱུང་འགྱུར་སྨྱུག་ཐོག་པའི་གྲས་ལ་འཛེགས་རྒྱུའི་རེ་བ་དང་འཆར་སྣང་བྱུང་མྱོང་བ་ལྟར། ད་རེས་བཅད་ལྷུགས་སྣ་འདུས་ཀྱི་རྩོམ་ཚན་ལྔ་བཅུ་ང་ལྔ་ཙམ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དེབ་ཆུང་། “མོན་ཕྲུག་གཞོན་ནུའི་སྙན་ཚོམས་” འདི་བཞིན་རྩོམ་ཚན་ཡོངས་རྫོགས་ཀྱི་མ་ཕྱི་ལ་རགས་ཙམ་བལྟས་པས། ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་བརྗོད་བྱ་དོན་སྙིང་ལྡན་པ། སྙན་འཇེབས་རང་བཞིན་དང་། སྒྱུ་རྩལ་རང་བཞིན། མཛེས་རྟོག་རང་བཞིན་གསུམ་ཀའི་སྒོ་ནས་གནའ་རབས་ཀྱི་སྲོལ་དང་མཐུན་ཞིང་དུས་རབས་ཀྱི་རྗེས་བསྙེགས་པའི་དཔེ་དེབ་གསར་པ་ཞིག་ཏུ་ངོས་འཛིན་ཆོག་པ་འདུག་ཅེས་ཞུ་རྒྱུ་དང་། (མཚམས་འདིར་སྤྱིར་རྩོམ་རིག་གི་ཁྱད་ཆོས་དང་དེབ་ཆུང་འདིའི་རྩོམ་ཚན་རེ་རེ་བ་ཞིག་འབུར་དུ་བཏོན་ནས་དཔྱོད་བརྗོད་རགས་བསྡུས་རེ་འབྲི་འདོད་ཧ་ཅང་ཆེ་ན་ཡང་དུས་ཀྱིས་གཏུགས་པ་དང་གཟུགས་ཁམས་དེ་ཙམ་མི་བདེ་བས་བསམ་པ་ལྟར་འབྲི་ཐུབ་མ་སོང་བར་དགོངས་སེལ་ཞུ་རྒྱུ་ཡིན།) ལྷག་དོན་དེབ་ཆུང་འདིར་ཁ་མིག་ཡར་བལྟ་གནང་ནས། གཞོན་སྐྱེས་སྤྱི་དང་ལྷག་དོན་མོན་ཕྲུག་སྤང་ཁའི་མེ་ཏོག་འདྲ་བ་ཁྲི་མ་འབུམ་ཕྲག་གིས་རང་གིས་མེས་པོའི་ཟུངས་ཁྲག་དང་འགྲོགས་པའི་ཆོས་རིག་གཙུག་ལག་རིག་པའི་མ་ལག་ཡོངས་རྫོགས་གང་ལ་ལྟོས་པའི་སྐད་ཡིག་འདིའི་གཞི་ལག་ལ་བརྟེན་ནས་རྩོམ་པའི་སྙན་ངག་དང་སྒྲུང་དེབ། འཁྲབ་གཞུང་དང་གཏམ་རྒྱུད་སོགས་གང་མང་འབྲི་ཐུབ་པའི་མིག་དཔེར་ཅིས་ཀྱང་གནང་རོགས་ཞེས་ཞུ་རྒྱུ་ཡིན། མཐའ་དོན། རྩོམ་པ་པོ་ལ་འཚམས་འདྲི་དང་རྩོམ་རིག་ནམ་ཡང་རྒྱལ་བའི་སྨོན་འདུན་ཞུ། ཚོར་བའི་མེ་སྟག་ཕྲ་མོ་གཅིག་གིས་ཀྱང་།། རྟོག་སྣང་སྒྱུ་འཕྲུལ་དྲ་བས་མངོན་མཛེས་པ།། རྩོམ་རིག་ཤེས་བྱའི་དཔྱིད་ཀྱི་མཛའ་ན་མོས།། འཇིག་རྟེན་ཀུན་དགའི་དཔལ་ཡོན་ཤིས་གྱུར་ཅིག།

     གནས་མཆོག་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནས། སྙན་ངག་པ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་པས། 2018/3/20/ལ་ཕུལ།