མུ་རའི་མ་ཎི།
མུ་རའི་རྡོ་མཁར་རིང་མོའི་ལོ་རྒྱུས།
[རྩོམ་སྒྲིག]བོད་དུ་རྡོ་མཁར་རམ་རྡོ་བསྐོས་ཀྱི་ལག་རྩལ་དར་སྲོལ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
[རྩོམ་སྒྲིག]བོད་མི་རིགས་ཅེས་པ་འདི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་དང་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བ་མང་པོ་བརྒྱུད་མྱོང་། དེ་ཡང་བོད་ལ་འགྲོ་བ་མིའི་རིགས་རྒྱུད་བྱུང་ནས་ལོ་མང་པོ་ཞིག་འགོར་རྗེས། གོས་སུ་ཤིང་ལོ་གྱོན་པ་དང་། ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་བའི་གནས་ཚུལ་དེ་རིམ་གྱིས་འགྱུར་ནས། རི་དྭགས་རྔོན་པ་དང་པགས་པ་གྱོན་པའི་སྲོལ་བྱུང་ལ། རིགས་རུས་ཀྱི་དབྱེ་བ་ཆེན་པོ་དྲུག་བྱུང་མྱོང་བ་སྟེ། སེ་དང་རྨུ། ལྡོང་དང་སྟོང་། དབྲ་དང་འདྲུ་བཅས་ཡིན། རིགས་རུས་ཆེན་པོ་དྲུག་པོ་དེ་ནི་སྐབས་དེའི་བོད་གདོད་མའི་སྤྱི་ཚོགས་ཀྱི་ཚོ་བ་མི་འདྲ་བ་དྲུག་ཀྱང་ཡིན། དེ་མཐར་རྗེ་གཉའ་ཁྲི་བཙན་པོ་ཞེས་པའི་བོད་ཀྱི་ཐོག་མའི་རྒྱལ་པོ་བྱུང་ཞིང་། དེ་ནས་བཟུང་བྲན་གཡོག་སྤྱི་ཚོགས་སུ་ཞུགས་པ་དང་། དེ་རྗེས་ཀྱི་རྒྱལ་རབས་མང་པོ་ཞིག་བརྒྱུད་དེ་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་ཡབ་སྲས་གཉིས་ཀྱི་དུས་སྐབས་སུ་བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བར་བརྒལ་བྱས། བོད་ཀྱི་གནའ་མིས་ལོ་རྒྱུས་ཀྱི་དུས་རིམ་རིང་པོ་བརྒྱུད་དེ་ཉམས་པ་མེད་པའི་བློ་སྟོབས་དང་ཡུན་རིང་གི་ཉམས་མྱོང་བསགས་པ་ལས་རང་བྱུང་ཁམས་ཀྱི་གསང་བའི་འཐིལ་རྟོགས་པར་འཐབ་རྩོད་དང་གདོང་ལེན་བྱས་པའི་གོ་རིམ་ཁྲོད་བློ་གྲོས་ཀྱི་རྩལ་རྒྱས་པར་གྱུར་ཏེ་འབྲོག་ལས་དང་ཞིང་ལས་བཟོ་ལས་སོགས་སུ་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་མ་ཟད། བོད་ཀྱི་གདོད་མའི་ཆོས་ལུགས་སྒྲུང་དང་། ལྡེའུ། བོན་བཅས་འཕེལ་རིམ་མི་འདྲ་བ་གསུམ་བྱུང་བ་དང་། སྐབས་དེའི་རྒྱལ་པོའི་ཆབ་སྲིད་ཀྱང་ཆོས་ལུགས་དེ་དག་གིས་བསྐྱངས། གཞན་ཡང་སྔར་ཡི་གེ་མེད་པ་ལ་གསར་དུ་ཡི་གེ་བཟོས་ཏེ་སྲིད་ཁྲིམས་ཀྱི་གཏན་འབེབ། དཔལ་འབྱོར་གྱི་སྒྲིག་གཞི། ལོ་རྒྱུས་ཀྱི་བྱུང་བ། ཆོས་ལུགས་ཀྱི་ཤེས་བྱ་སོགས་ཡི་གེར་བཀོད་དེ་མི་རབས་ཕྱི་མར་འདི་བཞིན་བརྒྱུད་ཐུབ་པ་བྱས།དེ་ཡང་བོད་ལ་ཐོག་མར་ཡི་གེ་བྱུང་བའི་དུས་སུ་ཤོག་བུའི་བཟོ་རྩལ་ཆེར་དར་རྒྱས་མ་སོང་བ་དང་ཤོག་བུར་བྲིས་པའི་ཡི་གེ་འཇིགས་སླ་བ་དང་ཡུན་རིང་གསོག་ཉར་བཀའ་བ་སོགས་ཀྱི་རྒྱུ་མཚན་ལ་གཞིགས་ཏེ། ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་དག་རྡོའི་ངོས་སུ་ཡི་གེར་ཕབས་ཏེ་རྡོ་རིང་ཞེས་པ་བཟོས་ཞིང་། ཆོས་ལུགས་ཀྱི་གལ་ཆེའི་ཡི་གེ་དང་རི་མོ་རྣམས་རྡོ་ལེབ་ཀྱི་ངོས་སུ་བརྐོས་ནས་བརྩིགས་པ་བྱས་ཏེ་གསོག་ཉར་བྱས་པ་ད་ལྟ་མཐོང་ཐོས་སུ་གྱུར་བའི་རྡོ་མཁར་རམ་རྡོ་འབུམ། མ་ཎིའི་རྡོ་མཁར་ཞེས་པ་འདི་དག་གྲུབ་པ་ཡིན།
རྒྱལ་ཕྱི་ནང་གི་གནའ་རྫས་རྟོག་ཞིབ་པས་ཞིབ་འཇུག་བྱས་པའི་རྙེད་དོན།
[རྩོམ་སྒྲིག]འཛམ་གླིང་གི་སྤྱི་ཚོགས་རིག་ཤེས་ཅན་དུ་ཐོག་མར་གྱུར་བའི་སྐབས་བོད་དང་ཁྱིམ་མཚེས་འདབ་འབྲེལ་དུ་གནས་པའི་རྒྱ་གར་པས་ཤིང་ཤུན་གྱི་ངོས་སུ་ཡི་གེ་འབྲི་བ་དང་། རྒྱ་ནག་པས་སྨྱུག་མ་ལེབ་བརྒྱུས་ལ་ཡི་གེ་འབྲི་བའི་སྲོལ་དར་ཞིང་། མདོ་དབུས་མཐོ་སྒང་གི་ཡུལ་དུ་རྒྱ་དཀར་ནག་བཞིན་ཤིང་ཤུན་དང་སྨྱུག་མའི་ཁོར་ཡུག་གི་ཆ་རྐྱེན་དང་མ་ལྡན་པས་རྡོ་ལེབ་ཀྱི་སྟེང་དུ་ཡི་གེ་འབྲི་བའི་སྲོལ་དར། མུ་རའི་རྡོ་མཁར་འདི་ཡང་སྤྱི་ལོའི་དུས་རབས་དྲུག་པའི་དུས་སྟོད་དུ་བྱུང་བའི་ལོ་རྒྱུས་ཆེས་སྔ་བའི་རྡོ་མཁར་ཞིག་ཡིན་པ་སྟེ། དེ་ཡང་མུ་རའི་རྡོ་མཁར་འདི་ཉིད་རིག་གསར་སྐབས་གཏོར་བརླག་བཏང་བའི་རྗེས་ཤུལ་གྱི་རྨང་ནས་བན་བོན་གྱི་གཟུངས་སྔགས་སྣ་ཚོགས་དང་ལྷ་སྐུའི་རིགས་སྣ་ཚོགས་བརྐོས་ཡོད་པའི་རྡོ་རྙིང་གང་མང་དོན་ཞིང་། དེ་དག་ལ་གཞི་བཅོལ་ཏེ་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་དང་། པེ་ཅིན་གནའ་བོའི་ཕོ་བྲང་དངོས་མང་ཁང་གི་གནའ་རྫས་རྟོག་ཞིབ་རུ་ཁག ཀྲུང་གོའི་ནང་བསྟན་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱི་སློབ་དཔོན་ཆེན་མོ་ཝུན་ཡུན་ཁྲིན། ཨ་རིིའི་བོད་རིག་པ་མཁས་ཅན་སྐུ་ཞབས་དབུན་སེ་ཐེ་པེ་ལའེ་ས་ཡིའུ། རྒྱལ་སྤྱིའི་རྡོ་ཆས་རྙིང་མའི་གྲགས་ཅན་གནའ་རྫས་རྟོག་ཞིབ་པ་སྐུ་ཞབས་ཀོ་ཞང་། སི་ཁྲོན་ཞིང་ཆེན་དངོས་མང་ཁང་གི་གཙོ་འཛིན་གཞོན་པ་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་པ་སྐུ་ཞབས་བེས་ཞེ་ཧྥང་། སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཚན་ཁག་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་པ་སྐུ་ཞབས་མ་ཅ་ཡུས། སི་ཁྲོན་ཞིང་ཆེན་རིག་དངོས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་སྐུ་ཞབས་ལིས་ཀྲོ་ཧི་སོགས་ཀྱིས་དེང་རབས་སྔོན་ཐོན་དཔྱད་ཆས་དང་ལོ་མང་བསགས་པའི་ཉམས་མྱོང་ཟུང་འབྲེལ་གྱིས་ཡུན་རིང་དཔྱད་ཞིབ་ནན་གཟབ་བྱས་རྗེས། སྔར་ངག་རྒྱུན་དང་ཡིག་ཚང་རྙིང་པ་སོགས་སུ་གསལ་བའི་ལོ་རྒྱུས་དག་བདེན་དོན་ར་སྤྲོད་བྱུང་སྟེ། སྤྱི་ལོ༡༩༩༩ལོར་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཞག སྤྱི་ལོ༢༠༠༨ལོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཞག སྤྱི་ལོ༢༠༡༠ནས་ལོ་ངོ་གསུམ་གྱི་རིང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་སྒྲིག་འཛུགས་ཀྱིས་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཆེད་མཁས་མི་སྣ་གྲགས་ཅན་མང་པོ་གདན་ཞུས་ཀྱིས་ཞིབ་འཇུག་ཚོགས་འདུ་ཐེངས་མང་བསྡུས་ཏེ་ཞིབ་འཇུག་དཔྱད་ཞིབ་བྱས་མཐར། མུ་རའི་རྡོ་མཁར་རིང་མོ་འདི་ཉིད་ཐེངས་བདུན་པའི་རྒྱལ་ཡོངས་རིག་དངོས་འདེམས་སྒྲུག་ཏུ་ཞུགས་པའི་རིག་དངོས་༥༣༧༢་ལས། རྒྱལ་ཡོངས་གལ་ཆེའི་རིག་དངོས་སྡེ་ཚན་དུ་རིག་དངོས་གཞན་འགའ་དང་མཉམ་དུ་འདེམས་ཐོན་བྱུང་བ་དང་། རྡོ་མཁར་རིང་མོ་འདི་ཉིད་སྤྱི་ལོ་༦༡༨ལོའི་ཐང་རྒྱལ་རབས་ནས་ཆིན་རྒྱལ་རབས་བར་བྱུང་བའི་ངོས་འཛིན་གཏན་འབེབ་བྱས་པས། ད་ལྟའི་ཆར་སེར་ཤུལ་རྫོང་ཙམ་མ་ཟད་བོད་ཁུལ་ཡོངས་སུ་གསར་རྙེད་བྱུང་བའི་རྡོ་མཁར་ཡོངས་ལས་ལོ་རྒྱུས་ཆེས་རིང་བའི་རྡོ་མཁར་དུ་གྱུར་ཡོད་ལ། སྤྱི་ལོ་༢༠༡༣ལོའི་ཟླ་༥པའི་ཚེས་༦་ཉིན་ཐེངས་བདུན་པའི་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྡེ་ཚན་ཁག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཞིབ་བཤེར་གཏན་འབེབ་བྱས་པ་ལྟར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གསལ་བསྒྲགས་བྱས་པས་ཉིན་དེ་ནས་བཟུང་མུ་རའི་རྡོ་མཁར་རིང་མོ་དངོས་སུ་རྒྱལ་ཡོངས་གལ་ཆེའི་རིགས་དངོས་ཀྱི་གྲལ་དུ་ཚུད།
དུས་རབས་དང་མི་རབས་མང་པོ་ཇི་འདྲ་བརྒྱུད་ཀྱང་ད་དུང་ཡང་ཉམས་པ་མེད་པར་འདི་ལྟར་གནས་པའི་རིག་དངོས་རྙིང་པ་འདི་ནི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ནོར་རིན་བྲལ་ཞིག་ཡིན་པ་མ་ཟད། རིག་དངོས་རྙིང་པ་འདི་ཡིས་ལོ་ངོ་སྟོང་ཕྲག་སྔོན་གྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། གནའ་མིའི་བསམ་སྤྱོད་དང་སྙིང་སྟོབས། གནའ་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ། གནའ་མིའི་ལག་རྩལ་དང་ཤེས་ཡོན་སོགས་མཚོན་ཡོད་པས་གལ་འགངས་ཤིན་ཏུ་ཆེ་བའི་རིག་གནས་བང་མཛོད་ཞིག་གོ
གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་དང་འབྲེལ་བའི་མི་རབས་རྒྱུད་མར་དམངས་ཁྲོད་དུ་དར་བའི་བཤད་སྲོལ།
[རྩོམ་སྒྲིག]སྤྱི་ལོའི་དུས་རབས་༡༠་པ་དང་༡༡་པ། གླིང་གེ་སར་རྒྱལ་པོའི་སྐུ་དུས་སུ་རྡོ་འབུམ་འདི་ཉིད་གླིང་གི་འབུམ་ཆུང་གཡུ་མཁར་དུ་གྲགས་པ་སྟེ། དེ་ཡང་གླིང་གེ་སར་རྒྱལ་པོའི་དུས་སྐབས་སུ་བྱང་འབྲོག་རྫ་ཆུ་ཁའི་ཡུལ་འདི་གླིང་གི་ཡུལ་ཡིན་པ་དང་། སྲོང་བཙན་སྒམ་པོའི་སྐབས་སུ་མདོ་ཁམས་གླིང་གི་ས་འདི་མི་མིན་ས་སངས་སྤུན་དགུས་བཟུང་ཞིང་། དེའི་ནང་གི་དམག་དཔོན་མིག་དམར་ཆེན་པོའི་མི་རྒྱུད། གླིང་ཆོས་འཕེན་ནག་པོ་ཞེས་པའི་རིགས་རྒྱུད་དར་བ་ལོ་རྒྱུས་ཁུང་མ་རྣམས་ལྟར་ཏེ། གླིང་ཆོས་འཕེན་ནག་པོའི་མི་རྒྱུད་མང་པོའི་རྗེས་སུ། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ལ། སོ་སོས་དུས་རབས་མི་འདྲ་བར་གླིང་ཚོ་པའི་དཔོན་ཐོབ་དང་དབང་ཆུས་བཟུང་། ཐམས་ཅད་ཀྱི་ཐོག་མར་ཆེ་རྒྱུད་གསེར་བ་སྟག་རོང་གིས་དཔོན་ཐོབ་བཟུང་སྐབས། སྟག་རོང་ཁྲོ་ཐུང་རྒྱལ་པོ་སོགས་བོན་དང་བན་གྱི་ཆོས་ལུགས་གཉིས་ཀ་འཛིན་མཁན་གྱིས། རྡོ་འབུམ་འདི་ཕྱྭ་དང་གཡང་གི་རྟེན་མཁར་དུ་བཟུང་ཞིང་བདག་སྐྱོང་བྱས་པ་ནས། གླིང་ཆུང་རྒྱུད་སྨུག་པོ་གདོང་ལ་རྒྱ་ཚ་དང་གེ་སར་འཁྲུངས་ནས་བཟུང་ཆུང་རྒྱུད་དཔོན་དུ་གྱུར་བ་མ་ཟད། ཕྱོགས་བཞིའི་རྫོང་ཆེན་ཆེ་བཞི། མཐའ་བཞིའི་རྫོང་ཕྲན་བཅོ་བརྒྱད་སོགས་ཕབ་ནས་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བསྡུ་བའི་སྐབས། རྡོ་འབུམ་འདི་གླིང་ཆུང་རྒྱུད་སྨུག་པོ་གདོང་གིས་སྒེར་བདག་བྱས་ཏེ། འབུམ་ཆུང་གཡུ་མཁར་ཞེས་པའི་མིང་དུ་གྲགས་པ་མ་ཟད། གླིང་གེ་སར་ཨོ་རྒྱན་པདྨའི་ཐུགས་སྤྲུལ་ཏུ་བཤད་པ་དེ། བོད་སྔ་དར་གྱི་ནང་བསྟན་དཔུང་གིས་སྲུང་བའི་བྱེད་པོར་གཅིག་པུར་མངོན་ལ། ཁོང་གིས་ཐོག་མར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཕྱག་དཔེ་གཙོར་བྱས་པའི་ནང་ཆོས་མང་དག་ཅིག་རྡོ་ལ་བརྐོས་ནས། སྔོན་རབས་མེས་པོའི་རྡོ་འབུམ་ལ་བརྩི་འཇོག་གིས་སོར་བཞག་གནང་སྟེ། བན་ཆོས་ཀྱི་ཞལ་གསོས་གནང།
སྤྱན་རས་གཟིགས་སྤྲུལ་རྫ་སྐྱབས་མགོན་མུ་ར་བླ་མའི་སྐུ་འཕྲེང་རིམ་བྱོན་གྱིས་གཞི་ཁྱོན་ཆེ་བའི་རྒྱ་བསྐྱེད་བྱས་ཚུལ།
[རྩོམ་སྒྲིག]དེ་ནས་མི་རབས་མང་པོ་འདས་པའི་དུས་རིང་ནང་ཆགས་འཇིག་འཕེལ་འགྲིབ་ཅི་རིགས་སོང་བའི་ཕྱི་དུས་འདིར། སྤྱན་རས་གཟིགས་སྤྲུལ་རྫ་སྐྱབས་མགོན་མུ་ར་བླ་མའི་སྐུ་འཕྲེང་དང་པོ་གྲུབ་དབང་རིག་འཛིན་རྒྱ་མཚོ་ལ། མདོ་ཁམས་ཀྱི་ཟོ་དོར་ཆེན་པོ་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་མིའི་ཟོལ་ལ་བརྫུས་ཏེ་བསྐུལ་བ་ལ་བརྟེན་ནས། གླིང་གེ་སར་རྒྱལ་པོའི་དུས་ཀྱི་འབུམ་ཆུང་གཡུ་མཁར་དེ། རྟེན་འབྲེལ་དུས་བབས་ཀྱིས་སླར་ཡང་ཁྲི་ལ་མངའ་གསོལ་ནས་རབ་གནས་དགའ་སྟོན་མཛད་སྐབས་ཟླ་བ་གཅིག་ལ་མ་ཎིའི་རང་སྒྲ་རྒྱུན་མ་ཆད། དེ་ནས་བཟུང་སྔ་རབས་གླིང་གི་དུས་ཀྱི་གདོང་སྨུག་པོའི་འབུམ་ཆུང་གཡུ་མཁར་དེ་རྫ་མུ་ར་རིན་པོ་ཆེ་སྐུ་འཕྲེང་བཞི་ཡིས་གཞི་ཁྱོན་ཆེ་བའི་སླར་གསོ་རྒྱ་བསྐྱེད་གནང་སྟེ་འཛམ་གླིང་ཐོག་ལོ་རྒྱུས་ཆེས་རིང་བའི་རྡོ་མཁར་དེ་ཉིད་འཛམ་གླིང་ཐོག་གི་རྡོ་མཁར་ཆེ་གྲས་སུའང་གྱུར་ཏེ་མཚན་ལ་རྫ་མུ་རའི་རྡོ་མཁར་རིང་མོ་ཞེས་ཐོགས།
རིག་གསར་རྗེས་ལོ་ངོ་བཅུ་ཕྲག་འགར་ཞིག་གསོ་བྱས་གྲུབ་ནས་ད་ལྟའི་གནས་སྟངས་གླེང་བ།
[རྩོམ་སྒྲིག]༡༩༥༩ལོའི་དུས་ཟིང་དང་རིག་གསར་སྐབས་འགའ་ཞིག་གཏོར་བརླག་ཐེབས་ནས། ས་དེའི་རྩྭ་ཐང་གི་ར་བར་དབོར་ཏེ་ཆག་གྲུམ་སོང་བ་དང་། རྫ་ཆུའི་ནང་དུ་ཤོར་ནས་བྱེ་འོག་ཏུ་ནུབ་པ་སོགས་གྱོང་གུན་ཚབས་ཆེན་ཐེབས། དེ་རྗེས་སྲིད་བཟང་གི་འགྱུར་བ་དང་བསྟུན་རྫ་ཀི་ལུང་དགོན་གྱི་བླ་མ་ལུང་རྟོགས་རིན་པོ་ཆེའི་སྐུ་ངལ་ཐུགས་ཁུར་ཚད་མེད་ཀྱིས་གཙོ་སྐྱོང་གིས། ས་དེའི་དད་ལྡན་མང་ཚོགས་ཀྱི་ནུས་ཤུགས་དང་རྒྱབ་རོགས་ལ་བརྟེན་ཏེ། སྔར་གཏོར་བརླག་ཏུ་ཕྱིན་པའི་ལྷག་མ་རྣམས་སྲུང་སྐྱོབ་དང་གཏོར་བརླག་ཐེབས་ཟིན་པ་རྣམས་སླར་གསོ་སོར་ཆུད་བྱས་ཤིང་། སླར་ཡང་དུས་རིང་བདག་མེད་དུ་སོང་ནས་ཞིག་རལ་ཉམས་གུད་ཀྱི་གནས་སུ་གྱུར་ཚེ། རྫ་མུ་ར་སྤྲུལ་སྐུ་བསྟན་འཛིན་མཁའ་ཁྱབ་རྡོ་རྗེ་དང་སེལ་ཤུལ་རྫོང་གི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་རྫོང་རིག་དངོས་སྲུང་སྐྱོབ་ཁང་གི་རྒྱབ་སྐྱོར་བཅས་སྟོབས་ཤུགས་ཆིག་སྒྲིལ་གྱིས་ཉེན་སྐྱོབ་ཉམས་གསོ་གནང་བཞིན་པ་ལ། ད་ལྟའི་ཆར་མུ་རའི་རྡོ་མཁར་འདི་ཉིད་ཐད་ཞིང་ལ་སྨིས་བཅོ་ལྔ་དང་རིང་ཚད་ལ་སྨིས་བཞི་བརྒྱ་ལྔ་བཅུ། མཐོ་ཚད་ལ་སྨིས་གཉིས་ཕྱེད་ནས་གསུམ་ལ་ཉེ་བ། ཁྱོན་ལིས་ཧྥང་སྨིས་ཁྲི་གཉིས་ལྷག་ལ་ལོངས་བའི་གཏོས་ཚད་ཤིན་ཏུ་ཆེ་བའི་རྡོ་མཁར་ཞིག་ཏུ་གྲུབ་ཡོད།