མུ་ཏིག་བཙན་པོ།
མུ་ཏིག་བཙན་པོ།
[རྩོམ་སྒྲིག]ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་བོད་ཆུ་ཡོས( ༨༢༣ )ལོར་འཁྲུངས་ཞེས་གྲགས། འདི་རྒྱལ་བློན་བཀའ་གྲོས་གནང་སར་བྱོན་པས་བློན་པོ་ཞང་སྣ་ནམ་གྱི་བུ་དབུ་རིང་གིས་བཀག་པར་སྲས་ཀྱིས་ཆུ་གྲི་བསྣུན་ཏེ་ཞང་གི་བུ་དབུ་རིང་བསད། དེའི་ཉེས་པར་བློན་པོ་མགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་སྡུག་གསུམ་བཅད་པའི་དོན་བཞིན་ལྷོ་བྲག་གམ་མོན་དུ་ལོ་དགུ་སྤྱུགས། མུ་ནེ་བཙན་པོ་སྐུ་གཤེགས་རྗེས་འདི་ཉིད་གདན་དྲངས་ཏེ་རྒྱལ་སར་བསྐོ་བར་བྱས་པ་ལས་སྔར་སྣ་ནམ་པས་ཤ་འཁོན་བཟུང་སྟེ་ལམ་བར་དུ་ཆིབས་དཀྲོག་ནས་བཀྲོངས་ཞེས་ལོ་རྒྱུས་ཡིག་ཚང་ནང་གསལ་རུང་། <<ཆོས་འབྱུང་མཁས་པའི་དགའ་སྟོན>> ལྕགས་དཔར་ཤོག་གྲངས ༤༠༥ ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གླང་ལོ་པ་དྲུག་ཆུ་རྩ་གཅིག་ལ་ལོ་གསར་ལ་མཚན་མོ་རྟ་བརྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་འདས། དེ་གསངས་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་བཟུང་ནས་མུ་ཏིག་བཙན་པོ་བསྐོས། དེ་དུས་སློབ་དཔོན་སྲིན་ཡུལ་དུ་གཤེགས་ལ་ཐམས་ཅད་ཀྱིས་གཤེགས་སྐྱེལ་བྱས་ཞེས་སྣང་ཡང་འདི་སྐབས་ཕལ་ཆེར་བོད་ཕྱི་རབས་ཀྱི་རྩོམ་རིགས་ཁོ་ན་སྣང་བས་ལྷད་བསྲེས་པ་ཞིག་ཡིན་པར་དོགས་ལ། རྒྱལ་སྲས་ལྷ་རྗེ་ཁྲིད་ཤོག་ཟེར་ནས་ལུང་བསྟན་མཛད་ཟེར་བ་ལ་དཔགས་ན་སད་ན་ལེགས་དང་མུ་ཏིག་བཙན་པོ་ནོར་བ་སོགས་ཀྱིས་དཔྱད་མི་བཟོད་པ་ཞིག་སྣང་ལ་ཞེས་གསལ་བ་མ་ཟད། ཁྲི་ལྡེ་སྲོང་བཙན( སད་ན་ལེགས་མཇིང་ཡོན )གྱི་སྐུ་དུས་སུ་བསྐྲུན་པའི་དབུས་སྟོད་ཞྭ་ལྷ་ཁང་གི་གཙིགས་ཀྱི་རྡོ་རིང་ནང་། མུ་ཏིག་བཙན་པོ་གཅུང་ཁྲི་ལྡེ་སྲོང་བཙན་བཙན་པོའི་ཁྲི་ལ་འཁོད་རྗེས་ཀྱང་ད་དུང་བཞུགས་ཡོད་པ་གསལ་ལོ། །མུ་ཏིག་བཙན་པོའི་བང་སོ་ནི་དཀའ་མདའ་ན་ཡོད། མིང་ནི་སྐྱ་རི་ལྡེམས་ལགས་སོ་སྐད།