མིང་གི་ཚོགས་པ་

ཡོང་ཁུངས་Wikipedia

དེ་ཡང་མིང་ཚོགས་ཏེ། མིང་ལ་མིང་སྣ་ཚོགས་ཡོད་པ་དང་། ཚོགས་པ་ལ་ཡང་ཚོགས་པ་སྣ་ཚོགས་ཡོད་པ་བཞིན་དུ་མིང་གི་ཚོགས་ཞེས་པ་ལ་ཡང་གོ་ཕྱོགས་མང་པོ་ཡོད་པ་ལས་སྐབས་དུ་བབ་པའི་མིང་གི་ཚོགས་པ་ཞེས་པ་དེ་ནི། མིང་གི་ཚོགས་པ་ཞེས་པའི་སྤྱིར་གྱི་གོ་བ་གཞིར་བཞག་ན་མིང་གི་ཚོགས་པ་ཡིན་པ་ཞིག་ལ་གོ་ཆོག་སྟེ། ཐོག་མར་མིང་ངོ་ཅོག་གིས་མིང་སྤྱིའི་ཚོགས་པ་ཆེ་ཤོས་ཤིག་འགྲུབ་རྒྱུ་ཡོད་པའམ་ཡང་ན་མིང་སྤྱིའི་ཚོགས་པ་དེ་ལ་ནང་གསེས་ཀྱིས་ཡན་ལག་གི་ཚོགས་པ་མང་དུ་འགྲུབ་རྒྱུ་ཡོད་པ་རེ་རེ་ནས་མིང་གི་ཚོགས་པ་ཞེས་པའི་གོ་བྱའམ་ནང་དོན་ཡིན་ཡང་། ཞིབ་འཇུག་ལག་ལེན་གྱི་ཁྲོད་དུ་མིང་གི་ཚོགས་པ་ཞེས་པའི་སྐབས་དོན་འཇོག་སྟངས་དེ་མིང་སྤྱིའི་གྲུབ་པའི་ཚོགས་པ་ཆེ་ཤོས་གཅིག་པོ་དེ་མ་ཡིན་པར། ཡན་ལག་གི་མིང་གི་ཚོགས་པ་ཡོད་ཚད་དེ་ཡང་མ་ཡིན་ཏེ། དེ་དག་གང་ཡིན་ཀྱང་ཁ་ཕྱོགས་ཆེ་དྲགས་ནས་མཐའ་མི་རྫོགས་པས་སོ། ། དེ་ནི་མིང་སྤྱིའི་ཚོགས་པ་ལ་འཕྲེད་གཞུང་གི་ངོས་ནས་བཅད་པའི་ཡན་ལག་གི་ཚོགས་པ་ཧ་ཅང་མང་པོ་ཞིག་འགྲུབ་རྒྱུ་ཡོད་པའི་གྲས་ནས་སྐད་ཆའི་ལག་ལེན་བརྡ་སྤྲོད་ཤེས་བྱ་ལ་འབྲེལ་བ་ཆེ་བའི་ཡན་ལག་གི་ཚོགས་པ་འགའ་རེ་བདམས་ཏེ་སྐབས་དོན་དུ་འཇོག་པ་ཡིན་ནོ། ། འཕྲེད་དང་གཞུང་གི་ངོས་ནས་བཅད་པའི་ཚོགས་པ་ནི། དུས་རིམ་མི་འདྲ་བར་གཏོགས་པའི་མིང་གི་ཚོགས་པ་མང་པོ་ལ་གཞུང་དུ་བཅད་པའི་མིང་གི་ཚོགས་པ་ཟེར་ལ། བར་སྣང་མ་འདྲ་བར་གཏོགས་པའི་མིང་གི་ཚོགས་པ་དེ་ལ་འཕྲེད་དུ་བཅད་པའི་མིང་གི་ཚོགས་པ་ཟེར་བ་ཡིན། དུས་མ་འདྲ་བར་གཏོགས་པའི་མིང་གི་ཚོགས་པ་དཔེར་ན། བརྡ་རྙིང་དང་བརྡ་གསར་ལྟ་བུ། བརྡ་རྙིང་གི་མིང་གིས་བརྡ་རྙིང་གི་ཚོགས་པ་གྲུབ་ཡོད་ལ། བརྡ་གསར་གྱི་མིང་གིས་བརྡ་གསར་གྱི་ཚོགས་པ་ཞིག་གྲུབ་ཡོད་པ་ཡིན། བར་སྣང་མ་འདྲ་བར་གཏོགས་པའི་མིང་གི་ཚོགས་པ་ནི་དཔེར་ན། མཚན་ཉིད་རིག་པའི་བརྡ་ཆད་དང་། དངོས་ལུགས་རིག་པའི་བརྡ་ཆད་ལྟ་བུའམ། ཁ་སྐད་ཀྱི་མིང་བརྡ་དང་ཡིག་སྐད་ཀྱི་མིང་བརྡ་ལྟ་བུ་སོགས་ཏེ། དེ་དང་དེ་ལ་སོགས་པའི་བརྡ་ཆད་དམ་མིང་བརྡའི་སྐོར་ཚན་རེ་རེ་ནས་མིང་གི་ཚོགས་པ་རེ་རེ་འགྲུབ་པ་བཞིན་ནོ། །


དབྱེ་བ།[རྩོམ་སྒྲིག]

མིང་གི་ཚོགས་ལ་གཏན་ཚིགས་མ་འདྲ་བའི་ཕྱོགས་ནས་དབྱེ་ཚུལ་མང་དུ་ཡོང་བ་ཡོད་ཀྱང་། སྲོལ་རྒྱུན་སྐད་བརྡ་རིག་པའི་རིག་ལམ་ལྟར་ན། མིང་ཚོགས་འཕེལ་ཞིང་འགྲུབ་པའི་བརྒྱུད་རིམ་ཁྲོད་དུ་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་སྟངས་ཕྱོགས་ནས་མིང་ངོ་ཅོག་ལ་དབྱེ་ཚུལ་རིགས་འགའ་ཡོད་དེ།

(1) རྩ་བའི་མིང་གི་ཚོགས་པ།

རྩ་བའི་མིང་གི་ཚོགས་པ་ནི་རྩ་བའི་མིང་གི་ངོ་བོ་འཛིན་པའི་མིང་མང་པོའི་གྲུབ་པའི་རང་རིགས་ཀྱི་ཚོགས་པ་ཡིན་ལ། དེ་ཡང་རྩ་བའི་མིང་ཞེས་བྱ་བ་ནི་རང་བྱུང་ཁམས་དང་མིའི་བསམ་སྤྱོད་དང་སྤྱི་ཚོགས་སོགས་ཀྱི་སྣང་ཚུལ་སྣ་ཚོགས་ལས་ཆེས་རྩ་བའི་མཚོན་བྱ་མཚོན་བྱེད་དུ་གྱུར་བའི་མིང་སྟེ། དེ་ཡང་རང་ཉིད་ཕྱོགས་གཅིག་ནས་སྐད་ཆའི་ཁྲོལ་ནས་བཀོལ་གྲངས་མང་ཞིང་ཕྱོགས་གཉིས་ནས་རང་ཉིད་རྗེས་གྲུབ་ཀྱི་མིང་མང་པོ་འགྲུབ་པའི་རྒྱུ་བྱེད་པ་མ་ཟད། རང་ཉིད་སྐད་ཆའི་ཁྲོད་དུ་མིང་གི་ཚོགས་འགྲུབ་པའི་གཞི་རྩ་རུ་གྱུར་བའི་རྒྱུ་ཡི་ནུས་པ་ཅན་ཡང་ཡིན་པས། མིང་དེ་རིགས་ལ་རྩ་བའི་མིང་ཞེས་པའི་བརྡ་ཆད་བཞག་པ་ཡིན་ལ། སྲོལ་རྒྱུན་སྐད་བརྡ་རིག་པས་རྩ་བའི་མིང་ནི་ཁྱད་ཆོས་གསུམ་ལྡན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ཏེ། དེ་གསུམ་ནི་ཡུན་བརྟན་པའི་རང་བཞིན་དང་། འཕེལ་བའི་རང་བཞིན་ཅན། དམངས་སྤྱིའི་རང་བཞིན་ཅན་བཅས་ཡིན། དེ་ཡང་རྩ་བའི་མིང་ལ་མཚོན་ན། རང་ཉིད་སྐད་ཆའི་ཁྲོད་དུ་གནས་ཡུན་རིང་བོ་ཅན་ཡིན་ལ། རང་ཉིད་རྗེས་གྲུབ་བམ་བཏགས་མིང་གཞན་འགྲུབ་བྱེད་ཀྱི་རྒྱུ་རུ་འགྲོ་བ་ཡིན་པས་རང་ཉིད་ལ་སྐྱེ་འཕེལ་གྱི་རང་བཞིན་ཡོད་པ་མ་ཟད། རང་ཉིད་བེད་སྤྱོད་མཁན་ནི་ལོ་ཚོད་དང་ལས་རིགས་མི་འདྲ་བའི་མིའི་ཚོགས་སྡེ་ལ་འབྲེལ་བ་མེད་པར་མི་ཀུན་གྱིས་བཀོལ་བའི་རང་བཞིན་ཡིན་ཏེ། དཔེར་ན་ས། ཆུ། མི། ཟས། འགྲོ། ཤེས། གཅིག དཀར་པོ། སེམས་ཅན་ཞེས་པ་སོགས་འདོད་རྒྱལ་གྱི་མིང་མང་ཆེ་བ་དང་རྗེས་གྲུབ་གྱི་མིང་ཉུང་ཤོས་ཤིག་ལ་རྩ་བའི་མིང་གི་ཁྱད་ཆོས་ཡོད་ལ། ཁྱད་ཆོས་གསུམ་ལྡན་དུ་མི་གཏོགས་པའི་མིང་ནི་རྩ་བའི་མིང་ལ་འཇོག་པ་མ་ཡིན་ནོ། ། རྩ་བའི་མིང་གི་ཚོགས་སུ་འགྲོ་བའི་རྩ་བའི་མིང་ལ་དཔེར་ན། ས། གནམ། ཆུ། མེ། རླུང་། གློག རི། རྡོ། འོད། མཚོ་ལྟ་བུ་སོགས་རང་བྱུང་དངོས་པོའི་མིང་དང་། རྩྭ། ཤིང་། གྲོ། ནས། སྔོ། རས། གྲུ། ཁང་པ།འཁོར་ལོ། རྟ། སྣུམ། བལ། ཤ་ལྟ་བུ་སོགས་འཚོ་བའི་ཡོ་བྱད་སྐོར་གྱི་མིང་དང་། མིག རྣ་བ། ལྕེ། ལག་པ། སོ། མགོ ཀླད་པ་སོགས་ནི་ལུས་ཀྱི་དབང་བོའི་སྐོར་གྱི་མིང་དང་། ཕ། མ། ཇོ། མེས་སོགས་ནི་གཉེན་གཏོགས་ཀྱི་མིང་དང་། འགྲོ མཆོང་། འཁོར། བཞུར། བསམ། འཐུང་། ཡོང་། དྲན། དགའ་སོགས་བྱ་བའི་མིང་དང་། ཆེ། ཆུང་། རིང་། ཐུང་། སྦོམ། མཐོ། དམར། མངར། བཟང་སོགས་ནི་ཁྱད་ཆོས་བརྗོད་པའི་མིང་དང་། ང་། ཁྱོད། ཁོ། སུ། གང་། འདི། དེ་སོགས་ནི་ཚབ་བརྗོད་ཀྱི་མིང་དང་། དོ། འདོམ། རྐང་། རྒྱ་མ། སོར་། གཅིག གསུམ། ཕྱེད། བརྒྱ་སོགས་ནི་ཚད་དང་གྲངས་ཀྱི་མིང་དང་། ཤར། ཡར། ནང་། གོང་། སྨད། གཡས་ཞེས་པ་ལྟ་བུའི་ཕྱོགས་དང་བར་སྣང་མིང་སོགས་གཞི་མིང་གཅིག་གིས་གྲུབ་པའི་མིང་དང་། འཇི་རྟེན། རིག་གནས། ཆབ་སྲིད། མི་རིགས། རྒྱལ་ཁབ། དཔལ་འབྱོར། ཚན་རིག ཆོས་ལུགས། ངལ་རྩོལ་ཞེས་པ་སོགས་གཞི་མིང་འདུས་པ་ཅན་གྱི་རྩ་བའི་མིང་སྟེ། རང་ཉིད་ཐད་ཀ་ནས་ཐོན་གྲངས་མང་ཞིང་། བཏགས་མིང་རྗེས་གྲུབ་ཀྱི་མིང་འགྲུབ་བྱེད་ཀྱི་རྒྱུ་རུ་འགྲོ་བའི་རྩ་བའི་མིང་དེ་རིགས་ལ་གནས་ཡུན་རིང་ཞིང་འཕེལ་ནུས་ཡོད་པ་དང་། སྤྱོད་ཁོངས་ཡངས་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་ནི་རང་ཉིད་ཕལ་བའི་མིང་དང་མི་འདྲ་སའི་ཆ་ཡིན་པ་སོགས་སོ། །

(2) ཕལ་བའི་མིང་གི་ཚོགས།

རྩ་བའི་མིང་མང་ཆེ་བ་ནི་འདོད་རྒྱལ་གྱི་མིང་ཡིན་ལ། མིང་དེ་རིགས་ཀྱིས་རྗེས་གྲུབ་མིང་འགྲུབ་ཅིང་རྗེས་གྲུབ་ཀྱི་མིང་མང་ཆེ་བ་ཕལ་བའི་མིང་ཡིན། དཔེར་ན། ས། ཆུ། གནམ། གློག མེ་ལྟ་བུ་སོགས་ཀྱིས་ས་ཁང་དང་། ས་གདན། གནམ་གཤིས། གནམ་རིག ཉི་འཛིན། ཉི་ཟེར། ཉི་གློག མེ་མདའ། མེ་འཁོར་ཞེས་པ་ལྟར་རྗེས་གྲུབ་ཀྱི་མིང་དུ་གྲུབ་པ་རྣམས་མིང་རེ་རེ་ནས་རང་ཉིད་ཕལ་བའི་མིང་ཡིན་པ་མ་ཟད། མིང་དེ་རིགས་ཀྱང་རིག་གཞུང་ངམ་རིག་གནས་ཀྱི་ཁམས་ཚན་སོ་སོར་གཏོགས་ལ་ཁམས་ཚན་སོ་སོ་བའི་མིང་ཚོགས་རེ་རེ་དེ་གྲུབ་རྒྱུ་གཙོ་བོ་རྩ་བའི་མིང་ལ་བརྟེན་ནས་བྱུང་བས་སམ། ཁམས་ཚན་སོ་སོ་བའི་མིང་གི་སྐོར་ཚན་དེ་རིགས་རང་ཉིད་མིང་སྤྱིའི་ཚོགས་པའི་ཁོངས་སུ་རྩ་བའི་མིང་གི་གྲུབ་སྡེ་ལྟ་བུར་མ་ངེས་པ་དང་། རང་ཉིད་བེད་སྤྱོད་ཁོངས་དང་སྤྱོད་མཁན་དང་གནས་ཡུན་སོགས་ཚད་བཀག་ཡོད་པའི་རིག་ཚན་ཞིག་ལ་གཏོགས་པ་དེ་རིགས་ནི་ཕལ་བའི་མིང་གི་ཚོགས་ཀྱི་རིགས་སམ་བྱེ་བྲག་ལ་འཇོག་པ་ཡིན་ཏེ། དེ་ལ་བརྡ་རྙིང་དང་། མིང་གསར། གཡར་མིང་། ཡུལ་སྐད་མིང་། ཆེད་གཉེར་བརྡ་ཆད་སོགས་ཀྱི་མིང་གི་རིགས་དག་འདུ་བ་ཡིན་ནོ། །

(3) རྩ་བའི་མིང་གི་ཚོགས་དང་ཕལ་བའི་མིང་གི་ཚོགས་ཀྱི་འབྲེལ་བ།

དེ་དག་གི་འབྲེལ་བ་སྟེ། རྩ་བའི་མིང་དང་ཕལ་བའི་ནི་ཕན་ཚུན་ལྟོས་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ། རྩ་བའི་མིང་ལ་བརྟེན་ནས་གྲུབ་པའི་བཏགས་མིང་ངམ་རྗེས་གྲུབ་ཀྱི་མིང་དུ་གྲུབ་པ་དག་གི་ཕལ་བའི་མིང་དུ་གཏོགས། དེའི་ཐད་ནས་རྩ་བའི་མིང་དང་ཕལ་བའི་མིང་གི་བར་ལ་རྒྱུ་དང་འབྲས་བུ་ལྟ་བུའི་འབྲེལ་བ་ཞིག་གྲུབ་ཡོད་ལ། དེ་བཞིན་དུ་མིང་སྤྱི་ཡི་ཚོགས་པ་དང་ཕལ་བའི་མིང་གི་ཚོགས་ཀྱི་འབྲེལ་བ་ནི་སྤྱི་ཁོག་དང་དེའི་གྲུབ་ཆའི་བར་གྱི་འབྲེལ་བ་ལྟ་བུ་ཞིག་ཡིན་ཏེ། དཔེར་ན། བརྡ་རྙིང་། མིང་གསར། གཡར་མིང་། ཡུལ་སྐད་ཀྱི་མིང་། ཆེད་གཉེར་བརྡ་ཆད། སོགས་དུས་དང་བར་སྣང་གི་ཁོངས་ནས་ཚོགས་སྡེའམ་སྐོར་ཚན་དུ་དགར་བ་སྣ་ཚོགས་པ་དེ་ནི་ཕལ་བའི་མིང་གི་ཚོགས་ཡིན་ལ། དེ་དག་མང་པོས་སྤྱིའི་ཚོགས་པ་གྲུབ་པ་ཡིན་ནོ། ། ཡང་གནས་སྐབས་གཅིག་ལ་ལྟོས་པའི་ཕལ་བའི་མིང་དང་རྩ་བའི་མིང་འགལ་བ་ཡིན་ཡང་། མིང་གང་ཞིག་ཕལ་བའི་མིང་ལ་འཇུག་རྒྱུ་ཡོད་ན་རྩ་བའི་མིང་ལ་འཇུག་རྒྱུ་མེད་པས་མ་ཁྱབ་སྟེ། དཔེར་ན། ཤིན་ཏུ། རིག་གསར། ས་ཁམས་ཞེས་པ་དེ་དག་རང་ཉིད་འགྲུབ་བྱེད་ཀྱི་རྩ་བའི་མིང་ལ་ལྟོས་ན་རང་ཉིད་ཕལ་བའི་མིང་ཡིན་ཡང་། ཤིན་ཏུ་ནས། རིགས་གསར་ལས་འགུལ། ས་ཁམས་རིག་པ། ས་ཁམས་འཁྲུག་བཅོས་ཞེས་པ་ལྟ་བུའི་ཕལ་བའི་མིང་གི་ཁམས་ན། ཤིན་ཏུ། རིག་གསར། ས་ཁམས་ཞེས་པ་སོགས་ནི་རྩ་བའི་མིང་གི་གོ་ས་ན་གནས་ཡོད་པ་བཞིན་དུ། གྲུབ་རིམ་གཉིས་པའི་ནང་དུ་རྩ་བའི་མིང་ཡིན་ན་རང་ཉིད་དེའི་སྔ་ལོགས་སུ་ཕལ་བའི་མིང་དུ་གྲུབ་པའི་བརྒྱུད་རིམ་ཡོད་པ་སོགས་རྟོགས་པར་བྱའོ། །

མིང་ཚོགས་ལ་གཞུང་དུ་བཅད་པའི་ཚོགས་པ།[རྩོམ་སྒྲིག]

ཕལ་བའི་མིང་གི་ཚོགས་བྱེ་བྲག་བཤད་པ་ལ་དུས་དང་བར་སྣང་གཉིས་ཀྱི་ཕྱོགས་ནས་ཚོགས་སུ་དབྱེ་རྒྱུ་ཡོད་ལ། མིང་གི་ཚོགས་དེ་དུས་སམ་གཞུང་རྒྱུད་གཅིག་ཏུ་ཡོད་པ་དེ་དུམ་བུ་རུ་བཅད་དབྱེ་བྱས་ན་བརྡ་རྙིང་གི་ཚོགས་དང་བརྡ་གསར་གྱི་ཚོགས་སོགས་དབྱེ་རྒྱུ་ཡོད་དེ།

(1) བརྡ་རྙིང་།

བརྡ་རྙིང་ལ་ཡང་རིགས་དབྱེ་ན་དོན་བསྐལ་བུ་སོང་བའི་མིང་བརྡ་རྙིང་དང་། སྐད་སྒྲ་ལ་འཕོ་འགྱུར་བྱུང་ནས་འགྱུར་བྱ་བརྡ་རྙིང་དུ་སོང་བ། མིང་ཚབ་གསར་བ་བྱུང་ནས་འཚབ་བྱ་བརྡ་རྙིང་དུ་སོང་བ་ཡོད།

(2) བརྡ་གསར།

བརྡ་གསར་རམ་མིང་གསར་ནི་དུས་ཀྱི་བརྒྱུད་རིམ་དུ་སྔ་ཕྱི་ལྟོས་བཅས་སུ་སོང་བའི་ཕྱི་དུས་སུ་བྱུང་བའི་མིང་གི་རིགས་ཏེ། མིང་གསར་འབྱུང་བའི་རྒྱུ་གཙོ་བོ་ནི་བརྡ་རྙིང་གི་སྐབས་སུ་ཞོར་བསྟན་བྱུང་བ་བཞིན། དངོས་པོ་གསར་བ་བྱུང་བ་དང་། སྔར་ཡོད་ཀྱི་དོན་དངོས་ལ་མིང་རྙིང་བ་ཡོད་པར་མིང་ཚབ་གསར་བ་སྤྱོད་པ་དང་། སྔར་ཡོད་ཀྱི་མིང་གི་སྒྲའི་རྣམ་པ་འགྱུར་ལྡོག་བྱུང་སོགས་ཡིན་ཏེ། དེ་ལ་དོན་ནམ་དངོས་པོ་སྔར་མེད་གསར་དུ་བྱུང་བ་ལ་བཏགས་པའི་བརྡ་གསར་དང་། སྔར་ཡོད་ཀྱི་དངོས་དོན་ལ་མིང་ཡོད་བཞིན་དུ་མི་ངཚབ་གསར་བ་བཀོལ་བའི་བརྡ་གསར་གཉིས་ཡོད་དོ། །

མིང་ཚོགས་ལ་འཕྲེད་ངོས་སུ་བཅད་པའི་ཚོགས་པ།[རྩོམ་སྒྲིག]

ཡན་ལག་གི་མིང་ལ་བར་སྣང་གི་གྱེས་ངོས་སམ་འཕྲེད་ངོས་སུ་ནང་ཕན་ཚུན་ལྟོས་བཅས་ཀྱིས་རིགས་སུ་དགར་བའི་ཚོགས་པ་མང་པོ་གྲུབ་ཡོད། དེ་ཡང་དཔེར་ན་གཡར་མིང་གི་ཚོགས་དང་མ་སྐད་ནང་གི་མིང་གི་ཚོགས། ཡུལ་སྐད་རང་བཞིན་གྱི་མིང་གི་ཚོགས་དང་སྤྱི་སྐད་རང་བཞིན་གྱི་མིང་གི་ཚོགས། ཁ་སྐད་རང་བཞིན་གྱི་མིང་གི་ཚོགས་དང་ཡིག་གི་སྐད་རང་བཞིན་གྱི་མིང་གི་ཚོགས། ད་དུང་རིག་ཚན་སོ་སོ་ནང་ཕན་ཚུན་ལོགས་ཀར་བཅད་པའི་མིང་གི་ཚོགས། ལས་རིགས་ཁག་སོ་སོའི་ཆེད་བརྡ་ལོགས་ཀར་ཕྱེ་བའི་མིང་གི་ཚོགས་སོགས་མིང་གི་ཚོགས་སྡེ་མང་པོ་ཡོད།

(1) གཡར་མིང་།

གཡར་མིང་ནི་མ་སྐད་རང་ངོས་ནས་གཞིར་གྲུབ་པའི་མིང་དང་འབྱུང་ཁུངས་ཁ་གཏད་དུ་སོང་བའི་སྐད་རིགས་གཞན་ལས་གཡར་པའི་མིང་གི་རིགས་ཏེ། མིང་གང་དེ་དག་ཕྱི་སྐད་ནས་བླངས་ཕྱིར་མིང་དེ་དག་ལ་ཕྱི་སྐད་ཀྱི་ཤན་ཞུགས་སྟངས་མ་འདྲ་བའི་རིགས་འགའ་ཡོད།

(2) ཡུལ་བརྡ།

ཡུལ་བརྡ་ཞེས་པ་ནི་ཡུལ་སྐད་རང་བཞིན་གྱི་མིང་སྟེ། དེ་ནི་སྤྱི་སྐད་རང་བཞིན་གྱི་མིང་དང་ཕན་ཚུན་ལྟོས་བཅས་ཀྱིས་རིགས་སུ་དགར་བ་ཞིག་ཡིན།

(3) བརྡ་ཆད།

བརྡ་ཆད་ཅེས་པའི་རིགས་ནི་རིག་གནས་སྐོར་ཚན་ངེས་ཅན་ལ་ཆེད་སྤྱོད་དུ་བཀོལ་བའི་ཆེད་གཉེར་གྱི་རང་བཞིན་ཅན་གྱི་མིང་གི་རིགས་སོ། ། བརྡ་ཆད་ཀྱི་སྐབས་འདིར་བརྡ་ཆད་དག་གི་དོན་གྱི་རང་བཞིན་དང་བརྡ་ཆད་ཀྱི་ཁྱད་ཆོས་ངོས་ཟིན་དགོས་པ་ཡིན་ནོ། །

དབྱེ་བ་ཕྱེ་བའི་དགོས་པ།[རྩོམ་སྒྲིག]

དེ་ནི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་དུ་མིང་ལ་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་ཞེས་དབྱེ་སྲོལ་ཡོད་པ་དང་ཧ་ལམ་རིག་པ་ཕྱོགས་མཚུངས་ཡིན། དེ་ཡང་མིང་གི་ཚོགས་ཇི་ལྟར་འགྲུབ་པའམ་འཕེལ་རྒྱས་འགྲོ་བ་ཧ་གོ་རྒྱུ་ནི་མིང་ཚོགས་སྦྱོང་བའི་དགོས་པ་ཡིན་ལ། དེ་ངོས་ཟིན་པ་ལ་མིང་གི་ཚོགས་ནང་ལོགས་ཀྱི་རྒྱུ་འབྲས་གནས་ལུགས་དང་། རྟེན་འབྲེལ་རང་བཞིན་སོགས་ཤེས་དགོས་པ་ཡིན་ན། ཚུལ་དེ་དག་ཤེས་པ་ལ་མིང་གི་ཚོགས་དག་ནང་ཕན་ཚུན་དུ་རྒྱུ་དང་འབྲས་བུའི་འབྲེལ་བ་ཅན་ཡིན་པ་དང་། མིང་གི་ཚོགས་དག་ནང་ཕན་ཚུན་དུ་འགལ་བ་ཡིན་པ། དེ་བཞིན་མིང་གི་ཚོགས་དག་ནང་ཕན་ཚུན་དུ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཅན་ཡང་ཡིན་པ་སོགས་ངེས་དགོས་པས་ན། དོག་དུ་རྩ་བའི་མིང་གི་ཚོགས་པ་དང་། ཕལ་བའི་མིང་གི་ཚོགས་པའི་དབྱེ་སྒོ་དེ་དག་བྱུང་བ་ཡིན་ནོ། །