མི་རྟག་དྲན་བསྐུལ་མ།

ཡོང་ཁུངས་Wikipedia
Jump to navigation Jump to search

༄༅། །རང་གཞན་ཡོངས་ལ་མི་རྟག་དྲན་བསྐུལ་སྙིང་གི་ཐུར་མ་ཞེས་བྱ་བ་བཞུགས་སོ། །
༄༅།། ཀྱེ་མ་ཀྱེ་ཧུད་དྲིན་ཅན་གྱི་བླ་མ། །ཉམ་ཐག་བདག་གི་སྤྱོད་ཚུལ་ལ་གཟིགས་དང་། །ཚེ་གང་རང་མགོ་རང་ཉིད་ཀྱིས་བསྐོར་བའི། །སྙིང་མེད་བདག་ལ་ཐུགས་རྗེ་ཡིས་གཟིགས་མཛོད། །རང་གིས་རང་ལ་གྲོས་འདེབས་ཀྱི་སྙིང་གཏམ། །སྙིང་གི་ཐུར་མ་སྙིང་དབུས་སུ་ཆོངས་དང་། །མ་ཡེང་མ་ཡེང་རང་ཉིད་ཀྱི་ངང་ཚུལ། །མནོ་བསམ་སྙིང་གི་ཐིག་ལེ་ནས་བསྐོར་དང་། །ཐོགས་མེད་འཁོར་བ་མཐའ་མེད་ཀྱི་སྔོན་ནས། །ད་བར་གྲངས་མེད་སྐྱེ་བ་ཡི་འཁོར་ལོ། །སྐྱིད་སྡུག་སྣ་ཚོགས་དེ་ཙམ་ཞིག་མྱོང་ཡང་། །རང་ལ་ཕན་པ་ཅུང་ཟད་ཀྱང་མ་འགྲུབ། །ད་རེས་རྙེད་དཀའི་དལ་འབྱོར་ཞིག་ཐོབ་ཀྱང་། །སྔོན་ཆད་དོན་མེད་སྟོང་ཟད་དུ་ཤོར་ཟིན། །ད་ནི་རང་གིས་རང་ཉིད་ལ་བརྩེ་ན། །རྒོད་འདོགས་སྤྱང་འདོགས་གྲུང་འདོགས་ཀྱི་གླེན་པ། །འདི་སྣང་བྱིས་པའི་རྩེད་མོ་ལ་ཞེན་བཞིན། །གློ་བུར་འཇིགས་རུང་འཆི་བདག་གིས་ནོན་ནས། །ཡིད་ཆད་སྲན་ཐབས་མེད་པ་ཞིག་འོང་ངོ་། །ཕར་ཙམ་མི་འཆི་མི་འཆི་རང་སྙམ་ནས། །ཚེ་འདིའི་བྱ་གཞག་ཟིན་མེད་ལ་གཡེང་བཞིན། །གློ་བུར་འཇིགས་རུང་འཆི་བདག་ཁོ་སླེབས་ནས། །ད་ལྟ་འཆི་རན་ཟེར་བ་ཞིག་འོང་ངོ་། །སང་དང་སང་ཞེས་གྲབས་གཤོམ་ལ་བརྩོན་ཀྱང་། །ད་ལྟ་གློ་བུར་འགྲོ་དགོས་ཤིག་འོང་ངོ་། །ལས་འཕྲོ་ཟ་འཕྲོ་འཐུང་འཕྲོ་ཀུན་ཛར་རེར། །དབང་མེད་བཞག་ནས་འགྲོ་དགོས་ཤིག་འོང་ངོ་། །བཏིང་ནས་ཉལ་རྒྱུ་དེ་རིང་ལས་མེད་པའི། །སྟན་གྱི་མཐའ་མར་སྡོང་རྒན་ལྟར་འགྱེལ་ནས། །འགྲེ་ལྡོག་མ་ནུས་ནོམ་ནོམ་གྱི་ལག་པས། །གོས་དང་གྲོགས་ལ་འཐེན་པ་ཞིག་འོང་ངོ་། །དེ་རིང་ཙམ་ལས་གྱོན་དབང་དང་བྲལ་བའི། །གོས་ཀྱི་མཐའ་མས་ཕྱི་ནང་ཀུན་བཏུམས་ཀྱང་། །ས་རྡོ་བཞིན་དུ་ཇེ་རེངས་སུ་གྱུར་པས། །རང་རོའི་ཐོག་མ་མཐོང་དུས་ཤིག་འོང་ངོ་། །གཏམ་གྱི་མཐའ་མ་ཁ་ཆེམས་དང་སྡུག་སྨྲས། །ཉམ་ཐག་བཞིན་དུ་ཨུ་ཚུགས་ཀྱིས་སྨྲས་ཀྱང་། །ལྕེ་དབང་སྐམ་པས་གོ་བརྡ་ཙམ་མི་འཕྲོད། །ཡིད་ཆད་དྲག་པོས་ནོན་དུས་ཤིག་འོང་ངོ་། །ཟས་ཀྱི་མཐའ་མ་དམ་རྫས་དང་རིང་བསྲེལ། །ཆུ་རྒྱུན་དང་བཅས་ཁ་ནང་དུ་བླུགས་ཀྱང་། །ཧུབ་གཅིག་མིད་པའི་ནུས་པ་ཡང་མེད་པས། །རོ་ཡི་ཁ་ནང་ལུད་པ་ཞིག་འོང་ངོ་། །སྙིང་ཉེ་སྙིང་གྲོགས་སྙིང་གཅུགས་ཀྱི་གཉེན་འཁོར། །བརྩེ་བཞིན་གདུང་བཞིན་མཐའ་འཁོར་དུ་བསྐོར་ཀྱང་། །འགྲོགས་པའི་མཐའ་མ་ངུ་བཞིན་དང་འཕྲེང་བཞིན། །ད་ལྟ་གཏན་བྲལ་བྱ་དགོས་ཤིག་འོང་ངོ་། །འཇིགས་རུང་འཁྲུལ་སྣང་རྦ་ཀློང་དུ་འཁྲུགས་ཤིང་། །གནད་གཅོད་དྲག་པོ་བཟོད་དཀའ་ཡིས་ནོན་ཀྱང་། །ཅི་ཡང་བྱར་མེད་ཉམ་ཐག་གི་ངང་ནས། །ཚེ་འདིའི་སྣང་བ་ནུབ་པ་ཞིག་འོང་ངོ་། །ཤིན་ཏུ་གལ་ཆེ་དགེ་སེམས་ཀྱི་གསལ་འདེབས། །བླ་མ་མཆེད་གྲོགས་བཟོད་མེད་ཀྱི་སྙིང་རྗེས། །རྣ་ཁུང་གསལ་འདེབས་བརྩེ་སེམས་ཀྱིས་མཛད་ཀྱང་། །ཡིད་ཆད་སྣོན་མ་འགྱུར་དུས་ཤིག་འོང་ངོ་། །མགྲིན་པ་གྲེ་སོག་སོར་སོར་གྱི་སྒྲ་བཅས། །དབུགས་ཀྱི་རྒྱུ་བ་ཇེ་བྲེལ་དུ་བརྩེགས་ནས། །པི་ཝང་རྒྱུད་ཐག་ཆད་པ་བཞིན་ཆད་དེ། །ཚེ་འདིའི་མཐའ་མ་རྫོགས་པ་ཞིག་འོང་ངོ་། །གཅེས་ཤིང་ཕངས་པའི་ཡིད་འོང་གི་ལུས་འདི། །རོ་ཞེས་སྐྱུག་བྲོ་རུལ་མྱགས་ཤིག་འོང་ངོ་། །མལ་སྟན་རྩུབ་ཙམ་མི་བཟོད་པའི་ལུས་འདི། །དུར་སྟེང་སྒྲེན་མོར་འཇོག་དུས་ཤིག་འོང་ངོ་། །ཚེར་མ་ཙམ་ཡང་མི་བཟོད་པའི་ལུས་འདི། །དུམ་བུར་ཤ་བཞུར་རྒྱག་དུས་ཤིག་འོང་ངོ་། །ལྗི་ཤིག་ཙམ་ཡང་མི་བཟོད་པའི་ལུས་འདི། །བྱ་ཁྱིས་ལྷག་མེད་ཟ་དུས་ཤིག་འོང་ངོ་། །སྤུར་དང་སྤུར་ཞེས་བཟང་གོས་ཀྱིས་བཏུམས་ཀྱང་། །བསྲེག་ཁང་ནང་དུ་འཇོག་དུས་ཤིག་འོང་ངོ་། །སྤོས་མེ་ཙམ་ཡང་མི་བཟོད་པའི་ལུས་འདི། །མེ་སྤུངས་དབུས་སུ་བསྲེག་དགོས་ཤིག་འོང་ངོ་། །རབ་འབར་ཞུགས་ཀྱིས་ཤ་རུས་ཀུན་བསྲེགས་ནས། །རུས་ཐལ་ཙམ་ཡང་བསྡུ་དུས་ཤིག་འོང་ངོ་། །གོས་མཐུག་ཙམ་ཡང་མི་བཟོད་པའི་ལུས་འདི། །ས་དོང་དྭོགས་པོར་སྦ་དུས་ཤིག་འོང་ངོ་། །སྙན་པའི་མིང་གི་ཐོག་མ་དང་མཐའ་མར། །ཚེ་འདས་དེ་ཉིད་ཟེར་བ་ཞིག་འོང་ངོ་། །ཤ་ཚ་སྙིང་ཉེ་གཉེན་གྲོགས་དང་འཁོར་གཡོག །ངུ་ཅོ་ལྡིར་རེར་ཁེངས་དུས་ཤིག་འོང་ངོ་། །ཞྭ་གོས་རྒྱུ་ནོར་ཕྱོགས་བཞི་དང་མཚམས་བརྒྱད། །ལྷག་མེད་བགོ་བཤའ་བྱ་དུས་ཤིག་འོང་ངོ་། །རང་ཉིད་གཅིག་པུ་བར་དོ་ཡི་འཕྲང་དུ། །སྐྱོ་ཆད་ལིང་ངེར་སླེབས་དུས་ཤིག་འོང་ངོ་། །འབྱུང་བཞི་ལོག་པའི་འཇིགས་རུང་གི་དགྲ་བཞིན། །ཐོག་ཏུ་བབས་པའི་དངངས་སྐྲག་ཅིག་འོང་ངོ་། །རི་རལ་གད་པའི་འཐིབས་འོག་ཏུ་ཚུད་ཅིང་། །ས་ཆར་དྲག་པོས་ནོན་སྣང་དེ་ཅི་དྲག །རྒྱ་མཚོ་ཆེན་པོའི་འཇིང་ཀློང་དུ་ཚུད་ཅིང། །རྦ་ཚུབ་དྲག་པོས་འཁྱེར་སྣང་དེ་ཅི་དྲག །མེ་དཔུང་ཆེན་པོའི་ཚིག་སྒྲ་དང་ཏོག་སྒྲས། །སྙིང་དང་སྣང་བ་གས་སྙམ་དེ་ཅི་དྲག །བསྐལ་པའི་རླུང་ནག་འཚུབ་མ་ཡིས་འཐུམས་ཤིང་། །འཁྱེར་བའི་སྣང་ཚུལ་འཇིགས་རུང་དེ་ཅི་དྲག །ལས་ཀྱི་རླུང་དམར་དྲག་པོ་ཡིས་དེད་ཅིང་། །འཇིགས་རུང་མུན་པས་བསུ་དུས་དེ་ཅི་དྲག །གཤིན་རྗེ་ཕོ་ཉས་ཞགས་ཐག་གིས་བཅིངས་ནས། །སྐྱོ་ཆད་ལིང་ངེར་འཁྲིད་དུས་དེ་ཅི་དྲག །ལས་མཁན་ཨ་བ་གླང་མགོ་དང་སྡིག་མགོས། །སྡུག་སྦྱོང་གཏོང་བའི་དུས་སྐབས་སུ་ཅི་དྲག །འཆི་བདག་གཤིན་རྗེ་རྒྱལ་པོ་ཡི་དྲུང་དུ། །དཀར་ནག་དགེ་སྡིག་བརྩི་དུས་སུ་ཅི་དྲག། །མི་ཚེ་ཆགས་སྡང་གཡོ་སྒྱུ་ལ་བསྐྱལ་བའི། །རྫུན་རྐུབ་གཤིན་རྗེས་བརྟོལ་དུས་སུ་ཅི་དྲག །རང་བྱས་སྡིག་པའི་རྣམ་སྨིན་གྱི་ཆད་པ། །གཤིན་རྗེའི་ཁྲིམས་རྭར་གཏོང་དུས་དེ་ཅི་དྲག །དམྱལ་བའི་མེ་ནང་ལྕགས་བསྲེགས་ཀྱི་ས་གཞིར། །རང་ལུས་རྗེན་པར་འགྲེམ་དུས་དེ་ཅི་དྲག །མཚོན་ཆའི་ཆར་གྱིས་དུམ་བུ་རུ་བཅད་ཀྱང་། །འཆི་རྒྱུ་མེད་པའི་མྱོང་དགོས་དེ་ཅི་དྲག །ཁྲོ་ཆུར་ཤ་འཐོར་རུས་འཐོར་དུ་བཙོས་ཀྱང་། །ད་དུང་མི་འཆི་མྱོང་དགོས་དེ་ཅི་དྲག །ལུས་དང་མེ་གཉིས་དབྱེར་མེད་དུ་འབར་ཡང་། །ད་དུང་འཆི་རྒྱུ་མེད་པ་དེ་ཅི་དྲག །འཁྱགས་སྦུབ་བུ་ཡུག་དྲག་པོ་ཡིས་བཏབས་ཀྱང་། །བརྒྱ་སྟོང་ཁ་རུ་གས་དུས་དེ་ཅི་དྲག །བཀྲེས་སྐོམ་ཡི་དྭགས་གནས་ངན་དུ་ལྷུང་ནས། །ལྟོགས་གྲིར་ལོ་མང་སྡོད་དགོས་དེ་ཅི་དྲག །གླེན་ལྐུགས་བསྐལ་ངན་དུད་འགྲོ་རུ་གྱུར་ནས། །གསོན་པོར་གཅིག་གཅིག་ཟ་དུས་དེ་ཅི་དྲག །ཤིན་ཏུ་བཟོད་དཀའི་ངན་སོང་གི་སྡུག་བསྔལ། །རང་ཐོག་མངོན་སུམ་བབས་དུས་དེ་ཅི་དྲག །ད་ནི་མ་ཡེངས་ལ་འུར་དང་ལ་འུར། །སྙིང་དབུས་རུས་པ་ད་ལྟ་རང་བསྐྱེད་རན། །རན་པ་མ་ཟད་ཕྱི་གྲབས་རང་འདུག་པས། །ད་ལྟ་ད་ལྟ་ལ་འུར་དུ་འགྲིམས་ཤིག །ཕ་གཅིག་དྲིན་ཅན་བླ་མ་ཡི་ཞལ་གདམས། །བློ་བཟང་རྒྱལ་བའི་བཞེད་གཞུང་གི་སྙིང་པོ། །མདོ་སྔགས་ཡོངས་རྫོགས་ལམ་བཟང་གི་ཉམས་ལེན། །ཉམས་མྱོང་གཤའ་མ་རྒྱུད་ཐོག་ཏུ་འགེལ་རན། །རང་གཞན་དོན་གཉིས་གཏན་འདུན་གྱི་སྙིང་པོ། །ཉིན་རེ་གང་ལོན་ཅི་ལོན་གྱི་ཉམས་ལེན། །འཆི་བདག་གཤིན་རྗེ་དང་སུ་མགྱོགས་ཀྱི་ཚུལ་དུ། །བསྒྲུབ་ལ་སྒོ་གསུམ་ཆིག་བསྒྲིལ་དུ་འབུངས་ཤིག །ཅེས་པ་རང་གཞན་ཡོངས་ལ་མི་རྟག་དྲན་བསྐུལ་སྙིང་གི་ཐུར་མ་ཞེས་བྱ་བ་འདི་ཡང་གཅིག་ཏུ་བསྒྲུབ་ལ་གཞོལ་བའི་བྱ་བཏང་ངག་དབང་སྙན་གྲགས་ཀྱིས་སྔ་མོ་ནས་བསྐུལ་ཞིང་། མི་རྗེ་རྩེ་ཕྱག་སྤེལ་བཞི་བསོད་ནམས་ཀུན་དགའ་མཆོག་ནས་ཀྱང་བསྐུལ་མ་ནན་ཏན་དུ་མཛད་ཁར་ཉེ་ལམ་ངག་སྙན་པས་སླར་ཡང་བསྐུལ་བ་ལ་བརྟེན་ནས་ཕ་བོང་ཁའི་སྤྲུལ་མིང་པས་ཀོང་ཡུལ་འབྲུ་ལ་བཀྲ་ཤིས་བདེ་ཆེན་དགོན་དུ་སྦྱར་བ་འགྲོ་དོན་འཕེལ་བར་གྱུར་ཅིག །སླར་ཡང་གཞིས་རྩེ་མ་ཡོན་སྐུ་ཞབས་ངག་དབང་ཚེ་རིང་གིས་རྒྱུ་སྦྱོར་བཅས་བཀའ་སྦུག་བོད་ཡིག་མེ་ལོང་དཔར་ཁང་དུ་དཔར་བསྐྲུན་དགེ་བས་མི་རྟག་འཆི་བའི་དྲན་བསྐུལ་ཐོབ་པར་གྱུར་ཅིག། །། གཞན་མང་པོར་ཕན་སེམས་ཀྱི་འདུན་པས་ངག་བདེས་ཝི་ཁི་རིག་མཛོད་ནང་༢༠༡༡ ཟླ་༣ ཚེས་༢༨ མཚན་མོར་མགྱོགས་བྲིས་བྱས་སོ།།