མི་རིགས་རྒྱལ་ཁབ་

ཡོང་ཁུངས་Wikipedia

【མི་རིགས་རྒྱལ་ཁབ】(Nation State)ཀྱི་ངོས་ཚིག་འཇོག་སྟངས་ལ་མཁས་པ་མང་པོའི་བཞེད་སྲོལ་འདྲ་མིན་བདོག་ཀྱང་། དེ་ཉིད་ཆབ་སྲིད་མཚན་ཉིད་རིག་པའི་བརྡ་སྐད་ཅིག་ཡིན་ཙང་། དེ་ལུགས་ཀྱི་མཁས་པ་དག་གིས། བརྒྱ་ལོ19པའི་དུས་སུ་གསར་དུ་བྱུང་བར་ཞལ་བཞེས་གནང་བ་དེ་སྤྱི་འགྲོས་སུ་གྱུར་འདུག སྔོན་གྱི་མཁར་བཙན་རྒྱལ་ཁབ་མང་པོ་ཕྱོགས་སྒྲིལ་གྱིས། གོང་མའི་རྒྱལ་ཁམས་དང་བཙན་རྒྱལ་གྱི་གདགས་གཞི་གྲུབ་སྟེ། རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་ཚུགས། འཇར་མན་དང་། ཨེ་ཐ་ལི། ཧྥ་རན་སི་བཅས་སུ་འཕྱུར་པའི། བརྒྱ་ལོ19པའི་སྐབས་ཀྱི་མི་རིགས་རིང་ལུགས་ཀྱི་འོས་ལངས་དེས། རྒྱལ་རྒྱུད་རིང་ལུགས་ཀྱི་དབང་ཚད་སྙོམ་འཛིན་བྱེད་པའི་ཁྲིམས་ཀྱི་དབང་སྒྱུར་དགོས་པའི་སྐད་འབོད་དང་། རྩོམ་དེབ་འགྲེམ་སྤེལ་བགྱིས། དེ་མཚུངས་སུ་ཡོ་རོབ་རྒྱལ་ཁབ་འདྲ་མིན་དུ་བྱེས་འབྱོར་མི་གྲངས་ཇེ་མང་ཕྱིན་པ་དང་། དེ་དག་གནས་དེ་རུ་གཏན་སྡོད་བྱས་བརྟེན། རྒྱལ་ཁབ་དེ་རུ་སྐད་དང་ཡི་གེ་མི་གཅིག་པའི་མིའི་རིགས་མང་པོ་ཞིག་མཉམ་འདུས་བྱུང་འདུག ཁོང་ཅག་གི་ནུས་པ་གཅིག་ལ་སྤུངས་ཏེ་རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་འགོ་རྟིང་བསློགས་ནས། ཆབ་སྲིད་ལམ་ལུགས་ཁྲིམས་ཀྱིས་སྐྱོང་བའི་རྣམ་གཞག་བཟོས་ཤིང། ཁྲིམས་ཀྱི་མདུན་ནས། སྐད་དང་ཡི་གེ་མི་གཅིག་པའི་མིའི་རིགས་ཐམས་ཅད་འདྲ་མཉམ་ཡིན་དགོས་པའི་ལྟ་བ་བཏོན། ཡིན་ཀྱང་། ཁར་དབང་རང་བདག་སྨྲ་བའི་ལམ་ལུགས་འོག་པར་སྐྲུན་ཤུགས་ཚད་ཆེ་རུ་ཕྱིན་སྟེ། སྟོབས་འབྱོར་ཡོད་པའི་མཁས་པ་དག་གིས། མི་སེམས་གཡོ་བའི་བརྩམས་ཆོས་མོད་པོ་བརྩམས་ཤིང་། དེ་དག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བག་ལ་ཞ་བའི་སྐད་དང་ཡི་གེ་གཞན་དག མངོན་མེད་དང་ཉམས་གུད་ཕྱིན་ཏེ། གཙོ་རྒྱུགས་རང་བཞིན་གྱི་སྐད་ཡིག་དེའི་ཤན་སྟོབས་བླ་ནས་བླ་རུ་འཕགས། དེར་བརྟེན། མི་མང་པོ་ཞིག་སྐད་ཡིག་དེར་དུངས་པ་ཟབ་མོ་ཆགས་ཤིང་། དེ་འདྲའི་དུངས་པ་དེས་སྐད་ཡིག་དེ་བཀོལ་སྤྱོད་བྱེད་པའི་རིགས་ཀྱི་འདུ་ཤེས་སྲ་ཞིང་མཁྲེགས་སུ་བསྒྱུར་ཡོད། དེའི་ཕྱིར། མི་རིགས་ནི། སྐད་དང་ཡི་གེ་གང་ཞིག་བཀོལ་སྤྱོུད་བྱེད་པའི་ཆ་ནས་བཞག་པའི་འདུ་བྱེད་ཅིག་ཡིན་སྟབས། མི་རིགས་དེའི་རིགས་རྒྱུད་ཀྱང་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་པའི། མེས་པོ་གོང་མའི་ཤ་དང་ཁྲག་ལ་གཏུག་དགོས་པ་རེད།