Jump to content

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།

ཡོང་ཁུངས་Wikipedia

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་ཁམས་སྨད་ཁུལ་དུ་གྲགས་པའི་མཚན་སྙན་གྱི་བ་དན་སྲིད་ན་མཐོ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཡོད་པས་ཆ་ནས་མཚོ་ལྷོ་ཞེས་སུ་འབོད། ས་འདིར་གངས་རི་དང་། རྫ་རི། གཡའ་རི། སྤང་རི། ནགས་རི། བྱེ་ཐང་སོགས་ཀྱང་ཡོད་ལ། མུ་མཐའ་མེད་པའི་རྩྭ་ཐང་ཀུན་ཏུ་སྒོ་ཕྱུག་རྟ་ནོར་ལུག་གསུམ་ཅི་དགར་བག་གཡེང་དུ་བརྩེན། བརྗིད་ཀྱང་མཛེས་པའི་རི་ཀླུང་དང་། གཡུ་ལྟར་སྔོ་བའི་རྩྭ་ཐང་དུ་བོད་ཀྱི་གནའ་བོའི་དམག་གུར་ཏེ་སྦྲ་ནག་གི་རྔམས་ཁ་ཤིན་ཏུ་མཐུག་ལ་མཚོན་མདོག་འདྲ་མིན་ལས་གྲུབ་པའི་རུ་དར་སྣ་ཚོགས་མཚོ་མོའི་རླབས་སྒྲ་དང་འགྲོགས་ནས་དུས་གཏན་དུ་འཇགས་མྱོང་མེད། བློན་པོ་གསེར་ཆེན་ཏེ་མགར་སྟོང་བཙན་ཡུལ་བཟུང་གི་གནས་རི་དང་། ཨ་མྱེས་ཧྲིན་པོ། ཨ་མྱེས་བྲག་དཀར། དེ་བཞིན་རྨ་སྔོན་མོའི་ནང་ལུང་དུ་གནས་པའི་མང་སྟོད་ཀྱི་མཐོན་པོ་བཅུ་གསུམ། མང་སྨད་ཀྱི་བློན་པོ་བཅུ་གསུམ། ཁེ་རབས་ཧག་ཆེན། ཁུ་ལུང་གཡག་རྙིང་། བཅུད་པར་རྫ་རྒན། ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ། གྱ་ཚང་དཔའ་བོ་དགྲ་འཇོམས། ཁྱ་སྡང་བཀྲ་ཤིས་དཔལ་འབར། བ་ཡན་གྲུ་གུ་ཁྲ་ལོག སྒེའུ་ལྷ་མོ་སྤུན་གསུམ། གླང་ཚང་ཁྲ་མོ་སྤུན་གསུམ། སྒྱེད་ཀྱི་ཐོག་ལྷ་སྤུན་གསུམ། སྟོད་ཀྱི་བྱ་འདར་རྒོད་རྩེ། འབའ་ཡི་མཚོ་མོ་ནུ་རྩེ་སོགས་ཡབ་མེས་ཀྱི་སྐྱེ་ལྷ་གཉན་པོ་དག་ཚར་དུ་དངར་ལ། རང་བྱུང་གི་ཐོན་ཁུངས་ནི་རྣམ་ཐོས་སྲས་ཀྱི་མཛོད་ལ་འགྲན།། སྐྱེ་བོ་ཐམས་ཅད་དཔའ་ཞིང་བརྟན་པ་དང་བློ་གྲོས་ཆེ་ལ་བརྩོན་འགྲུས་དག་དང་ལྡན་པར་བཤད། ཡ་རབས་དཀྱེལ་ཆེ་ཡི་ཀུན་སློང་རྣལ་མ་ཞིག་གིས་ས་ཕྱོགས་འདི་གོ་ལོ་རབས་ཕྲེང་བར་ཟླ་མེད་ཀྱི་ཞིང་ཁམས་ཤིག་ཏུ་བཞེངས་སྐྲུན་བྱས་ཡོད།

མཚོ་ལྷོ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་བྱང་གི་གྲུ་ན་ཡོད་ཅིང་།སའི་ཐིག་ཚད་ལྟར་ན་བྱང་གི་འཕྲེད་ཐིག34.55ནས101.50སྣོལ་སར་ཡོད། ཤར་ནི་མཚོ་ཤར་ས་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་འབྲེལ་བ་དང་། ལྷོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཐུག་པ་དང་། ནུབ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཕན་ཚུན་ལྟའོ། ། ཤར་ནུབ་གཉིས་ཀྱི་སྲིད་ལ་སྤྱི་ལེ༢༦༠དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ༢༧༠དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་༤༦.༠༠༠ཙམ་ཡོད་དེ། འབྲུག་ཡུལ་དང་ཆེ་ཆུང་འདྲ། རང་སྐྱོང་ཁུལ་སྲིད་གཞུང་ཆབ་ཆར་བཙུགས་པ་དང་། ཁུལ་གྱི་མངའ་འོག་ཏུ་གུང་ཧོ་དང་། ཁྲི་ཀ་རྫོང་། མང་རྫོང་། འབའ་རྫོང་། ཞིན་ཧེ་རྫོང་སྟེ་རྫོང་ལྔ་དང་ལུང་ཡངས་འགག་ཆུ་གློག་འདོན་སྤེལ་ས་ཚིགས། ཁྱོན་མངའ་ཁུལ་ཡོངས་སུ་ཞང་དང་གྲོང་རྡལ༤༡དང་། སྡེ་དམངས་ཨུ་ཡོན་ལྷན་ཁང༣༨༥དང་། མཉམ་ལས་ཁང༡༢༦༩བཅས་ཡོད།