མཚམས་ཁུང་དགོན

ཡོང་ཁུངས་Wikipedia

མཚམས་ཁུང་དགོན་པའི་ངོ་སྤྲོད་མདོར་བསྡུས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་༠༩ལོའི་བོད་སྐད་སྙན་སྒྲོན་འིན་གྲྭ གཉའ་ལམ་སྐལ་བཟང་ལྷུན་གྲུབ།

༄༅། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་གཤེགས་གསེར་འོད་སེང་གེ་རྣམ་རོལ་དྲུང་ ། ཐུགས་བསྐྱེད་བྱང་ཆུབ་སྤྱོད་པ་མཐར་སོན་པ། །ཕྱག་ན་པད་དཀར་འཆང་ཞེས་སྙན་པའི་དབྱངས། ། ལྷར་བཅས་འགྲོ་བའི་མགོན་དེས་ཤིས་པ་སྩོལ། །གྲུ་འཛིན་བདག་པོས་མི་ཡི་ཚུལ་བཟུང་ནས། ། ཐུབ་བསྟན་གསལ་མཛད་ཆོས་རྒྱལ་སྲོང་བཙན་དང་ །རྨད་བྱུང་གསོ་རིག་མཁྱེན་གཏེར་དགེ་བ་འབུམ། ། མཁས་གྲུབ་ཀུ་ཅོར་རྟོགས་ལྡན་སོགས་ལ་འདུད། །སོ་སོར་ཐར་པའི་ཁྲིམས་ཀྱི་རྩ་བ་ལ། ། ངེས་འབྱུང་བྱང་སེམས་སྡོང་པོར་ཡལ་འདབ་རྒྱས། །རིམ་གཉིས་འབྲས་བཟང་སྨིན་ལ་རབ་བརྩོན་པའི། །

           འདུས་སྡེའི་འབྱུང་བ་མདོ་ཙམ་འདི་ན་གླེང་ །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་གང་གླེང་བར་བྱ་བ་ནི། ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷོ་ཕྱོགས་སུ་གནས་པའི་བཙུན་དགོན་མཚམས་ཁུང་ཞེས་པ་ཡོངས་སུ་གྲགས་པ་ འདི་ཉིད་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་བྱ་བ་ལ། །

དང་པོ། གནས་འདི་ཉིད་ཀྱི་མཚན་ཇི་ལྟར་བྱུང་བའི་ཚུལ། སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་ཏེ། ཇོ་བོ་ཤཱཀྱ་རྣམ་གཉིས་སྤྱན་དྲངས།ར་ས་འཕྲུལ་སྣང་གཙུག་ ལག་ཁང་དང་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་སོགས་བཞེངས་པར་མཛད་སྐབས། ལྷ་སའི་སྐྱིད་ཆུ་སྔར་གང་སར་གྲམ་ ནས་རྒྱུག་པ་དེ་ལྷ་སའི་ཤར་ཕྱོགས་ཀྱི་རགས་གྲོང་ཚོའི་རི་ཟུར་ནས་འགོ་བརྩམ་ཏེ་ཆུ་རགས་བཟོས་ནས། སྐྱིད་ཆུ་རྒྱུག་ ལམ་གཅིག་ཏུ་བཅུག་པའི་ལྷ་སའི་ཆུ་རགས་ཀྱི་འགྲམ་དུ་ས་ཕུག་གཅིག་གི་ནང་། རྡོ་ལེབ་ལ་གདན་མཛད་དེ་ཆོས་རྒྱལ་ སྲོང་བཙན་སྐུ་མཚམས་སུ་བཞུགས་ཏེ་ལྷ་སར་ཆུའི་གནོད་འཚེ་མི་འབྱུང་བའི་ཐུགས་སྨོན་མཛད། དེ་སྐབས་སྐྱིད་ཆུའི་ཆུ་ རགས་ནི་ད་ལྟ་མཚམས་ཁུང་དགོན་པ་ཆགས་སའི་ལྷོ་འགྲམ་དུ་ཡོད་པས། ས་ཆ་དེ་གའི་རགས་ཁའམ་རགས་རྒྱབ་ཅེས་ འབོད་ཅིང་། མཚམས་ཁུང་དགོན་པའི་ཤར་ཕྱོགས་སུ་རགས་ཁ་སྨད་བཙན་ཁང་ཞེས་པ་ཞིག་དང་། ནུབ་ཕྱོགས་སུ་རགས་ རྒྱབ་དུར་ཁྲོད་ཅེས་པ་ཞིག་ཡོད་པ་ ༡༩༥༩ ལོའི་བར་ས་དེར་མཆོད་རྟེན་ཆུང་ཆུང་ཞིག་དང་ཤིང་སྒྲོ་བའི་སྡོང་པོ་ཁ་ཤས་ ཡོད། ༼ མཚམས་ཁུང ༽ཞེས་པའི་མིང་ཡང་ཆོས་རྒྱལ་སྲོང་བཙན་སྐུ་མཚམས་སུ་བཞུགས་སའི་ས་ཁུང་དེར་བརྟེན་ནས་ མིང་ཐོག་པ་ཡིན་ནོ། ། གཉིས་པ། དགོན་སྡེ་ཇི་ལྟར་ཆགས་ཚུལ། སྤྱི་ལོའོ་དུས་རབས་བཅུ་གཉིས་པའི་ནང་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་ལྷ་སའི་གཙུག་ལག་ཁང་ལ་ཉམས་ གསོ་རྒྱ་ཆེ་གནང་སྟེ། གང་གི་སློབ་མ་གུང་ཐང་བླ་མ་ཞང་ལ་ལྷ་སའི་གཙུག་ ལག་ཁང་གི་བདག་འཛིན་གནང་བས། བླ་མ་ཞང་གིས་རང་གི་བུ་སློབ་ལྷ་རྗེ་དགེ་བ་འབུམ་གཙུག་ལག་ཁང་གི་བདག་ གཉེར་མཁན་གྱི་དཀོན་གཉེར་དཔོན་ལྟ་བུར་བསྐོས། ལྷ་རྗེ་དགེ་བ་འབུམ་གྱིས་བླ་མའི་བཀའ་བཞིན་ལྷ་སའི་གཙུག་ ལག་ཁང་དུ་སྲི་ཞུ་འཛིན་སྤྲས་ཕུལ་དུ་བྱུང་བ་གནང་ཐོག སྐྱིད་ཆུའི་ཆུ་རགས་ཀྱི་འགྲམ་དུ་ཡོད་པའི་སྔོན་བཙན་པོ་སྲོང་ བཙན་སྒམ་པོས་ཆུ་བཟློག་གི་སྒྲུབ་པ་མཛད་སའི་ས་ཕུག་དེར་བཞུགས་ནས་ལྷ་སར་ཆུའི་གནོད་པ་མི་འབྱུང་བའི་ཆེད་སྐུ་ མཚམས་ལ་ཡུན་རིང་བཞུགས། དེ་སྐབས་ཁོང་གི་སློབ་མ་འགའ་ཞིག་ཀྱང་སྒྲུབ་ཁང་དེའི་ཉེ་འགྲམ་དུ་སྤྱིལ་བུ་སྟབས་ བདེ་རེ་བཅོས་ཏེ་སྒོམ་སྒྲུབ་ལ་བཞུགས་པ་ནས་དེ་གར་སྒོམ་སྒྲུབ་ལ་བཞུགས་མཁན་བར་མི་ཆད་པ་བྱུང་། དུས་རབས་ བཅོ་ལྔ་པའི་དུས་འགོར། རྗེ་ཙོང་བའི་དངོས་སློབ་ཚེ་བློས་བཏང་གི་རྟོགས་ལྡན་ལྔའི་ཡ་གྱལ་ཀུ་ཅོར་རྟོགས་ལྡན་སངས་ རྒྱས་དཔལ་བཟང་ཞེས་པ་འཕཊ་པ་ལྷ་སྐུ་ཕྲེང་དང་པོའི་ཡབ་རྗེ་དེ་ཉིད་མཚམས་ཁུང་གི་ཆོས་རྒྱལ་སྒྲུབ་ཕུག་ཏུ་སྒྲུབ་པ་ མཛད་ཅིང་།སྒྲུབ་པ་རྒྱུན་རིང་མཛད་པའི་ཐུགས་བརྒྱུད་ལ་ས་ལམ་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་འཁྲུངས་པར་བརྟེན་དངོས་ཉམས་ཅི་རིགས་པར་ངོ་མཚར་བའི་རྟེན་འབྲེལ་ཇི་སྙེད་ཅིག་མངའ་བ་ཡིན་ནོ།དེ་ལྟ་བུའི་ངོ་མཚར་ཇི་ལྟར་བྱུང་ཞེ་ན། དེ་སྐབས་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་བོད་རབ་བྱུང་དྲུག་པའི་ས་གླང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་ འཛུགས་མཛད་ཐོག་ཇོ་ཤཱཀྱ་རྣམ་གཉིས་ལ་དབུ་རྒྱན་དང་། སྲས་བཅས་རྒྱལ་བ་རྣམས་ཀྱི་སྤྱན་སྔར་དངོས་འབྱོར་གྱི་ མཆོད་སྤྲིན་ཚད་མེད་པ་འབུལ་གཤོམས་དང་འབྲེལ་མེ་ཏོག་འཐོར་བ་དང་སྨོན་ལམ་གྱི་ཞལ་འདོན་ལྟུང་གཤགས་མཛད་པའི་ཚེ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྣམ་སྣང་དང་། ལྷོ་ཕྱོགས་པ་རྣམས་རིན་འབྱུང་། ནུབ་ཕྱོགས་པ་ རྣམས་དཔག་མེད།བྱང་ཕྱོགས་རྣམས་དོན་གྲུབ། སྟེང་གི་ཆ་ལ་མི་བསྐྱོད་པའི་ལྷ་ཚོགས་རྣམས་ནམ་མཁར་གུར་ཕུབ་པ་ ལྟ་བུ་བཞུགས་པའི་འོག་ཙམ་ན་ནམ་མཁར་སངས་རྒྱས་སུམ་ཅུ་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། བྱམས་པ་ཚེ་ དཔག་མེད། སྒྲོལ་མ། གདུགས་དཀར། དབྱངས་ཅན་མ། གྲུབ་ཆེན་བརྒྱད་ཅུ་སོགས་དངོས་སུ་བྱོན་ཏེ་མཆོད་རྫས་ བདག་གིར་བཞེས་ནས་བཞུགས་པའི་གཟིགས་སྣང་དང་། ཡང་ཉིན་གཅིག་གྲུབ་ཆེན་ཉིད་ལྷ་ལྡན་དུ་ཕེབས་པའི་གླང་ ཆེན་རི་གདོང་ནས་གྲུབ་ཆེན་ཤྭ་བ་རི་པ་མཇལ་བར་གང་དུ་འབྱོན་ཞུས་པར་ངེད་ཅག་གྲུབ་ཆེན་བརྒྱད་ཅུ་རྣམས་ཆོས་རྗེ་བློ་བཟང་གྲགས་པའི་སྨོན་ལམ་གྱིས་མགོན་དུ་གདན་དྲངས་པ་ལས་གཞན་རྣམས་ཕེབས་ཟིན་ཡང་། ཁོ་བོ་ཅུང་ཟད་ ཕྱིས་པ་གསུངས་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བའི་གྲུབ་ཐོབ་ཆེན་པོ་དེ་དག་བཞུགས་ཤིང་བྱིན་གྱིས་བརླབས་པའི་ས་ཁུལ་ཡིན་པ་ནི་རབ་བཏགས་དང་། ཟེར་ཟློས། གནའ་གཏམ་སོགས་ལ་བསྙད་པ་མ་ཡིན་པ་རྗེ་བདག་ ཉིད་ཆེན་པོའི་རྣམ་ཐར་ལ་གསལ་བར་བཞུགས། རང་ཉིད་ཀྱི་རྟོགས་པ་བརྒྱུད་འཛིན་དང་།ལྷག་པར་འཕགས་པ་སྤྱན་ རས་གཟིགས་ཀྱི་སྒོམ་བཟླས་ཉམས་བཞེས་གཙོ་བོར་མཛད་མཁན་བཙུན་མ་བཅུ་སྐོར་ཞིག་ལས་གྲུབ་པའི་མ་དགོན་ འདུ་ཁང་ཀ་བ་བརྒྱད་དང་།རྡོ་རྩིག་ཅན་གྱི་སྤྱིལ་བུ་སྐྲུན་པ་ལ།རྟེན་གཙོ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་འཇིམ་སྐུ་དང་། ཚེ་དཔག་མེད། སློབ་དཔོན་པདྨ་འབྱུང་གནས། མཁའ་སྤྱོད་མ།སྒྲོལ་ལྗང་།ལྷ་རྗེ་དགེ་བ་འབུམ་སོགས་ཀྱི་སྐུ་བརྙན་ དང་། ས་དམར་གྱི་སྟེགས་བུའི་ཁར་མ་ཎི་ལག་བསྐོར་བརྒྱད་བཅས་བཞེངས།དེ་སྐབས་བཙུན་མ་ཚོའི་སྤྱིལ་བུ་ནི་ཧ་ཅང་ གི་སྤྲོས་པ་ཆུང་ལ་སྤྱོད་ལམ་རྣམ་པ་བཞི་ཐུབ་ཙམ་ལས་མེད་སྟབས། དེ་ཁུལ་གྱི་བྱིས་པ་རེ་འགས་སྤྱིལ་བུའི་དཀར་ཁུང་ ནང་རྡོ་གཡུག་པ་སོགས་བྱས་སྟབས། ༼ ཨ་ཎི་མཚམས་ཁུང་དུ་སྡོད་པར། བརྙས་སུ་ཁུང་ནས་བསྐོས་པ ༽ཞེས་པའི་ གཏམ་དཔེ་དེའི་ཐོག་ནས་དེ་བཙུམ་མའི་སྤྱིལ་བུ་མཐོ་དམའ་མཚོན་ཐུབ། བར་ལམ་ཞིག་དུས་གནས་ཀྱི་རྐྱེན་པས། མཚམས་ཁུང་ཞེས་སྲོང་བཙན་སྒོམ་སྒྲུབམཛད་ཡུལ་ཡིན་པའི་གནས་བཤད་ཙམ་ལས་སྒྲུབ་ཕུག་དངོས་སུ་མཇལ་རྒྱུ་མེད་པར་གྱུར། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་ནང་དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་ཏྲེ་ཧོར་བྱམས་པ་ཆོས་གྲགས་ དང་། ཁྲི་ཐོག་གོ་གཅིག་པ་ལ་བ་བློ་བཟང་རྒྱལ་མཚན། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་བཅས་ནས་ཐུགས་ཁུར་ཆེ་ བཞེས་ཀྱིས་དེ་སྔའི་འདུ་ཁང་གོག་ཅོང་ཅན་དེ་ཉམས་གསོ་མཛད་ཅིང་། སྐྱབས་རྗེ་ཕ་བོང་ཁ་པས་འདུ་ཁང་རྙིང་པའི་ ནུབ་བྱང་གི་མཚམས་སུ་འདི་ནས་ས་བརྐོས་ན་ཆོས་རྒྱལ་སྒྲུབ་ཕུག་རྙེད་ཐུབ་ཅེས་གསུངས་པ་ལྟར། ས་བརྐོ་སྐབས་ས་ འོག་ནས་རྡོ་སྐས་ཤིག་ཐོན་པ་སེའུ་གཉིས་བར་སྔོག་སྟེ་སྙན་གསེང་ཞུ་སྐབས། མུ་མཐུད་སྔོགས་ཤིག་ཅེས་བཀའ་ཕེབས་ པ་བཞིན། སྔོག་མཐར་རྡོ་སྐས་ཀྱི་སེའུ་ཞབས་མའི་འགྲམ་རྡོ་ལེབ་གཅིག་འདུག་པ་དེ་མཐའི་གྱང་ངོས་སུ་ཞལ་བ་ཡོད་པ་ ཞིག་ཐོན་པར་ཆོས་རྒྱལ་སྲོང་བཙན་གྱི་སྒྲུབ་ཕུག་དང་རྡོ་གདན་འདི་ཡིན་ཞེས་གསུངས་འདུག གོང་གསལ་དགའ་ལྡན་ ཁྲི་པ་རྣམ་གཉིས་དང་། སྐྱབས་རྗེ་ཕ་བོང་ཁའི་ཐུགས་ཁུར་འོག ད་ལྟའི་འདུ་ཁང་ཉིས་ཐོག་ཀ་རིང་གཉིས་དང་བཅས་ཀ་ བ་བཅུ་དྲུག་གི་ས་དང་། སྒོ་འཕྱོར་ཀ་བ་གཉིས།འོག་ཁང་གི་ནུབ་བྱང་མཚམས་ཆོས་རྒྱལ་སྒྲུབ་ཕུག་སོགས་ཉམས་གསོ་ རྒྱ་བསྐྱེད་དང་འབྲེལ་དགའ་ལྡན་ཁྲི་པ་བྱམས་པ་ཆོས་གྲགས་ཀྱིས་ལྷ་ས་ཁུལ་དུ་ཞལ་འདེབས་དགེ་སྐུལ་མཛད་པ་དང་ ། སྐྱབས་རྗེ་ཕ་བོང་ཁས་མདོ་སྨད་ཁུལ་དུ་ཞལ་འདེབས་དགེ་སྐུལ་གནང་སྟེ། འདུ་ཁང་སྟེང་ཤོད་རྟེན་གསུམ་བཅས་ ལེགས་པར་གྲུབ། སྔར་ཡོད་རྟེན་གཙོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། ཚེ་དཔག་མེད། སློབ་དཔོན་པདྨ་འབྱུང་ གནས།མཁའ་སྤྱོད་མ། སྒྲོལ་ལྗང་། ལྷ་རྗེ་དགེ་བ་འབུམ་བཅས་ཀྱི་སྐུ་བརྙན་སྔར་གྱི་བཞུགས་གནས་ཞལ་ཕྱོགས་རང་ འཇགས་ཐོག སེང་གཡབ་ལྡེབས་བྲིསསུ་རྗེ་སྲས་དང་། ཇོ་བོ་ཡབ་སྲས་སོགས་ཀྱི་བྲིས་སྐུ་མཚར་དུ་མངར་བ་བཞེངས། འདུ་ཁང་ནང་མཆོད་རྫས་དང་མཆོད་པའི་ཡོ་ཆས་སོགས་གསར་བཟོ་དང་། ཉམས་གསོ། མཆོད་རྒྱུན་གཏོང་རྩ་གསར་ སྣོན་བཅས་གནང་ཐོག སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོས་འདུ་ཁང་ནང་བདེ་མཆོག་ལྷ་ལྔའི་དབང་དང་། ནཱ་རོ་ མཁའ་སྤྱོད་དབང་མོའི་བྱིན་རླབས་དང་ཟབ་ཁྲིད། དེ་རྗེས་སླར་ཡང་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་དང་ཟབ་ ཁྲིད་སོགས་བཀའ་དྲིན་བསྐྱངས། མདོར་ན་སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་ནི་དགོན་པ་འདིར་ཆོས་དང་ཟང་ཟིང་ གང་གི་ཐད་ནས་བཀའ་དྲིན་ཆེ་བ་ཡིན་སྟབས། འདུ་ཁང་ནང་སྐྱབས་རྗེ་ཕ་བོང་ཁའི་སྐུ་བརྙན་མདའ་ཚད་དང་། བདེ་ མཆོག་གི་འཇིམ་སྐུ་དགོན་པ་རང་ནས་བཞེངས། དེ་རྗེས་བཙུན་མའི་ཞལ་གྲངས་རིམ་འཕར་ལ་བརྟེན་སྤྱིལ་བུ་ཡང་རྒྱ་ བསྐྱེད་གསར་སྐྲུན་གང་ཙམ་བྱུང་། གསུམ་པ། དགོན་པའི་ནང་རྟེན་སྐོར། སྔོན་དུས་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་སྲོང་བཙན་ གྱི་རྡོ་སྐུ་མཐོ་སྒང་མཐོ་གང་མ་ཞིག་དང་། སྲོང་བཙན་གྱིས་གཏེར་ནས་བཞེས་པར་གྲགས་པའི་དུར་ཁྲོད་ལྷ་མོའི་ཞལ་ འབག་གཅིག་ཡོད་པ་དེའི་ལོ་རྒྱུས་ནི། སྲོང་བཙན་མཚམས་ཁུང་དུ་སྐུ་མཚམས་ལ་བཞུགས་སྐབས་ཉེ་གནས་བློན་པོ་ཞིག་ ལ་སང་སྔ་དྲོ་གཙང་པོའི་ནང་དངོས་པོ་གང་ཞིག་ཆུས་འཁྱེར་འོང་བ་དེ་ལོངས་ཤོག་ཞེས་གསུངས་པ་ལྟར། བློན་པོ་དེས་ སང་ཞོགས་སྔ་པོར་གཙང་པོའི་ཁར་སོང་ནས་བལྟས་པས་བུད་མེད་ཀྱི་རོ་ཞིག་ཆུས་འཁྱེར་བྱུང་བ་དེ་མགོ་བོ་ནས་བཟུང་པས། གཟུགས་པོ་བྱིངས་ཆུར་ནུབ་པ་དང་མགོ་བོ་གོག་ནས་ལག་ཏུ་ལོན་པ་དེ་ཆོས་རྒྱལ་སྲོང་བཙན་ལ་ཕུལ་བས་ཆོས་ རྒྱལ་གྱིས་རབ་གནས་གཉེར་གཏད་མཛད་ཅེས་ཤོད་སྲོལ་ཡོད། དུར་ཁྲོད་ལྷ་མོའི་ཞལ་འབག་དེ་འདུ་ཁང་གི་ནུབ་བྱང་ མཚམས་སུ་བཞུགས་པ་དང་རྒྱུན་དུ་གསོལ་མཆོད་འབུལ་དགོས། སྲོང་བཙན་གྱི་རྡོ་སྐུ་དང་། ལྷ་མོའི་ཞལ་འབག་ནི་ ནང་རྟེན་གཙོ་བོ་ཡིན། བཞི་པ། དགོན་བདག་སྐོར། མཚམས་ཁུང་དགོན་པ་ནི།དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལྷ་ས་གཉེར་ཚང་ལས་ཁུངས་ནས་འགོ་འཛིན་དོ་དམ་བྱེད་པར་བརྟེན། གཞུང་དགོན་གྱི་ཁོངས་སུ་གཏོགས་པ་ཡིན། བཙུན་མ་གསར་ཞུགས་དང་སྒྲིག་ནས་འཐེན་པ་ སོགས་བྱས་ཚེ་ལྷ་ས་གཉེར་ཚང་ལས་ཁུངས་སུ་སྙན་གསེང་ཞུ་དགོས། བོད་ས་གནས་སྲིད་གཞུང་གི་ཞབས་བརྟན་ ལས་ཁུངས་སོགས་ནས་ཚཱ་ཚཱ་འདེབས་རྒྱུ་ཡོད་རིགས་མཚམས་ཁུང་གི་བཙུན་མས་འདེབས་དགོས་པ་དང་། ལྷ་སའི་ གཙུག་ལག་ཁང་གི་བར་ཁང་དུ་མ་ཎི་སྐོར་མཁན་བཙུན་དགོན་ཁག་བཅོ་ལྔ་ཙམ་ཡོད་པ་ནས། གྲོང་གསེབ་ཐག་རིང་དུ་ ཡོད་པའི་བཙུན་དགོན་ཚོར་རེས་མོས་འཁེལ་བ་རྣམས་མཚམས་ཁུང་དགོན་རང་ནས་མི་ཚབ་གཏོང་གི་ཡོད། མ་ཎི་སྐོར་མཁན་བཙུན་མ་རྣམས་ལ་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ཕྲན་བུ་ཞུ་རྒྱུ་ཡོད། ལྔ་པ། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོའི་སྐོར། ཆོ་ག་ཕྱག་ལེན་གཙོ་བོ་བདེ་མཆོག་མཁྲུམ་མཆོད་པ། བླ་མ་མཆོད་པ། བདེ་མཆོག་ལུས་དཀྱིལ། ནཱ་རོ་མཁའ་ སྤྱོད་མ། འཇིགས་བྱེད་དཔའ་བོ་གཅིག་པ། ལྟུང་གཤགས། གནས་བརྟན་ཕྱག་མཆོད། སྨན་བླ། བསྙུང་གནས། བསྐང་གསོ་སོགས་ཡོད་ལ་ཡོན་བདག་ཁག་གི་ཞབས་རིམ་སྒྲུབ་རྒྱུ་དཔེར་ན། སྒྲོལ་མ་འབུམ་ཐེར་དང་། བཀའ་འགྱུར་ དག་ཐོན་སོཊ་ཀྱང་སྒྲུབ་རྒྱུ་སྟབས་བདེ་མ་སོང་བ་དམ་པ་གོང་མའི་ཕྱག་ལེན་ཉམས་མེད་པ་གཙང་ཞིང་དག་པ་ཞུ་བཞིན་ཡོད། བཙུན་མ་རྒན་གྲས་ནས་གསར་ཞུགས་རྣམས་ལ་དཔེ་ཆ་བློ་འཛིན་ནས་འགོ་བཙུགས་ཏེ་ཆོ་ག་ཕྱག་ལེན་དང་། འདོན་རྟ་དབྱངས། གཏོར་བཟོ་དཀར་རྒྱན། དུང་རྒྱ་གླིང་རྔ་རོལ་དྲ་དྲིལ་འབུད་རྡུང་དཀྲོལ་གསུམ་སོགས་རང་ལུགས་ མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་སློབ་ཁྲིད་བྱེད་སྲོལ་ཡོད། དྲུག་པ། དགོན་པའི་སྒྲིག་གཞིའི་སྐོར། ལས་སྣེ་སློབ་དཔོན་དང་དབུ་མཛད་བགྲེས་པ་བཅུ་བཅས་ཡོད་པ་ནས། སློབ་དཔོན་དང་དབུ་མཛད་ཀྱིས་རྒྱུན་ གཏན་གྱི་སྒྲིག་ལམ་གནོན་སྡོམ་བྱེད་རྒྱུ། གལ་ཆེའི་གནད་དོན་རྣམས་སློབ་དཔོན་དང་དབུ་མཛད་བགྲེས་པ་བཅུ་བཅས་ ལྷན་དུ་ཚོགས་ནས་ཐག་གཅོད་བྱེད་ཀྱི་ཡོད། དགོན་པའི་སྤྱི་རྫས་རྣམས་བགྲེས་པ་བཅུ་ཐུན་མོང་གིས་བདག་གཉེར་བྱེད་ པ་དང་། གཏོང་སྒོ་གཏོང་མཁན་གཉེར་ཚང་ཞེས་བཙུན་མ་གཞོན་གྲས་གསུམ་རེ་བསླབ་གྲལ་རིམ་པ་བཞིན་ལོ་གཉིས་རེ་ རེས་སྐོར་གྱིས་འགན་ཁུར་དགོས་ཤིང་། གཏོང་སྒོའི་མ་རྩ་ཕྲན་བུ་ལས་མེད་སྟབས། དེའི་ཁ་གསབ་རྣམས་སྦྱིན་བདག་ བཙལ་ཏེ་གཏོང་སྒོ་བཏང་ཐོག་ལྷག་མ་ཡོད་རིགས་རྗེས་མར་རྩིས་སྤྲོད་བྱེད་སྲོལ་ཡོད། ད་དུང་གཞོན་ཁྲལ་རྒྱུག་མཁན་ ཉི་ཤུ་ཞེས་པ་ཞིག་ཡོད་པ་རྣམས་དུས་རྒྱུན་དགོན་པའི་ཐབ་ལས་སོགས་བྱེད་མཁན་ཡིན། ཁོང་ཚོ་ཕལ་ཆེར་གསར་ ཞུགས་སྐབས་གཏོང་སྒོ་གཏོང་མི་དགོས་ཀྱང་མི་གྲངས་ཉི་ཤུ་ལས་བརྒལ་མི་ཆོག་པ་ཡིན།

         བདུན་པ།  དགོན་པའི་འདུ་སྒོ་དང་ཆོས་རྒྱགས་སྐོར།
         མཚམས་ཁུང་དགོན་གྱི་འདུ་སྒོ་གཙོ་བོ་ནི་ཡོན་བདག་ཁག་ནས་བསྙེན་བཀུར་དང་།དད་མཇལ་བས་ཕུལ་བའི་ ཞལ་འདེབས་ཡིན་པ་ལས། དགོན་པར་དབང་བའི་ས་ཞིང་དང་ཕྱུགས་རིགས་སོགས་མེད།བཙུན་མའི་ཤག་ཕལ་ཆེ་བ་ སྒེར་སོ་སོས་རྒྱབ་པ་ཡིན་ནའང་བདག་དབང་དགོན་པ་རང་ལ་ཡོད་ལ། བཙུན་མ་འདས་གྲོངས་དང་བབས་ལོག་བྱུང་ བར་ཤག་ཚང་དགེ་ཕྲུག་མེད་ན་ཁང་པ་དགོན་པ་ནས་རྩིས་བླངས་ཏེ་བཙུན་མ་གཞན་ལ་བཙོང་པའི་རིན་བབས་རྣམས་དགོན་པའི་སྤྱི་དངུལ་དུ་བཞག་སྲོལ་ཡོད།དགོན་པའི་ཤར་ངོས་སུ་ཁང་སེར་སྟོད་སྨད་ཟེར་བའི་ཁང་པ་གཉིས་ཡོད་པའི་བདག་ཐོབ་མཚམས་ཁུང་དུ་ཡོད་པས། དེ་ཁར་སྡོད་མཁན་གྱི་ས་ནས་ཁང་གླ་ཕྲན་བུ་བསྡུ་རྒྱུ་ཡོད། ཁང་པ་དེ་གཉིས་ཀྱི་ བདག་དབང་ད་ལྟའང་མཚམས་ཁུང་དགོན་པར་ཡོད། 
          བཙུན་མ་སྒེར་སོ་སོའི་འཚོ་རྟེན་ཆོས་རྒྱགས་ནི་ཕ་ཁྱིམ་དྲག་གྲས་ཚོར་ཁྱིམ་ནས་ཆོས་རྒྱགས་སྐལ་བ་བསྐུར་བ་ དང་། དེ་མིན་རྣམས་ནི་སྐུ་རིམ་ལ་འགྲོ་བ། འཚོ་རྟེན་གཞན་པ་རེ་འགའ་མི་གཞན་གྱི་གོས་བཀྲུ་རྒྱུ་ལེན་པ་སོགས་ཀྱི་ གླ་ལ་བརྟེན་པ་ལས་ཆོས་ཐོགས་འབུལ་དངུལ་ལེན་སྲོལ་མེད། 
          བརྒྱད་པ། ༡༩༥༩ ལོ་ཚུན་གྱི་གནས་སྟངས་སྐོར། 

༡༩༥༩ལོའི་གོང་བཙུན་གྲངས་བརྒྱ་དང་ཉི་ཤུ་རྩ་གསུམ་སྐོར་ཡོད་པ་དང་།ལྷ་སར་ངོ་ལོག་ཟིང་འཁྲུག་ལངས་སྐབས་བཙུན་མ་ཕལ་ཆེ་བས་ཟིང་འཁྲུག་ནང་ཞུགས་མེད་སྟབས། མཚམས་ཁུང་དགོན་པ་རྒྱལ་གཅེས་ཁྲིམས་སྲུང་གི་ དགོན་པར་གཏན་འཁེལ་གནང་ཞིང་།འོན་ཀྱང་རིག་གནས་གསར་བརྗེ་ཟེར་བའི་རྒྱལ་འཕུང་དམག་གནོད་ཀྱི་ལོ་བཅུའི་གོད་ཆག་ནང་མི་བཞི་ཤོག་ཁའི་རྒྱུག་ཁྱི་ཆེ་ཆུང་ཚོས་དགོན་པའི་རྟེན་གསུམ་རིག་དངོས་རྣམས་རྩ་གཏོར་གྱིས་ནང་རྟེན་ལྷ་མོའི་ཞལ་འབག་དེ་ཡང་རྫབ་དོང་ནང་གཡུག་པ།བཙུན་ཤག་ཕལ་ཆེའི་ཧམ་པ་གང་ཆེས་བཟུང་བ།འདུ་ཁང་གྲོང་ལྷན་གྱི་ཚོགས་ཁང་བྱས་མ་བཤིགས་ཙམ་བྱུང་ཡང། ལྡེབས་བྲིས་ལ་ས་དཀར་བྱུགས་པ་སོགས་ཐོས་པ་ཙམ་གྱིས་སྐྲག་ དགོས་པའི་སྐྱོ་གནས་བྱུང་ཡང་། མི་བཞི་ཤོག་ཁག་གཏོར་ཕམ་བཏང་བ་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་མི་རིགས་དང་། ཆོས་ལུགས།འཐབ་ཕྱོགས་གཅིག་གྱུར་བཅས་ ཀྱི་སྲིད་ཇུས་དོན་འཁྱོལ་གནས་ནས། དེ་སྔའི་བཙུན་མ་བགྲེས་གྲས་ལྔ་དྲུག་ཙམ་ཞིག་གིས་སྣེ་ཁྲིད་དེ་མཚམས་ཁུང་ དགོན་པ་ཉམས་གསོ་ཞུ་རྒྱུའི་རེ་འདུན་ཞུ་ཡིག་ལ་མི་དམངས་སྲིད་གཞུང་ནས་ཆོག་མཆན་གནང་བ་ལྟར།༡༩༨༣ལོ་ནས་ཉམས་གསོ་འགོ་བཙུགས་ཐོག་དགོན་པའི་ཕྱིར་ཡོད་པའི་དེ་སྔའི་བཙུན་མ་བགྲེས་གྲས་རྣམས་དགོན་པར་ཕྱིར་ཕེབས་ཀྱིས་ཆོས་ཕྱོགས་བྱེད་སྒོ་རྒྱུན་མཐུད་དེ་སྤེལ་བ་དང་། དགེ་ཕྲུག་བཙུན་གསར་གསོ་སྐྱོང་བྱ་རྒྱུ་སོགས་ལ་མི་དམངས་སྲིད་ གཞུང་ནས་ཐུགས་ཁུར་གནང་ཐོག་འདུ་ཁང་ནང་རྟེན་གཙོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གིས་ གཙོས་སྐུ་གསུང་ཐུགས་རྟེན་བྲིས་འབུར་གསར་བཞེངས་དང་། ལྗོངས་ནང་བསྟན་མཐུན་ཚོགས་ནས་སྐུ་རྒྱུ་ལི་མ་དང་། གསེར་ཟངས་སོགས་ཀྱི་རྟེན་རྙིང་ཁག་གཅིག་གནང་བ་བཅས་ལ་གཟུངས་འབུལ་རབ་གནས་སོགས་ལེཊ་པར་ཞུས་ནས་ ཀུན་དགའ་ར་བར་བཞུགས་སུ་གསོལ་བར་སྲི་ཞུ་འཛིན་སྤྲས་ཞུ་རྒྱུ་མཚོན་དགོས་པས་ཕྱི་ནང་རྟེན་དང་བརྟེན་པ་ཉམས་གསོ་ཞུ་བའི་བྱ་རིམ་ནང་མི་དམངས་སྲིད་གཞུང་ནསམཐུན་རྐྱེན་གང་ལེགས་གནང་བ་དང་། དད་ལྡན་མང་ཚོགས་ནས་ ཞལ་འདེབས་ཕུལ་བ་སོགས་ལ་བརྟེན་ནས་དེང་སྐབས་གཞི་རྩའི་ཐོག་ཕྱི་ནང་ཚང་མ་ཉམས་གསོ་ཆ་ཚང་ཙམ་བྱུང་ཡོད། དགུ་པ། སྲིད་ཇུས་དོན་འཁྱོལ་གནང་སྐབས་དང་། ད་ལྟའི་གནས་སྟངས་སྐོར། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན། བསྒྱུར་བཅོས་སྒོ་དབྱེ་ དང་། ཟིང་བཅོས་ཡོ་བསྲང་གི་སྲིད་ཇུས་དོན་འཁྱོལ་ཕྱག་བཞེས་གནང་ནས་དགོན་པའི་འདུ་ཁང་དང་ཁོར་ཡུག་བཙུན་ ཤག་སོགས་ཕྱེར་སློག་དོན་འཁྱོལ་བཀའ་དྲིན་ཆེ་བ་མཛད་ཀྱང་། བཙུན་ཤག་ཧམ་བཟུང་བྱེད་མཁན་ཉུང་ཤས་ཀྱིས་ གཡོན་ཐལ་ལམ་ཕྱོགས་ཀྱི་བསམ་བློའི་ཤུགས་རྐྱེན་ལ་བརྟེན་ནས་ཁང་པ་ཕྱིར་སྤྲོད་མི་བྱེད་པ་མ་ཟད། དགོན་པའི་ འགན་འཁུར་བར་བརྙས་བསྐོ་འཁྲུག་རྩོད་སློང་བ་སོགས་བྱས་ཀྱང་། ཏང་གི་སྲིད་ཇུས་བཟང་པོའི་འོག་དགོན་པའི་མདོ་ སྦུག་བཙུན་ཤག་རྣམས་དགོན་པར་དོན་འཁྱོལ་བྱུང་ཐོག་ཁང་སེར་སྡོད་སྨད་ཀྱི་བདག་དབང་ཡང་དོན་འཁྱོལ་བྱུང་ནས་དེང་སྐབས་བཙུན་ཤག་རྣམས་གཅིག་འགྱུར་གྱི་ཉམས་གསོ་བྱས་པ་དང་།བཙུན་གྲངས་བརྒྱ་སྐོར་ནས་རང་རེ་དགོན་པའི་འདོན་ཆོས་ཕྱག་ལེན་རྣམས་རང་ལུགས་ཉམས་མེད་དུ་ཉམས་སུ་ལེན་བཞིན་པ་དང་། དགོན་པའི་དམངས་གཙོ་བདག་ གཉེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག རྒྱལ་གཅེས་ཁྲིམས་སྲུང་ངང་དགོན་པས་དགོན་པ་གསོ་བའི་བྱེད་ཐབས་ལག་ བསྟར་གྱིས་རྒྱུན་གཏན་ཆོས་ལུགས་བྱེད་སྒོ་རྣམས་སྤེལ་བཞིན་པ་ལགས་སོ། ཡང་ཡང་དམ་པ་དུ་མས་བྱིན་བརླབས་པའི། །རིང་རིང་ལོ་རྒྱུས་ལྡན་པའི་གནས་མཆོག་གི ། གསལ་གསལ་སྔོན་འབྱུང་གཏམ་དང་ད་ལྟའི་ཚུལ། །གང་གང་རི་མོའི་ལམ་དུ་བཀོད་པ་འདིར། ། མ་དག་འཁྲུལ་པའི་ནོངས་པ་ཅི་མཆིས་པ། །ཕྱག་འོས་དམ་པ་རྣམས་ཀྱི་སྤྱན་སྔར་འཆགས། ། དགེ་བ་སྡེ་འདིའི་བཤད་སྒྲུབ་འཆད་ཉན་སོགས། །མི་ཉམས་ཡར་ངོའི་ཟླ་ལྟར་རྒྱས་པར་སྨོན། །

       གཟའ་མིག་དམར།, 2013ལོའི་ཟླ 9ཚེས 3 

མཚམས་ཁུང་དགོན་ནི། བར་སྐོར་ལྷོ་ངོས་གླིང་སྐོར་ལམ་སྟེ། རོང་དགའ་བདེའི་ནུབ་ངོས་རབ་གསལ་བཙན་ཁང་གི་ཤར་ངོས་བཅས་སུ་བཙུན་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་ལྷ་ས་སྐྱིད་ཆུ་འགོག་ཆེད་དུ་ས་འོག་ཏུ་རྡོ་སྐས་སེའུ་ཁ་ཤས་བབས་དགོས་པའི་ས་ཁུང་ཞིག་ནང་ཆོས་རྒྱལ་སྲོང་བཙན་ཡུན་རིང་སྐུ་མཚམས་སུ་བཞུགས་པས་མཚམས་ཁུང་ཞེས་པའི་མཚན་ཡང་དེ་ལྟར་བྱུང་། དེའང་ཉིན་ཞིག་ཆོས་རྒྱལ་གྱིས་“དེ་རིང་འདོད་ཁམས་རྒྱལ་མོའི་རྟགས་མཚན་ཞིག་འོང་”གསུངས་པར། བློན་པོ་ཚོས་གཟིགས་པས་གཞན་གང་ཡང་མེད་པར་ཁམས་མོའི་རོ་ཞིག་མདོག་མི་ཉམས་པར་ཆུས་འཁྱེར་ནས་འོང་པས་དེར་ཆུ་རགས་ལ་འཁར་ནས་བསྡད། དེ་ནས་རིམ་བཞིན་ཆུ་ཡང་འཇགས། ཐུན་མོང་སྣང་ཚུལ་དུ་ཁམས་མོའི་རོ་ཞིག་མཐོང་བ་ལས་དོན་དུ་དཔལ་ལྡན་ལྷ་མོའི་རྣམ་སྤྲུལ་ཡིན་སྟབས་བམ་རོ་དེ་མཚམས་ཁུང་དུ་བཞུགས་ནས་ཕྱག་མཆོད་གནང་། རྗེས་སུ་ལྷ་མོའི་ཞལ་འབག་དམ་འབྱར་མ་ཞིག་ཡོད་པས་དེ་ཡིན་ཞེས་ཞུ། དེ་རྗེས་ཙོང་ཁ་པའི་དངོས་སློབ་གྲུབ་ཐོབ་ཀུ་ཅོ་རྟོགས་ལྡན་གནས་དེར་སྐུ་མཚམས་སུ་བཞུགས་པ་དང་། དེར་བཙུན་མ་བཅུ་ཙམ་འདུས་པར་བརྟེན་དེ་ནས་བཟུང་མཚམས་ཁུང་བཙུན་མའི་དགོན་དུ་གྱུར། སྔོན་འདུ་ཁང་ཀ་རིང་གཉིས་དང་ཀ་ཐུང་བཅུ་བཞིའི་སར་རྟེན་གཙོ་ལྷ་མོའི་ཞལ་འབག་དམ་འབྱར་མ་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་[page 31] སྤྱན་སྟོང་། ཆོས་རྒྱལ་གྱི་མཚམས་ཁུང་དུ་རྡོ་ནག་ལས་གྲུབ་པའི་ཆོས་རྒྱལ་ཉིད་ཀྱི་ཕྱག་བཟོ་ཆོས་རྒྱལ་ང་འདྲ་མ། གཞན་ཡང་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད། སྔོན་བཙུན་མ་༡༢༧གྱིས་ལོ་ལྟར་ས་ག་ཟླ་བར་བསྙུང་གནས་དཀར་པོ་ཆ་བརྒྱད་ཀྱིས་གཙོ་བོར་གྱུར་པའི་རི་བོ་དགེ་ལྡན་ལུགས་ཀྱི་མདོ་སྔགས་ཀྱི་ཆོ་ག་ཁག་ཕྱག་བཞེད་མཛད་པ་ཡིན། ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ཆོས་རྒྱལ་གྱི་མཚམས་ཁུང་ནང་ཆོས་རྒྱལ་གྱི་ཕྱག་བཟོ་ཆོས་ཆོས་རྒྱལ་ང་འདྲ་མའི་སྐུ་བརྙན་གསར་བཞེངས་གནང་བ། འདུ་ཁང་ནང་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།