མཚན་ཉིད་རིག་པ།
མཚན་ཉིད་རིག་པ་ཞེས་བ་ནི་འཇིག་རྟེན་དངོས་པོའི་ཆོས་གཏན་ལ་འབེབ་པའི་རིག་པ་ཞིག་གོ།
མཚན་ཉིད་རིག་པའི་མཚན་ཉིད་དམ་སྒྲ་བཤད་ཐོག་བཞེད་པ་མི་མཐུན་པ་མང་ཙམ་ཡོད་དེ། རྒྱུ་མཚན་ནི་མཚན་ཉིད་རིག་པའི་གཞལ་བྱ་གང་ཡིན་མེད་དང་དེའི་ཁྱབ་ཆེ་ཆུང་སོགས་ལ་རྩོད་པ་དེ་རེད། དེ་ཡང་དེང་གི་མཚན་ཉིད་རིག་པ་ཞེས་པ་དེའི་འབྱུང་ཁུངས་དངོས་ནི་གནའ་བོའི་ཀི་རི་སི་༼Greece༽ཡིན་ཏེ། དབྱི་ཡིག་ཏུ་༼Philosophy༽ཞེས་འབྲི་སྟེ། གྷི་རི་སིའི་ཡི་གེ་ལས་འཆད་པ་ཡིན་ལ། དེའི་དོན་ནི་༼ཤེས་རབ་ལ་དགའ་བ་༽ ཞེས་ཟེར། གོ་དོན་དེའི་རྐྱེན་པས་ཀུ་དོག་པའི་ངང་ནས་བརྗོད་ན་མཚན་ཉིད་རིག་པ་དེ་ནུབ་ཕྱོགས་རྒྱལ་ཁབ་བམ་ཡོ་རོབ་གླིང་གི་མི་རིགས་རྣམས་ལ་མ་གཏོགས་མེད་རུང། འཇིག་རྟེན་གྱི་ཆོས་ཉིད་གཏན་ལ་འབེབས་པའི་ངོས་ནས་འཛམ་གླིང་ཐོག་མི་རིགས་མི་གཅིག་པར་རང་བློར་དཔག་པའི་མཚན་ཉིད་རིག་པའི་མ་ལག་ཐུན་མོང་མ་ཡིན་པ་རེ་ཡོད་དོ། ཡོངས་གྲགས་སུ་དེང་གི་འཛམ་གླིང་འདིར་མཚན་ཉིད་རིག་པའི་ཆུ་རྒྱུད་ཆེན་པོ་མི་གཅིག་པ་ཆེན་པོ་གསུམ་ཡོད་པ་སྟེ། གནའ་བོ་ཀི་རི་སིའི་མཚན་ཉིད་རིག་པ་དང་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ། གནའ་བོ་ཙི་ནའམ་གནའ་བོའི་རྒྱ་ནག་གི་མཚན་ཉིད་རིག་པ་རྣམས་ཡིན་ནོ། དེ་ཡང་མཚན་ཉིད་རིག་པར་རྣམ་བཞག་འཇོག་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པས་མཐའ་གཅིག་ཏུ་འཛིན་མི་རུང་ངོ། མདོར་ན། ཤར་ནུབ་གཉིས་སམ་གནའ་དེང་གཉིས་སོགས་ཡུལ་ཕྱོགས་དང་དུས་ཚོད་ཀྱི་ངོས་ནས་དབྱེ་བ། དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་སོགས་གཞལ་བྱའི་ཁྱད་པར་ཐོག་ནས་དབྱེ་བ་སོགས་ཤིན་ཏུ་མང་ངོ།