མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་

ཡོང་ཁུངས་Wikipedia

༄༅། །མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་བཞུགས།  ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་ལ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་གྲུབ་མཐའ་མཐུན་པ་དང་མི་མཐུན་པ་རྣམས་མདོར་བསྡུས་ནས་བསྐྱུད་བྱང་དུ་བྱས་པ། དེ་ལ་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་སྤྱི་མཐུན་ནོ། །སྒྱུ་མ་ཙམ་དེ་ཉིད་སེམས་སྣང་བ་ཡིན་པར་འདོད་པ་རྣལ་འབྱོར་སྤྱོད་པ་དང་མཐུན། སེམས་ཀྱི་ཚུལ་ཇི་ལྟར་འདོད་པ་ནི་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་དང་མཐུན། སྤྱོད་པས་སེམས་ཅན་གྱི་དོན་ཉམས་སུ་ལེན་པ་སྤྱིར་མཐུན། གྲུབ་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་གྲུབ་པར་འདོད་པ་ཡང་འདྲ་སྟེ། གསང་སྔགས་ཀྱི་ཚུལ་ལས་སངས་རྒྱས་ཀྱི་ས་གསུམ་དང་། ཀུན་ཏུ་འོད་དང་། བདུད་རྩི་འོད་ལ་སོགས་པ་སངས་རྒྱས་ཀྱི་ས་བཅུ་གཉིས་སུ་གསུངས་པའང་། མཚན་ཉིད་ལས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་དང། སངས་རྒྱས་ཀྱི་ཆོས་ལྔ་ཞེས་གསུངས་པ་མཚུངས་པར་ཤེས་པར་བྱའོ། །དེ་ལ་ཅུང་ཟད་མི་མཐུན་པ་ནི། བདེན་པ་གཉིས་དབྱེར་མེད་པའི་རང་བཞིན་དུ་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ལྷའི་དལ་དུ་འདོད་པ་དང་། སེམས་ཀྱི་རང་བཞིན་རང་བྱུང་གི་ཡེ་ཤེས་སུ་འདོད་པ་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་འདོད་པས་མི་མཐུན་ནོ། །འོ་ན་མདོ་སྡེ་དག་ལས་སོ་སོ་སྐྱེ་བོའི་ཤེས་པ་ཟག་པ་མེད་པའི་སེམས་དང་ལྡན་པའོ། །ཞེས་གསུངས་པ་དང་། འདི་སྐད་དུ། འཇིག་རྟེན་ཁམས་མང་ལ་ལ་དག ། བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་ཁམས་ཡོངས་སུ་མ་དག་པའི་འཇིག་རྟེན་འདི་ཉིད་ཀྱང་། བརྩལ་བ་མེད་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བཞིན་དུ་གསུངས་པ་ལྟ་བུ་དང་། གཞན་ཡང་འདི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག ། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་པ་ལྟ་བུ་དང་། གཞན་ལས། བདེན་གཉིས་ལྟ་བ་སྤྱོད་མཛད་དམ། །ཞེས་བྱ་བ་ལ་སོགས་གསུངས་པས་ན། མདོ་སྡེ་ལས་ཀྱང་། བདེན་པ་གཉིས་དབྱེར་མེད་པ་དང་། རང་བྱུང་ཡེ་ཤེས་འདོད་པ་དང་། མ་དག་པའི་ཞིང་ཁམས་ཀྱང་ཡོངས་སུ་དག་པའི་ཞིང་ཁམས་སུ་འདོད་པ་དང་། ཆོས་ཐམས་ཅད་སངས་རྒྱས་པར་འདོད་པའང་གསུངས་པས། ཇི་སྐད་དུ་བསྟན་པའི་ཁྱད་པར་དེ་དག་མེད་དོ་ཞེ་ན། དེ་ལྟར་གསུངས་པ་བདེན་མོད་ཀྱི། འོན་ཀྱང་ཁྱད་པར་འདི་དག་ནི་ཉན་ཐོས་དང་ཐུན་མོངས་དུ་གྲགས་པའི་གཞུང་ལས་བྱེ་བྲག་ཕྱེ་བར་ཟད་དེ། མདོ་སྡེ་ཟབ་མོ་རྣམས་ན་གསུངས་པ་དང་ཅུང་ཟད་སྒོ་མཐུན་པ་ནི་འདོད་པ་ཉིད་ཡིན་ཏེ། ཐེག་པའི་བྱེ་བྲག་ཐམས་ཅད་ཐམས་ཅད་དུ་ཐ་དད་པ་ནི་མེད་དེ། དཔེར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དང་། ཀུན་གཞིའི་རྣམ་པར་ཤེས་པ་ལྟ་བུ་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཆོས་དག་ཀྱང་། ཉན་ཐོས་ཀྱི་ལུང་ལས་ས་བོན་ཙམ་གྲགས་པ་ལྟ་བུའོ། །འོ་ན་ཆོས་འདི་དག་སངས་རྒྱས་ཡིན་ན། འགྲོ་བ་རྣམས་ལ་ཅིའི་ཕྱིར་མི་སྣང་ཞེ་ན། དེ་ནི་སྒྲིབ་པ་མ་དག་པ་རྣམས་ལ་ཡོངས་སུ་དག་པར་མི་སྣང་བའི་ཕྱིར་ཏེ། དཔེར་ན་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་རྣག་ཏུ་མཐོང་བ་བཞིན་ནོ། །ཡང་དྲིས་པ། ཀུན་རྫོབ་ཇི་ལྟར་སྣང་སྣང་ཙམ་བདེན་པ་མ་ཡིན་ནམ། སྣང་བ་དེ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་གིས། རང་རང་གི་སེམས་ཀྱི་རྣམ་པར་འདོད་པ་མ་ཡིན་ནམ། དེ་ལྟར་ན་རང་རང་གི་སྣང་བ་ཡིན་པའི་ཕྱིར། ཆུ་རྣག་ཏུ་མཐོང་བ་ཡང་མ་ཡིན་ལ། ཡོངས་སུ་དག་པའི་ཞིང་དང་སྤྱོད་ཡུལ་ལ། མ་དག་པའི་ཞིང་དང་སྤྱོད་ཡུལ་དུ་མཐོང་བ་ཡང་མ་ཡིན་ནོ། །གཞན་ཡང་ཇི་ལྟར་སྣང་སྣང་བདེན་པའི་ཕྱིར། བདེན་པ་དང་བདེན་པ་མ་ཡིན་པའི་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གྲུབ་མཐའ་མི་མཐུན་པ་ཐམས་ཅད་ཀྱང་ཐུན་མོང་གི་མཐུན་སྣང་གཞིར་བྱས་ནས། དེ་མཚན་ཉིད་ཇི་ལྟ་བུ་ཡིན་པ་ལ་རྩོད་པར་བྱེད་དེ། འདི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་ཞེས་བརྗོད་པའི་ཚེ་ཡང། གནས་གཅིག་ན་དུས་གཅིག་ཏུ་རླན་ཞིང་གཤེར་བའི་མཚན་ཉིད་ཅན་གྱི་ཀླུང་ཆེན་པོ་འབབ་པར་སྣང་བ་མཐུན་པ་ལས། མི་རྣམས་ལ་ཆུར་སྣང་ལ་ཡི་དྭགས་རྣམས་ཐ་དད་པས་སྐྱོན་མེད་དོ། །དེ་བཞིན་དུ་དག་པ་དང་མ་དག་པའི་ཞིང་ཡང་། ལུས་དང་སྤྱོད་ཡུལ་དུ་སྣང་བ་མཐུན་པའི་ཕྱིར། གཞི་ཐ་དད་པའི་སྐྱོན་མེད་དོ། །སྣང་བ་ལ་རྣག་ཏུ་སྣང་བ་ཙམ། དེ་དག་ལ་བདེན་པ་དང་བདེན་པ་མ་ཡིན་པའི་བྱེ་བྲག་ཀྱང་ཡོད་དེ། གང་སྒྲིབ་པ་དང་བྲལ་བའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་ཅིང་། དོན་ཆེན་པོ་བྱེད་པ་ལ་མི་བསླུ་བ་དང་ལྡན་པ་གང་ཡིན་པ་དེ་དག་ནི་སྣང་བ་ལ་འཁྲུལ་བའོ། །ཤེས་པ་མ་འཁྲུལ་བའི་སྣང་བའོ། །དེ་ལྟ་བས་ན་གསང་སྔགས་ཀྱི་གཞུང་ལས། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་དངོས་པོ་རྣམས་ཀྱི་མཚན་ཉིད་དུ་གྲུབ་པ་ཡིན་གྱི་གཉེན་པོའི་དོན་ཙམ་དུ་བསྟན་པ་དང་། གྲུབ་པ་ཅན་ལ་ལྷར་སྣང་བ་རྣམས་ཀྱང་། མི་སྡུག་པ་ལ་སོགས་པ་བཞིན་དུ་ཀུན་བརྟགས་པའམ། དབང་འབྱོར་པ་བཞིན་འདོད་པ་ནི་མ་ཡིན་ནོ། །རང་ བྱུང་གི་ཡེ་ཤེས་ཀྱང་སེམས་རང་རིག་པ་ཙམ་ཡིན་པ་དང་། གཞན་རིག་པ་རྣམས་ཀྱང་འཁྲུལ་བ་ཡིན་པའི་ཕྱིར། དེ་བཞིན་ཡོད་པ་མ་ཡིན་པས། སེམས་ཡེ་ནས་དག་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཚེ་ཡང་། །རང་རིག་པ་ཙམ་ལས་བོགས་དབྱུང་དུ་མེད་པའི་ཕྱིར་དང་། རང་རིག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། རང་བྱུང་གི་ཡེ་ཤེས་སོ། །ངྷརྨ་བྷ་དྲས་མཛད་པའོ། །