Jump to content

མཆོད་པ་དང་མར་མེའི་ཕན་ཡོན་

ཡོང་ཁུངས་Wikipedia

ལན། ཏིང་ཕོར་དར་བཟང་བོས་འོད་འབར་བར་ཕྱིས། ཕྱག་མཛུབ་ཀྱི་རྗེས་བྱུང་ན་སླར་ཡང་ཕྱིས། མཆོད་ཆུ་ཕྱིར་འཕོ་ན་ཚུལ་ཁྲིམས་འཆལ་ཞིང་འཁོར་མི་འདུ། ཁ་ཧ་ཅང་དམའ་བས་ལོངས་སྤྱོད་དབུལ་བ། ཏིང་ཕོར་ཡ་ཡོ་ཅན་དུ་བསྒྲིགས་པས་དགེ་སྦྱོར་ཁྲིགས་སུ་མི་འོང་བ་སོགས་ཉེན་ཤིན་ཏུ་ཆེ་བས་བཀོད་པ་མཛེས་ལ་ཐོག་མཐའ་གཉིས་ཕྲ་ལ་བར་སྦོམ་པ་ནས་འབྲུ་མའི་ཚུལ་དུ་བྱས་ནས་རང་རང་གི་ཐུན་མོང་མ་ཡིན་པའི་སྔགས་སམ་ཐུན་མོང་དུ་མཆོད་གཟུངས་བརྗོད་བཞིན་ཕུལ་ན་ཕན་ཡོན་ཆེ་གསུངས།

ང་ཚོས་མཆོད་ཆུ་མང་དུ་འབུལ་བའི་རྒྱུ་མཚན་ཅི་ཡིན

ལན། མཆོད་པ་དངོས་བོ་ལ་མ་ཐོགས་རང་གི་དད་པ་ལ་ཐོགས་ཞེས་པ་ལྟར་མཆོད་པ་འབུལ་ཤེས་ན་མཆོད་པའི་རྫས་ལ་སུའང་ལག་ཐོགས་པ་མེད། ཆུ་དྭངས་བསིལ་བ་འདི་ཕུལ་ན་དཀོར་དང་ཚུལ་ཁྲིམས་འཆལ་བའི་ཉེས་པ་འདག་ཅིང་། ཚུལ་ཁྲིམས་གཙང་བར་འགྱུར་བ། དྭངས་ཤིང་བསིལ་བས་རང་རྒྱུད་ལ་བྱམས་སྙིང་རྗེ་སྐྱེས་པའི་རྟེན་འབྲེལ་བཟང་བོ་ཡིན་པས་ཆུ་མཆོད་ནི་སེར་སྣས་མ་སྦགས་པའི་མཆོད་རྫས་ཀྱི་མཆོག་ཡིན་པས་བཀའ་གདམས་གསར་རྙིང་གི་བླ་མ་གོང་མ་རྣམས་འདི་ལ་ཉམས་ལེན་གྱི་གཙོ་བོར་མཛད་གསུངས།

མཆོད་པ་འབུལ་བ་ལ་གཟུངས་ཤིག་ཡོད་པ་དེ་དགོས་པ་གང་

ལན། དེ་ནི་མཆོད་པ་རྒྱ་ཆེན་པོར་འགྲོ་བའི་ཕྱིར་ཡིན་ལ་སྔགས་ནི་མཆོད་གཟུངས། ཨོཾ་ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྔྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོ་ངྷཱི་ཙིཏྟ་བཛྲེ། མཧཱ་བོ་ངྷཱ་མནྜ་བ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་ངྷི་ན་བཛྲེ་སྭཱ་ཧཱ། ལན་གསུམ་འདོན་ནོ། །

མར་མེ་ལ་དེང་སང་གློག་གི་མར་མེ་ཆོག་གམ

ལན། མར་མེ་གཙོ་བོ་འོད་ཕུལ་བ་ཡིན་པས་མར་མེའི་གོ་ཆོད་ནའང་།   དེང་གི་གློག་མཆོད་མང་བོ་མཛེས་པའི་ཆེད་དུ་འོད་གསལ་མི་གསལ་ལྷེམ་མེར་བྱེད་པ་ནི་མི་ལེགས་ཏེ་སྔོན་བྱོན་དམ་པས་ལ་ལ་འོད་མེད་པར་མེ་མ་ཤི་ཙམ་གྱིས་རྒྱུན་གང་རིང་བྱེད་པ་མི་ལེགས་གསུངས།

མེའི་འོད་ཕུལ་བ་ཡིན་ན་དེའི་སྣུམ་མ་ལེགས་ན་ཆོག་གམ

ལན། མི་ཆོག་སྟེ་མར་མེ་གཙོ་བོ་འོད་ཕུལ་བ་ཡིན་ཀྱང་རྒྱུ་ཞུན་མར་དང་འབྲུ་མར་ཡང་ཁ་དོག་ལེགས་པ། དྲི་རོ་ཕུན་སུམ་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབས་ལྷག་པར་ཆེ་གསུངས།

ལན། མི་དགོས་ཏེ། ཚོགས་ཁྱད་པར་ཅན་གྱི་ཆེད་དུ་གསེར་དངུལ་ལས་བྱེད་པའམ་ཤེས་རབ་ཕུན་སུམ་ཚོགས་པའི་ཆེད་དུ་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲིས་པའང་ཡོད་ལ། མ་མཐའ་ཡང་དྲི་བཟང་བོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ། དྲང་ཞིང་བརླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་རན་པར་དྲིལ་ཏེ་རིང་ཐུང་རྐོང་བུའི་ཚད་ལ་དཔག་ཏེ་ཇི་ལྟར་རན་པར་བྱ་གསུངས།

འོ་ན་མར་མེ་འབར་ཚུལ་གང་འདྲ་བྱས་ན་བཟང་ངམ

ལན། མེ་མ་ཤི་ཙམ་གྱིས་འོད་མེད་པར་རྒྱུན་རིང་བོར་བྱེད་པ་དང་སྡོང་བུ་ཧ་ཅང་སྦོམ་པས་མྱུར་ཏུ་འབར་བར་མི་བྱེད་པར་འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བསྟན་རིམ་ལས་གསུངས་སོ། །

མར་མེ་ཕུལ་བ་ལ་ཕན་ཡོན་གང་འབྱུང་།

ལན། མར་མེ་ཕུལ་བས་མངོན་ཤེས་འགྲུབ་པ་དང་། ཆོས་ཀྱི་མིག་རྣམ་པར་དག་པ་སོགས་ཕན་ཡོན་དུ་མ་དང་། ཁྱད་པར་མ་རྒྱུད་ཀྱི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདྲེན་པ་ལ་མར་མེ་ཕུལ་བ་རྟེན་འབྲེལ་གྱི་སྒོ་ནས་ཁྱད་པར་འཕགས་གསུངས།

མར་མེ་འབུལ་དུས་འདོན་རྒྱུ་ཡོད་དམ།

ལན། ཡོད་དེ། སྔོན་བྱོན་དམ་པས་དེ་སྨོན་ལམ་ཞིག་གསུང་ཡོད་པ་འདི་ལྟར། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདི། །མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །ཅེས་པའོ། །

ཞལ་ཟས་ཞེས་པ་ནི་ཅི་རེད།

ལན། བཞེས་རྒྱུའི་ཟ་མ་སྟེ་ཕྱག་ལེན་དུ་ཟན་གཙང་མ་གང་ལེགས་བཟོས་པ་མར་ཀྱིས་སྤྲས་པའི་དབྱིབས་ཕུན་སུམ་ཚོགས་པ་བཟོས་ལ་སྤྱིར་དབུལ་བྱའི་ཟས་ནི་རང་གིས་སྤྱད་བྱ་ལས་བཟང་བ་སྟེ་མཐའ་དེ་ལས་མི་ཞན་པ་ཞིག་བྱ་དགོས་ཏེ། བཟང་བོ་རང་གི་ལོངས་སྤྱད་ནས་ངན་པ་དཀོན་མཆོག་ལ་འབུལ་བ་ནི་ཕན་ཡོན་ལས་ཉེས་དམིགས་ཆེ་གསུངས། དེར་མ་ཟད་སྨན་ལྔ་དང་སྙིང་བོ་ལྔ་ལ་སོགས་པའང་བསྲེས་ན་ནད་མུག་སོགས་ཀྱི་གདུང་བ་སེལ་ཞིང་ནད་ཀྱི་བསྐལ་བ་སོགས་སུ་མི་སྐྱེ་བ་དང་། མཐར་ཐུག་དབང་སྟོབས་སོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་རོ། །


མཆོད་པ་རྒྱ་ཆེ་མིན་གང་ལ་ཐུག་ཡོད

ལན། དེ་མཆོད་རྫས་མང་ཉུང་དང་རྒྱ་ཆེ་མིན་ལ་ཐུག་མེད་དེ་གཙོ་བོ་མཆོད་པ་འབུལ་བའི་སེམས་ལ་ཐུག་ཡོད་དོ། །