མཁྱེན་རབ་ནོར་བུ།
མི་ཚེ།
[རྩོམ་སྒྲིག]སྨན་རྩིས་མཁས་དབང་མཆོག་ནི་ལྷོ་ཁ་རྩེ་ཐང་ཁུལ་བྱ་ས་ལྷ་ཁང་གི་ཉེ་འདབས་སུ་ཡབ་རྩིས་རིག་སྨྲ་བ་ཀྲང་གོ་ལེབ་བམ་རྩིས་པ་རྔ་བོ་ཆེར་གྲགས་པ་དང་། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་ རབ་བྱུང་བཅོ་ལྔ་པའི་ཆུ་ལུག(༡༨༨༣)ལོར་སྐུ་བལྟམས། ཆུང་དུས་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་གནང་། དགུང་ལོ་བཅུ་བཞི་ཡས་མས་སུ་དགོན་པས་དྲག་འདེམས་ཀྱིས་ ལྷ་ས་ལྕགས་རི་འགྲོ་ཕན་གླིང་དུ་གསོ་རིག་སློབ་གཉེར་དུ་མངགས། ཐོག་མར་སྨན་དགེ་ངག་དབང་ཆོས་ལྡན་གྱི་དྲུང་ནས་སྨན་གཞུང་གསན་སྦྱངས་ཀྱི་དབུ་ཚུགས། དེ་ནས་རིང་པོར་མ་ ཐོགས་པར་སྨན་གཞུང་ཐུགས་འཛིན་ དང་ཚོགས་འདོན་ཆོས་སྤྱོད་སོགས་ཀྱི་རྒྱུགས་འབུལ་སྦྱངས་འབྲས་ལེགས་པར་ཐོབ་པར་བརྟེན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུའི་བླ་སྨན་ དངོས་ གཞི་ བྱམས་པ་ཐུགས་དབང་མཆོག་གི་རྒྱུད་འཛིན་སློབ་གྲྭ་བའི་ཁོངས་སུ་བདམས་ཚུད་བྱུང་བས། མཁས་མཆོག་དེ་ལས་གསོ་བ་རིག་པའི་རྒྱུད་བཞི་དང་། གཞུང་འགྲེལ་བེེ་སྔོན་ལ་སོགས་པ་སྨན་གྱི་གཞུང་ལུགས་མང་པོའི་ལུང་འཁྲིད་མན་ངག་ལག་ལེན་དང་བཅས་པར་མཐར་ཕྱིན་པར་མཛད། སྔ་རྗེས་སུ་མཁས་དབང་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་དང་། འཇམ་དཔལ་རོལ་བའི་བློ་གྲོས་སོགས་རྩོད་མེད་མཁས་དབང་དུ་མ་ལས་གསོ་རིག་དང་། སྐར་ནག་རྩིས་ཀྱི་རིག་པ། སུམ་རྟགས་དང་སྒྲ་རིག་པ། སྙན་ངག རྒྱུད་བཞི། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག སོགས་ལེགས་པར་གསན་སྦྱོང་མཛད་པས་སྨན་རྩིས་གཙོ་བོར་གྱུར་བའི་རིག་གནས་ཀུན་ལ་མཁྱེན་དཔྱོད་འགྲན་ཟླ་བྲལ་བའི་མཁས་པའི་གོ་འཕང་ཐོབ། ལྕགས་ཁྱི(༡༩༡༠)ལོར་ལྕགས་སྨན་སློབ་གྲྭ་ཚང་ནས་གདན་ས་ཆེན་པོ་འབྲས་ སྤུངས་དགོན་གྱི་སྨན་སྦྱིན་པར་མངའ་གསོལ། ཆུ་གླང(༡༩༡༣)ལོར་བཤད་སྒྲ་བློན་ཆེན་སིམ་ལའི་ཆིངས་དོན་དུ་རྒྱ་གར་ལ་ཕེབས་དུས་དེའི་བླ་སྨན་པར་མཉམ་བྱོན་སྐབས་ཕྱི་རྒྱལ་གྱི་ནད་པ་གསོ་དཀའ་བ་འགའ་ཞིག་ལ་སྨན་བཅོས་གནང་བ་བརྒྱུད་ཕན་གསོས་ཆེན་པོ་བྱུང་བར་བསྔགས་བརྗོད་རྒྱ་ཆེ་ཐོབ། མེ་འབྲུག(༡༩༡༦)རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་གནང་ནས་རྩེ་དྲུང་ལས་ཚན་པའི་མཚན་གནས་དང་སྦྲགས་སྨན་རྩིས་ཁང་གི་དབུ་འཛིན་དང་ལྕགས་པོ་རི་སྨན་པ་གྲྭ་ཚང་སློབ་དཔོན་གཅིག་ལྕོགས་སུ་བསྐོ་བཞག་གནང་བས། སློབ་མ་དུ་མ་བསྐྱངས། དབུས་གཙང་གཙོ་བོར་གྱུར་བའི་མདོ་སྨད་དང་། འབྲུག་པ། འབྲས་ལྗོངས། ལ་དྭགས། ཁུ་ནུ་ལ་སོགས་ནས་སློབ་མ་དུ་མ་འདུས། ལྕགས་རི་འགྲོ་ཕན་གླིང་གི་དབུ་འཛིན་གནང་སྐབས་ཆུ་ཕག(༡༩༢༣)ལོར་རྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསར་བཞེངས་གནང་བའི་སྨན་ཐང་བརྒྱད་བཅུ་ཡོད་པ་ལས་བར་སྐབས་ལྔ་བཅུ་སྐོར་ཟད་སྐྱོན་བོར་བརླག་སོང་བ་རྣམས་བསྐྱར་བྲིས་ཁ་གསབ་མཛད། སློབ་མ་ཚོས་ལྟ་བདེ་ཤེས་སླ་ཡོང་ཆེད་སྨན་རྩིས་ཁང་སློབ་གྲྭའི་ཚོགས་ཁང་གི་ལྡེབས་རིས་ལ་རྩ་བཤད་ཀྱི་སྡོང་འགྲེམས་དང་། གཏར་བསྲེག་དཔེ་རིས། བྱང་ཁོག་ཡུལ་ཐིག་སྔ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ལྷོ་བྲག་བསྟན་འཛིན་ནོར་བུས་ཕུང་པོ་དངོས་ལ་གཟིགས་ཏེ་བཞེངས་པའི་དཔེ་རིས། གསོ་རིག་རྒྱུད་བཞིའི་ཡོངས་གཏད་ལེའུའི་རི་མོ། དུས་འཁོར་ལུགས་ཀྱི་རི་རབ་དང་གོ་ལའི་དཔེ་རིས་མི་འདྲ་བ། སྙན་ངག་སྒྲ་རྒྱན་བྱ་དཀའ་བའི་ཀུན་བཟང་འཁོར་ལོ་སོགས་གསར་བཞེངས་གནང་། ས་རྟ(༡༩༡༨)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ དམིགས་བསལ་གཟིགས་བསྐྱངས་ཀྱིས་རྗེ་འདི་ཉིད་ལ་སྐུའི་བླ་སྨན་པ་ཆུང་བ་བསྐོ་བཞག་བསྩལ། རྭ་སྒྲེང་རྒྱལ་ཐོག་སྐབས་མཁན་ཆུང་གི་གོ་གནས་སུ་ གནས་སྤར་གནང་བ་དང་། མེ་བྱ(༡༩༥༧)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ པས་སྐུ་བཅར་མཁན་ཆེན་དར་ཧན་གྱི་གོ་མིང་བསྩལ། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་སྟག(༡༩༦༢)ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ལྷ་སར་སྐུ་གཤེགས། གསུང་རྩོམ་ལ། 《རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ》《རྩིས་གཞུང་རིག་ལྡན་སྙིང་ཐིག》སོགས་ཧ་ཅང་མང་བས་སྤྱིར་བོད་ཀྱི་རིག་གནས་དང་། སྨན་རྩིས་གཉིས། ཁྱད་པར་སྨན་རྩིས་ཁང་དར་རྒྱས་གོང་འཕེལ་གཏོང་ཕྱིར་སྐུ་ཚེ་ཧྲིལ་པོ་འབད་བརྩོན་གནང་བ་སོགས་ཕྱག་རྗེས་ཤིན་ཏུ་ཆེ།