Jump to content

མཁར་རྨེ་བསམ་གཏན་

ཡོང་ཁུངས་Wikipedia

ངའི་སྐྱེས་ཡུལ་ནི་ཨ་མདོའི་ལྷོ་ཤར་དུ་ཡོད་པའི་ཡུལ་སྐད་དུ་ཤར་ཁོག་ཟེར་བ་དང་དབུས་གཙང་དུ་ཟུང་ཆར་འབོད་པ་དེ་ཡིན། སྔོན་སྤྱི་ལོ་དུས་རབས་བདུན་པའི་མགོ་ནས་བཟུང་སྟེ་དགུ་བའི་དཀྱིལ་བར་དུ་བྱུང་བའི་བོད་བཙན་པའི་རྒྱལ་ཁབས་དུས་སུ་ཡུལ་དེ་ལ་ཟོང་ཆུ་ཞེས་གྲགས། དེར་བརྟེན་ས་ཁུལ་དེ་ནི་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཀྱི་ས་ཁུལ་གནད་ཅན་ཞིག་ཡིན་པར་མ་ཟད་བཙན་པོའི་དུས་སྐབས་སུ་དེར་རྒྱུན་འཇགས་སུ་སྡོད་པའི་མཐའ་མཚམས་སྲུང་དམག་གི་ལས་ཁུངས་དང་དམག་སྒར་ཡང་ཡོད་པར་ངེས། ཡུལ་ཟུང་ཆུའི་བྱང་ངོས་སུ་འཕན་ཆུ་ཞེས་པའམ་བོག་ཟོ་རུ་ཡང་འབོད་པ་དེ་ཡོད། ཡུལ་མིང་ཟུང་ཆུ་དང་འཕན་ཆུ་གཉིས་བསྡུས་ནས་མིང་བཏགས་པ་རྒྱའི་མཁར་སོང་ཕན་༼Songpan༽ ཞེས་པ་དེ་ཟུང་ཆུ་ལུང་འདབས་སུ་ལུང་པ་གཉིས་ཀྱི་འདུས་མདོར་ཆགས་ཡོད། མཁར་དེར་བོད་རྒྱ་གཉིས་དུས་རབས་ནས་དུས་རབས་བར་དམག་འཐབ་བྱེད་མྱོང་ཡོད། དེ་བཞིན་བོད་རྒྱ་གཉིས་བར་ཚོང་ལས་དང་རིག་གནས་བརྗེ་ལེན་བྱེད་སའི་ས་ཚིགས་ཤིག་ཀྱང་ཡིན།

ཡུལ་ལ་ཤར་ཁོག་ཏུ་འབོད་སྟབས་ཡུལ་མི་ལ་ཤར་བ་ཞེས་འབོད་སྲོལ་ཡོད། ས་ཁུལ་དེའི་ཤར་དུ་རི་ཤིན་ཏུ་མཐོ་བ་ཤར་དུང་རི་དཀར་པོ་ཞེས་བོན་རིགས་ཀྱི་གནས་རི་བྱིན་ཅན་རི་རྩེ་ཟུར་གསུམ་གནམ་ལ་ཟུག་པ་ལྟ་བུར་དབྱར་དགུན་མེད་པར་གངས་ཀྱིས་བཏུམ་ནས་སྡོད་བཞིན་ཡོད། དེ་བཞིན་བྱང་དུ་ཡང་རི་བོ་བྱང་བྱ་དུར་སྔོན་མོ་ཞེས་གནས་རི་རྩ་ཆེན་དུ་བྱེད་པ་ནགས་ཚལ་སྟུགས་པོས་ཁེངས་པ་ཞིག་ཡོད། རི་དེའི་ལྷོར་བྲག་གཡུང་དྲུང་ཁ་ཞེས་བོན་གྱི་རི་ཁྲོད་ཉམས་དགའ་བ་དང་དགའ་མལ་ཞེས་བོན་གྱི་དགོན་པ་མཛེས་བརྗིད་དང་ལྡན་པ་བཅས་ཡོད།

ངའི་སྐྱེས་ཡུལ་གྱི་གྲོང་གསེབ་མིང་ལ་ཀི་ཚལ་ཟེར་གྱི་ཡོད། གྲོང་ཚོ་དེ་ཟུང་ཆུ་མཁར་ནས་བྱང་ངོས་སུ་སྤྱི་ལེ་བཅོ་ལྔ་ཙམ་དུ་རི་གསེབ་ཏུ་ཆགས་ཡོད། སྤྱི་ལོ་༡༩༥༠ལོའི་སྔོན་ལ་གྲོང་པ་དེ་ཡག་གི་ཚོ་བ་བཞི་ཞེས་པའི་གྲལ་ནས་གཅིག་ཡིན། ཚོ་བ་གཞན་གསུམ་ནི་ཨ་གླིང་དང་རྒྱལ་བཙན་དང་ཚེ་ཡག་རྣམས་ཡིན། གྲོང་ཚོ་ཀི་ཚལ་གྱི་ནུབ་ཕྱོགས་སུ་ཡག་གི་ཚོ་བ་བཞིས་གསོལ་བའི་གཞི་བདག་ཨ་གླིང་བྲག་དཀར་ཞེས་ཤིན་ཏུ་གཉན་པོར་བརྩི་བའི་ཡུལ་ལྷ་གནས་པའི་རི་ཞིག་ཡོད། རི་དེའི་རྩེ་བྲག་དངུལ་མདོག་ཅན་རི་རྐེད་རྫ་སྔོན་རི་འདབ་ཏུ་ཤིང་ཤུག་པ་དང་ཐང་ཤིང་སོགས་ཀྱིས་བལྟམས་པའི་ནགས་ཚལ་ཤིན་ཏུ་འཁྲིགས་པར་རི་དྭགས་ཤ་བ་དགོ་བ་དང་གླ་བ་དེ་བཞིན་གཅན་གཟན་གཟིག་སྤྱང་གུ་དང་འཕར་བ་བཅས་སེམས་ཅན་སྣ་ཚོགས་བཅའ་སྡོད་བྱེད་ཀྱིན་ཡོད། དེ་བཞིན་སྤང་གཤོང་རྣམས་སུ་དབྱར་དུས་སུ་མེ་ཏོག་འདྲ་མིན་ཧ་ཅང་མང་པོ་སྐྱེས་གི་ཡོད། དཔེར་ན་ཡུལ་སྐད་དུ་ཆང་ཤོ་གཡང་ཤོ་ཞེས་པ་མེ་ཏོག་སེར་པོ་ཆེ་ལ་མཐོ་བ་ཨ་དར་རྒྱས་དར་ཞེས་མེ་ཏོག་དམར་པོ། ཉི་མ་རླུང་རྟ་ཞེས་མེ་ཏོག་སྔོན་པོ། ཁུ་བྱུག་སྒམ་བུ་ཞེས་མེ་ཏོག་སྨུག་སྐྱ་བཅས་སྐྱེས་ཡོང་། གྲོང་པ་ཀི་ཚལ་དུ་ངའི་མི་ཚང་གི་མིང་ལ་མཁར་རྨེའུ་ཚང་ཟེར། མཁར་རྨེའུ་ཚང་ནི་ཧ་ཅང་དབུལ་བའམ་ཕྱུག་པོ་དེ་འདྲ་མིན། གང་ལྟར་མི་གཞན་ལ་བརྟེན་དགོས་མེད། གནམ་རྒྱུན་ནང་མི་བཅུ་ཙམ་ཡོད། ང་ཕ་ཚེ་དགའ་དང་མ་ཟིན་མོ་གཉིས་ལ་བུ་གཉིས་ཡོད་པའི་གཅེན་པོ་ཡིན། ངའི་སྤུན་ནུ་བོའི་མིང་ལ་བསོད་ནམས་བཀྲ་ཤིས་ཟེར་བ་དང་གཅེས་མིང་དུ་བསོད་གོ ང་རང་གི་མིང་ལ་གཏེར་བརྒྱ་དགའ་དབང་དེ་བཞིན་གཅེས་མིང་དུ་གཏེར་གོ་ཟེར་གི་ཡོད། ང་སྤྱི་ལོ་༡༩༣༦ལོར་སྐྱེས། མཁར་རྨེའུ་ཚང་ལ་ས་ཞིང་རྒྱ་ཆེ་ཙམ་ཡོད། ཞིང་ལས་སུ་ལོ་རེ་ལ་ནས་དང་གྲོ་དང་སྲན་མ་བཅས་འབྲུ་རིགས་དང་སྔོ་ཚོད་སྣ་ཀ་མི་འདྲ་བ་མང་པོ་སྐྱེས་ཡོང་། རྒྱུ་ནོར་ལ་མཛོ་བདུན་ཅུ་ཙམ་རི་ཁུལ་དུ་ཟོག་སྒར་ཞེས་པར་འཚོ་གི་ཡོད་པ་དང་དེ་བཞིན་གྲོང་ཁུལ་དུ་རྟ་ཉི་ཤུ་ལུག་བདུན་ཅུ་ཞིང་རྨོས་ཆེད་དུ་རྨོས་མཛོ་བཞི་དང་མར་དང་ཕྱུ་རའི་ཆེད་མཛོ་མོ་བརྒྱད་བཅས་ཉར་གི་ཡོད། སྤྱི་ལོ་༡༩༥༠ལོའི་སྔོན་ལ་ཨ་མདོ་ཤར་བ་རྣམས་ལོ་རེ་ལ་སོག་པོ་ཁལ་བ་ཞེས་མཚོ་སྔོན་ཁུལ་དུ་ཡོད་པའི་ཨ་རིག་སོག་པོ་དང་ཚོང་འབྲེལ་བྱེད་ཆེད་འགྲིམ་འགྲུལ་དུ་འགྲོ་སྲོལ་ཡོད། སོག་པོ་ཁལ་བའི་རྒྱུ་ཟོག་ལ་མི་ཚང་ཕྱུག་པོ་ཚོས་ཟུང་ཆུ་མཁར་ནས་རྒྱ་ཇ་ཉོས་ཏེ་མི་ཚང་སོ་སོར་ཡོད་པའི་མཛོ་ལ་ཁལ་འགལ་ནས་འགྲོ་སྲོལ་ཡོད། སོག་པོ་ཁལ་བའི་རྒྱུ་ཟོག་ལ་མི་ཚང་ཕྱུག་པོ་ཚོས་ཟུང་ཆུ་མཁར་ནས་རྒྱ་ཇ་ཉོས་ཏེ་མི་ཚང་སོ་སོར་ཡོད་པའི་མཛོ་ལ་ཁལ་འགལ་ནས་འགྲོ་སྲོལ་ཡོད། ཨ་མདོ་ཤར་ཁོག་ཏུ་སོག་པོ་ཁལ་བའི་གྲས་སུ་འགྲོ་ནུས་པ་མི་ཚང་ཉི་ཤུ་ཙམ་ལས་མེད། དེར་བརྟེན་མཁར་རྨེའུ་ཚང་ལ་གོང་སྨོས་མཛོ་བདུན་ཅུ་བེད་སྤྱད་ནས་ལོ་རེར་ཚོང་ལས་བྱེད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།

རང་ལོ་བརྒྱད་ལ་གྲོང་ཁུལ་དུ་ཡོད་པའི་དགེ་རྒན་ཞིག་ལས་བོད་ཡིག་ཀློག་འདོན་བྱེད་པའི་འགོ་བརྩམས་ཏེ་གྲོང་པའི་ཉེ་འགྲམ་དུ་ཆགས་པའི་སྣ་སྟེང་དགོན་པའི་སྒྲིག་ལམ་ལ་ཞུགས། དེར་རང་ལོ་བཅུ་གསུམ་བར་བོན་སྒོ་བཞི་མཛོད་ལྔ་ནས་འབྱུང་བའི་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ལུགས་ཀྱི་ཆོ་གའི་གྱེར་དབྱངས་འདོན་གསུམ་དང་གར་འཆམ་དང་དཀྱིལ་འཁོར་ཐིག་རྩ་སྐོར་ལ་བློ་སྦྱོང་ཁུལ་བགྱིས། རང་ལོ་བཅུ་བཞི་ནས་བཅུ་དགུ་བར་སྐྱང་ཚང་དགོན་པའི་སྒྲིག་འཚོགས་སུ་ཞུགས་ཏེ་དགོན་པ་དེའི་བོན་སློབ་ཏུ་བཞུགས་པའི་མཁས་པའི་དབང་པོ་བསྟན་འཛིན་བློ་གྲོས་རྒྱ་མཚོའི་༼༡༩༨༨ནས་༡༩༧༥༽མདུན་དུ་སློབ་གྲོགས་གཞན་ཕན་མཆོག་ལྡན་༼ད་སྐབས་རྒྱ་གར་སྨན་རི་དགོན་པའི་མཁན་པོར་བཞུགས། ཁོང་གི་མཚན་ལ་སངས་རྒྱས་བསྟན་འཛིན་ཡང་ཞུ༽དང་ལྷན་དུ་རབ་བྱུང་བསྒྲུབས་ཏེ་ངེད་ཀྱི་མིང་ལ་བསམ་གཏན་རྒྱལ་མཚན་ཞེས་བཏགས་པར་གནང་། བོན་སློབ་འདི་ཉིད་རང་གི་མའི་ཁུ་བོར་སོང་སྟབས་ངས་ཁོང་ལ་ཨ་ཞང་ཨ་མྱེས་ཞེས་འབོད་གི་ཡོད། ཁོང་གི་དྲུང་དུ་བོད་སྤྱིའི་སྲོལ་རྒྱུན་ལྟར་རྩིས་དཀར་ནག སྙན་ངག སྒྲ་མཚམས་སྦྱོར་ལྔ་པའི་བར་སློབ་སྦྱོང་བྱས། བཤད་གྲྭར་མཚན་ཉིད་སྡུད་གྲྭ་ནས་བཟུང་དབུ་མའི་བར་རྩོད་རྒྱུགས་སྤེལ། སྒོམ་གྱི་ཉམས་ལེན་དུ་ཤར་རྫའི་གྲུབ་དབང་བཀྲ་ཤིས་རྒྱལ་མཚན་གྱི་ཁྲིད་རིམ་ལྟར་སྔོན་འགྲོ་བ་བཀའ་ལུང་རྒྱ་མཚོ་དང་དངོས་གཞི་སྐུ་གསུམ་རང་ཤར་གཞིར་བཞག་སྟེ་རྩ་རླུང་དང་བཅུད་ལེན་འོད་གསལ་མུན་མཚམས་བཅས་ཀྱི་ཁྲིད་ཐོབ། སྤྱི་ལོ་༡༩༥༥ལོར་སློབ་གྲོགས་གཞན་ཕན་མཆོག་ལྡན་དང་ལྷན་དུ་དགེ་བཤེས་གྱི་མཚན་རྟགས་ལེན་ཁུལ་བགྱིས།

སྤྱི་ལོ་༡༩༥༦ལོར་གཞན་ཕན་མཆོག་ལྡན་དང་ལྷན་དུ་རྒྱ་ནག་གླང་ཆེན་འགྱིང་རིར་གནས་སྐོར་དང་སྦྲགས་ཏེ་དབུས་གཙང་ལ་བསྐྱོད། ལྷ་སར་གནས་འཇལ་བྱས་པའི་རྗེས་སུ་བོན་གྱི་དགོན་པ་ཐོབ་རྒྱལ་སྨན་རི་དང་ར་ལག་གཡུང་དྲུང་གླིང་ལ་བསྐྱོད་དེ་སྨན་རིར་བོན་སློབ་རྣམ་པ་གཉིས་སངས་རྒྱས་བསྟན་འཛིན་དང་མཁས་པའི་མཆོག་གྱུར་བསྟན་འཛིན་རྣམ་དག་མཆོག་གཉིས་ཀྱི་གསེར་ཞལ་ལན་དང་པོར་མཇལ་བའི་གོ་སྐབས་ཐོབ། དེ་ནས་ཆོས་ཀྱི་སློབ་གཉེར་ཆེད་དུ་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་ཕྱིན་ཏེ་སྒོ་མང་གྲྭ་ཚང་དུ་ཞུགས། དེར་རྟགས་རིགས་དང་བློ་རིགས་ཀྱི་འཛིན་གྲྭ་ནས་འགོ་བཙུགས་ཏེ་ལོ་གཅིག་རིང་ལ་ཚད་མ་དང་དེའི་རྗེས་སུ་དོན་བདུན་ཅུའི་འཛིན་གྲྭ་ནས་བཟུང་གཞུང་འོག་བར་ལོ་གསུམ་གྱི་རིང་ལ་དགེ་རྒན་རྣམ་པ་ནས་ཕར་ཕྱིན་གཞུང་གི་དཔེ་ཁྲིད་དང་ཆོས་གྲྭར་རྩོད་པ་ཉིན་རེར་ལན་གཉིས་མ་ཆག་པ་བྱས། དཔེ་ཁྲིད་ལ་རྒན་སྦྱིན་པ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་ཐོག་ནས་ཁྲིད་གནང་། རྒན་ཐུབ་བསྟན་ཉི་མ་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མའི་རྣམ་བཤད་ཐར་ལམ་གསལ་བྱེད་ཀྱི་འགྲེལ་བཤད་གནང་བ་ལ་ཡང་ཉན་ཁུལ་བགྱིས་པ་ཡིན། བློ་འཛིན་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོའི་རྩ་བ་དང་སློབ་དཔོན་སེང་གེ་བཟང་པོའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་གཉིས་བློ་ལ་བཟུང་སྟེ་ཆོས་མཚམས་སྐབས་སུ་སྐྱོར་གྱི་ཡོད། འོན་ཀྱང་སྤྱི་ལོ་༡༩༥༩ལོར་ཆོས་ཀྱི་སློབ་གཉེར་གྱི་མཚམས་བཞག་དགོས་བྱུང་བར་བརྟེན་བལ་ཡུལ་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད། རྒྱ་གར་དུ་སླེབས་མ་ཐག་ཀ་བློན་སྦུག་དང་རྒྱལ་ས་ནེའུ་ལྡི་ལིར་བོན་དཔེ་པར་སྐྲུན་བྱེད་པའི་འགོ་བཙུགས། སྤྱི་ལོ་༡༩༦༠ལོར་ནེའུ་ལྡི་ལིའི་པར་ཁང་ཞིག་ཏུ་མཁས་པ་ཆེན་པོ་སྐུ་ཞབས་བདེ་གསལ་དགེ་རབ་༼Professor David Snellgrove༽དང་ལན་དང་པོར་མཇལ། ཁོང་ནི་ཕྱི་གླིང་པ་དབྱིན་ཇིའི་མི་ཞིག་དང་འཕྲད་པ་དང་པོ་ཡིན། ཁོང་གིས་གདན་ཞུས་གནང་པ་ལྟར་ལོ་དེར་སློབ་གྲོགས་སངས་རྒྱས་བསྟན་འཛིན་དང་ངེད་གཉིས་ཁོང་དང་ལྷན་དུ་གནམ་གྲུའི་ཐོག་སྟོན་པ་ཤཱཀྱ་ཐུབ་པའི་ཐེག་དམན་གྱི་བསྟན་པ་དར་བའི་ཡུལ་གླིང་ཕྲན་སིང་ག་ལ་དང་ཁ་ཆེའི་ཆོས་ལུགས་དར་བའི་རྒྱལ་ཁབ་ལེ་བི་ནི་ཞེས་པ་དང་སྟོན་པ་ཡེ་ཤེའི་ཆོས་ལུགས་ཀྱི་ལྟེ་གནས་ཡོ་རོབ་རྒྱལ་ཁབ་ཨི་ཏ་ལི་ལ་བལྟ་སྐོར་དུ་ཕྱིན་ནས་ཡུལ་མི་འདྲ་བའི་མི་རིགས་ཀྱི་ཤེས་རིག་དང་ཆོས་ལུགས་ཀྱི་མྱོང་ཚོར་ཆེན་མོ་བྱུང་། ཨི་ཏ་ལི་ལ་ཡོད་སྐབས་བོན་སློབ་བསྟན་འཛིན་རྣམ་དག་ཀྱང་དེར་ཕེབས་མཚམས་ངེད་ཚོ་ཚང་མ་ལྷན་དུ་དབྱིན་ཡུལ་དུ་གནམ་གྲུ་བརྒྱུད་ནས་མཉམ་པོར་ཕྱིན།

སྤྱི་ལོ་༡༩༦༡ནས་བཟུང་༡༩༧༠བར་རྒྱལ་ས་ལོན་ཏོན་དུ་ཡོད་པའི་མཐོ་རིམ་སློབ་གྲྭ་ཆེན་མོའི་ཚན་ཁག་འཛམ་གླིང་ཤར་དང་ཨ་པི་རི་ཀའི་སློབ་གཉེར་ཁང་༼School of Oriental and African Studies, University of London༽དུ་བོད་ཆོས་ཀྱི་ཞིབ་འཇུག་ལས་རོགས་དང་རང་སྒེར་གྱི་ཆེད་དུ་དབྱིན་སྐད་དང་སམ་སྐྲིཏའི་སྐད་ཀྱི་བློ་སྦྱོང་དང་སྦྲགས་ཏེ་འབད་བརྩོན་ཇི་ནུས་བགྱིས། བོད་དུ་ཡོད་སྐབས་ཕྱི་རྒྱལ་སྐད་ཡིག་དང་དེང་རབས་ཅན་གྱི་སློབ་གསོའི་གོ་སྐབས་རྩ་བ་ཉིད་ནས་མ་བྱུང་སྟབས་དབྱིན་ཡུལ་དུ་སླེབས་དུ་མི་རིགས་གཞན་གྱི་རྗེས་ཟིན་ལ་མི་ཟིན་པ་ལྟ་བུས་དཀའ་ངལ་བརྒྱ་ཕྲག་དང་འཕྲད། འོན་ཀྱང་དབྱིན་ཇི་མི་ཡི་རོགས་སྐྱོར་དང་རང་གི་ནུས་ཤུགས་གང་འཛོམས་ཀྱིས་སློབ་གཉེར་གྱི་འབྲས་བུ་མི་དམན་པ་བྱུང་། དེར་བརྟེན་སྤྱི་ལོ་༡༩༦༨ལོར་ལོན་ཏོན་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་དང་པོ་མཚན་ཉིད་སློབ་དཔོན་༼M.Phil.༽ཞེས་པའི་གོ་གནས་དང་དེའི་རྗེས་སུ་༡༩༨༥ལོར་མཚན་ཉིད་སློབ་ཆེན་པོ་༼Ph.D.༽ཞེས་པའི་གོ་གནས་ཀྱང་རིམ་པར་ཐོབ། དུས་ཡུན་འདི་སྐབས་སུ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་གྱི་ཕྱེད་ཙམ་དབྱིན་སྐད་དུ་བསྒྱུར་ཏེ་དགོས་གནད་ཀྱི་མཆན་ཡང་བཏབ། སྤྱི་ལོ་༡༩༧༢ལོ་ནས་༡༩༧༤ ལོའི་བར་མཁས་པ་ཆེན་པོ་སྐུ་ཞབས་སྲིད་བརྟན་༼Projfessor Rolf A. Stein༽ནས་མགྲོན་འབོད་གནང་བ་ལྟར་ཕ་རན་སིའི་རྒྱལ་ས་པ་རི་སི་ལ་ཕྱིན་ཏེ་མཐོ་རིམ་སློབ་གཉེར་ཁང་༼Ecole Pratique des Hautes Etudes ༽དུ་ཆོས་རིག་པའི་ཞིབ་འཇུག་གི་ལས་རོགས་ཞུས། སྤྱི་ལོ༡༩༧༥ ནས་༡༩༧༧བར་ཉི་ཧོང་རྒྱལ་ཁབ་ཀྱི་རྒྱལ་ས་ཀྲོ་གེ་ཡོ་ལ་ཡོད་པའི་ཤར་ཕྱོགས་དཔེ་མཛོད་ཁང་༼Toyo Bunko༽དང་མཐོ་རིམ་སློབ་གྲྭར་༼University of Tokyo༽ཡོད་པའི་བོན་པོའི་དཔེ་ཆའི་དཀར་ཆག་བསྒྲིགས། སྤྱི་ལོ་༡༩༧༧ལོ་ནས་༡༩༨༠བར་སླར་ཡང་སྐུ་ཞབས་སྲིད་བརྟན་ལགས་ལ་ཕ་རན་སིའི་སློབ་གཉེར་ཁང་༼College de france ༽ཞེས་པའི་ཆེས་སྐད་གྲགས་ཅན་ཡོད་པ་དེར་བོད་ཀྱི་ཆོས་དང་རིག་གནས་ཞིབ་འཇུག་གི་ལས་རོགས་ཞུས། སྤྱི་ལོ་༡༩༨༡ནས་ཕ་རན་སིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་ཆེན་མོས་༼Centre National de la Recherche Scientifique,CNRS༽ང་ལ་རང་རྐྱ་ཐུབ་པའི་ཞིབ་འཇུག་ལས་འགན་གྱི་གོ་གནས་༼Charge de Recherche༽བསྩལ་བ་ལྟར་སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་༼Laboratoire d’ ethnologie et de sociolofie comparative༽དུ་ཞིབ་འཇུག་གི་ལས་འགན་བླངས། དེར་བོད་རྒྱལ་གཉའ་ཁྲི་བཙན་པོའི་གཏམ་རྒྱུད་དང་འབྲེལ་བའི་བླ་དང་གླུད་དང་བསང་དང་གཡང་དང་རླུང་རྟ་བཅས་ཀྱི་ཆོ་གའི་འབྱུང་ཁུངས་ལ་ཆོས་ལུགས་ཀྱི་ཕྱོགས་ཞེན་དོར་ཏེ་དེང་རབས་ཅན་གྱི་ཚན་རིག་ཐོག་ནས་དཔྱད་པ་བྱས་ཏེ་དཔྱད་རྩོམ་ཕལ་ཆེ་བ་ཕ་རན་སིའི་སྐད་ཐོག་ཏུ་བྲིས་པ་དང་རྒྱལ་སྤྱིའི་ཚོགས་འདུར་བཤད་པ་རྣམས་དབྱིན་སྐད་དུ་བྲིས། ཆོ་གའི་སྲོལ་རྒྱུན་འདི་དག་ནི་ཆེས་སྔ་བའི་བོད་མི་རང་གི་གདོད་མའི་གཤིས་ལུགས་ཀྱི་རྟོག་པའི་རྒྱུན་ཡིན་པ་དང་། དེ་དག་རྒྱ་གར་དང་རྒྱ་ནག་ནས་སངས་རྒྱས་པའི་ཆོས་ལུགས་བརྒྱུད་དེ་བྱུང་བ་མ་ཡིན་པ་གཞི་ནས་ཤེས་པ་བྱུང་། དེ་སྐབས་སུ་གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་གསང་བ་རྒྱ་ཅན་ནས་བསྡུད་དེ་མཛད་པ་གཟིགས་སྣང་སྐོར་མཐོང་བ་དོན་ལྡན་ཞེས་ཁོང་རང་གི་ཕྱག་དཔེ་ངོ་མ་དེ་སྔ་མི་སུ་གང་གིས་མཐོང་མྱོང་མེད་པའི་གསེར་བྲིས་སྤུས་ཤིན་ཏུ་ལེགས་ལ་དཀྱིལ་འཁོར་དང་ཁྲུས་བུམ་སོགས་མཆོད་རྫས་དང་མཆོད་ཆས་ཀྱི་ཚོན་ཁྲ་ཅན་གྱི་རི་མོ་ཧ་ཅང་མཛེས་བརྗིད་དང་ལྡན་པའི་ཁེངས་བ་ཞིག་དང་མཇལ་ཚེ་དེའི་སྐོར་ལ་ཡང་ཞིབ་འཇུག་མི་དམན་པ་བྱས་ཏེ་དེབ་ཅིག་སྤྱི་ལོ་༡༩༨༨ལོར་ལོན་ཏོན་དུ་པར་སྐྲུན་བྱས། སྤྱི་ལོ་༡༩༨༩ལོར་རྒྱལ་ཡོངས་ཞིབ་འཇུག་ཁང་ཆེན་མོ་༼CNRS༽ནས་ང་ལ་ཞིབ་འཇུག་གི་གྲུབ་འབྲས་ངོས་ལེན་དུ་དངུལ་གྱི་རྟགས་མ་ཞིག་ཀྱང་བསྩལ། ལོ་དེར་ཞིབ་འཇུག་གི་གོ་གནས་སྤར་ཏེ་ཞིབ་འཇུག་གི་འགོ་ཁྲིད་༼Director of Research༽ཞེས་པའི་གོ་གནས་ཀྱང་ཐོབ། སྤྱི་ལོ༡༩༥༨ལོ་ནས་བཟུང་རྒྱལ་སྤྱི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ལས་འགན་ལ་ཞུགས། དེའི་ཚོགས་ཆུང་གི་འཐུས་མིའི་ལས་འགན་བླངས་ཏེ་ཚོགས་པའི་དམིགས་ཡུལ་སྒྲུབ་ཐབས་ཇི་ནུས་བགྱིས། སྤྱི་ལོ་༡༩༩༦ནས་༢༠༠༢ལོའི་བར་ལོ་ངོ་དྲུག་གི་རིང་ལ་རྒྱལ་སྤྱི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ཚོགས་གཙོར་མང་མོས་ཀྱི་མོས་ཤོག་ཐོག་ནས་བསྐོས་གནང་ལྟར་དེའི་འགན་ཁུར་གྱི་ཞབས་ཞུ་ཡང་མི་དམན་པར་བགྱིས།