མ་རབས་སྤུན་གཉིས་དང་ཡ་རབས་སྤུན་གཉིས།
མ་རབས་སྤུན་གཉིས་དང་ཡ་རབས་སྤུན་གཉིས།
[རྩོམ་སྒྲིག]རྩོམ་པ་པོ། དོན་གྲུབ་རྒྱལ།
དགུན་གསུམ་གྲང་རླུང་ལྡང་བའི་ཞོགས་པ་ལ། །
མཁའ་རླུང་བསིལ་ཞིང་ནམ་ཟླ་ཤིན་ཏུ་གྲང་། །
རི་གསུམ་རྩེ་མོ་ཁ་བ་དཀར་པོས་གཡོགས། །
ལུང་གསུམ་ཆུ་ཕྲན་རྣམས་ཀྱང་དར་གྱིས་གཏུམས། །
རྩྭ་དང་རྩི་ཤིང་ཡལ་འདམ་བ་མོས་མནན། །
རྐང་ལམ་ཕྲ་མོ་སློབ་ཆུང་སྒོ་ཁར་འབྲེལ། །
ཞོགས་པའི་ཉི་བཞོན་སྤྲིན་གྱིས་མ་བསྒྲིབས་ཀྱང་། །
ལོ་ཆུང་བྱིས་པའི་ལག་པ་དབང་མེད་འཁོབ། །
བདག་གིས་ལག་པ་འཕུར་འཕུར་བྱེད་བཞིན་དུ། །
རྐང་ལམ་ཕྲ་མོ་དེད་ནས་སློབ་གྲྭར་བསྐྱོད། །
སྒྲོལ་མ་བཀྲ་ཤིས་ཕུན་ཚོགས་བདེ་སྐྱིད་དང་། །
ལྷ་མོ་སྐལ་བཟང་ཚེ་རིང་ལྷུན་གྲུབ་སོགས། །
བདག་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་རྣམས། །
གཅིག་རེ་གཉིས་རེ་བྱས་ནས་འོངས་པ་མཐོང་། །
ཨ་མ་་་་་་་་་་་འུན་་་་་་་་་འུང་། །
གློ་བུར་བདག་གི་རྣ་བའི་རྒྱབ་ཕྱོགས་ནས། །
བྱིས་པ་ངུ་བའི་སྐད་ཅིག་ལྷང་ངེར་ཐོས། །
མྱུར་མོར་ཁ་ཕྱིར་འཁོར་ནས་བལྟས་ཙ་ན། །
ཨ་ཁ་བདག་གི་ནུ་བོ་སྐལ་བཟང་ནི། །
ལམ་ཕྲན་སྟེང་དུ་ཁ་སྦུབ་འགྱེལ། །
མ་རབས་བྱིས་པ་ལྷུན་གྲུབ་དེ། །
གད་མོ་དགོད་བཞིན་འབྲོས་ཤིང་འོངས། །
ཚུལ་དེ་མཐོང་ནས་བདག་གིས་ཀྱང་། །
ནུ་བོ་ངུ་དོན་ཤེས་ན་ཡང་། །
མ་རབས་རྒྱལ་པོ་ལྷུན་གྲུབ་ལ། །
ཚིག་གཅིག་བཤད་པའི་སྤོབས་པ་ཞུམ། །
ཁོ་ནི་ཝ་སྐྱེས་རྒྱལ་པོ་བཞིན། །
སློབ་མའི་འཁོར་ལ་ཤིན་ཏུ་འཚེ། །
ཁོ་ནི་ལུག་ཁྱུའི་སྤྱང་ཀི་ལྟར། །
རེའུ་དང་ལུ་གུར་རྟག་ཏུ་གནོད། །
རྒན་ལ་མི་བཀུར་རྡོ་ཁ་བྱེད། །
གཞོན་ལ་མི་གཅེསརྡོག་རྒྱག་གཞུ། །
ཕ་ཡིས་ལབ་ན་མིག་ལོག་ལྟ། །
མ་ཡིས་བཤད་ན་མཆིལ་མ་འདེབས། །
དགེ་རྒན་མི་བཀུར་སྡིགས་མོ་བྱེད། །
སློབ་ཁྲིད་མི་ཉན་རྩེད་མོ་རྩེ། །
ཕར་ལ་ཚིག་གཅིག་ལབ་པ་ན། །
ཚུར་ལ་ཁུ་ཚུར་ལན་དགུ་བརྡེག །
ང་ཚོ་ལོ་ཆུང་བྱིས་པ་ཚོས། །
འདི་ཡི་ཐུབ་ཚོད་རྒྱུན་དུ་མྱོང་། །
བརྙས་བཅོས་མ་མྱངས་འགའ་ཡང་མེད། །
སྙིང་ནད་རྩོད་མཁན་སུ་ཡང་མེད། །
འདི་ལྟར་རི་དྭགས་རྒྱལ་པོ་ལ། །
མི་སྐྲག་སྲོག་ཆགས་སུ་ཞིག་ཡོད། །
སྐབས་དེར་ལྷུན་གྲུབ་བྲོས་ནས་ངའི་རྩར་སླེབས། །
བདག་གི་ཡིད་ལ་ཞེ་སྡང་ལངས་ན་ཡང་། །
བཅོས་མའི་ཡིད་ཞེ་སྡང་ལངས་ན་ཡང་། །
བཅོས་མའི་འཛུམ་དཀར་མི་སྟོན་ཀ་མེད་བྱུང་། །
འོན་ཀྱང་མ་རབས་བྱ་བར་གོམས་པ་ཁོས། །
ང་ལའང་འབུད་རྒྱག་བྱས་ནས་ས་ལ་བསྒྱེལ། །
མི་བཟོད་ཁོང་ཁྲོའི་མེ་ལྕེར་རབ་འབར་བཞིན། །
མི་འདོད་ཞེ་སྡང་དུ་བ་རབ་འཕྱུར་ཡང་། །
རྡོ་རྗེའི་བྲག་ལ་ཚེར་མས་བསྣུན་པ་དང་། །
སྤུ་གྲིའི་ཁ་ལ་ཁུ་ཚུར་བརྡེག་པབཞིན། །
ཀ་མེད་གནམ་འོག་རྒོད་པོ་མཐུར་མེད་འདིར། །
ཁ་ལོ་སྒྱུར་བའི་སྤོབས་པ་སུ་ལ་ཡོད། །
དེ་ལྟར་ལོ་དང་ཟླ་བ་དུ་མ་འདས། །
ང་ཚོ་སློབ་ཆུང་ལོ་རིམ་ལྔ་པར་སླེབས། །
མ་རབས་རྒྱལ་པོ་བསྟན་བཤིག་ཆེ་ན་ཡང་། །
བློ་དང་རིག་པ་ཤིན་ཏུ་རྣོ་བའི་ཕྱིར། །
ངེད་གཉིད་སླར་ཡང་འཛིན་གྲྭ་གཅིག་ཏུ་སླེབས། །
བརྙས་བཅོས་ཐུབ་ཚོད་རྒྱུན་དུ་མྱོང་དགོས་ཀྱང་། །
དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་པའི་ཁར། །
རྐུབ་སྟེགས་གཅིག་གི་འདུག་རོགས་ཡིན་པའི་ཕྱིན། །
ངེད་གཉིས་རིམ་གྱིས་གྲོགས་པོ་བཟང་པོར་གྱུར། །
མི་གཙང་སླ་ངར་འགྲོགས་པའི་དྲི་མ་དང་། །
ལྗོན་ཤིང་འཁྱོག་པོར་བརྟེན་པའི་འཁྲི་ཤིང་བཞིན། །
བདག་ཀྱང་རིམ་གྱིས་ངན་སྤྱོད་ཟླ་ལ་ཞུགས།།
སློབ་གྲྭའི་སྒེའུ་ཁུང་ཤེལ་སྒོ་རྡོ་ཡིས་བཅགས། །
མདུན་འཇོག་གསར་པའི་ངོས་སུ་གྲི་ཤན་བརྒྱབ། །
རྒྱལ་སྒོའི་ལྕགས་ལུང་འབལ་ནས་ཤར་ལ་འཕངས། །
ཁང་ཀླད་གྱོ་མོ་བཀོག་སྟེ་ནུབ་ལ་བརྡབས། །
གྱང་རྩི་དཀར་པོར་སོལ་བས་རི་མོ་བྲིས། །
མ་རབས་སྤུན་གཉིས་མཚང་མིང་སྡེ་མཐར་ཁྱབ། །
ཉིན་ཞིག་ང་རང་ནད་ཡམས་དྲག་པོས་ཟིན། །
ཨ་མས་དེ་འཕྲལ་སྨན་ཁང་ནང་དུ་བསྐྱལ། །
ཟླ་གཅིག་ཉི་མ་སུམ་ཅུའི་དུས་ཡུན་ལ། །
ལྷུན་གྲུབ་ངེད་གཉིས་ཕན་ཚུན་ངོ་མ་འཕྲད། །
དབྱར་ཟླ་དྲུག་པའི་མཁའ་དབྱིངས་སྔོ་ཞིང་སངས། །
མཚར་སྡུག་ཉི་མའི་འོད་ཟེར་དྲི་ཞིང་འཇམ། །
ཨ་མས་ང་རང་སྐྱེད་ཚལ་དུ་ཁྲིད། །
ཨེ་མ་ཉམས་དགའི་སྐྱེད་ཚལ་མཛེས་སྡུག་ཅན།།
ཕྱོགས་བཞིར་ལྗོན་ཤིང་ལོ་འདབ་ཚང་ཚིང་རྒྱས། །
བྱ་དང་བྱིའུས་སྐད་སྙན་ལྷང་ལྷང་སྒྲོག །
མེ་ཏོག་སྣ་ཚོགས་ཟེའུ་འབྲུ་ཤིག་ཤིག་གཡོ། །
ཆུ་དང་ཆུ་ཕྲན་རྣམས་ཀྱང་ལྷུང་ལྷུང་བཞུར། །
དེ་ལྟའི་ཡིད་འོང་ཉམས་དགའི་སྐྱེད་ཚལ་ན། །
ཡལ་འདབ་བྲལ་བའི་ཤིང་སྡོང་གཅེར་བུ་ཞིག །
མི་རོ་རེངས་པ་བཞིན་དུ་འགྱེལ་བ་མཐོང་། །
ཨ་མས་ཤིང་སྡོང་སྐམ་པོ་དེ་བསྟན་ནས། །
ང་ལ་ཕན་པའི་བསླབ་བྱ་འདི་ལྟར་གནང་། །
ཀ་ཡེ་ཉོན་དང་བདག་གི་བུ་ཆུང་ལགས། །
ཤིན་ཏུ་ཡིད་འོངས་ཉམས་དགའི་སྐྱེད་ཚལ་འདིར། །
ལྗོན་ཤིང་རྣམས་ནི་ལོ་འདབ་ཚོགས་ཀྱིས་ཕྱུག། །
མེ་ཏོག་རྣམས་ཀྱང་མཛེས་པའི་དཔལ་གྱིས་སྙེམས། །
བྱིའུ་རྣམས་ཀྱང་གྲེ་ངག་བདེ་བས་དྲེགས། །
འདི་དག་རྣམས་དང་བུ་ཆུང་ཁྱོད་ལ་དཔེ། །
ཆུང་དུས་ཤེས་བྱའི་ས་བོན་མ་བཏབ་ན། །
རིག་པའི་ལྗང་མྱུག་སྐྱེ་བར་མི་འགྱུར་ཞིང་། །
བརྩོན་འགྲུས་ལོ་འདབ་རྒྱས་པར་མ་བྱས་ན། །
ཡོན་ཏན་མེ་ཏོག་ཤར་བར་མི་འགྱུར་ལ། །
གཡུར་ཟའི་འབྲས་བུ་སྨིན་པ་དེ་བས་དཀོན། །
གལ་སྲིད་མ་རབས་བྱ་བ་ལྷུར་བླངས་ཏེ། །
བསྟན་བཤིག་སྤྱོད་པ་རྒྱ་ཡན་བཏང་བ་ན། །
རྩ་བ་བརླན་དང་བྲལ་བའི་ཤིང་སྡོང་ལྟར། །
མི་རོ་རེངས་པ་བཞིན་དུ་འགྱུར་ཉིན་ཆེ། །
དེ་བས་བུ་ཆུང་ཁྱོད་ཀྱང་ད་ནས་བཟུང། །
བརྩོན་པ་ཆུ་བོའི་རྒྱུན་ཀྱང་ད་ནས་བཟུང་། །
གཤོག་འགྱུར་མཁས་པའི་བྱིའུ་འདི་དག་ལྟར། །
མ་རབས་སྤྱོད་པ་མཐའ་དག་མྱུར་སྤོངས་ལ། །
ཤེས་བྱའི་ནམ་འཕང་གཅོད་པའི་གཤོག་རྩལ་སྦྱོངས། །
ཨ་མའི་ཚིག་རྣམས་སྦྲང་ཆར་ཟིམ་བུ་བཞིན། །
དྲི་བཞོན་རླུང་དང་བསྡེབས་ནས་བབས་པ་ཡིས། །
བདག་ཡིད་ཚ་བས་གདུང་བའི་ལྗོན་པ་དེ། །
སྣུམ་ནག་གཡུ་ལོ་རྒྱས་པའི་སྟ་གོན་བྱེད། །
ཡུམ་གྱི་གཏམ་དེ་དོན་མཐུན་ལྡེ་མིག་བཞིན། །
བདག་བློ་རྨོངས་པས་གཏུམས་པའི་བང་མཛོད་ཀྱི། །
རིག་པའི་སྒོ་མོ་ཆེས་ཆེར་ཕྱེས་པར་གྱུར། །
ཉིན་དེར་ལྷུན་གྲུབ་ང་ལ་བལྟ་རུ་སླེབས། །
ཁོང་གི་རྒྱབ་ཏུ་དཔེ་ཁུག་གྲུ་བཞི་ཁུར། །
ལག་པ་གཡོན་མར་ཞྭ་སྨྱུག་ཁྲ་ཁྲ་ཐོགས། །
ང་ལ་སྙུན་འདྲི་བྱས་པའི་རྟིང་མ་ལ། །
གཟབ་ནན་ཚུལ་གྱིས་མཆིད་ཚིག་འདི་ལྟར་སྨྲས། །
ཀ་ཡེ་ཉོན་དང་བདག་གི་གྲོགས་པོ་ལགས། །
སྔོན་ཆད་བདག་གི་མཛད་སྤྱོད་ངན་པ་ཡིས། །
གྲོགས་པོ་ཁྱོད་ཀྱང་ངན་པའི་ཟླ་ལ་ཁྲིད། །
མ་རབས་བྱ་བ་ཁོ་ནས་འཕུང་ལ་སྦྱར། །
བསྟན་ཤིག་སྤྱོད་པ་ཁོ་ནས་ཉིན་མཚན་འདས། །
མ་རབས་སྤུན་གཉིས་མཚང་མིང་ངེད་ལ་ཐོགས། །
དེ་ཚོ་བསམ་ཚེ་ང་རང་ནོངས་འགྱོད་ཆེ། །
ཁྱོད་རང་ན་ནས་ཟླ་ངོ་གཅིག་ཙམ་འགོར། །
འཛིན་གྲྭའི་སློབ་སྦྱོང་རྗེས་སུ་ཆོད་པ་དཀའ། །
ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ། །
ངས་ཀྱང་ཁྱོད་ལ་རོགས་རམ་ཅི་ཐུབ་བྱེད། །
དེ་ཐོས་བདག་གི་ཁྲ་ཆུང་མིག་མཐའ་ལ། །
ཡིད་སེམས་འགུལ་བའི་མཆི་མས་ཁེངས་པ་ལས། །
སྨྲ་བའི་ལྗགས་ལྕེ་རིང་དུ་རྐྱོང་བསམས་ཀྱང་། །
ལྐུགས་པའི་རྣམ་ཐར་མི་སྐྱོང་ཀ་མེད་བྱུང་། །
ཞོགས་པའི་སྐྱ་མདའ་རི་རྩེར་ཕོག་པའི་དུས། །
ལྷུན་གྲུབ་ངེད་གཉིས་གྲམ་པའི་ཆུ་ཁར་སོང་། །
ཆུ་བོའི་གཞོགས་སུ་ཁ་སྤྲོད་འགྲེང་ནས་ནི།།
སློབ་ཚན་བློར་བཟུང་ཡིད་འཛིན་སུ་ཆེ་བལྟས།།
ཉིན་དཀར་འཛིན་གྲྭ་ཚོགས་པའི་དཀྱིལ་དབུས་ སུ། །
ལྷུན་གྲུབ་ངེད་གཉིས་ལུ་གུ་མཚེས་མ་ལྟར། །
མ་མོའི་ནུ་ཞོ་བཏུང་བའི་བློ་རིག་གིས། །
འོ་མའི་བཅུད་བཟང་བཏུང་བ་སུ་མང་འགྲན། །
མཚན་མོ་སློབ་ཚན་བསྐྱར་སྦྱོང་བྱེད་པའི་དུས། །
ཤེས་བྱའི་མེ་ཏོག་བཅུད་རྐང་བ་དྲུག་པ་བཞིན། །
རོ་མངར་སྦྲང་རྩི་བསགས་པ་སུ་མང་བལྟས། །
རྒན་ལ་འཕྲད་ན་ཨ་ཁུ་ཨ་ནེ་འབོད། །
ཨ་ནེ་མོས་པའི་མཆི་མ་ཐུར་ལ་བཞུར། །
གཞོན་ལ་ཐུག་ན་གཅེན་པོ་གཅུང་མོར་འབོད། །
གཅེན་པོ་དགའ་བའི་ངང་ནས་འོ་ཞིག་བསྐྱལ། །
གཅུང་མོ་འཛུམ་པའི་ངང་ནས་མགོ་ཞིག་སྒུར། །
དགེ་རྒན་བཀུར་ཞིང་གྲོགས་ལ་བྱམས་པར་བྱས། །
སློབ་གྲྭའི་སྒྲིག་ལམ་མིག་འབྲས་བཞིན་དུ་སྲུང་། །
མི་བཟང་དོན་བཟང་སྔ་གཞུག་བརྩད་ནས་བྱས། །
ང་ཡིས་ཕྱགས་མ་བཟུང་ནས་སློབ་ཁང་ཕྱགས། །
ཁོང་གིས་ལྕགས་ཁེམ་ཁྱེར་ནས་གད་སྙིགས་འཕོ། །
ང་ཡིས་ཕྱིས་རས་ཁྱེར་ནས་ཅོག་ཙེ་ཕྱིས། །
ཁོང་གིས་ཕྱིང་བ་ཁྱེར་ནས་ནག་པང་ཕྱིས། །
སློབ་གྲྭའི་ནང་དུ་མི་བཟང་དོན་བཟང་དོན་ བཟང་འདེམས། །
དགེ་སློང་ཐམས་ཅད་མ་གྲོས་གཅིག་ཏུ་མཐུན། །
ཡ་རབས་སྤུན་གཉིས་ཟེར་ནས་ཡང་ཡང་བསྔགས། །
སྦྱངས་འབྲས་མཚོན་པའི་རྒྱུགས་ཤོག་དཀར་ པོའི་ཐོག །
ཨང་100མཚལ་གྱི་རི་མོ་བཀྲག་མདངས་འཚེར། །
སློབ་གྲོགས་མོས་པའི་ངང་ནས་འདི་སྐད་དུ། །
ཡ་རབས་སྤུན་གཉིས་ང་ཚོའི་མིག་དཔེ་ཡིན། །
དགེ་རྒན་མཐེ་བོང་བསྒྲེངས་བཞིན་འདི་སྐད་དུ། །
དགེ་རྒན་བཟང་པོའི་དགེ་ཕྲུག་འདི་འདྲ་དགོས། །
ཡབ་ཡུམ་འཛུམ་དང་བཅས་ཏེ་འདི་སྐད་དུ། །
ཕ་མ་བཟང་པོའི་བུ་ཕྲུག་ཁྱོད་འདྲ་དགོས། །