མ་ཕམ་གཡུ་མཚོ།

ཡོང་ཁུངས་Wikipedia
མ་ཕམ་གཡུ་མཚོ།

མ་དྲོས་མཚོའམ་མ་ཕམ་གཡུ་མཚོ་རུ་གྲགས་པ་ནི།བོད་ལྗོངས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཆགས་པའི་གངས་ཏི་སེ་དང་ཉེ་བར་ཡོད་ཅིང་།《བློན་པོ་བཀའ་ཐང་།》ལས།རྡོ་རྗེ་གདན་གྱི་བྱང་ཕྱོགས་བཅལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད་ཅེས་འབྱུང་བ་ལྟར་རོ། །གནས་ཚུལ་ནི《མཛོད།》ལས།མ་དྲོས་པའི་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་སྟེ། ངོས་ལ་རིན་ཆེན་ཕ་གུ་བརྩིགས། དེ་ལས་འབབ་པའི་ཆུ་བོ་བཞི། གངྒཱ་དང་ནི་སིནྡྷུ་དང་། སི་ཏ་དང་ནི་པཀྵུ་ཞེས་པ་སོགས་འབྱུང་ལ། མཆོག་གི་གྲུབ་པ་ཐོབ་པའི་སྐྱེས་བུ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་གཟིགས་ངོར་ཐུན་མོང་གི་སྣང་ངོ་ལས་བརྒལ་བའི་ཡོན་ཏན་མང་དུ་མཇལ་རྒྱུ་ཡོད་པར་བཤད། གཞན་ཡང་སྔོན་ཆད་རྗེ་བཙུན་མི་ལས་མཚོ་འདི་ཕྱག་སོར་གྱིས་ཡར་བཏེགས་པས་ད་ལྟའང་མཚོ་དཀྱིལ་མཐོ་ཞིང་མཐའ་དམའ་བ་ཡིན་པར་གྲགས་ལ།ཁྲུས་སྒོ་བཞི་ཡོད།

མཚོ་འདི་སངས་རྒྱས་དང་བྱང་སེམས་ཀུན་གྱིས་བྱིན་གྱིས་བརླབས་པའི་མཚོ་ཁྱད་པར་ཅན་ཡིན་ཕྱིར་འདི་ལ་ཁྲུས་དང་ཕྱག་སྐོར་བྱས་ན་ཕན་ཡོན་རྒྱ་ཆེ་བར་གྲགས་ཏེ། སྲོང་བཙན་སྒམ་པོའི་གསུང་ལས།མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཅེས་དང་། སློབ་དཔོན་པད་འབྱུང་གིས།མ་ཕམ་གཡུ་མཚོ་རྟ་ལམ་ཉིན་གཅིག་འཁོར། །དྷནཀོཥའི་མཚོ་ནི་འདི་དང་འདྲ།། ཡིད་གཞུང་དད་པས་སྐོར་བ་སུས་བསྐོར་བ།།སངས་རྒྱས་ གཞན་དུ་བཙལ་དུ་མེད་དེ་ཐོབ།།འདི་བསྐོར་མཚམས་མེད་ལྔ་བྱས་བྱང་བར་འགྱུར།།གཡུ་མཚོར་བཀྲུས་འཐུང་བདེ་ཆེན་མཁའ་སྤྱོད་བགྲོད།།ཅེས་གསུངས་པ་ལྟར་དང་།མཚོ་འདིའི་ཕྱོགས་བཞིའི་ཉེ་འཁོར་དུ་འབྲི་གུང་བཀའ་བརྒྱུད་ཀྱི་སྒྲུབ་གནས་སེ་བ་ལུང་དང་།ས་སྐྱའི་ལུགས་འཛིན་མཉེས་མགོ་དགོན།དགེ་ལུགས་པའི་ཆོས་སྡེ་ཁྲུས་སྒོ་དགོན། རྗེ་རྒོད་ཚང་བའི་སྒྲུབ་གནས་མགོ་ཚུགས་དགོན་སོགས་དགོན་པ་བརྒྱད་ཡོད་པ་དང་།དེ་རེ་རེ་ན་རྟེན་བྱིན་ཅན་མང་དུ་བཞུགས།

མཚོ་དེ་ཇི་ལྟར་བྱུང་ཚུལ་ནི།དེ་ཡང་བཤད་རྒྱུན་ལ།བསྐལ་བ་ཆགས་དུས་མཚོ་འདི་མེད་པ་ལས།རྗེས་སུ་འཁོར་བསྒྱུར་རྒྱལ་པོ་སྨྱུག་སྦམ་བྱ་བ་ཞིག་བྱུང་།དེས་གཏན་པ་མེད་པའི་སྦྱིན་གཏོང་གིས་ཚོགས་རླབས་པོ་ཆེ་བསགས་པའི་ཚེ་ས་ལ་དོང་ཆེན་པོ་བྲུས་ནས་དེར་འབྲས་བཙོས་པའི་ཁུ་བ་རྣམས་འཕོ་བ་ལས།ལོ་བཅུ་གཉིས་ལོན་པ་ན་དོང་གང་ནས་མཚོ་ཆེན་པོར་གྱུར་ ཅིང་། དེ་ཡང་དང་པོར་འབྲས་ཁུ་དྲོན་མོ་བླུགས་ཀྱང་མཐར་ཤིན་ཏུ་བསིལ་བར་གྱུར་པ་ལས་མཚོ་འདིའི་མིང་ལ་མ་དྲོས་པ་ཞེས་ཐོགས་པ་དང་།འབྲས་ཁུས་མཚོ་ལུད་ནས་འབབ་ཆུ་བྱུང་བ་ལ་འབྲས་ཁུའི་ཆུའམ་ཆུ་བོ་གངྒཱ་ཞེས་པ་བྱུང་ཞེས་འདུལ་བ་ལུང་གཞི་ནས་གསུངས།འདི་ལ་མཚོ་མ་ཕམ་པར་འབོད་པ་ནི།མཚོ་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་ལྡན་ཁོ་ན་ཡིན་ཞིང་ཡོན་ཏན་གྱིས་མ་ཕམ་པས་ན་མ་ཕམ་ཞེས་འབོད་པར་གསུངས་སོ།།