མ་
མ 1.བོད་ཡིག་གསལ་བྱེད་བཅུ་དྲུག་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མཆུ་སྣ་དང་བཅས་པ་དང༌། བྱེད་པ་མཆུ། ནང་གི་རྩོལ་བ་མཆུ་གཉིས་ཕྲད་པ། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག 3.སྔོན་འཇུག་གི་ཤིན་ཏུ་མོའི་ཡི་གེ་ཞིག 4.རྗེས་འཇུག་གི་མོ་ཙམ་གྱི་ཡི་གེ་ཞིག 5.མིང་མཐའི་ཆ་ཤས་ཤིག
(དཔེར་ན།) བྲིས་མ། པར་མ། ལག་བསྟར་མ། འོ་མ། ཉི་མ། བླ་མ། སློབ་མ། གྲུ་བཞི་མ། དར་མ། ཆུ་ཁོལ་མ་ཞེས་པ་ལྟ་བུ།
6.མོ་མཚོན་པའི་བདག་སྒྲ་ཞིག
(དཔེར་ན།) བཙུན་མ། ཆུང་མ། མཁའ་འགྲོ་མ། གླུ་མ། ཟློས་གར་མ།
7.སྐྱེད་བྱེད་ཨ་མ།
(དཔེར་ན།) ཕ་མ། ངའི་མ། ཁྱོད་ཀྱི་མ་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེ་བའི་ལམ་སྟེར་མ་དང༌། སྐྱེད་བྱེད་མ། འབྱུང་བྱེད། ཡུམ། རབ་སྐྲུན་བཅས་སོ།
8.(བསྣན་ཚིག) དགག་སྒྲ་ལ་འཇུག་ཚུལ་ནི། 1>བྱེད་འབྲེལ་ལས་ཚིག་ད་ལྟ་བའི་མགོར་སྦྱར་ན་ཕལ་ཆེ་བ་ནི་ལས་དོན་དེ་བྱེད་མི་ཆོག་པར་སྟོན་ཏེ།
(དཔེར་ན།) ཆུ་འཁྱགས་མ་འཐུང་། ཤ་རྗེན་མ་བཟའ། ཆང་མ་ལྡུད། ཕར་ལ་མ་འགྲོ་སོགས་ལྟ་བུ།
2>བྱེད་འབྲེལ་ལས་ཚིག་འདས་པའི་མགོར་སྦྱར་ན་ཕལ་ཆེ་བ་ལས་ཀ་དེ་རང་གིས་མ་བྱས་པར་སྟོན་ཏེ། 9.(བྱེད་མེད་ལས་ཚིག)
(དཔེར་ན།) གྲོས་བསྡུར་མ་བྱས། རི་མོ་མ་བྲིས། ཆང་མ་བླུད། ཆུད་ཟོས་སུ་མ་བཏང་སོགས་ལྟ་བུ།
1>བྱེད་མེད་ལས་ཚིག་འདས་པའི་མགོར་སྦྱར་ན་ཕལ་ཆེ་བ་བྱ་བ་དེ་མ་བྱུང་བ་ཙམ་སྟོན་ཏེ།
(དཔེར་ན།) ཕྱུགས་མ་ཤི། ན་ཚ་མ་བྱུང་། ཁ་མཆུ་མ་བྱུང་སོགས་ལྟ་བུ།
2>རྒྱན་ཚིག་ལ་ལའི་མགོར་སྦྱར་ན་རྣམ་པ་དེ་འདྲ་བྱེད་མི་རུང་བའི་དོན་ཏེ།
(དཔེར་ན།) མགོ་འཕངས་མ་མཐོ། ང་རྒྱལ་མ་ཆེ། ངང་མ་རིང་སོགས་ལྟ་བུ།
3>མིང་ཁ་ཤས་ཀྱི་མཐར་སྦྱར་ན་དེ་དང་འབྲེལ་བ་ཡོད་པའི་མིའི་དོན་ཏེ།
(དཔེར་ན།) ཇ་མ། ཆང་མ་ཞེས་པ་ལྟ་བུ།
4>གཞིའམ་འབྱུང་ཁུངས་ཀྱི་དོན་ལ་འཇུག་པ་ནི།
(དཔེར་ན།) མ་དཔེ། མ་ཡིག མ་གཞི། མ་སྡོང་ཞེས་པ་ལྟ་བུ།
5>དམའ་ཕྱོགས་དང་དམའ་སའི་དོན་ལ་འཇུག་སྟེ།
(དཔེར་ན།) མ་མཐའ། མ་མཆུ་ཞེས་པ་ལྟ་བུ།