Jump to content

བློ་སྦྱོང་ཚིག་རྐང་བརྒྱད་མ་

ཡོང་ཁུངས་Wikipedia

བློ་སྦྱོང་ཚིགས་རྐང་བརྒྱད་མའི་ལོ་རྒྱུས་དང་འགྲེལ་པ།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །

བློ་སྦྱོང་ཚིགས་རྐང་བརྒྱད་མ་ནི་བོད་ཀྱི་ནང་པའི་ཆོས་ལུགས་ནང་ཧ་ཅང་གྲགས་ཆེ་བའི་ཉམས་ལེན་གྱི་གདམས་ངག་ཅིག་ཡིན། དེ་ནི་སྤྱི་ལོ་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་བྱང་ཆུབ་སེམས་དཔའ་གླང་ཐང་པ་རྡོ་རྗེ་སེང་གེས་མཛད་ཅིང་། སེམས་རྒྱུད་སྦྱོང་བའི་ཐབས་ལམ་ཟབ་མོ་ཞིག་སྟོན་གྱི་ཡོད། གདམས་ངག་འདི་བོད་ཀྱི་ནང་ཆོས་རྙིང་མ་དང་། བཀའ་གདམས་པ། དགེ་ལུགས་པ་སོགས་ཀྱི་བློ་སྦྱོང་གི་ཉམས་ལེན་ནང་རྒྱ་ཁྱབ་ཏུ་གྱུར་ཡོད།

ལོ་རྒྱུས།

[རྩོམ་སྒྲིག]

བློ་སྦྱོང་ཚིགས་རྐང་བརྒྱད་མའི་ལོ་རྒྱུས་སྐོར་ལ་བཤད་སྲོལ་མང་པོ་ཡོད། འཆད་ཀ་བ་ཡེ་ཤེས་རྡོ་རྗེ་ཡིས་མཛད་པའི་འགྲེལ་པ་ནང་བཤད་པ་ལྟར་ན། དགེ་བཤེས་འཆད་ཀ་བར་ཚིགས་རྐང་བརྒྱད་མ་འདི་དང་པོ་སློབ་དཔོན་ལྕགས་ཞིང་བ་ལས་གསན་ཞིང་། དེ་ནས་རླུང་ཤོད་དགེ་གོང་བར་དུ་དེའི་ཉམས་ལེན་གནང་བའི་ལོ་རྒྱུས་གསལ། ཁོང་གིས་མགོན་པོ་གསེར་གླིང་པའི་གདམས་ངག་གི་བཤད་པ་དང་འབྲེལ་ནས་ཚིགས་རྐང་བརྒྱད་མའི་གོ་དོན་རྒྱས་པར་བཀྲལ་ཡོད། ཁོང་གིས་དངོས་སུ་ཉམས་ལེན་བྱས་པའི་ཉམས་མྱོང་གི་ཐོག་ནས་འགྲོ་འོང་བྱེད་སྐབས་དགྲ་བོ་འོང་གི་དོགས་པ་བྱུང་ཚེ། ཚིགས་རྐང་འདི་དྲན་པས་ཕན་ཐོགས་བྱུང་བ་དང་། རང་གི་ང་རྒྱལ་མེད་པར་གཞན་ལ་གུས་པ་བྱེད་པ་སོགས་ཀྱི་ཉམས་ལེན་གྱི་གནད་འགག་གསུངས་ཡོད།

དེ་བཞིན་དུ་ཇོ་བོ་རྗེ་ཨ་ཏི་ཤ་ཡང་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པའི་དྲུང་ནས་བློ་སྦྱོང་གི་གདམས་པ་མང་པོ་གསན་ཡོད། གསེར་གླིང་པས་ཇོ་བོར་མཐའ་འཁོབ་ཏུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་འགྲོ་སྐབས་སྙིགས་མའི་དུས་ཀྱི་ཆ་རྐྱེན་ངན་པ་དང་། བར་ཆད་མང་པོ་འབྱུང་ངེས་པས་དེ་དག་ལས་སྐྱོབ་པའི་ཐབས་ལམ་ཞིག་སྤྱིར་བཏང་གི་སྡེ་སྣོད་དང་བླ་མའི་མན་ངག་ཐམས་ཅད་རིལ་བུ་གཅིག་ཏུ་བསྒྲིལ་ཏེ་གདམས་པ་འདི་གནང་བ་གསུངས་ཡོད། དེ་ནི་གདམས་ངག་འདིའི་རྒྱབ་ལྗོངས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན།

ཚིགས་རྐང་བརྒྱད་མའི་འགྲེལ་པ།

[རྩོམ་སྒྲིག]

བློ་སྦྱོང་ཚིགས་རྐང་བརྒྱད་མ་ནི་སེམས་རྒྱུད་འདུལ་ཐབས་ཀྱི་གདམས་པ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན། དེ་ལ་ཚིགས་རྐང་བརྒྱད་ཀྱི་ཐོག་ནས་རིམ་པར་བཞིན་སེམས་རྒྱུད་བློ་སྦྱོང་བྱེད་པའི་གོ་རིམ་གསལ་སྟོན་བྱས་ཡོད།

༡༽ སེམས་ཅན་གཅེས་པར་འཛིན་པ།[]

[རྩོམ་སྒྲིག]

བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུས་ལྷག་པ་ཡིན། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པ་བསླབ། ། འགྲེལ་པ། སེམས་ཅན་ཐམས་ཅད་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་རྩ་ཆེ་བར་བརྩི་དགོས། རྒྱུ་མཚན་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆ་རྐྱེན་མཐར་ཐུག་སེམས་ཅན་ལ་བརྟེན་ནས་འགྲུབ་པས་ཡིན། དེས་ན་དོན་ཆེན་པོ་སྒྲུབ་པའི་ཕྱིར་དུ་སེམས་ཅན་ཐམས་ཅད་གཅེས་སུ་འཛིན་པ་ལ་བསླབ་དགོས།

༢༽ རང་ཉིད་དམན་པར་ལྟ་བ།[]

[རྩོམ་སྒྲིག]

གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ནས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་འཛིན་པ་གུས་པས་བསླབ། ། འགྲེལ་པ། མི་སུ་དང་འགྲོགས་ཀྱང་རང་ཉིད་ཡོན་ཏན་མེད་པའམ་དམན་པ་ཞིག་ཏུ་བརྩིས་ཏེ། གཞན་ལ་སྙིང་ཐག་པ་ནས་གུས་པ་དང་། མཆོག་ཏུ་འཛིན་པ་བསྒོམ་དགོས། འདིས་རང་གི་ང་རྒྱལ་མེད་པར་སེམས་རྒྱུད་ཞི་ཞིང་དུལ་བར་འགྲོ་བ་ལ་ཕན་པ་ཡིན། སྤྱོད་འཇུག་ལས་ཀྱང་། “འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ།” ཞེས་གསུངས་པ་ལྟར་ཡིན།

༣༽ ཉོན་མོངས་སྤང་བ།[]

[རྩོམ་སྒྲིག]

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །བརྟག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོད་ནས་བཟློག་པར་བསླབ། ། འགྲེལ་པ། ཉིན་རེ་བཞིན་གྱི་བྱ་བ་གང་དང་གང་བྱེད་སྐབས་རང་གི་སེམས་རྒྱུད་ལ་ཡིད་གཟབ་བྱས་ཏེ། འདོད་ཆགས་དང་། ཞེ་སྡང་། ང་རྒྱལ་སོགས་ཀྱི་ཉོན་མོངས་སྐྱེས་མ་ཐག་ཏུ་དགྲ་བོ་ལྟར་ངོས་འཛིན་བྱས་ཏེ་གཏན་ནས་སྤང་ཐབས་ལ་བསླབ་དགོས། དེ་ནི་མ་འོངས་པར་སྡུག་བསྔལ་གྱི་འབྲས་བུ་མྱོང་བའི་རྒྱུ་སྤོང་བའི་ཐབས་ལམ་ཡིན།

༤༽ རྐྱེན་ངན་ལ་གཅེས་སུ་འཛིན་པ།[]

[རྩོམ་སྒྲིག]

རང་བཞིན་ངན་པའི་སེམས་ཅན་དང། །སྡིག་སྡུག་དྲག་པོས་ནོན་པ་ལ། །རིན་ཆེན་གཏེར་དང་འཕྲད་པ་ལྟར། །རྙེད་པར་དཀའ་བས་གཅེས་འཛིན་བསླབ། ། འགྲེལ་པ། ངན་པའི་སེམས་ཅན་དང་། སྡིག་པ་དང་སྡུག་བསྔལ་གྱིས་མནར་བའི་གང་ཟག་དེ་དག་རིན་པོ་ཆེའི་གཏེར་དང་འཕྲད་པ་ལྟར་རྙེད་པར་དཀའ་བར་བསྒོམ་དགོས། རྒྱུ་མཚན་ནི་དེ་དག་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེ་སྐྱེས་ཤིང་། མཐར་ཐུག་བྱང་ཆུབ་ཀྱི་སེམས་འཕེལ་བར་བྱེད་པའི་དམིགས་རྐྱེན་ཡག་ཤོས་ཡིན།

༥༽ གྱོང་ཁ་རང་གིས་ལེན་པ།[]

[རྩོམ་སྒྲིག]

བདག་ལ་གཞན་གྱི་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་བསླབ། ། འགྲེལ་པ། རང་ལ་ལན་མེད་ཀྱང་གཞན་གྱིས་སྐུར་པ་བཏབ་པ་དང་། མི་སྙན་པའི་ཚིག་བཤད་བྱུང་ན་དེ་དག་ལ་བཟོད་པ་བསྒོམ་ཞིང་། དེ་ནི་རང་གི་སྡིག་སྒྲིབ་དག་པར་བྱེད་པའི་ཐབས་ལམ་ཞིག་ཡིན་པར་བསམ་དགོས། རང་གིས་གྱོང་ཁ་ལེན་པ་དང་། རྒྱལ་ཁ་གཞན་ལ་འབུལ་བའི་ཉམས་ལེན་བྱས་ན། བཟོད་པའི་ཡོན་ཏན་འཕེལ་བར་འགྱུར་བ་ཡིན།

༦༽ གནོད་བྱེད་ལ་དགེ་བའི་བཤེས་གཉེན་དུ་ལྟ་བ།[]

[རྩོམ་སྒྲིག]

གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱས་ནའང་། །བཤེས་གཉེན་དམ་པར་བལྟ་བར་བསླབ། ། འགྲེལ་པ། རང་གིས་ཕན་བཏགས་པའི་གང་ཟག་དེས་རང་ལ་གནོད་པ་བྱས་ནའང་། དེ་ལ་ཁོང་ཁྲོ་དང་ཞེ་སྡང་མེད་པར་དགེ་བའི་བཤེས་གཉེན་དུ་བརྩི་དགོས། དེ་ནི་རང་གི་སྔ་མ་ནས་བསགས་པའི་ལས་ངན་གྱི་འབྲས་བུ་ཡིན་པར་བསམ་པ་དང་། འདིས་བཟོད་པའི་ཉམས་ལེན་ཟབ་མོ་སྒོམ་པར་འགྱུར་བ་ཡིན།

༧༽ གཏོང་ལེན་གྱི་ཉམས་ལེན།[]

[རྩོམ་སྒྲིག]

མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་ལུས་ཀུན་ལ་དབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གུས་པས་རང་གིས་ལེན་པར་བསླབ། ། འགྲེལ་པ། མདོར་ན་རང་ལ་ཡོད་པའི་བདེ་བ་དང་། ཕན་པ་ཐམས་ཅད་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་འབུལ་བ་དང་། དེ་དག་གི་སྡུག་བསྔལ་དང་གནོད་པ་ཐམས་ཅད་རང་གིས་བླངས་ཏེ། གཏོང་ལེན་གྱི་ཉམས་ལེན་ལ་འབད་དགོས། དེ་ནི་བདག་གཞན་མཉམ་བརྗེ་གཏོང་ལེན་གྱི་ཉམས་ལེན་ཟབ་མོ་ཞིག་ཡིན།

༨༽ སྒྱུ་མ་ལྟར་ཤེས་པ། []

[རྩོམ་སྒྲིག]

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར། །ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་ལས་གྲོལ་བར་བསླབ། ། འགྲེལ་པ། བློ་སྦྱོང་གི་ཉམས་ལེན་གོང་གསལ་དེ་དག་ཚེ་འདིའི་ཆོས་བརྒྱད་དམ་རང་དོན་འགྲུབ་པའི་རེ་བ་ཙམ་གྱི་དྲི་མས་མ་གོས་པར། དོན་དམ་པའི་ཆོས་རྣམས་སྒྱུ་མ་ལྟར་སྣང་བ་ལ་བདེན་པར་ཞེན་པའི་འཆིང་བ་ལས་གྲོལ་བར་བསྒོམ་དགོས། དེ་ལྟར་བྱས་ན་གཏོང་ལེན་གྱི་ཉམས་ལེན་ཚིག་ཙམ་མ་ཡིན་པར་དོན་ལ་གནས་པར་འགྱུར།

མཇུག་བསྡུ།
[རྩོམ་སྒྲིག]

བློ་སྦྱོང་ཚིགས་རྐང་བརྒྱད་མ་ནི་སེམས་རྒྱུད་སྦྱོང་བའི་གདམས་པ་ཟབ་མོ་ཞིག་ཡིན་པར་མ་ཟད། ཆོས་ལུགས་སོ་སོའི་ཉམས་ལེན་པ་རྣམས་ཀྱིས་ཀྱང་རྒྱ་ཆེར་ཉམས་སུ་ལེན་གྱི་ཡོད། གདམས་ངག་འདིས་རང་ཉིད་ཀྱི་ང་རྒྱལ་དང་། དམིགས་ཡུལ་རང་དོན་ཆུང་ངུ་ལས་བརྒལ་ཏེ་གཞན་དོན་ཁོ་ན་བསྒྲུབ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པར་སྐུལ་མ་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་ཀྱི་བསྟན་པ་རིང་དུ་གནས་པའི་རྩ་བ་དང་། ཉམས་ལེན་གྱི་གནད་འགག་ཅིག་ཀྱང་ཡིན་ནོ། །བདག་ནི་སེམས་ཅན་ཐམས་ཅད་ལ། །

ཚིགས་རྐང་བརྒྱད་མའི་རྕ་ཚིག
[རྩོམ་སྒྲིག]

བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །

གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་ཟློག་པར་ཤོག །

རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག །

བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་ན་ཡང་། །བཤེས་གཉེན་དམ་པར་བལྟ་བར་ཤོག །

མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །

དེ་དག་ཀུན་ཀྱང་ཆོས་བརྒྱད་་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང་། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག།

དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ། །

ལུང་ཁུངས།
[རྩོམ་སྒྲིག]
  1. མི་གཞན་དག་ཇི་ལྟར་ཡང་གླང་ཐང་པ་བདག་གིས་ནི་ཡུལ་སེམས་ཅན་ཐམས་ཅད་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པའི་དོན་མཆོག་བསྒྲུབ་པར་བྱ་སྙམ་པའི་བསམ་པ་ཡིས་ཀུན་ནས་བསླངས་ཏེ་མ་རྒན་སེམས་ཅན་འདི་ཐམས་ཅད་རྟག་ཏུ་གཅེས་པར་འཛིན་པར་ཤོག།དེ་ལ་དོན་མཆོག་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་སེམས་ཅན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པས་ན། སེམས་ཅན་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པ་ཡིན་ནོ། །
  2. གནས་གང་དུ་གྲོགས་སུ་དང་འགྲོགས་པའི་ཚེ་ཡང་བདག་ཉིད་ནི་འགྲོགས་ཡུལ་ཀུན་ལས་དམན་པར་བལྟ་ཞིང༌། གཞན་དག་ལ་ནི་ཁ་ཙམ་མིན་པར་བསམ་པ་ཐག་པ་ཡིས་རང་ལས་མཆོག་ཏུ་བལྟས་ཏེ་གཅེས་པར་འཛིན་པར་ཤོག།མདོར་ན་རང་ལས་དམན་པ་ནི་སུ་ཡང་མེད་སྙམ་དུ་ང་རྒྱལ་དང་ཁེངས་པ་སྐྱུངས་ཏེ་འགྲོ་ཀུན་སྤྱི་བོར་འཁུར་དགོས་པའི་དོན་ནོ། །
  3. འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ་དྲན་ཤེས་ཀྱིས་རྟོག་པར་བྱེད་ཅིང༌། བརྟགས་པ་ན་ཉོན་མོངས་སྐྱེས་ནས་འདུག་ན་དེ་མ་ཐག་འདིས་བདག་གཞན་མ་རུངས་པར་བྱེད་ངེས་པས་ན་རང་སོར་བཞག་ག་ལ་རུང་སྙམ་དུ་བཙན་ཐབས་སུ་གདོང་ནས་བཟློག་པར་ཤོག དོན་བསྡུས་ན། ཉོན་མོངས་སྐྱེས་མ་ཐག་རིག་པར་བྱས་ནས་འབུར་འཇོམས་བྱ་དགོས་པའི་དོན་ནོ། །
  4. ཡུལ་དུས་གང་ནའང་རུང་སྟེ་རང་བཞིན་ཤིན་ཏུ་ངན་པའི་སེམས་ཅན་དག་དང༌། དེ་བཞིན་དུ་ཧ་ཅང་ཚབས་ཆེ་བའི་སྡིག་པའི་ལས་ལ་ཞུགས་པ་དང༌། སྡུག་བསྔལ་ཤུགས་དྲག་པོས་ཀུན་ནས་ནོན་པའི་སེམས་ཅན་རྣམས་མཐོང་ཚེ་སྒྱིད་མི་ལུག་པར་དབུལ་པོས་རིན་ཆེན་གཏེར་དང་འཕྲད་པ་ལྟར། སེམས་ཅན་འདི་ལྟ་བུ་ནི་བྱང་ཆུབ་སྒྲུབ་པའི་ཡན་ལག་རྙེད་པར་དཀའ་བས་སོ་སྙམ་དུ་ལྷག་པར་ཡང་གཅེས་པར་འཛིན་པར་ཤོག
  5. བདག་ལ་མི་གཞན་གྱིས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་གཤེ་ཞིང་མཚང་འདྲུ་བ་དང་བསྡིགས་ཤིང་སྐུར་ལ་སོགས་ཏེ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་ཇི་འདྲ་ཞིག་བྱེད་ནའང་ཅུང་ཟད་ཀྱང་མི་ཁྲོ་བར་གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལེན་པ་དང༌། ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་འབུལ་ནུས་པར་ཤོག།མདོར་ན་རྒྱལ་ཕམ་རྩོད་པ་ན་ཕམ་ཁ་རང་གིས་ལེན་ཅིང༌། རྒྱལ་ཁ་གཞན་ལ་སྟེར་དགོས་པའི་དོན་ནོ། །
  6. མི་གང་ལ་བདག་གིས་ཕར་ཕན་ཆེན་པོ་བདགས་པའི་ལན་དུ་ཚུར་ཡང་ཕན་འདོགས་པའི་རེ་བ་ཆེར་བྱེད་པ་འགའ་ཞིག་གིས་ཕན་ཐོགས་རྒྱུ་ལྟ་ཞོག་གི་དེ་ལས་ལྡོག་སྟེ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་བྱེད་ནའང་ཁྲོར་མི་འཇུག་པར་བཟོད་པ་ལ་བསྐུལ་བའི་བཤེས་གཉེན་དམ་པར་བལྟ་བར་ཤོག།དོན་འདི་ལ་འཆད་ཁ་བ་ཆེན་པོས། ཕན་འདོགས་ལན་དུ་གནོད་བྱུང་ན། ཡང་ལན་སྙིང་རྗེ་ཆེན་པོ་བསྒོམ།  །ཞེས་དང༌། རྒྱལ་སྲས་རིན་པོ་ཆེས། བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང༌།  །བྱམས་པའི་དབང་གིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་སོ། །
  7. གོང་དུ་ཇི་སྐད་བཤད་པ་རྣམས་མདོར་བསྡུས་ན། དངོས་སམ་སྟེ་ད་ལྟ་རང་ལ་ཡོད་པའམ་དེ་མེད་ཀྱང་བརྒྱུད་པ་ཡི་སྒོ་ནས་འབྱུང་བར་འགྱུར་བའི་ཕན་བདེ་མ་ལུས་པ་མ་རྣམས་ཀུན་ལ་ཕར་འབུལ་ཞིང༌། མ་ཡི་སྟེ་མ་རྒན་རྣམས་ཀྱི་རྒྱུད་ལ་ཡོད་པའི་རྒྱུ་གནོད་པ་སྡིག་སྒྲིབ་དང་འབྲས་བུ་གནོད་པ་སྡུག་བསྔལ་ཀུན་གསང་བས་ཏེ་མངོན་ཆུང་གི་སྒོ་ནས་བདག་ལ་ཚུར་ལེན་ནུས་པར་ཤོག
  8. གོང་དུ་བཤད་པའི་ལག་ལེན་དེ་དག་ཀུན་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་ཤིང་ཕྱི་ནང་གི་ཆོས་རྣམས་ཀུན་བརྫུན་པ་སྒྱུ་མ་ལྟ་བུར་ཤེས་པ་བློས་གང་ལའང་བདེན་པར་ཞེན་པ་མེད་ཅིང་མཚན་མར་འཛིན་པའི་འཆིང་བ་ལས་གྲོལ་ཤོག།ཅེས་པའོ། །