བློ་བཟང་དགེ་འདུན།

ཡོང་ཁུངས་Wikipedia

ལྷ་རམས་པ་བློ་བཟང་དགེ་འདུན་ནི་ཨ་མདོ་གཅན་ཚ་ནས་༡༩༦༥ལོར་འཁྲུངས་ཤིང་།དགུང་ལོ་བཅུ་དྲུག་སྟེང་རབ་ཏུ་ བྱུང་བ་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་མདོ་སྔགས་གཉིས་ཀྱི་གཞུང་ལ་འཇུག་པའི་མགོ་ བརྩམས། དགུང་ལོ་ཉི་ཤུར་ཉེ་བའི་སྐབས་སུ་ཆོས་ཀྱི་ཡིད་ཡེ་ནས་མ་ཚིམ་པར་རྒྱ་གར་ལ་འགྲོ་ བའི་རེ་འདུན་དང་བཅས་འཕགས་ཡུལ་གྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་སྔ་གཞུག་ཏུ་ ཚོགས་རམས་པ་དང་ལྷ་རམས་པའི་དམ་བཅའ་མཛད་ནས་གཞུང་བཀའ་པོད་ལྔ་ལ་གཞན་ལས་ལྷག་པར་ སྦྱངས། ༢༠༠༥ལོར་ལཱ་མོ་ཡོངས་འཛིན་ལུང་རྟོག་རྒྱ་མཚོ་མཆོག་གི་བཀའ་ལུང་ལྟར་མདོ་སྨད་ ཁྲི་ཤོར་རྒྱལ་མོའི་ཉེ་འདབས་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་དུ་ཕེབས་ནས་ གདུལ་བྱ་མང་དུ་སྐྱོང་བ་དང་དགོན་པ་དོ་དམ་བྱེད་པའི་འགན་གཉིས་གཅིག་ལྕོགས་སུ་ བཞེས།ལོ་ངོ་གཉིས་རིང་ལ་ལཱ་མོ་བདེ་ཆེན་དགོན་དང་ཐར་ཤུལ་དགོན་གཉིས་སུ་རེས་མོས་ ངང་སློབ་ཁྲིད་མཛད་དེ་གདུལ་བྱ་མང་པོའི་སྐོམ་པའི་གདུང་བ་ཡོངས་སུ་སེལ་བར་བྱས། ཡིན་ནའང་སྙིང་རྗེ་དང་བྲལ་བའི་འཆི་བདག་གིས་ལོ་ངོ་གཉིས་རིང་ཁོང་ཉིད་ལ་གཙེས་ ནས་མ་བཏང་བས་མཐར་སྨན་བཅོས་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཀྱང་མ་ཕན་པས།ཡིད་ སེམས་ཕངས་པ་ཞིག་ལ་སྤྱི་ལོ༢༠༠༨་ལོའི་ཟླ་༥་པའི་ཚེས༢༡་ཉིན(ལུགས་རྙིང་ཟླ༤པའི་ཚེས༡༧)རྒྱལ་ནང་གི་ཏ་ལེན་གྲོང་ཁྱེར་དུ་ང་ཚོ་དང་གཏན་དུ་བྲལ་སོང་ངོ་།