བློ་བཟང་ཐུགས་རྗེ་

ཡོང་ཁུངས་Wikipedia

སྤང་ལུང་བློ་བཟང་ཐུགསརྗེ་ནི་རྒྱལ་ཐང་གཏེར་མ་རོང་སའི་འོད་ཀྱི་གྲོང་སྡེར་སྐུ་འཁྲུངས་ཤིང་ནར་སོན་པ་ན་ལྷ་སར་ཕེབས་ཏེ་སེར་སྨད་སྤོམ་ར་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་སོགས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད་པས་མཁས་དང་གྲུབ་པའི་དབང་ཕྱུག་ཏུ་གྱུར། སེར་སྨད་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ནས་ཆོས་འཆད་སྤེལ་ལོ་མང་གནང་ཞིང་། སེར་སྨད་གྲྭ་ཚང་གི་ཐུན་མོང་མིན་པའི་ཡིག་ཆའི་གྲས་ཀུན་གཞི་སྤྱི་མཐའ་གཉིས་གསར་རྩོམ་དང་། རྟགས་རིགས་ཀྱི་མཆན་བུ་བཅས་ཀྱི་གསུང་དཔར་སེར་སྨད་གྲྭ་ཚང་དུ་བཞུགས། གཞན་ཡང་གསུང་རྩོམ་ཆོས་ཚན་ཁག་པོད་ཆེན་གཅིག་གི་གསུང་དཔར་ལྷ་སར་ར་མོ་ཆེའི་ཡང་སྟེང་དུ་བཞུགས། བར་སྐབས་ཤིག་ནས་གཞུང་ས་མཆོག་གི་བཀའ་འབྲེལ་དཔལ་འཇིགས་མཛད་རྡོ་རྗེའི་འཕྲུལ་འཁོར་ལ་བརྟེན་པའི་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས་རྟགས་ཐོན་མངོན་སུམ་དུ་བྱུང་བ་བཅས་ཀྱི་མཛད་རྗེས་སུ་གཞུང་ས་མཆོག་གིས་དད་པ་མཁན་པོའི་མཚན་གནས་དང་། དྭགས་པོ་བང་རིམ་མཆོད་རྟེན་འཛིན་གཞིས་དང་བཅས་པ་ཐབ་རྟེན་དུ་གནང་འདུག་པ་དེ་ལྷ་ས་ནས་ཐག་རིང་ཁར་ཁོང་དགུང་ན་མཐོ་ཕེབས་བཅས་ལ་བརྟེན་དེའི་སྐབས་སུ་སྤང་ལུང་རི་ཁྲོད་ཆོས་གཞིས་དང་བཅས་པ་། སེར་སྨད་གྲྭ་ཚང་གི་འཛིན་ཁོངས་སུ་ཡོད་འདུག་པས་དེ་གཉིས་བརྗེས་བསྒྱུར་གནང་ཕྱིས་སུ་སྤང་ལུང་རི་ཁྲོད་དུ་གཏན་བཞུགས་གནང་སྟེ་བཤད་སྒྲུབ་གཉིས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་བརྟེན་སྤང་ལུང་བློ་བཟང་ཐུགས་རྗེ་ཞེས་མཚན་སྙན་ཡོངས་ཁྱབ་ཏུ་གྲགས། དེའི་ཡང་སྤྲུལ་རིམ་པར་བྱོན་པ་ང་ལྟའི་སྤང་ལུང་རིན་པོ་ཆེ་ཕྱི་རྒྱལ་ལ་བཞུགས་པ་འདི་ཡིན།