བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་

ཡོང་ཁུངས་Wikipedia

༄༅། །བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་དང་འགྱོད་ཚངས་རྒྱལ་པོའི་བྱུང་ཁུངས་བསྡུས་པ་ཐེ་ཚོམ་རང་གྲོལ་བཞུགས་སོ། །བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་བསྡུས་པ། དེ་ཡང་སྔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་གཅིག་ལ། སློབ་མ་རྒྱལ་བུ་ཞིག་གིས་ཕྲག་དོག་གི་བསམ་པས། སློབ་དཔོན་བྲམ་ཟེ་ཆང་གིས་མྱོས་པར་བྱས་ནས་དབང་པོའི་སྒོ་ཐམས་ཅད་ཉམས་སུ་བཅུག་པ་ལས། དར་གཅིག་ནས་བྲམ་ཟེ་དྲན་པ་བག་ཙམ་རྙེད་ནས་བསམས་པས། བདག་འདི་ལྟར་གྱུར་པ་ཅི་ལན་སྙམ་པ་ལས། སློབ་མ་རྒྱལ་བུས་ཕྲག་དོག་བྱས་པར་ཤེས་ནས་དམོད་པ་བོར་བས་སློབ་མ་རྒྱལ་བུ་དེ་ཉིད་དུ་ཤི་ནས་བྲམ་ཟེའི་རིགས་བུ་ལ་གདུང་བ་གཅིག་ཏུ་སྐྱེས་ཤིང་།སློབ་དཔོན་བྲམ་ཟེ་ཉིད་ཀྱིས་དེའི་བུར་སྐྱེས་པའི་མགོ་ལ་ལྕགས་ཀྱི་འཛེར་པ་སྐྱེས་ནས་བྱད་བཞིན་ཁེབས་ཤིང་མདངས་ཉམས་སྐྱིད་ཆུང་བ་ལ་མོ་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པས་ཕས་མ་བཟོད་དེ། ལྕེས་ལྡགས་པས་ཕན་པར་གྱུར་ནས་བྲམ་ཟེ་མི་ཡི་ཐོད་པ་ཅན་དུ་གྲགས། བུའི་འཛེར་པ་ཟད་པ་དང་། ཕའི་ལྕེ་རྡོལ་ནས་ཤི་བར་གྱུར་ཚེ་སྔོན་ལས་ངན་གྱི་དབང་གིས་སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ་ལུས་ལ་ནད་སྣ་ཚོགས་དང་ཤ་ཟ་མོ་སྟོང་གིས་ཚང་བཅས་ནས་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ཏུ་མྱོང་ཞིང་བྱང་ཆུབ་ཀྱི་མྱུ་གུ་སྐམ་པ་ལ་ཐུག་ཚེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བརྩེ་བ་ཆེན་པོས་གཟིགས་ནས། དཔལ་ཀུན་ཏུ་བཟང་པོ་དང་། ཀུན་རིགས་རྣམ་པར་སྣང་མཛད་གཉིས་སུ་སྤྲུལ། དེ་གཉིས་ཀྱིས་ཐུགས་ལས་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་གཉིས་སུ་སྤྲུལ་ནས། སེམས་ཅན་ལུས་སྲུལ་པོའི་གནས་སུ་བྱོན་ནས་ཕྱག་ན་རྡོ་རྗེ་དབང་བསྐུར་བས་བྱང་ཆུབ་ཀྱི་མྱུ་གུ་སོས་པར་བྱས། རྡོ་རྗེ་སེམས་དཔས་འགྱོད་ཚངས་ཀྱི་རྒྱལ་པོ་འདི་རྣ་བར་བསྒྲག་ཅིང་བཤགས་པ་བྱེད་དུ་བཅུག་པས་སྡུག་བསྔལ་ལས་གྲོལ་ནས་རིམ་གྱིས་རིག་འཛིན་གྱི་ས་ལ་བགྲོད་པར་གྱུར་ཏོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། ཕྱོགས་བཅུ་ནས་ལྷག་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་བརྐྱང་ཕྱག་ལན་སྟོང་དུ་འཚལ་ཞིང་ཞུས་པ། བདག་ཅག་རྣམས་རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྣལ་འབྱོར་གྱི་གྲལ་དུ་འཁོད་དེ། གསང་བའི་ཐེག་པ་འདི་ལ་སྤྱོད་ཅིང་རིག་འཛིན་གྱིས་ས་ལ་ལྷུན་གྱིས་གྲུབ་པར་འཚལ་བ་རྣམས་ལ། ཉམས་ཆགས་རྟོག་སྒྲིབ་མཆིས་ན་སྦྱང་བའི་ཐབས་གཅིག་བསྟན་དུ་གསོལ། ཞེས་ཞུས་པས། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། འདི་ལྟ་བུའི་བཀའ་གསང་བ་བས་ཀྱང་ཆེས་གསང་བ་ཡང་གསང་ཐུགས་ཀྱི་མན་ངག་འདི་ལྟ་བུ་ནི་ཐོས་པ་ཡང་དཀའ་ན། བསྒོམ་ཞིང་བསྒྲུབ་པ་ནི་ལྟ་ཅི་སྨོས།འདིའི་སྒོར་ཞུགས་པའི་རྣལ་འབྱོར་པ་ཉམས་ཆགས་བྱུང་ན་སྦྱང་བའི་ཐབས་ཟབ་མོ་རྣལ་འབྱོར་གྱི་སྤྱི་ཁྲུས་ངན་སོང་དོང་སྤྲུག་ཅེས་བྱ་བ་བཞུགས་སོ། །དེ་ཡང་གསང་སྔགས་སྒོར་ཞུགས་པ་ཐམས་ཅད་ལ་སྤྱིར་དམ་ཚིག་བསྲུང་བྱ་དཔག་ཏུ་མེད་པ་གཅིག་ཡོད་ཀྱང་། རྩ་བའི་དམ་ཚིག་གསུམ་དུ་འདུས་སོ། །དེ་ཡང་ལུས་ངག་ཡིད་གསུམ་དུ་འདུས་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆགས་བྱུང་ན་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་སྦྱང་བའི་ཐབས་ནི། དོན་དམ་པར་ཀུན་གཞི་མ་བཅོས་པ་ཡིད་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོར་ཤར་བ་ནི་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ། དེ་ལྟར་རྟོག་ན་ཀུན་གཞི་དེས་བསྐྱེད་པའི་ཕུང་ཁམས་སྐྱེ་མཆེད་དབང་པོ་རྣམ་ཤེས་ཀྱང་ཡེ་ནས་མ་བྱུང་མ་སྐྱེས་པ་སྟེ། དེས་ན་རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དང་། ངག་གིས་བཟླས་བརྗོད་དང་། ཡིད་ཀྱིས་སྐུ་ཕྱག་རྒྱར་བསྒོམ་པ་དང་། ཏིང་ངེ་འཛིན་གྱི་འཕྲོ་འདུ་ཐམས་ཅད་ཀྱང་། མ་བྱུང་མ་སྐྱེས་པ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ཉམས་ཆགས་ཐམས་ཅད་བསྐངས་སོ། །དེ་བསྐངས་ཕན་ཆོད་ཡན་ལག་གི་ཉམས་ཆགས་ཐམས་ཅད་ཀྱང་བསྐངས་སོ། །ཞེས་བཀའ་སྩལ་པས། འཁོར་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །དེ་ནས་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་དོན་དེ་མ་རྟོགས་པ་དང་། གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་བ་རྣམས་ཀྱི་དོན་དུ་ཉམས་ཆགས་སྦྱང་བའི་ཐབས་ཅིག་བསྟན་དུ་གསོལ། ཞེས་ཞུས་པས། བཀའ་སྩལ་པ། རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་ཉམས་ཆགས་བསྐང་བའི་ཐབས་ནི༑ རྡོ་རྗེ་སློབ་དཔོན་དང་ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁར་དམིགས་ཏེ་མཚན་ནས་བརྗོད་ཅིང་ལུས་ས་ལ་བརྡབས་པའི་བརྐྱང་ཕྱག་འཚོལ་ཞིག་ཅེས་འགྱོད་ཚངས་ཀྱི་རྒྱལ་པོ་འདི་བཀའ་སྩལ་ནས། ཕྱག་ན་རྡོ་རྗེས་བཀའི་བསྡུ་བ་མཛད་ཅིང་དགའ་རབ་རྡོ་རྗེ་ལ་བསྟན། དེས་ཤྲཱི་སིང་ཧ་ལ། དེས་སློབ་དཔོན་པདྨ་ལ་གནང་ནས།སློབ་དཔོན་པདྨས་བོད་ཀྱི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་རྒྱུན་ཁྱེར་གྱི་ཐུགས་དམ་གནང་ཞིང་ལག་ལེན་དུ་ཁྲིགས་ལ་ཕབ་པ་ནི་བསྐང་བཤགས་ཉམས་ཆགས་རང་གྲོལ་ཞེས་བྱ་སྟེ་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་ནས། ཀརྨ་གླིང་པས་བཏོན་ནས་གཅིག་རྒྱུད་དུ་བསྟན་པ་ནི། ཀརྨ་གླིང་པས། ཉི་ཟླ་ཆོས་རྗེ། ཉི་ཟླ་འོད་ཟེར། ནམ་མཁའ་རྒྱ་མཚོ། སངས་རྒྱས་བཀྲ་ཤིས། ཀུན་དགའ་གྲགས་པ།ཀུན་དགའ་བསྟན་འཛིན། ནམ་མཁའ་རྡོ་རྗེ། བཀྲ་ཤིས་རྒྱ་མཚོ། ཆོས་ཀྱི་འབྱུང་གནས། ཤཱཀྱ་བཀྲ་ཤིས། ཆོས་ཉིད་རྒྱ་མཚོ། སྟོན་པ་རྒྱལ་མཚན། རིག་འཛིན་ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། ཞུས་སོ།། །།