བྲག་ཕུག་མ་རཱ་ཏི་ཀ
བྲག་ཕུག་མ་རཱ་ཏི་ཀ་ (संस्कृत: मरातिक; མ་རཱ་ཏི་ཀ, འཆི་བ་མཐར་བྱེད།, वयली: 'chi ba mthar byed), ནི། ཁོ་ཊཱང་རྫོང་གི་ཁོང་གཏོགས་སམ། བལ་ཡུལ་ཤར་ཕྱོགས་ཀྱི་རི་རྒྱུད་དུ་ཆགས་པའི་གནས་མཆོག་གྲགས་ཆེ་བ་ཞིག་ཡིན། གནས་འདི་གངས་རི་ཇོ་མོ་གླང་མ་ནས་ལྷོ་ནུབ་མཚམས་ཀྱི་ཀི་ལོ་མི་ཊར་བརྒྱ་དང་གྱ་ལྔའི་རྒྱང་ཐག་ཏུ་ཁེལ་བའི་ཧ་ལེ་སཱི་ཞེས་པའི་ས་གནས་སུ་ཁེལ། གནས་འདིའི་ལོ་རྒྱུས་སྐོར་བོད་བརྒྱུད་ནང་བསྟན་གྱི་རྡོ་རྗེ་ཐེག་པའི་གསུང་རབ་རྣམས་སུ་གྲགས་པ་ལྟར་ན། གུ་རུ་པདྨ་སམྦྷ་ཝ་དང་ལྷ་ལྕམ་མནྡཱ་ར་ཝས་འཆི་མེད་ཚེ་ཡི་རིག་འཛིན་གྲུབ་པའི་ས་མཆོག་ཡིན་ཙང་། རྒྱལ་ཕྱི་ནང་གང་ས་ནས་དད་ལྡན་སྟོང་ཚོ་མང་པོ་ལོ་ལྟར་བཞིན་ལོ་མཆོད་དང་གནས་མཇལ་དུ་འཛོམ། གཞན་ཧིནྡཱུའི་ཆོས་ལུགས་པ་ཚོས་ཀྱང་གནས་འདི་ནི་སྔོན་ལྷ་མ་ཡིན་བྷསྨཱ་སུར་ཞེས་པའི་འཇིགས་པ་ལས་བྲོས་ཏེ་ལྷ་ཆེན་དབང་ཕྱུག་གབ་ནས་བཞུགས་པའི་ས་གནས་སུ་འདོད་ཅིང་། ཕྱི་རོལ་པའི་གནས་བྱིན་རླབས་ཅན་ཞིག་ཏུ་རྩི་བས། ཧིནྡཱུའི་ཆོས་ལུགས་པ་ཚོས་ཀྱང་ལོ་ལྟར་བཞིན་གནས་འདིའི་མཆོད་མཇལ་བྱེད་པའི་ལུགས་སྲོལ་མཆིས།
མ་རཱ་ཏི་ཀ་ཞེས་པའི་མིང་ཐོགས་ཚུལ།
[རྩོམ་སྒྲིག]བྲག་ཕུག་མ་རཱ་ཏི་ཀ་ཞེས་པའི་མིང་འདི། སློབ་དཔོན་པདྨ་སམྦྷ་ཝ་དང་། ལྷ་ལྕམ་མནྡཱ་ར་ཝཱས་དུས་ཡུན་ཟླ་བ་གསུམ་གྱི་རིང་ཚེ་ཡི་སྒྲུབ་པ་མཐར་ཕྱིན་ཏེ་སངས་རྒྱས་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཤིང་། འཆི་མེད་ཚེ་ཡི་རིག་འཛིན་མངོན་དུ་མཛད་དེ་འཆི་བའི་འཇིགས་པ་མཐར་སྐྲོད་མཛད་པར་བརྟེན། ལེགས་སྦྱར་གྱི་སྐད་དུ། མ་རཱནྟ་ཀ་འམ། མ་རཱ་ཏི་ཀ་སྟེ། བོད་སྐད་དུ་བསྒྱུར་ན། འཆི་བ་མཐར་བྱེད་ཅེས་གྲགས།