བྱམས་པ་གླིང་སྐོར་

ཡོང་ཁུངས་Wikipedia

བྱམས་པ་གླིང་སྐོར་ནི་བོད་ཀྱི་དགོན་པ་སོ་སོས་ལོ་རེ་བཞིན་སྤེལ་གྱིན་པའི་ཆོས་ལུགས་ཀྱི་མཛད་སྒོ་གཟབ་རྒྱས་ཅན་ཞིག་ཡིན།

བྱམས་པ་གླིང་སྐོར།

བྱམས་པ་གླིང་སྐོར་དེ་ཚོགས་པའི་དུས་ནི་བོད་ཁམས་ཡོངས་ལ་གཅིག་གྱུར་གྱི་ངེས་གཏན་ཞིག་མེད་ཀྱང་ཕལ་ཆེར་རྒྱ་ལོའི་སྨོན་ལམ་ནང་དུ་བཀོད་སྒྲིག་བྱས་ཡོད། ཡིན་ན་ཡང་དགའ་ལྡན་དགོན་པ་དང་ལྷ་སའི་ཇོ་ཁང་ལ་མཚོན་ན། ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་བྱམས་པ་གླིང་སྐོར་བྱེད་པ་རེད། ཉིན་དེའི་ཉི་ཤར་གྱི་རྩེ་མོར་ལྷ་ལྡན་འཕྲུལ་སྣང་གཙུག་ལག་ཁང་གི་མཆོད་ཁང་ལྷོ་མའི་རྟེན་གཙོ་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་བྱོན་ལེགས་པ་དེ་ཤིང་རྟ་འཁོར་ལོའི་ནང་དུ་བཞུགས་སུ་གསོལ་ནས་དབུ་ཐོག་ཏུ་གདུགས་སེར་བོ་བསྐོར་ཅིང་། གཡས་གཡོན་ལ་རྒྱལ་མཚན་སོགས་ཀྱིས་བརྒྱན་ཏེ་དགེ་འདུན་འདུས་པའི་ཚོགས་ཀྱིས་སྙན་འཇེབས་ཡིད་དབང་འགུག་པའི་དུང་དང་རྒྱ་གླིང་འབུད་པའི་དབྱངས་སྙན་གྱི་ཁྲོད་ཕེབས་པ་དང་། གྲྭ་བཙུན་ཚང་མས་སེར་ཕྲེང་བསྒྲིགས་ཤིང་མང་ཚོགས་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་མཆོད་མཇལ་བྱེད་པ་རེད། དེ་ནི་མ་འོངས་ཚེ་ལོ་བཅུ་བའི་བསྟན་པ་འཆར་བ་ཟློག་ཐབས་སུ་རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོས་སྲོལ་བཏོད་པ་ཞིག་རེད།

ནང་བའི་བཤད་ལུགས།

ནང་བ་སངས་རྒྱས་པའི་བཤད་ལུགས་ལྟར་ན། འཛམ་བུ་གླིང་གི་མི་རྣམས་བསྐལ་བའི་འཕེལ་འགྲིབ་དང་བསྟུན་ནས། ཚེ་ལོ་བཅུ་བའི་བར་མར་འགྲིབ་པ་དང་། དེ་ནས་སླར་རིམ་གྱིས་ཡར་གྲངས་མེད་ཀྱི་བར་དུ་འཕེལ་ཞིང་། སླར་ཡང་མར་འགྲིབ་ཀྱིས་ཚེ་ལོ་བརྒྱད་ཁྲི་བར་གྱུར་པ་ན། རྒྱལ་བ་བྱམས་པ་མགོན་པོ་འཇིག་རྟེན་འདིར་འབྱོན་པར་འགྱུར། དེའི་ཚེ་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་བསྒྲིག་པའི་ཆེད་དུ་བོད་ཡུལ་གྱི་དགོན་པ་སོ་སོས་བྱམས་པའི་སྐུ་བརྙན་སྤྱན་འདྲེན་པ་དང་ཕྱག་མཆོད་སྨོན་ལམ་འདེབས་པ་སོགས་བྱེད་ཀྱིན་ཡོད་དེ། དལ་འབྱོར་མི་ལུས་ཐོབ་པའི་དུས་འདིར་དད་པ་རྩེ་གཅིག་གིས་ཕྱག་མཆོད་སྨོན་ལམ་ཚུལ་བཞིན་དུ་བྱས་ན། མ་འོངས་པར་སྨོན་ལམ་ཅི་བཏབ་དོན་ཐོག་ཏུ་སྨིན་འོང་བའི་དགོས་པ་ཡོད་ཟེར།