བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
| བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། | |
|---|---|
| མཚན་བྱང་། | |
| རྒྱ་གར་སྐད་དུ། | བོ་དྷི་ས་ཏྭ་ཙརྱ་ཨ་བ་ཏ་ར།(Bodhisattvacaryāvatāra) |
| བོད་སྐད་དུ། | བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། |
| མཛད་པ་པོ། | |
| མཚན། | སློབ་དཔོན་ཞི་བ་ལྷ། (Shantideva) |
| འཁྲུངས་འདས་དུས་རབས། | དུས་རབས་བརྒྱད་པའི་དུས་འགོ། (སྤྱི་ལོ་ ༦༨༥-༧༦༣ ཙམ།) |
| འགྱུར་གྱི་ལོ་རྒྱུས། | |
| རྒྱ་གར་གྱི་མཁན་པོ། |
|
| བོད་ཀྱི་ལོ་ཙཱ་བ། |
|
| གཞུང་གི་གནས་ཚུལ། | |
| བརྗོད་བྱ་གཙོ་བོ། | བྱང་ཆུབ་ཀྱི་སེམས། • ཕ་རོལ་ཏུ་ཕྱིན་པ་དྲུག • སྟོང་ཉིད། • གཞན་ཕན་གྱི་སྤྱོད་པ། |
| ལེའུ་གྲངས། | ལེའུ་བཅུ། |
| ཤོ་ལོ་ཀའི་གྲངས། | ཤོ་ལོ་ཀ་དགུ་བརྒྱ་བཅུ་གསུམ། |
| ཁུངས་གཏོགས། | |
| རིགས། | བསྟན་འགྱུར། |
| སྡེ་ཚན། | སྡེ་དགེ་བསྟན་འགྱུར། དབུ་མའི་སྐོར། པོད་ 'ལ' པའི་ནང་བཞུགས། |
༄༅། །«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་»ཞེས་པ་འདི་ནི་དུས་རབས་བརྒྱད་པའི་ནང་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལནྡཱའི་པཎྜི་ཏ་ཆེན་པོ་སློབ་དཔོན་ཞི་བ་ལྷས་མཛད་པའི་ལེའུ་བཅུའི་བདག་ཉིད་ཅན་གྱི་ཐེག་པ་ཆེན་པོའི་བསྟན་བཅོས་གྲགས་ཅན་ཞིག་ཡིན། གཞུང་འདི་ནི་དབུ་མའི་ལྟ་བ་དང་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་མདོ་སྔགས་ཀྱི་ལམ་གྱི་རྩ་བ་ལྟ་བུ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་ནས་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་ཇི་ལྟར་འཇུག་ཚུལ་གྱི་རིམ་པ་མཐའ་དག་གསལ་བར་སྟོན་པའི་གདམས་ངག་གི་གཞུང་མཆོག་ཏུ་གྱུར་པ་ཞིག་རེད། གཞུང་འདི་ནི་སངས་རྒྱས་ཀྱི་བཀའ་མདོ་སྡེ་དུ་མ་ནས་བཏུས་ཤིང་། དོན་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་དང་། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་སུ་དམིགས་ནས་མཛད་པ་ཞིག་ཡིན། བོད་ཀྱི་ནང་བསྟན་ཆོས་བརྒྱུད་ཁག་གི་བཤད་གྲྭ་ཁག་དང་། སྒོམ་སྒྲུབ་ཁང་ཁག་གི་བསླབ་གཞི་གཙོ་བོ་ཞིག་ཡིན་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་ནང་པ་དང་ནང་པ་མ་ཡིན་པའི་མཁས་པ་མང་པོ་ཞིག་གིས་དོ་སྣང་དང་ཉམས་ཞིབ་བྱེད་ས་ཞིག་ཆགས་ཡོད།
༡. མཚན་དོན།
[རྩོམ་སྒྲིག]མཚན་བྱང་།
[རྩོམ་སྒྲིག]- རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་ཙརྱ་ཨ་བ་ཏ་ར། (Bodhisattvacaryāvatāra)
- བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཚན་བྱང་གི་གོ་དོན།
[རྩོམ་སྒྲིག]- བོ་དྷི་ (བྱང་ཆུབ): ཉོན་མོངས་པའི་སྒྲིབ་པ་སྦྱངས་པས་ན་བྱང་བ་དང་། ཡེ་ཤེས་ཀྱི་ཡོན་ཏན་ཁོང་དུ་ཆུབ་པས་ན་ཆུབ་པ་སྟེ་སངས་རྒྱས་ཀྱི་གོ་འཕང་།
- ས་ཏྭ་ (སེམས་དཔའ): སྙིང་སྟོབས་ཆེན་པོ་དང་ལྡན་པའི་སེམས་ཅན།
- ཙརྱ་ (སྤྱོད་པ): སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་གྱི་བྱ་བ།
- ཨ་བ་ཏ་ར་ (འཇུག་པ): ལམ་དེ་དག་ལ་དངོས་སུ་ཞུགས་པའམ་བློ་འཇུག་པའི་དོན།
- མདོར་ན། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས་རྒྱལ་སྲས་ཀྱི་ཉམས་ལེན་རླབས་པོ་ཆེ་རྣམས་ལ་ཇི་ལྟར་བསླབ་ཅིང་འཇུག་པའི་ཚུལ་སྟོན་པའི་བསྟན་བཅོས་ཞེས་པའི་དོན་ནོ།།
༢. མཛད་པ་པོ་དང་བརྒྱུད་པ།
[རྩོམ་སྒྲིག]མཛད་པ་པོ།
[རྩོམ་སྒྲིག]སློབ་དཔོན་ཤཱན་ཏི་དེ་བའམ་ཞི་བ་ལྷ། (དུས་རབས་བརྒྱད་པ་) ཁོང་ནི་དུས་རབས་བདུན་པ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་རིགས་སུ་འཁྲུངས་ཤིང་། རྗེས་སུ་ནཱ་ལེནྡྲའི་དགོན་པར་རབ་ཏུ་བྱུང་། ཕྱི་ཚུལ་དུ་ཟ་ཉལ་འཁྲུས་གསུམ་ཁོ་ན་མཛད་པར་སྣང་བས་དགེ་འདུན་པ་གཞན་རྣམས་ཀྱིས་ "བུ་སུ་ཀུ་" ཞེས་མཚང་མིང་བཏགས་ཀྱང་། ནང་དོན་དུ་ཏིང་ངེ་འཛིན་གྱི་རྩལ་ཆེན་པོ་རྫོགས་པའི་གྲུབ་ཐོབ་ཅིག་ཡིན། དགེ་འདུན་པ་རྣམས་ཀྱིས་ཁོང་ངོ་ཚ་གཏོང་བའི་ཕྱིར་དུ་ཆོས་འཆད་དགོས་པའི་རེ་བ་བཏོན་པར། ཁོང་གིས་སེང་གེའི་ཁྲི་ལས་«སྤྱོད་འཇུག་»འདི་ཞལ་ནས་གསུངས་ཤིང་། ཤེས་རབ་ལེའུའི་སྐབས་སུ་སྐུ་མཁའ་ལ་འཕགས་ཏེ་མི་སྣང་བར་གྱུར་པའི་ལོ་རྒྱུས་ཡོད། ཁོང་གིས་མཛད་པའི་བསྟན་བཅོས་གཙོ་བོ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་དང་། བསླབ་པ་ཀུན་ལས་བཏུས་པ། མདོ་ཀུན་ལས་བཏུས་པ་བཅས་གསུམ་ཡིན་ནོ།།
འགྱུར་གྱི་ལོ་རྒྱུས།
[རྩོམ་སྒྲིག]གཞུང་འདིའི་མཇུག་བྱང་ལྟར་ན།
- སྔ་འགྱུར། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་ དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་གཉིས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ། ལོ་ཙཱ་བ་དཔལ་བརྩེགས་ནི་དུས་རབས་བརྒྱད་པ་ཙམ་སྟེ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན།
- བར་འགྱུར། དེའི་རྗེས་སུ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་ དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོ་དང་ཤཱཀྱ་བློ་གྲོས་བཅས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ།
- ཕྱི་འགྱུར། ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པ་ཡིན། དགེ་སློང་བློ་ལྡན་ཤེས་རབ་ནི་དུས་རབས་བཅུ་གཅིག་པ་ཙམ་ལ་བྱོན་པའི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན། དེས་ན་བསྟན་བཅོས་འདི་དུས་རབས་བརྒྱད་པ་ནས་བཟུང་བོད་དུ་བསྒྱུར་བ་དང་ཞུ་དག་ལན་མང་བྱས་ཡོད།
༣. རྒྱབ་ལྗོངས་དང་མཛད་པའི་དགོས་པ།
[རྩོམ་སྒྲིག]སློབ་དཔོན་ཉིད་ཀྱིས་གཞུང་གི་འགོར། "སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །" ཞེས་གསུངས་པ་ལྟར། ཐོག་མར་རང་ཉིད་ཀྱི་ཐུགས་རྒྱུད་ལ་བསྒོམ་པའི་ཕྱིར་དང་། ཞར་ལ་སྐལ་བ་མཉམ་པ་གཞན་ལ་ཕན་པའི་ཆེད་དུ་མཛད་པ་ཡིན། དམིགས་ཡུལ་གཙོ་བོ་ནི་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་མི་ཉམས་པར་གོང་དུ་སྤེལ་བའི་ཐབས་ཚུལ་རྣམས་ཚིགས་སུ་བཅད་པའི་ལམ་ནས་གསལ་བར་སྟོན་རྒྱུ་དེ་ཡིན།
༤. གཞུང་ཚད་དང་བརྗོད་དོན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ལ་གཞུང་ཚད་ལེའུ་བཅུ་ཡོད་ཅིང་། བོད་འགྱུར་གྱི་པར་མ་དང་འགྲེལ་པ་ཁག་མི་འདྲ་བ་ཅུང་ཟད་རེ་ཡོད་པ་དེའི་དབང་གིས་ཤོ་ལོ་ཀའི་གྲངས་ལ་འགྱུར་བ་ཕྲན་བུ་ཡོད་མོད། ཡོངས་གྲགས་སུ་བསྟན་བཅོས་འདི་ལ་ཤོ་ལོ་ཀ་ ༩༡༣ (དགུ་བརྒྱ་བཅུ་གསུམ་) ཡོད་པར་བཞེད་དོ། །དེ་དག་གི་བརྗོད་དོན་གཙོ་བོ་རྣམས་གཤམ་གསལ་ལྟར་ལགས།
ལེའུ་འདིའི་ནང་དུ་ཐོག་མར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྙེད་པར་ཤིན་ཏུ་དཀའ་བ་དང་། རྙེད་པའི་དུས་སུ་དོན་ཆེན་པོ་བསྒྲུབ་དགོས་པར་བསྟན་ཡོད། དགེ་བ་གཞན་རྣམས་ནི་ཆུ་ཤིང་བཞིན་དུ་འབྲས་བུ་བྱུང་ནས་ཟད་པར་འགྱུར་མོད། བྱང་ཆུབ་ཀྱི་སེམས་ནི་དཔག་བསམ་གྱི་ཤིང་བཞིན་དུ་འབྲས་བུ་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བའི་ཕན་ཡོན་བསྟན་པ། བྱང་ཆུབ་ཀྱི་སེམས་དེ་ལ་སྨོན་པ་དང་འཇུག་པའི་སེམས་གཉིས་སུ་དབྱེ་ཚུལ་དང་། སེམས་དེ་སྐྱེས་མ་ཐག་ཏུ་སངས་རྒྱས་ཀྱི་སྲས་སུ་འགྱུར་ཞིང་། སྡིག་པ་སྟོབས་ཆེན་རྣམས་ཀྱང་སྐད་ཅིག་གིས་ཟིལ་གྱིས་གནོན་ནུས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ཡོད།
རིན་པོ་ཆེའི་སེམས་དེ་རྒྱུད་ལ་བཟུང་བའི་སྔོན་འགྲོར། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་འབུལ་བ་དང་། སྐྱབས་སུ་འགྲོ་བའི་རིམ་པ་བསྟན་ཡོད། དེ་ནས་རང་གིས་ཐོག་མེད་ནས་བསགས་པའི་སྡིག་པ་རྣམས་བཤགས་པར་བྱེད་པ་ལ། འཆི་བདག་གིས་ནམ་འཁྲིད་ངེས་པ་མེད་པའི་འཇིགས་པ་དྲན་པ་དང་། གཤིན་རྗེའི་འཇིགས་སྐྲག་ལས་སྐྱོབ་པའི་མགོན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་སོང་ནས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཀྱི་སྒོ་ནས་སྡིག་པ་སྦྱོང་བའི་ཐབས་རྣམས་ཞིབ་ཏུ་བསྟན་ཡོད།
སྡིག་པ་བཤགས་པའི་མཇུག་ཏུ། སེམས་ཅན་གཞན་གྱིས་བསགས་པའི་དགེ་བ་རྣམས་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་རྩ་རྣམས་སེམས་ཅན་གྱི་དོན་དུ་བསྔོ་བ་བཅས་བསྟན། དེ་ནས་རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་རྣམས་སེམས་ཅན་ལ་གཏོང་བའི་བློ་སྦྱོང་བ་དང་། མཐར་རང་ཉིད་རྒྱལ་བའི་རིགས་སུ་སྐྱེས་པར་སྤྲོ་བ་བསྐྱེད་དེ་སྨོན་འཇུག་གི་སེམས་དངོས་སུ་བཟུང་བའི་ཆོ་ག་རྣམས་གསུངས་ཡོད།
དེ་ལྟར་དམ་བཅས་པའི་སེམས་དེ་མི་ཉམས་པར་བྱེད་པ་ལ། བག་ཡོད་པ་བསྟེན་དགོས་པར་གདམས་པ། གལ་ཏེ་དམ་བཅའ་དེ་ལས་ཉམས་ན་ངན་སོང་དུ་ལྟུང་བའི་ཉེས་དམིགས་དང་། ཉོན་མོངས་པ་རྣམས་ནི་དགྲ་བོ་ངོ་མ་ཡིན་པས་དེ་དག་དང་གཡུལ་སྤྲོད་དགོས་པ། ཉོན་མོངས་པ་སྤངས་ཀྱང་ཡུལ་གཞན་དུ་འགྲོ་ས་མེད་པར་ཡེ་ཤེས་ཀྱི་མིག་གིས་བལྟས་ན་རྩ་བ་ནས་སྤོང་ནུས་ཚུལ་སོགས་བསྟན་ནས། སེམས་ཀྱི་དམ་བཅའ་ལ་བག་ཡོད་པར་བྱེད་པའི་ཚུལ་བསྟན་ཡོད།
བསླབ་པ་སྲུང་བ་ལ་སེམས་བསྲུང་དགོས་ཤིང་། སེམས་མ་བསྲུངས་ན་བསླབ་པ་སྲུང་མི་ནུས་པར་བསྟན། སེམས་བསྲུང་བའི་ཐབས་སུ་དྲན་པ་དང་ཤེས་བཞིན་བསྟེན་དགོས་པ། སེམས་ཀྱི་གནས་སྟངས་ལ་རྒྱུན་དུ་བརྟག་དགོས་པ། ལུས་ཀྱི་སྤྱོད་ལམ་འགྲོ་འདུག་དང་། སྨྲ་བརྗོད། མིག་གི་ལྟ་སྟངས། ཟས་ཀྱི་སྤྱོད་ལམ་སོགས་འཚོ་བའི་ཁྲོད་ཀྱི་བྱ་བ་ཕྲ་མོ་ཚུན་ཆད་དོན་དང་ལྡན་པར་བྱེད་ཚུལ། དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་མདོ་སྡེ་བཀླག་དགོས་ཚུལ་སོགས་སྤྱོད་པ་ཉམས་ལེན་གྱི་གནད་རྣམས་ཞིབ་ཏུ་གསུངས་ཡོད།
ཞེ་སྡང་གིས་བསྐལ་པ་སྟོང་དུ་བསགས་པའི་དགེ་བ་འཇོམས་པར་བྱེད་པས་དེ་ལས་ལྷག་པའི་སྡིག་པ་མེད་པར་བསྟན་པ། མི་འདོད་པ་དང་འདོད་པ་བགེགས་བྱེད་པ་ལས་ཡིད་མི་བདེ་འབྱུང་ཞིང་དེ་ལས་ཞེ་སྡང་སྐྱེ་བས། ཡིད་མི་བདེ་བ་དེ་སྤོང་དགོས་པ། གནོད་བྱེད་རྣམས་རང་དབང་མེད་པར་རྐྱེན་གཞན་གྱིས་བསྐུལ་ནས་འབྱུང་བ་ཤེས་པར་བྱས་ཏེ་བཟོད་པ་བསྒོམ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཞིང་ས་ཡིན་པས་དེ་དག་ལ་བཟོད་པ་བསྒོམ་པ་ནི་སངས་རྒྱས་མཆོད་པ་དང་མཚུངས་པར་བསྟན་པ། བདག་ལ་བསྟོད་སྨད་བྱེད་པ་ལ་བཟོད་པ་བསྒོམ་ཚུལ་བཅས་རྒྱས་པར་བསྟན་ཡོད།
བཟོད་པ་དང་ལྡན་པས་བྱང་ཆུབ་སྒྲུབ་པའི་གྲོགས་སུ་བརྩོན་འགྲུས་བརྩམ་དགོས་པར་བསྟན། ལེ་ལོ་དང་། བྱ་བ་ངན་ཞེན། བདག་ཉིད་བརྙས་པ་སྟེ་སྒྱིད་ལུག་པ་བཅས་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཡིན་པས་དེ་དག་སྤོང་དགོས་ཚུལ། མོས་པ་དང་། བརྟན་པ། དགའ་བ། དོར་བ་བཅས་ཀྱི་དཔུང་བཞི་དང་ལྡན་པའི་སྒོ་ནས་བརྩོན་འགྲུས་བསྐྱེད་པ། ལས་ཀྱི་ང་རྒྱལ་དང་། ནུས་པའི་ང་རྒྱལ། ཉོན་མོངས་པའི་ང་རྒྱལ་བཅས་སྤངས་ནས་སྙིང་སྟོབས་བསྐྱེད་དེ་དགེ་བ་ལ་སྤྲོ་བ་བསྒོམ་ཚུལ་བསྟན་ཡོད།
བརྩོན་འགྲུས་ལ་བརྟེན་ནས་སེམས་ཏིང་ངེ་འཛིན་ལ་གནས་དགོས་པར་བསྟན། འཇིག་རྟེན་གྱི་གཡེང་བ་སྤངས་ཏེ་ལུས་སེམས་དབེན་པ་བསྟེན་དགོས་པ། འདོད་པ་དང་རྙེད་བཀུར་ལ་ཆགས་པའི་ཉེས་དམིགས་བསམ་པ། དུར་ཁྲོད་སོགས་སུ་མི་གཙང་བའི་ལུས་ལ་བལྟས་ནས་ཆགས་པ་སྤོང་ཚུལ། བྱང་ཆུབ་ཀྱི་སེམས་སྒོམ་པའི་གནད་དམ་པ་བདག་དང་གཞན་དུ་མཉམ་པ་དང་། བདག་གཞན་བརྗེ་བའི་ཚུལ་རྒྱ་ཆེར་བསྟན་པ། རང་དོན་གཅེས་འཛིན་ནི་རྒུད་པ་ཀུན་གྱི་རྩ་བ་དང་། གཞན་ཕན་གྱི་བློ་ནི་ཕུན་ཚོགས་ཀུན་གྱི་འབྱུང་གནས་སུ་གཏན་ལ་ཕབ་སྟེ་བསམ་གཏན་གྱི་ཉམས་ལེན་གསུངས་ཡོད།
ཡན་ལག་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཆེད་དུ་གསུངས་པར་བསྟན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རྣམ་གཞག་དང་། དོན་དམ་བློའི་སྤྱོད་ཡུལ་ལས་འདས་པར་བསྟན་པ། སེམས་ཙམ་པ་དང་མུ་སྟེགས་པ་སོགས་ཀྱི་ལྟ་བ་ལ་དགག་པ་མཛད་དེ་ཐལ་འགྱུར་བའི་ལྟ་བ་རྩལ་དུ་བཏོན་པ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རིགས་པ་དུ་མས་གཏན་ལ་ཕབ་པ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ཚུལ་བཅས་ཟབ་མོ་དབུ་མའི་ལྟ་བ་རྒྱས་པར་བསྟན་ཡོད།
གཞུང་འདི་བརྩམས་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས། ཕྱོགས་བཅུའི་འགྲོ་བ་ཀུན་གྱི་དོན་དུ་བསྔོ་བར་མཛད་པ། དམྱལ་བ་དང་། ཡི་དྭགས། དུད་འགྲོ་སོགས་ངན་སོང་གི་སྡུག་བསྔལ་ཞི་བ་དང་། ནད་པ་དང་། དབུལ་ཕོངས། འཇིགས་པ་དང་བཅས་པ་རྣམས་དེ་དག་ལས་གྲོལ་བའི་སྨོན་ལམ་མཛད་པ། དགེ་སློང་རྣམས་ཚུལ་ཁྲིམས་དང་ལྡན་ཞིང་བསྟན་པ་རྒྱས་པ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་སྨོན་ལམ་རྒྱ་ཆེར་མཛད་དེ་མཇུག་རྫོགས་པར་གནང་ཡོད།
༥. ལྟ་གྲུབ་གཙོ་བོ།
[རྩོམ་སྒྲིག]- བྱང་ཆུབ་ཀྱི་སེམས། གཞུང་འདིའི་སྙིང་པོ་ནི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བློ་སྟེ། སྨོན་པ་དང་འཇུག་པའི་སེམས་བསྐྱེད་གཉིས་སུ་དབྱེ་ནས་ཉམས་སུ་ལེན་ཚུལ་སྟོན་པ་དེ་ཡིན།
- བདག་གཞན་མཉམ་བརྗེ། ལེའུ་བརྒྱད་པའི་ནང་དུ་གསུངས་པའི་བདག་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་ནས། རང་གི་བདེ་བ་གཞན་ལ་གཏོང་བ་དང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པའི་བློ་སྦྱོང་གི་རིམ་པ་འདི་ནི་ཐེག་ཆེན་གྱི་ལྟ་གྲུབ་ཟབ་ཤོས་ཤིག་ཡིན།
- སྟོང་པ་ཉིད། ལེའུ་དགུ་པར་ཐལ་འགྱུར་བའི་ལུགས་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་གསུངས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སྟོན་པ་ནི་གཞུང་འདིའི་མཐར་ཐུག་གི་ལྟ་བ་ཡིན།
༦. གལ་གནད་དང་ཤུགས་རྐྱེན།
[རྩོམ་སྒྲིག]«སྤྱོད་འཇུག་»ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་གྱིས་ཐོས་བསམ་སྒོམ་གསུམ་བྱེད་སའི་གཞུང་ལུགས་གལ་ཆེ་ཤོས་ཤིག་ཡིན། ལྷག་པར་དུ་བློ་སྦྱོང་གི་གདམས་པ་རྣམས་ཀྱི་ཁུངས་གཏུགས་ས་གཙོ་བོ་ཞིག་ཡིན་ལ། དེང་གི་དུས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གཞུང་འདིའི་ལུང་འདྲེན་མཛད་ཅིང་། སེམས་བཟང་པོ་དང་ཞི་བདེ་སྐྲུན་པའི་སློབ་གསོ་གལ་ཆེན་དུ་བརྩི་བཞིན་ཡོད།
༧. ཟུར་ལྟའི་ནང་དོན།
[རྩོམ་སྒྲིག]- ཞི་བ་ལྷ།
- དབུ་མ་འཇུག་པ།
- བློ་སྦྱོང་།
- ཕ་རོལ་ཏུ་ཕྱིན་པ་དྲུག
- བྱང་ཆུབ་ཀྱི་སེམས།
༨. རྩ་འགྲེལ།
[རྩོམ་སྒྲིག]གཞུང་འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྟོན་པའི་རྩ་བའི་གཞུང་ཞིག་ཡིན། འདི་ལ་རྒྱ་བོད་ཀྱི་མཁས་པ་དུ་མས་མཛད་པའི་འགྲེལ་པ་གྲགས་ཅན་མང་པོ་ཡོད། བསྟན་འགྱུར་སྣར་ཐང་དཔར་མོའི་མདོ་ཕྱོགས་ལེ་ཚན་﹙པ﹚པའི་ནང་ཡོད་ཅིང་། དེའི་འགྲེལ་པ་ལ་རྒྱ་གར་གྱི་མང་པོས་མཛད་པའི་ནང་ནས་ཁག་བཅུ་ཙམ་གོང་གསལ་བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ལེ་ཚན﹙ཤ﹚པའི་ནང་ཡོད། སྡེ་དགེ་བསྟན་འགྱུར་གྱི་པོད་ ༡༠༥ ཤོག་གྲངས་ ༣ པ་ནས་ཤོག་གྲངས་ ༨༡ བར་དུ་བཞུགས།
- རྒྱ་གར་གྱི་འགྲེལ་པ། སློབ་དཔོན་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་«སྤྱོད་འཇུག་དཀའ་འགྲེལ་»སོགས་ཡོད།
- བོད་ཀྱི་འགྲེལ་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་«སྤྱོད་འཇུག་གི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་»དང་། སྔ་འགྱུར་རྙིང་མའི་མཁན་པོ་ཀུན་བཟང་དཔལ་ལྡན་གྱི་«སྤྱོད་འཇུག་འགྲེལ་པ་འཇམ་དབྱངས་བླ་མའི་ཞལ་ལུང་»། རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་«སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས་»སོགས་ཤིན་ཏུ་མང་།
༩. དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]༡. ནང་ཁུལ་གྱི་དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]༢. ཕྱི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- ནང་བསྟན་དཔེ་ཚོགས་ལྟེ་གནས། (BDRC): བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ། ། (MW23703_3871)
༣. གཞུང་འདི་དང་འབྲེལ་ཡོད་དྲ་ཐག་ཁག
[རྩོམ་སྒྲིག]- སྤྱོད་འཇུག་དཔེ་བསྡུར་མ། - ཝེ་ཁེ་རིག་མཛོད། ༼བོད་ཡིག༽
- Bodhisattvacaryavatara - Wikipedia (English)
- Shantideva's biography - Treasury of Lives (English)
- སྤྱོད་འཇུག་གི་ཚིག་འགྲེལ་གཅེས་བཏུས།
- སྤྱོད་འཇུག་ཟིན་བྲིས་དང་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ།
- བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་མཆན་འགྲེལ།
- སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ།
- སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས།
- བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ།
- སྤྱོད་འཇུག་འགྲེལ་པ་རབ་ཏུ་གསལ་བ།
- སྤྱོད་འཇུག་འགྲེལ་པ་མཚུངས་མེད་བླ་མའི་ཞལ་རྒྱུན།
- སྤྱོད་འཇུག་འགྲེལ་པ་ངེས་ལེགས་མཛོད།
- བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་སྣང་བ།
- བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ།