Jump to content

བོད་ལྗོངས་སློབ་གྲྭ་ཆེན་མོ་

ཡོང་ཁུངས་Wikipedia

བོད་ལྗོངས་སློབ་ཆེན་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་ཆེན་མོ་ཞིག་ཡིན་ཞིང་། “ལས་གྲྭ211” གི་རྒྱལ་ཁབ་ཀྱིས་གཙིགས་ཆེར་འཛུགས་སྐྲུན་བྱེད་པའི་སློབ་ཆེན་དང་།“དབུས་རྒྱུད་དང་ནུབ་རྒྱུད་སློབ་ཆེན་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལས་གྲྭ”ཡི་སློབ་ཆེན་བཅས་སུ་བདམས་ཡོད། སློབ་ཆེན་འདི་ནི་བོད་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་སློབ་གསོ་པུའུ་གཉིས་ཀྱིས་མཉམ་དུ་བསྐྲུན་པ་ཡིན། ཀྲུང་གོའི“རྩེ་གྲའི་སྨན་པའི་སློབ་གསོ་དང་སྐྱེད་སྲིང་འཆར་གཞི”དང་། “ཞིང་ལས་དང་ནགས་ལས་ཕྱོགས་ཀྱི་རྩེ་གྲའི་འཇོན་མིའི་སློབ་གསོ་དང་སྐྱེད་སྲིང་འཆར་གཞི”སོགས་ཀྱི་བཅོས་སྒྱུར་ཚོད་ལྟའི་སློབ་ཆེན་ཡིན་པར་མ་ཟད། 2013ལོའི་ཟླ5པར་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་འཆར་གཞི་ཁྲོད་བདམས་པ་དང་། 2013ལོའི་ཟླ7པར་འབུམ་རམས་པའི་ཐོབ་ཐང་དབང་སྤྲོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ།

ལོ་རྒྱུས་འཕེལ་རིམ།

[རྩོམ་སྒྲིག]

བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་ཐོག་མར་སྤྱི་ལོ1951ལོའི་བོད་ཡིག་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ནས་དབུ་ཚུགས་པ་ཡིན་ཞིང༌། 1985ལོའི་ཟླ7པར། བོད་ལྗོངས་སློབ་ཆེན་དངོས་སུ་བཙུགས། 1999ལོའི་ཚུན་ལ་བོད་ལྗོངས་སྒྱུ་རྩལ་སློབ་གླིང་དང་། བོད་ལྗོངས་གསོ་རིག་ཆེད་སྦྱོང་སློབ་གྲྭ། བོད་ལྗོངས་མི་རིགས་སློབ་གླིང་གི་སྨན་བཅོས་སྡེ་ཁག བོད་ལྗོངས་ནོར་སྲིད་དཔལ་འབྱོར་སློབ་གྲྭ་སོགས་སྔ་རྗེས་སུ་བོད་ལྗོངས་སློབ་ཆེན་གྱི་ཁོངས་སུ་བསྡུས། 2001ལོའི་ཟླ9པར། བོད་ལྗོངས་ཞིང་ཕྱུགས་སློབ་གླིང་དེ་ཡང་བོད་ལྗོངས་སློབ་ཆེན་གྱི་ཁོངས་སུ་བསྡུས་ནས། བོད་ལྗོངས་སློབ་ཆེན་ཞེས་པའི་མིང་སོར་བཞག་བྱས། 2004ལོར་སློབ་གསོ་པུའུ་དང་བོད་ལྗོངས་གཉིས་ཀྱི་མཉམ་སྐྲུན་སློབ་ཆེན་དུ་བསྒྱུར། 2008ལོར། “ལས་གྲྭ211”གི་རིམ་པ་གསུམ་པའི་འཛུགས་སྐྲུན་དུ་ཚུད། 2013ལོའི་ཟླ5པར་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་འཆར་གཞི་ཁྲོད་བདམས་པ་དང་། 2013ལོའི་ཟླ7པར་འབུམ་རམས་པའི་ཐོབ་ཐང་དབང་སྤྲོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ།

སློབ་སྒྲུབ་ཆ་རྐྱེན།

[རྩོམ་སྒྲིག]

བོད་ལྗོངས་སློབ་ཆེན་ལ་ད་ལྟ་ལྷ་སའི་སློབ་ཁུལ་དང་ཉིང་ཁྲིའི་སློབ་ཁུལ་བཅས་གཉིས་སུ་བཀར་ཡོད་ལ། ལྷ་སའི་སློབ་ཁུལ་ལ་སློབ་ཁུལ་གསར་བ་དང་། སློབ་ཁུལ་རྙིང་བ། གསོ་རིག་སློབ་གླིང་གི་སློབ་ཁུལ། ནོར་སྲིད་དཔལ་འབྱོར་སློབ་གླིང་གི་སློབ་ཁུལ་བཅས་སུ་བཀར་ཡོད། སྤྱིའི་རྒྱ་ཁྱོན་ཡོངས་སྨི་གྲུ་བཞི་མ་ཁྲི93.6ཡོད་པའི་ཁྲོད་འཛུགས་སྐྲུན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི42.4ཟིན་པ་དང༌། སློབ་སྒྲུབ་ཚན་རིག་ཞིབ་འཇུག་གི་སྒྲིག་ཆས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར2.25སླེབས་ཡོད་པ་དང་། དཔེ་མཛོད་ཁང་དུ་བསྡོམས་པས་དཔེ་དེབ་ཁྲི104ལྷག་ཉར་ཡོད། སློབ་གྲྭར་རྩོམ་རིག་སློབ་གླིང་དང༌། རྩིས་ཚན་སློབ་གླིང༌། བཟོ་རྩལ་སློབ་གླིང༌། སྲིད་ཁྲིམས་སློབ་གླིང་། གསོ་རིག་སློབ་གླིང༌། དཔལ་འབྱོར་དོ་དམ་སློབ་གླིང༌། ཡུལ་སྐོར་དང་ཕྱི་སྐད་སློབ་གླིང༌། སྒྱུ་རྩལ་སློབ་གླིང༌། དགེ་འོས་སློབ་གླིང༌། རྒྱུན་མཐུད་སློབ་གསོའི་སློབ་གླིང༌། ཀྲུང་དབྱང་གློག་འཕྲིན་སློབ་ཆེན་བོད་ལྗོངས་སློབ་གླིང་བཅས་ཁྱོན་བསྡོམས་སློབ་གླིང14ཡོད་ཅིང་། དངོས་གཞིའི་ཆེད་ལས50དང་། རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན30དང་རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན7ཡོད། འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན12དང་འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན3ཡོད། སློབ་ཆེན་འདི་རུ་དགེ་རྒན་དང་ལས་བཟོ་བ་མི1119ཡོད་པ་དང་། རིགས་སོ་སོའི་སློབ་མ་མི་ཁྲི2.8ཡོད་པ་ལས། དངོས་གཞི་དང་ཆེད་སྦྱོང་སློབ་མ་མི9417དང་། རབ་འབྱམས་པ་མི581། འབུམ་རམས་པ་མི23། དར་མའི་སློབ་མ་མི་ཁྲི1.8བཅས་ཡོད། དགེ་རྒན་དང་ལས་བཟོ་བ་མི1119ཡི་ཁྲོད་ཆེད་བསྐོས་དགེ་རྒན་མི822ཡོད། ཆེད་བསྐོས་དགེ་རྒན་ལས་འབུམ་རམས་པའི་ཐོབ་ཐང་ཅན་མི45ཡོད་པ་དེས་བསྡོམས་འབོར་གྱི5.5%ཟིན་ཡོད། རམས་འབྱམས་པའི་དགེ་རྒན་མི445ཡོད་པ་དེས་བསྡོམས་འབོར་གྱི54.1%ཟིན་ཡོད། དགེ་རྒན་ཆེན་མོ་མི55ཡོད་པ་དེས་བསྡོམས་འབོར་གྱི6.7%ཟིན་ཡོད། དགེ་རྒན་ཆེན་མོ་གཞོན་པ་མི244ཡོད་པ་དེས་བསྡོམས་འབོར་གྱི29.7%ཟིན་ཡོད།

རིག་ཚན་འཛུགས་སྐྲུན།

[རྩོམ་སྒྲིག]

2013ལོའི་ཟླ8པའི་བར་དུ། བོད་ལྗོངས་སློབ་ཆེན་དུ་རྒྱལ་ཁབ་རིམ་པའི་གཙོ་གྱུར་རིག་ཚན1དང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གྱུར་རིག་ཚན14ཡོད། འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན12དང་འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན3ཡོད། རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན30དང་རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན7ཡོད། ཆེད་ལས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས2། དངོས་གཞིའི་ཆེད་ལས་སུ་དཔལ་འབྱོར་རིག་པ་དང་། བཅའ་ཁྲིམས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རྩིས་ཚན་རིག་པ། བཟོ་རྩལ་རིག་པ། གསོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་རིག་ཚན10ཡོད། (1)རྒྱལ་ཁབ་རིམ་པའི་གཙོ་གྱུར་རིག་ཚན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག(བོད་ཀྱི་སྐད་ཡིག་དང་རྩོམ་རིག) (2)རང་སྐྱོང་ལྗོངས་རིམ་པའི་གཙོ་གྱུར་རིག་ཚན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས། མཛེས་རྩལ། རོལ་མོ། སྲིད་འཛིན་དོ་དམ། རྩིས་འཁོར་གྱི་ཉེར་སྤྱོད་ལག་རྩལ། དངོས་ལུགས། ཕྱི་ནད། སྐྱེ་ཁམས། ནགས་ལས་གསོ་སྤེལ། ཆུ་བེད་དང་ཆུ་གློག་བཟོ་གྲྭ། ཕྱུགས་སྨན། རྨོ་འདེབས་བཅས་ཡོད། (3)འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན། མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག སྐྱེ་ཁམས་རིག་པ། (4)འབུམ་རམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག(བོད་ཀྱི་སྐད་ཡིག་དང་རྩོམ་རིག)དང་། བོད་ཀྱི་སྐད་དང་ཡི་གེ། བོད་སྐད་ཀྱི་རྩིས་འཁོར་སྐད་བརྡ་རིག་པ། ཀྲུང་གོའི་གནས་རབས་རྩོམ་རིག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ(བོད་ཀྱི་མཛེས་རྩལ)། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ(བོད་ཀྱི་རོལ་མོ)། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར(བོད་ལྗོངས་དཔལ་འབྱོར)། མཐོ་སྒང་གི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་ཚོམ་བུའི་སྐྱེ་ཁམས་རིག་པ། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་ཐོན་ཁུངས་བེད་སྤྱོད། མཐོ་སྒང་གི་སྐྱེ་ཁམས་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་དཔྱད་འཇོག་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བཅས་ཡོད། (5)རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཅིག་རིག་ཚན། མི་རིགས་རིག་པ། སློབ་གསོ་རིག་པ། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག རྩིས་འཁོར་གྱི་ཚན་རིག་དང་ལག་རྩལ། རོལ་མོ་དང་ཞབས་བྲོ། མཛེས་རྩལ། སྐྱེ་དངོས་བཅས་ཡོད། (6)རབ་འབྱམས་པའི་ཐོབ་ཐང་སྤྲོད་པའི་རིམ་གཉིས་རིག་ཚན། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ། མི་རིགས་བཅའ་ཁྲིམས། སློབ་གསོ་རིག་པ། བསླབ་ཚན་དང་སློབ་ཁྲིད་གཞུང་ལུགས། སློབ་གསོ་སེམས་ཁམས་རིག་པ། ན་ཆུང་བྱིས་པའི་རྩ་འཛུགས་དང་བསམ་བློའི་སློབ་གསོ། ཀྲུང་གོའི་གནའ་རབས་རྩོམ་རིག ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག སྐྱེ་དངོས་རིག་པ། སྲོག་ཆགས་རིག་པ། སྐྱེ་དངོས་ཕྲ་རབ་ཀྱི་རིག་པ། སྐྱེ་དངོས་རྫས་འགྱུར་དང་འདུས་རྡུལ་སྐྱེ་དངོས་རིག་པ། སྐྱེ་དངོས་དངོས་ལུགས་རིག་པ། རྩིས་འཁོར་རྒྱུད་ཁོངས་ཀྱི་སྒྲིག་གཞི། རྩིས་འཁོར་མཉེན་ཆས་དང་གཞུང་ལུགས། རྩིས་འཁོར་ཉེར་སྤྱོད་ལག་རྩལ། སྲིད་འཛིན་དོ་དམ། རོལ་མོ་དང་ཞབས་བྲོ་རིག་པ། མཛེས་རྩལ་རིག་པ། སློབ་གསོ་དོ་དམ། རིག་གཞུང་སློབ་ཁྲིད་ལས་རྒྱའི་སྐད་ཡིག རིག་གཞུང་སློབ་ཁྲིད་ལས་བོད་སྐད་ཡིག རིག་གཞུང་སློབ་ཁྲིད་ལས་རྩིས་རིག རིག་གཞུང་སློབ་ཁྲིད་ལས་ས་ཁམས། རིག་གཞུང་སློབ་ཁྲིད་ལས་རོལ་དབྱངས། རིག་གཞུང་སློབ་ཁྲིད་ལས་མཛེས་རྩལ་བཅས་འདུ། (7)ཆེད་ལས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས། སློབ་གསོའི་རབ་འབྱམས་པ། སྒྱུ་རྩལ་གྱི་རབ་འབྱམས་པ།

སློབ་ཁྲིད་འཛུགས་སྐྲུན།

[རྩོམ་སྒྲིག]

(1)རྒྱལ་ཁབ་རིམ་པའི་སློབ་ཁྲིད་དཔུང་སྡེ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་ཁྲིད་དཔུང་སྡེ་དང་། རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་སློབ་ཁྲིད་དཔུང་སྡེ། (2)རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཁྱད་ཆོས་ཅན་གྱི་ཆེད་ལས་འཛུགས་སྐྲུན་གནས། རྩིས་རིག་དང་ཉེར་སྤྱོད་རྩིས་རིག(དགེ་ཐོན་སློབ་གསོ)། ཞིང་ལས་རིག་པ(སྐྱེ་དངོས་ཐོན་སྐྱེད་རིགས)། མཛེས་རྩལ་རིག་པ། ནགས་ལས་རིག་པ། རོལ་མོའི་རིག་པ། སྲོག་ཆགས་རིག་པ། ནད་ཐོག་སྨན་བཅོས་བཅས་འདུ། (3)རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོད་ལྟའི་དཔེ་སྟོན་ལྟེ་གནས། ཆ་འཕྲིན་ལག་རྩལ་ཚོད་ལྟའི་སློབ་ཁྲིད་ལྟེ་གནས། (4)རྒྱལ་ཁབ་རིམ་པའི་མཆོག་གྱུར་བསླབ་ཚན། མར་ཁེ་སིའི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་ཚུལ་དང་། མི་རིགས་ཀྱི་ལྟ་ཚུལ། ཆོས་ལུགས་ཀྱི་ལྟ་ཚུལ། རིག་གནས་ཀྱི་ལྟ་ཚུལ་སློབ་གསོའི་སྤྱི་བཤད་བཅས་སོ། །

ཞིབ་འཇུག་སྡེ་ཁག

[རྩོམ་སྒྲིག]

སློབ་གྲྭའི་ནང་དུ《གེ་སར་སྒྲུང》ཞིབ་འཇུག་ཁང་དང༌། བོད་རིགས་ཀྱི་སྒྱུ་རྩལ་ཞིབ་འཇུག་ཁང༌། བོད་ལྗོངས་མི་འབོར་ཞིབ་འཇུག་ཁང༌། ཁོར་ཡུག་དངོས་ཁམས་ཞིབ་འཇུག་ཁང༌། སྲོག་ཆགས་སྐྱེ་ཁམས་ཞིབ་འཇུག་ཁང༌། སློབ་གསོ་སེམས་ཁམས་ཞིབ་འཇུག་ཁང༌། དཔལ་འབྱོར་ཞིབ་འཇུག་ཁང༌། རྩིས་ཚན་སློབ་གསོ་ཞིབ་འཇུག་ཁང་བཅས་སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་གི་ལས་ཁུངས8ཡོད། 2000ལོར། སི་ཁྲོན་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་པའི“ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང”དེ་སློབ་གསོ་པུའི་མི་རིགས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ལྟེ་གནས་སུ་གཏན་འབེབས་བྱས་པ་དང༌། 2001ལོར“མཐོ་སྒང་འཇིག་རྟེན་ཐིག་རིས་ལྟ་ཞིབ་ཁང”དེ་བོད་རང་སྐྱོང་ལྗོངས་རིམ་པའི་ཞིབ་འཇུག་ལྟེ་གནས་སུ་གཏན་འབེབས་བྱས། 2004ལོར་ཚོད་ལྟ་ཁང་དེ་གཉིས་སློབ་གསོ་པུའི་ལྟེ་གནས་ཞིབ་འཇུག་ཁང་དུ་གཏན་འབེབས་བྱས་པ་རེད། སློབ་གྲྭར་ད་ལྟ་བོད་རིག་པའི་ཆེད་ལས་མི་སྣའི་དཔུང་ཁག་ཅིག་ཆགས་ཡོད་པར་མ་ཟད། 《གེ་སར་སྒྲུང》དང༌། བོད་ཀྱི་ལོ་རྒྱུས་དང༌། སྐད་ཡིག རྩོམ་རིག རོལ་དབྱངས། མཛེས་རྩལ་སོགས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ནང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།