བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་།
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་ལས་དོན་པ་ལས་གྲུབ་པའི་ཆེད་ལས་རང་བཞིན་གྱི་མི་དམངས་ཚོགས་པ་ཞིག་དང་། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ས་གནས་རྩ་འཛུགས་ཤིག་ཡིན
བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་པ།
[རྩོམ་སྒྲིག]ཚེས་༢༧ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་༡ཚེས་༢༧ཉིན་གནས་ཚུལ་འབྱོར་གསལ། ཚེས་༢༧ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་པ་རེད།
ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་། རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཧོའེ་ཅིན་ཕུང་གིས་ཤིས་ཚིག་སྒྲོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་རྣམ་གཉིས་ཚོགས་འདུར་ཕེབས་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་བཅས་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐང་མིང་དབྱིང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་གྲགས་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་རྡོ་རྗེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ཚན་རྩལ་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་པར་འཚམས་འདྲི་དང་གུས་འདུད་ཞུས་ཤིང་། ཝུའུ་དབྱིང་ཅེས་འདས་ཟིན་པའི་ལོ་ལྔ་ཡི་ནང་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཐད་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བས་ཡིན་པ་དང་། (པར་ངོས་བཞི་པར་གཟིགས)
(པར་ངོས་དང་པོར་མཐུད) བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་ཚན་རྩལ་གསར་གཏོད་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ལས་བྱུང་བ་ཞིག་རེད་ལ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་དུས་ཡུན་རིང་པོའི་མཛུབ་ཁྲིད་རྒྱབ་སྐྱོར་དང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་སྤྱི་འདོམས་སྐུལ་འདེད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོའི་དཀའ་སྤྱད་བློས་གཏོང་བཅས་དང་ཁ་འབྲལ་ཐབས་མེད་ཅེས་ནན་བཤད་གནང་བ་རེད།
ཝུའུ་དབྱིང་ཅེས་གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱས་ཏེ་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་དགོས། རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་བློ་ལ་བརྟན་པོར་འཆང་བ་དང་ཚན་རྩལ་མཐུན་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་འཁྱོངས་དང་ཤུགས་ཆེར་བཏང་སྟེ་རྒྱ་ཆེའི་ཚན་རྩལ་ལས་དོན་པ་སྒྲིག་འཛུགས་རྒྱ་ཁྱབ་དང་། སྐུལ་སློང་། མཐུན་སྒྲིལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཤུགས་ཆེན་སྤེལ་བ་དང་མི་རིགས་ཁག་གི་མང་ཚོགས་ཚོས“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་སྒྲོག་ཐག་དང་བསམ་པའི་ཁྱིམ་གཞིས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་བརྟན་པོ་ཟུག་པར་བྱེད་དགོས།
གཉིས་ནས་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས། རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་གཞིར་བཟུང་། དམངས་ཕན་དང་། དམངས་ཕྱུག དམངས་འཚོ་ལེགས་གཏོང་བཅས་ལས་ཀའི་ཁ་ཕྱོགས་སུ་བརྩིས་ནས་ཚན་རྩལ་གྱི་མཁོ་སྤྲོད་ནུས་ལྡན་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རང་འགུལ་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་དང་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དེ་བས་ལེགས་པར་བྱེད་དགོས།
གསུམ་ནས་ཚན་རྩལ་གསར་གཏོད་ཀྱི་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཚན་རྩལ་གསར་གཏོད་ལས་ཀའི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་ཚན་རྩལ་ལས་དོན་པ་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། རང་འགུལ་ངང་ཚན་རྩལ་ལས་དོན་པར་ཞབས་འདེགས་ཞུ་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས། ལྷག་དོན་དུ་སོན་བཟང་དང་ཐབས་བཟང་ཞིབ་འཇུག་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ནས་ཀྱི་ཐོན་འཕར་དང་འབྲི་གཡག་བཤས་གཏོང་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཡུལ་པོ་བཟོད་ཐུབ་པ་དང་སེམས་བརྣལ་དུ་ཕབ་ནས་ཞིབ་འཇུག་བྱས་ཏེ་ས་གཞི་ཆེན་པོའི་སྟེང་དུ་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས།
བཞི་ནས་ཚན་རིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་། རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཚན་རིག་ཁྱབ་གདལ་གཏོང་བ་ཆབ་སྲིད་ཀྱི་ཞབས་ཞུར་བརྩི་རྒྱུ་མཐའ་འཁྱོངས་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དྲིལ་བསྒྲགས་ཤུགས་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་ཤུགས་ཆེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས། ཚན་རིག་ཁྱབ་གདལ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སྣེ་ཁྲིད་བྱེད་དགོས། ཚན་རིག་ཁྱབ་གདལ་དང་མི་རབས་རྗེས་མར་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་བྱེད་པ་དེ་གཞོན་ནུ་ལོ་ཆུང་ནས་དམ་འཛིན་དང་ཕྲུ་གུ་ནས་དམ་འཛིན་བྱས་ཏེ། ཚན་རིག་ཤེས་བྱ་དང་གཞི་རྩའི་ཚན་རིག་གི་ཐ་སྙད་བརྒྱུད་སྤེལ་གཏིང་ཟབ་ཀྱིས་གཞོན་ནུ་ལོ་ཆུང་གི་ཡ་མཚན་གྱི་བསམ་པ་དང་གསར་གཏོད་ཀྱི་ནུས་པ་སྲུང་སྐྱོང་ཡག་པོ་བྱེད་དགོས།
ལྔ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་རང་ཉིད་ཏང་གི་འགོ་ཁྲིད་འོག་ཏུ་སྡོད་པ། ཏང་གི་འདོད་བློ་བཞེད་དགོངས་དང་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཏང་གི་འབོད་སྐུལ་ཡོད་ཚེ་རང་ཉིད་ཀྱིས་བྱ་སྤྱོད་སྤེལ་ཐུབ་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ“བརྟན་པོར་འཛུགས་དགོས་པ་གསུམ”མཐའ་འཁྱོངས་དང་། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་ནན་པ”བཅས་ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་བསྲུངས་ནས་ཏང་རྩ་འཛུགས་དེ་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་སྐྲུན་དགོས།
དྲུག་ནས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་སྟེ་དུས་བཀག་ལྟར་གནས་ཚུལ་སྙན་སེང་ཉན་པ་དང་། འཕེལ་རྒྱས་གཏོང་རིང་གི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ། ཚན་རྩལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ། ཚན་རྩལ་མཐུན་ཚོགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་དོ་ཁུར་བཅས་བྱེད་དགོས། དྲིལ་བསྒྲགས་དང་གནས་ཚུལ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གསར་གཏོད་ཀྱི་སྔོན་ཐོན་དཔེ་མཚོན་དང་གསོན་ཉམས་ལྡན་པའི་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གསར་གཏོད་ལ་སྐུལ་ལྕག་དང་། ཕུལ་བྱུང་བརྩོན་ལེན། ཕམ་ཁ་བཟོད་སྒོམ་བཅས་ཀྱི་གསར་གཏོད་རིག་གནས་ཤིག་ཆགས་པར་བྱེད་དགོས།
ཧོའེ་ཅིན་ཧྥུང་གིས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། བོད་སྐྱོར་ཚན་རྩལ་གྱི་ཕན་འབྲས་ཆེར་གཏོང་ལས་གྲྭ་དང་ཚན་རྩལ་གྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལས་གྲྭ་ལག་བསྟར་དང་། ཕུལ་བྱུང་ལས་བྱེད་པ་རྒྱུན་མཐུད་མངགས་པ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བོད་ཀྱིས་སྔོན་ཐོན་བཀོལ་སྤྱོད་ལག་རྩལ་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར། ཚན་རིག་ཁྱབ་གདལ་དང་ཚན་རིག་གསར་གཏོད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཀྱི་ཡིན་་ཞེས་བསྟན་པ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་རིག་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་གསར་གཏོད་འཕེལ་རྒྱས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། གསར་གཏོད་ཡར་རྒྱས་ཀྱི་གོམ་པ་སྤོས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེའུ་གསར་པ་རྩོམ་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་གནང་བ་རེད།